Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 191

Văn bản gốc(Tây Tạng)

Trang 11 / 25 (50.000 ký tự/trang)
ྱ་བ་འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་གྱི་མཚུངས་པ་ཡང་མ་ཡིན་ཏེ། འདི་ལྟར་བྱེ་བྲག་ཡོད་ན་ཡང་འགའ་ཞིག་འགའ་ཞིག་ཉིད་ཀྱི་རྒྱུར་འགྱུར་ཏེ། དེ་
ལྟ་བུར་གྱུར་པའི་རང་བཞིན་གྱི་ཁྱད་པར་ངེས་པ་ནི་རང་གི་རྒྱུ་བརྒྱུད་པ་ལས་ཡང་དག་པར་འོངས་པའི་ཕྱིར་འགལ་བ་མེད་དོ། །ཐ་མི་དད་པ་ནི་གཅིག་ལ་དུས་གཅིག་ཏུ་རྒྱུ་དང་རྒྱུ་མ་ཡིན་པ་ཕན་ཚུན་འགལ་བ་ཇི་ལྟར་སྲིད་པ་ཡིན་ཏེ། དངོས་པོ་ཐ་དད་པའི་རྒྱུ་མཚན་ནི། འགལ་བའི་ཆོས་དང་ལྡན་པ་
ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཐ་དད་ན་ཡང་འགའ་ཞིག་ནི། །དངོས་ཆོས་ཉིད་ཀྱི་བྱེད་པོར་འགྱུར། །ཐ་དད་མེད་ན་གཅིག་དེ་ཡིས། །བྱ་བ་བྱེད་པ་འགལ་བར་འགྱུར། །ཞེས་བཤད་དོ། །ངེས་པ་གྲུབ་པ་མ་རྫོགས་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞན་དག་ནུས་པ་ངེས་པ་མེད་པ་
བསྟན་པའི་དོན་དུ་རྩོད་པར་བྱེད་དོ། །ཁྱོད་ཀྱི་ཞེས་བྱ་བ་ནི་འབྲས་བུ་མེད་པར་སྨྲ་བ་སངས་རྒྱས་པ་ཁྱོད་ཀྱི་རྒྱུ་དག་ནི་ནུས་པ་ངེས་པ་མི་འཐད་པའོ། །ཅིའི་ཕྱིར་ཞེ་ན། ངེས་པ་རྣམས་ཏེ་འབྲས་བུར་གྱུར་པ་རྣམས་མ་གྲུབ་པའི་ཕྱིར་རོ། །འབྲས་བུ་མེད་པར་འབྲས་བུ་རྒྱུ་དང་ལྡན་པ་ཡོད་པ་ནི་མ་ཡིན་ནོ། །སྦྱོར་
བ་ནི་གང་དག་ཡོད་པར་གྱུར་པའི་འབྲས་བུའི་ངེས་པས་སྟོང་པ་དེ་དག་ནི་ནུས་པ་ངེས་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །སཱ་ལུའི་ས་བོན་ལ་སོགས་པའི་དངོས་པོ་ཡང་ཡོད་པར་གྱུར་པའི་འབྲས་བུ་ངེས་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །
རང་གི་ཕྱོགས་ལེགས་པར་གནས་པར་བསྟན་པའི་ཕྱིར། །ཡོད་ན་དེ་ཡི་ངེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ན་སྟེ། འབྲས་བུ་རྣམས་ཡོད་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ནུས་པའིའོ། །དེ་ལྟ་མིན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་ངེས་པ་ཉིད་དུ་

བརྗོད་དོ། །འདི་ལྟར་ངེས་པ་དེ་དག་མ་གྲུབ་པ་ན་གལ་ཏེ་ཞོ་སྐྱེད་པ་ལ་འོ་མ་ནུས་སོ་ཞེས་བྱ་བའི་ཐ་སྙད་འདི་མེད་དུ་ཟད་མོད། གང་ཡང་རྣམ་པ་དེ་ལྟ་བུའི་ཁྱད་པར་ཐམས་ཅད་ཀྱིས་སྟོང་པ་སྒྲོ་མ་བཏགས་པའི་དངོས་པོ་སྔར་མ་མཐོང་བ་གང་གི་དེ་མ་ཐག་ཏུ་དངོས་པོ་གཞན་སྐྱེ་བ་དེ་ལ་འགག་
པ་མེད་དོ། །འདི་སྙམ་དུ་གང་ལ་སྒྲ་དང་རྣམ་པར་རྟོག་པ་དག་མི་འཇུག་པ་དེ་ལ་དངོས་པོའི་རང་བཞིན་ཡང་ལྡོག་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། མིང་ནི་དངོས་པོའི་ངོ་བོ་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་བྱེད་པའི་རང་བཞིན་ཉིད་ལོག་ན་རང་གི་ཁྱད་པར་བྱ་བ་ལྡོག་པར་བྱེད་ལ། རྒྱུ་ལོག་
པ་ན་ཡང་འབྲས་བུ་ལྡོག་སྟེ། འབྲེལ་པ་ཡོད་པའི་ཕྱིར་རོ། །གཞན་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་དེ་ལོག་པ་ན་རྣམ་པ་དེ་ལྟ་བུའི་དངོས་པོ་ལྡོག་པར་འགྱུར་བ་འོ་མ་ལ་ནི་ཞོའི་ནུས་པ་ཡོད་དོ་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པའི་མིང་སྟེ། ཐ་སྙད་དངོས་པོ་རྣམས་
ཀྱི་རང་གི་ངོ་བོའི་རང་བཞིན་ནི་ཡོད་པ་མ་ཡིན་ནོ། །གང་གིས་དེ་ལྡོག་པ་ན་དེ་ལྟ་བུའི་རྣམ་པའི་དངོས་པོ་ལྡོག་པར་འགྱུར་རོ། །མིང་སྨོས་པ་ནི་མཚོན་པ་སྟེ། རྣམ་པར་རྟོག་པ་ཡང་དེ་དང་བསྲེས་ལ་བཟུང་ངོ་། །ངོ་བོ་སྨོས་པ་ཡང་མཚོན་པ་སྟེ་མིང་དངོས་པོ་རྣམས་ཀྱི་རྒྱུ་ཡང་མ་ཡིན་ཏེ། དེ་མེད་ན་ཡང་
དངོས་པོ་ཡོད་པའི་ཕྱིར་རོ། །འདིར་རྒྱུ་ནི། འདི་ལྟར་རྣམ་རྟོག་བརྗོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ནི་གང་གི་ཕྱིར་ཏེ། རྣམ་རྟོག་ནི་མིང་དང་འདྲེས་པ་ལ་བརྟེན་པའོ། །བརྗོད་པ་ཡང་སྒྲའོ། །རྟོག་པ་སྣ་ཚོགས་རྣམ་པ་དུ་མ་ནི་དབྱེར་མེད་ཅིང་ཆ་ཤས་མེད་པའི་དངོས་པོའི་རང་བཞིན་གཅིག་ལ། ཇི་
ལྟར་གོམས་པ་བཞིན་དུ་འཇུག་གོ། །འདི་ལྟར་སྒྲ་ལ་སོགས་པའི་དངོས་པོ་གཅིག་ཁོ་ན་ལ་རྟག་པ་ལ་སོགས་པའི་ངོ་བོས་གཞུང་ལུགས་ཐ་དད་པ་ལ་གནས་པའི་རྒོལ་བ་རྣམས་ཀྱིས་རྟོག་པར་བྱེད་ཅིང་རྗོད་པར་བྱེད་དོ། །སྒྲ་དང་རྣམ་པར་རྟོག་པ་དེ་དག་དངོས་པོ་དེའི་བདག་ཉིད་དམ་དེའི་ཡུལ་ཅན་ཡིན་ན་དངོས་
པོ་སྣ་ཚོགས་པར་འགྱུར་བའམ། དངོས་པོའི་རང་གི་ངོ་བོ་བཞིན་དུ་སྒྲ་དང་རྣམ་པར་རྟོག་པ་རྣམས། གཅིག་གི་ངོ་བོ་ཉིད་དུ་ཐལ་བར་འགྱུར་རོ། །གཅིག་ཉིད་སྣ་ཚོགས་པ་ཡིན་ནོ་ཞེས་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ནུས་པ་ངེས་པའི་ཕྱིར་མེད་པ་

འགའ་ཞིག་བྱེད་ཀྱི། ཐམས་ཅད་ནི་མ་ཡིན་པས་ངོ་བོ་མེད་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་བཞི་པོ་ཡང་མ་ངེས་པ་ཡིན་ཏེ། འདི་ལྟར་གལ་ཏེ་འབྲས་བུ་ཡོད་པ་བྱས་པ་ཉིད་ངེས་པའི་རྒྱུ་ལེན་པ་
འགའ་ཞིག་ཏུ་གྲུབ་པར་གྱུར་ན་དེའི་ཚེ་དེ་ལྟ་ཡིན་པར་གྱུར་ན། ཇི་སྲིད་དུ་རྒྱུའི་ནུས་པ་ངེས་པས་བྱས་པ་ཡང་ངེས་པའི་རྒྱུ་ལེན་པར་རིགས་པ་མ་ཡིན་ནོ། །རྒྱུའི་ནུས་པ་ངེས་པ་ཁོ་ནའི་ཕྱིར་ཡང་ཐམས་ཅད་ཐམས་ཅད་ལས་སྐྱེ་བ་མ་ཡིན་ཏེ། ཐམས་ཅད་དོན་གྱི་བྱ་བ་ཐམས་ཅད་བྱེད་པའི་རང་བཞིན་མེད་པའི་
ཕྱིར་རོ། །གང་ཡང་། ཁྱད་པར་བྱར་མེད་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་བསམ་པ་མ་ཤེས་ནས་སྨྲས་པ་ཡིན་ཏེ། གང་གིས་འགྱུར་བ་ཡིན་ན་དེའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བ་ཁོ་བོ་ཅག་གིས་ནི་མེད་པ་བྱེད་དོ་ཞེས་མ་བརྗོད་དོ། །འོན་ཀྱང་དངོས་པོ་ཉིད་བྱེད་དོ་
ཞེས་སྔར་བསྟན་ཟིན་ཏོ། །དངོས་པོ་དེ་ཡང་དམིགས་པའི་མཚན་ཉིད་ཀྱིས་གྱུར་པ་ལས་མ་དམིགས་པའི་ཕྱིར་དང་གྲུབ་པ་ཡང་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱིར། སྐྱེ་བ་ལས་སྔར་མེད་པ་ཡིན་ནོ་ཞེས་བྱའོ། །རྒྱུ་གང་ཞིག་ཉེ་བ་ཙམ་གྱིས་དེ་དེ་ལྟ་བུར་གྱུར་པ་སྐྱེད་པ་ན་དེས་དེ་བྱེད་དེ་ཞེས་ཐ་སྙད་དུ་བྱས་ཀྱི།
བྱ་བ་དང་འབྲེལ་པས་འགའ་ཞིག་གིས་འགའ་ཞིག་བྱེད་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །མེད་པ་ཞེས་བྱ་བ་གང་ཞིག་ཅུང་ཟད་ཡོད་པ་འམ། རྣམ་པར་འགྱུར་བ་ནི་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་དངོས་པོའི་རང་བཞིན་བཀག་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་
ཡང་གལ་ཏེ་ཁྱད་པར་དུ་བྱར་མེད་པའི་ཕྱིར་མེད་པ་མི་བྱེད་དོ་ཞེས་བརྗོད་ལ། ཡོད་པ་ཡང་རང་བཞིན་ཐམས་ཅད་གྲུབ་པའི་ཁྱད་པར་དུ་བྱར་མེད་པའི་ཕྱིར་དེ་ཇི་ལྟར་བྱེད། དེ་ལྟ་བས་ན་ནུས་པས་ནི་ནུས་པ་བྱེད་པའི་ཕྱིར་ཞེས་བྱ་བ་འདི་ནི་མ་ངེས་ལ། འབྲས་བུ་མེད་པར་སྨྲ་བ་ལ་ཡང་རྒྱུའི་དངོས་པོ་རིགས་པ་ཡིན་པའི་
ཕྱིར་རྒྱུ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཡང་མ་ངེས་པ་ཡིན་ནོ། །ཡང་ན་སྔར་ཡོད་པ་འབྲས་བུ་ཉིད་དུ་མི་སྲིད་པར་བསྟན་པའི་ཕྱིར་དང་། འབྲས་བུ་མེད་པར་སྨྲ་བ་ཁོ་ནའི་རྒྱུ་ལེན་པ་ལ་སོགས་པའི་ངེས་པ་རིགས་པ་ཡིན་པའི་ཕྱིར། རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་བཞི་པོ་འགལ་བ་

ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ཁྱེད་ཅག་གི་ལུགས་ཀྱིས་མེད་པ་ཉིད་སྐྱེའོ་ཞེས་བྱ་བ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་མདོ་ལས་ཡོད་པ་དང་མེད་པའི་སྐྱེ་བ་བཀག་སྟེ། ཇི་སྐད་དུ། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། ཡོད་
པ་དང་མེད་པ་ནི་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་སོ་ཞེ་ན། འདི་ལ་སྐྱེ་བ་དངོས་པོའི་ངོ་བོ་འང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འང་གི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏོ། །ཁྱད་པར་གཞན་སྤངས་པས་དེ་ཙམ་ཞིག་ཤེས་པར་འདོད་པ་ན། དངོས་པོ་རྣམས་ཀྱི་སྔོན་དང་ཕྱི་མའི་མཐའ་སྟོང་པ་སྐད་
ཅིག་མ་ཙམ་གྱི་གནས་སྐབས་ཀྱི་རང་བཞིན་ཉིད་ལ་སྐྱེ་བ་ཞེས་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བས་ཀུན་དུ་བརྟགས་པའི་འདུས་བྱས་ཀྱི་མཚན་ཉིད་ཀྱི་སྐྱེ་བ་མ་ཡིན་ཏེ། དེ་ནི་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །བྱེ་བྲག་པས་ཡོངས་སུ་བརྟགས་པའི་ཡོད་པའི་འདུ་བ་སྐྱེ་བ་འམ། རང་གི་རྒྱུ་འདུ་བ་ཡང་མ་ཡིན་ཏེ་དེ་
དག་ཀྱང་འགེགས་པར་འགྱུར་བའི་ཕྱིར་རོ། །གཞན་གྱི་ལུགས་ཀྱིས་ཀྱང་དེ་དག་རྟག་པའི་ཕྱིར་དང་། བརྟག་པ་ཡང་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཇི་སྐད་དུ། ཡོད་པ་རང་རྒྱུ་དང་འབྲེལ་པ། །བྱེད་པས་རྒྱུ་ནི་ཡིན་པར་གྲགས། །ཡོད་པ་དེ་དང་འབྲེལ་པ་དེ། །བརྟག་པ་འདི་ལ་འབྲས་བུ་གང་། །ཞེས་
བཤད་དོ། །དེ་ལྟ་བུའི་བདག་ཉིད་ཀྱི་སྐྱེ་བ་དེ་ནི་མེད་པ་དང་དེའི་བདག་ཉིད་ཀྱི་འབྲེལ་པ་ནི་མེད་དེ། ཡོད་པ་དང་མེད་པ་དག་ནི་འགལ་བའི་ཕྱིར་རོ། །གང་གི་ཕྱིར་མེད་པ་ནི་མེད་པར་ཡང་འགྱུར་བ་མ་ཡིན་ནོ། །ཡོད་པ་དང་མེད་པ་སྔར་བྱུང་བ་དང་འབྲེལ་པ་མེད་དེ། །དེ་ནི་སྔར་མེད་པའི་ཕྱིར་རོ། །དེ་ནི་
འབྲས་བུ་མེད་པར་སྨྲ་བ་ཁྱེད་ཅག་ལ་ཇི་ལྟར་ཞེ་ན། བརྟགས་པའི་བློས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟགས་པའི་བློ་བྱེད་པ་པོར་གྱུར་པའམ་བྱེད་པར་གྱུར་པས་མེད་པའི་བྱེད་པ་པོ་དང་སྦྲེལ་བ་འབའ་ཞིག་ཏུ་ཟད་དེ། འབྲེལ་པ་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །གང་སྐྱེ་བར་འགྱུར་བ་མེད་པ་ཞེས་
བྱ་བ་ནི་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་གང་མེད་པ་སྐྱེ་བ་ཞེས་བྱ་བ་འདི་ནི་བཏགས་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གང་གིས་འདི་ལྟ་བུའི་ཐ་སྙད་འདི་འདོད་པས་བརྟགས་པའི་ས་བོན་གང་ཞིག་ཡིན་ཞེ་ན། གཅིག་གི་རྗེས་ལ་དངོས་པོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །

གཅིག་གི་སྟེ་སོ་སོར་ངེས་པའི་དངོས་པོ་གང་ཡིན་པ་འགའ་ཞིག་གི་དེ་མ་ཐག་ཏུ་སྔར་མ་མཐོང་བའི་དངོས་པོ་དམིགས་ཏེ། དེ་བར་གྱི་གནས་སྐབས་ལས་སྔར་ཡོད་པ་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་སྔར་མེད་པ་སྐྱེའོ་ཞེས་བྱ་བ་བརྟགས་
པ་འདིས་ས་བོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔ་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་གྱི་གནས་སྐབས་ལས་སྔར་བར་གྱི་གནས་སྐབས་བཞིན་དུ་ཡོད་ན་སྟེ། བདོག་པ་དངོས་པོའི་ངོ་བོ་ཡོད་པ་ཡིན་ན་མེད་པ་སྐྱེའོ་ཞེས་བྱ་བའི་བརྟགས་པའི་རྒྱུ་མཚན་འདི་ཡོད་པ་མ་ཡིན་ནོ། །འདི་ལྟར་སྐྱེ་བ་ཞེས་
བྱ་བ་འདིས་བར་མའི་གནས་སྐབས་སུ་འབྱུང་བ་ངེས་པའི་ངོ་བོ་ཁོ་ན་བརྗོད་དོ། །གལ་ཏེ་དེ་སྔར་ཡང་ཡོད་པ་ཡིན་ན་དེའི་ཚེ་དེ་བར་གྱི་གནས་སྐབས་འབྱུང་བའི་ཕྱིར་བྱ་བའི་རང་གི་ངོ་བོ་ངེས་པ་གང་ཡིན་པ་དེ་ཉམས་པར་འགྱུར་ཏེ། ནམ་མཁའ་བཞིན་དུ་ཐམས་ཅད་དུ་གནས་པ་ལ་སྔར་དང་ཕྱིས་དང་བར་གྱི་གནས་སྐབས་
མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་ཐམས་ཅད་སྐྱེ་བ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་ཡོད་པར་སྨྲ་བ་རྣམ་པ་གཞན་གྱིས་སུན་དབྱུང་བའི་ཕྱིར། འོ་མ་སོགས་ལ་ཞོ་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གིས་རྒྱུ་ལ་འབྲས་བུ་
ཡོད་དོ་ཞེས་གང་བརྗོད་པ་དེ་ནི་དོན་ཅི་ལ་བསམས། ཅི་གསལ་བའི་ངོ་བོས་སམ། འོན་ཏེ་ནུས་པའི་ངོ་བོས་ཡིན་གྲང་། གལ་ཏེ་གསལ་བའི་ངོ་བོས་ཡིན་ན་དེའི་ཚེ་འོ་མ་ལ་སོགས་པའི་གནས་སྐབས་ན་ཡང་ཞོ་ལ་སོགས་པ་ཕྱིས་བཞིན་དུ་དམིགས་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་ནུས་པའི་ངོ་བོས་ཡིན་ན། དེ་ལ་
ཡང་ནུས་པའི་ངོ་བོ་གང་ཡིན་པ་དེ་ཅི་དམིགས་པའི་མཚན་ཉིད་དུ་གྱུར་པའི་ངོ་བོ་ཞོ་ལ་སོགས་པའི་འབྲས་བུ་ལས་གཞན་ཡིན་ནམ། འོན་ཏེ་དེ་ཉིད་ཡིན་གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་སྔ་མ་བཞིན་དུ་དམིགས་པར་ཐལ་བར་འགྱུར་རོ། །འོན་ཏེ་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་འབྲས་བུ་རྒྱུའི་བདག་ཉིད་དུ་
ཡོད་པ་ཡིན་ནོ་ཞེས་བྱའི་ཕྱོགས་བཏང་བར་འགྱུར་ཏེ། འབྲས་བུ་ལས་ཐ་དད་པའི་ནུས་པ་ཞེས་བྱ་བའི་དངོས་པོ་གཞན་ཡོད་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ངོ་བོའི་ཁྱད་པར་གསལ་པོ་གང་ཡིན་པ་དེ་ཉིད་ཞོ་ལ་སོགས་པའི་འབྲས་

བུ་ཞེས་བྱའོ། །དེ་ཡང་འོ་མ་ལ་སོགས་པའི་གནས་སྐབས་སུ་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །གཞན་ནུས་པའི་ངོ་བོར་ཡོད་པ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་མ་ཡིན་ནོ། །གཞན་ཡོད་པ་ན་གཞན་ཡོད་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །འོན་ཏེ་མར་ནི་ཚེ་ཡིན་ནོ། །ལྟེང་ཀའི་ཆུ་ནི་རྐང་ནད་དོ་ཞེས་གཞན་ཡོད་པ་ན་གཞན་དུ་བརྗོད་པར་མཐོང་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་དངོས་སུ་ཞེས་བྱ་བ་སྨོས་ཏེ། དངོས་སུ་སྟེ། ཉེ་བར་མ་བཏགས་པར་ཞེས་བྱ་བའི་དོན་ཏོ། །རྒྱུ་ལ་འབྲས་བུ་བཏགས་ནས་མར་ལ་ཚེ་ཞེས་བརྗོད་ཀྱི་དངོས་སུ་ནི་མ་
ཡིན་ནོ། །གལ་ཏེ་ཁྱེད་ཅག་ཀྱང་བཏགས་ནས་འབྲས་བུས་རྒྱུ་ལ་ཡོད་དོ་ཞེས་བརྗོད་ན་དེའི་ཚེ་ནི་འགལ་བ་ཅུང་ཟད་ཀྱང་མེད་ཀྱི། དངོས་སུ་ཡིན་ན་ནི་འགལ་བར་བརྗོད་དོ། །འདི་ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར་སྙིང་སྟོབས་ཡོད་པས་སྡུག་བསྔལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཀྱིས་སྙིང་
སྟོབས་ཀྱི་ངོ་བོ་གང་ཡིན་པ་དེ་ཉིད་སྡུག་བསྔལ་དང་རྨོངས་པ་དག་ཏུ་མ་བཞག་སྟེ། དེ་དག་ནི་ཕན་ཚུན་མཚན་ཉིད་ཐ་དད་པར་གནས་པའི་ཕྱིར་རོ། །ད་ནི་ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། གསལ་བའི་སྙིང་སྟོབས་སོགས་
ལྡན་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལ་སོགས་པའི་མཚན་ཉིད་ཀྱི་གསལ་བ་བདེ་བ་ལ་སོགས་པའི་ངོ་བོར་ངེད་ལ་སྟེ་ཁོ་བོ་ཅག་ལ་མ་གྲུབ་སྟེ། གང་གི་ཕྱིར་བདེ་བ་ལ་སོགས་པ་ནི་ནང་གི་ཡིན་པས་རིག་པའི་ངོ་བོ་ཡིན་པའི་ཕྱིར། སྒྲ་ལ་སོགས་པ་ཡང་སེམས་པ་མེད་པ་ཉིད་ཡིན་པས་དེའི་
ཕྱིར་འདི་དག་ཇི་ལྟར་བདེ་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ། །སྦྱོར་བ་ནི་གང་དག་རིག་པའི་ངོ་བོ་མ་ཡིན་པ་དེ་དག་ནི་བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་ཏེ། དཔེར་ན་གཞན་གྱིས་ཁས་བླངས་པའི་སེམས་པ་མེད་པའི་སྐྱེས་བུ་བཞིན་ནོ། །སྒྲ་ལ་སོགས་པ་ཡང་རིག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་
ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་སྙམ་དུ་གལ་ཏེ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་པ་ལ་རིག་པའི་ངོ་བོས་ཉིད་ཀྱིས་ཁྱབ་པ་གྲུབ་པར་འགྱུར་ན། དེའི་ཚེ་དེ་ལོག་ན་སྒྲ་ལ་སོགས་པ་ལ་བདེ་བ་ལ་སོགས་པའི་རང་བཞིན་ཉིད་ལྡོག་པར་འགྱུར་རོ། །གང་གི་ཕྱིར་དེ་ཉིད་མ་གྲུབ་སྟེ།

སྐྱེས་བུ་ཉིད་རིགས་པའི་ངོ་བོར་འདོད་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ཡི་རང་རིག་གསལ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་རྣམས་ནི་རིག་པའི་ངོ་བོ་ཉིད་དུ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པ་རྣམས་ནི་རང་རིག་པ་ཡིན་ལ་རང་རིག་པ་ཡང་གསལ་བའི་ཕྱིར་རོ། །
བདེ་བ་ལ་སོགས་པ་རྣམས་དགའ་བ་དང་གདུང་བ་ལ་སོགས་པའི་ངོ་བོས་སྒྲ་ལ་སོགས་པའི་ཡུལ་ཉེ་བར་ཡོད་དམ་མེད་ཀྱང་རུང་གསལ་བ་གཞན་ལ་མི་ལྟོས་པར་རང་གསལ་བའི་བདག་ཉིད་ཀྱི་མཚན་ཉིད་རང་རིག་པ་འདིའི་ཁྱད་པར་ནི་གསལ་བ་ཡིན་པའི་ཕྱིར་རོ། །གསལ་བ་གཞན་ལ་མི་ལྟོས་པའི་
སིམ་པ་ལ་སོགས་པའི་ངོ་བོ་གང་ཡིན་པ་དེ་རང་ཉིད་ཀྱིས་གྲུབ་སྟེ། དེ་ནི་སེམས་པ་ཅན་དང་བདེ་བ་དང་རིག་པ་དང་། ཤེས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་དག་གིས་བསྟན་ཏོ། །གལ་ཏེ་བདེ་བ་ལ་སོགས་པ་རྣམས་རིག་པ་གཞན་གྱིས་ཉམས་སུ་མྱོང་བས་མྱང་བ་ཞེས་བྱ་བར་འགྱུར་ན། དེའི་
ཚེ་དེ་དག་རིག་པ་ཡིན་པ་སིམ་པ་མ་ཡིན་པ་ལ་སོགས་པའི་ངོ་བོར་འགྱུར་ཏེ། རང་ཉིད་དེའི་བདག་ཉིད་མ་ཡིན་པའི་ཕྱིར་དཔེར་ན་རྣལ་འབྱོར་པ་དང་རྗེས་སུ་དཔོག་པ་པོ་གཞན་གྱི་བདེ་བ་ལ་སོགས་པ་མྱོང་བར་བྱེད་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་རྣལ་འབྱོར་པ་ལ་སོགས་པ་དེ་དག་ཀྱང་། ནད་པ་ལ་སོགས་པ་བཞིན་
དུ་དངོས་སུ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །ཡང་ན་རྣལ་འབྱོར་པ་ལ་སོགས་པ་བཞིན་དུ་གཞན་དག་ལ་ཡང་ཕན་པ་དང་གནོད་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །རིག་པ་ཡང་སིམ་པ་ལ་སོགས་པའི་ངོ་བོར་ཁས་བླངས་པ་ན་བདེ་བ་ལ་སོགས་རིག་པའི་ངོ་བོ་ཉིད་དུ་གྲུབ་པོ། །
སིམ་པ་དང་སིམ་པ་མ་ཡིན་པར་མྱོང་བ་གང་ཡིན་པ་འདི་ཉིད་ཁོ་བོ་ཅག་གི་བདེ་བ་དང་སྡུག་བསྔལ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །མ་གྲུབ་པ་ཡང་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཐམས་ཅད་ལ་སྒྲ་ལ་སོགས་པ་རིག་པའི་ངོ་བོ་དང་བྲལ་བར་གྲུབ་པའི་ཕྱིར་རོ། །གཞན་དུ་རྣམ་པར་ཤེས་
པར་སྨྲ་བའི་ལུགས་ཉིད་ཁས་བླངས་པ་བྱས་པར་འགྱུར་ལ། དེ་ཡང་འདོད་པ་ཁོ་ནའོ། །གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་རིག་པ་ནི་སྔོན་པོ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཡིན་ན་ཡང་ཕྱི་རོལ་ན་གནས་པའི་སྔོན་པོ་ལ་སོགས་པ་ཉེ་བའི་

ཕྱིར། སྔོན་པོ་ལ་སོགས་པའི་ངོ་བོར་སྣང་བ་དེ་བཞིན་དུ་སིམ་པ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ན་ཡང་ཕྱི་རོལ་གྱི་བདེ་བ་ལ་སོགས་པའི་ཉེ་བར་ལེན་པའི་སྟོབས་ཀྱིས་སིམ་པ་ལ་སོགས་པའི་ངོ་བོ་བཞིན་དུ་རློམ་མོ། །དེས་ན་རིག་པ་ནི་སིམ་པ་ལ་སོགས་པའི་ངོ་
བོ་ཉིད་ཡིན་ན་ཡང་བདེ་བ་ལ་སོགས་པ་རིག་པའི་ངོ་བོ་ཉིད་དུ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར། །རྩ་བའི་གཏན་ཚིགས་མ་ངེས་པ། །ཡིན་ནོ་སྙམ་དུ་དོགས་པ་ལ། །སྒྲ་སོགས་གཅིག་པུ་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོམས་དང་རིགས་ཀྱི་བྱེ་བྲག་ལས། །ཞེས་བྱ་བ་ལ། གོམས་
པ་ནི་མང་དུ་བྱས་པའོ། །རིགས་ནི་རང་གི་རང་བཞིན་ནོ། །དེ་དག་གི་བྱེ་བྲག་ནི་ཁྱད་པར་རོ། །ཆགས་པ་ལ་སོགས་ཞེས་བྱ་བ་ལ། ཆགས་པ་ནི་མངོན་པར་ཞེན་པའོ། །སོགས་པའི་སྒྲས་དགའ་བ་ལ་སོགས་པ་དང་། སྡང་བ་དང་སྐྱོ་བ་ལ་སོགས་པ་དང་། དམན་པ་དང་སྒྲིབ་པ་ལ་སོགས་པ་
ཡོན་ཏན་གསུམ་དང་ལྡན་པའི་འབྲས་བུའི་ཚོགས་གཟུང་ངོ་། །ངེས་པ་ཞེས་བྱ་བ་ནི་གཅིག་གི་རྣམ་པ་སྟེ། འདི་ལྟར་གོམས་པའི་ཁྱད་པར་གྱིས་ཆང་དང་བུད་མེད་ལ་སོགས་པ་རྣམས་ལ་སྡུག་པ་དང་མི་སྡུག་པའི་མཚན་མར་གོམས་པའི་འདོད་པ་ལ་སོགས་པ་རྣམས་དང་རིགས་ཀྱི་ཁྱད་པར་ཡང་སྟེ།
རྟ་དང་གླང་པོའི་ཕྲུ་གུ་ལ་སོགས་པ་སོ་སོར་ངེས་པ་འགའ་ཞིག་གི་དགའ་བ་ལ་སོགས་པ་འབྱུང་བ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །སྒྲ་ལ་སོགས་པ་རྣམས་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་ན་འདི་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དངོས་གཅིག་རྗེས་སུ་འབྲངས་ནས་ནི། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་དག་ཐམས་ཅད་ནི་དངོས་པོ་ཐ་དད་པ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་རིག་པ་བཞིན་དུ་རིག་པ་རེ་རེ་ཡང་སྣ་ཚོགས་པར་ཐལ་བར་འགྱུར་རོ། །འདི་སྙམ་དུ་དངོས་པོ་གསུམ་གྱི་བདག་ཉིད་ཡིན་མོད་ཀྱི་འོན་ཀྱང་མ་མཐོང་བ་ལ་སོགས་པ་
ལ་སྟེ། ཆོས་ཐམས་ཅད་ལ་སོགས་པའི་མཚན་ཉིད་ཀྱི་ལྷན་ཅིག་སྐྱེད་པའི་དབང་གིས་འགའ་ཞིག་འགའ་ཞིག་གི་ངོ་བོར་སྣང་གི། ཐམས་ཅད་ཐམས་ཅད་ཀྱི་ནི་མ་ཡིན་ནོ་སྙམ་དུ་སེམས་ན། སོགས་པའི་སྒྲས་ནི་གོམས་པ་དང་རིགས་ཀྱི་བྱེ་བྲག་དང་ལེན་པར་འདོད་པ་ལ་སོགས་པ་གཟུང་ངོ་། །གལ་ཏེ་

དེ་ལྟ་བས་ན། དངོས་པོའི་རྗེས་སུ་འབྲང་མི་འགྱུར། །རིག་པ་དེ་དངོས་པོ་ལ་དམིགས་པར་མི་འགྱུར་ཏེ། དེའི་རྣམ་པས་སྟོང་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །དེའི་རྣམ་པས་སྟོང་པ་དེ་ཉིད་བསྟན་པའི་ཕྱིར། དངོས་པོའི་ངོ་བོ་རྣམ་གསུམ་པ། །ཞེས་བྱ་བ་སྨོས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོའོ། །
དེ་ཡི་རིག་པ་རྣམ་པ་གཅིག །ཅེས་བྱ་བའི་སྐྱེས་བུ་དེ་དག་གི་རིག་པ་ནི་ཡང་དག་པར་རིག་པ་དག་སྟེ། རེ་རེ་ལ་ཡང་ཞེན་པ་ལ་སོགས་པ་ཙམ་ངོ་བོ་གཅིག་ངེས་པའི་ཕྱིར། རྣམ་པ་གཅིག་རིག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་ཞེས་བྱ་བ་ནི་རིག་པ་རྣམས་སོ། །དེ་ལ་ཞེས་བྱ་བ་ནི་སྒྲ་ལ་སོགས་
པ་ལའོ། །ཡང་དག་ཅེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་མི་རིགས་ཤེ་ན། དེ་དང་མི་མཐུན་ཞེས་བྱ་བ་སྨོས་ཏེ། དེའི་དམིགས་པའི་དངོས་པོ་དང་མཚན་ཉིད་མི་མཐུན་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པ་རིག་པ་མ་ཡིན་པ་དེ་ནི་དེའི་ཡུལ་ཅན་མ་ཡིན་ཏེ།
དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །ཇི་སྐད་དུ་བཤད་པའི་རིག་པ་ཡང་གསུམ་གྱི་བདག་ཉིད་ཀྱི་དངོས་པོའི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཧ་ཅང་ཐལ་བར་འགྱུར་བ་ནི། བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །འདི་
སྙམ་དུ་ཇི་ལྟར་སྒྲ་ལ་སོགས་པའི་དངོས་པོ་རྣམས་བདག་ཉིད་ཐམས་ཅད་ཀྱིས་མངོན་སུམ་གྱིས་བཟུང་ནས་གོམས་པ་ལ་སོགས་པའི་དབང་གིས་སྐད་ཅིག་མ་ལ་སོགས་པ་འགའ་ཞིག་ཉིད་དུ་ངེས་པ་སྐྱེ་བར་འགྱུར་གྱི། ཐམས་ཅད་ལ་ནི་མ་ཡིན་པ་དེ་བཞིན་དུ་མ་མཐོང་བ་ལ་སོགས་པའི་དབང་གིས་
རིག་པ་རྣམ་པ་གཅིག་པ་ཅན་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཁོ་བོ་ཅག་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དོན་དམ་པར་དངོས་པོའི་ཡུལ་ཅན་ཉིད་ཡིན་པར་མི་འདོད་དེ། དངོས་པོ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་རོ། །བརྒྱུད་
ནས་དངོས་པོ་དང་འབྲེལ་བའི་ཕྱིར། རྣམ་པ་དེ་ལྟ་བུའི་དངོས་པོ་ཐོབ་པའི་རྒྱུ་ཉིད་ཀྱིས་དེ་ཚད་མ་ཉིད་ཡིན་ནོ། །གཞན་དག་གིས་དགའ་བ་ལ་སོགས་པ་ནི་དོན་དམ་པར་དངོས་པོའི་ཡུལ་ཅན་ཉིད་ཡིན་པར་འདོད་དེ། རྣམ་པ་གཞན་དུ་ན་དམིགས་པ་མེད་པ་ཉིད་ཡིན་ན་བདེ་བ་ལ་སོགས་པའི་བདག་ཉིད་ཀྱི་སྒྲ་

ལ་སོགས་པ་རྣམས་ཉམས་སུ་མྱོང་བས་བདེ་བ་ལ་སོགས་པ་མྱོང་བ་གསལ་བ་དེར་མི་འགྱུར་རོ། །དགའ་བ་ལ་སོགས་པ་དེ་དག་ཀྱང་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར། མ་ངེས་པའི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་བདག་ཉིད་ཐམས་ཅད་ཀྱིས་ཉམས་སུ་
མྱོང་བ་གསལ་བར་འགྱུར་རོ། །རང་གི་དོན་རྟོགས་པ་གང་ཡིན་པ་དེ་འདི་ཉིད་ངེས་པ་རྣམས་ཀྱི་ངེས་པ་ཡིན་ནོ། །ཇི་སྐད་དུ་རབ་ཏུ་དང་བ་དང་གདུང་བ་དང་སྤོང་བ་ལ་སོགས་པའི་འབྲས་བུ་དམིགས་པའི་ཕྱིར་སྒྲ་ལ་སོགས་པ་རྣམས་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་སྨྲས་
པ་གང་ཡིན་པ་དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེས་བུ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སེར་སྐྱ་པའི་རྣལ་འབྱོར་པ་རྣམས་ཐ་དད་པར་སྐྱེས་བུ་ལ་སྒོམ་པར་བྱེད་པ་ན་རྣལ་འབྱོར་པ་ལེགས་པར་གོམས་པ་རྣམས་སྐྱེས་བུ་ལ་དམིགས་ནས་རབ་ཏུ་དང་བ་དང་
དགའ་བར་འགྱུར་རོ། །རྣལ་འབྱོར་ལམ་གོམས་པ་ཆེས་མྱུར་བར་མ་མཐོང་བས་སྐྱོ་བར་འགྱུར་ལ། ཡང་གང་དག་རང་བཞིན་གྱིས་བློ་གྲོས་བླུན་པ་དེ་དག་ལ་སྒྲིབ་པ་སྐྱེའི། གཞན་དག་གིས་སྐྱེས་བུ་དེ་ཡོན་ཏན་གསུམ་གྱི་བདག་ཉིད་དེའི་ངོ་བོར་འདོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རབ་ཏུ་དང་བ་
དང་གདུང་བ་དང་། སྤོང་བ་ལ་སོགས་པའི་འབྲས་བུ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ནོ། །གལ་ཏེ་དགའ་བ་ལ་སོགས་པ་དེ་དག་ཀུན་དུ་རྟོག་པ་ལས་འགྱུར་གྱི་སྐྱེས་བུ་ལས་ནི་མ་ཡིན་ནོ་ཞེ་ན། འདི་ནི་སྒྲ་ལ་སོགས་པ་ལ་ཡང་མཚུངས་སོ། །དེའི་ཕྱིར་ཀུན་དུ་རྟོག་པ་
ཙམ་ལས་བྱུང་བ་ཉིད་ཡོད་ན་ཕྱི་རོལ་གྱི་བདེ་བ་ལ་སོགས་པ་མི་འགྲུབ་སྟེ། ཀུན་དུ་རྟོག་པ་ནི་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་བདེ་བ་ལ་སོགས་པའི་རྒྱུའི་དབང་གིས་རིག་པ་སིམ་པ་ལ་སོགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི་ཡང་འཁྲུལ་པ་ཅན་ཡིན་ཏེ། ཕྱི་རོལ་གྱི་ཡུལ་གྱི་ཉེ་བར་
ལེན་པ་མེད་ན་ཡང་སྐྱེས་བུ་ལ་དམིགས་ནས་དགའ་བ་ལ་སོགས་པ་རྣམས་སྐྱེ་བར་མཐོང་བའི་ཕྱིར་རོ། །གང་ཡང་འདོད་པ་དང་། མི་འདོད་པའི་རྣམ་པར་རྟོག་པ་ལས་ཕྱི་རོལ་གྱི་ཡུལ་ཉེ་བ་ལ་མི་ལྟོས་པར་བདེ་བ་ལ་སོགས་པ་རིག་པ་ཡིན་པར་འགྲུབ་པ་དེ་ཇི་ལྟར་གཞན་གྱི་ཉེ་བར་ལེན་པ་ལས་འགྱུར་ཏེ། གལ་

ཏེ་ཡོན་ཏན་གསུམ་གྱི་ཡིད་ཀྱང་དེའི་ཉེ་བར་ལེན་པ་ལས་བྱུང་ངོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་གསལ་བ་གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་གྲུབ་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་རིག་པའི་ངོ་བོ་ཉིད་དུ་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་
ཚིགས་མ་གྲུབ་པ་ཡིན་ནོ། །ད་ནི་གཏན་ཚིགས་གྲུབ་པར་ཁས་བླངས་ནས་ཡང་མ་ངེས་པར་བསྟན་པའི་ཕྱིར། གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གསལ་བ་ཡོན་ཏན་གསུམ་གྱི་བདག་ཉིད་དུ་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་དེའི་རྒྱུ་གཙོ་བོར་འདོད་པ་གང་ཡིན་པ་དེ་མི་འགྲུབ་
སྟེ། དེ་ལྟ་བུར་གྱུར་པའི་རྒྱུ་དང་གང་དུ་ཡང་གཏན་ཚིགས་རྗེས་སུ་འགྲོ་བ་མ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་དེའི་རྒྱུ་ཡོན་ཏན་གསུམ་གྱི་བདག་ཉིད་གཅིག་པུ་རྟག་པ་ཁྱབ་པ་སྒྲུབ་པར་འདོད་པ་ཡིན་ལ། དེ་ལྟ་བུའི་རྒྱུ་དང་གང་དུ་ཡང་གཏན་ཚིགས་དང་འབྲེལ་པ་མ་གྲུབ་པ་ཡིན་ནོ། །འབྲས་
བུ་གང་གི་བདག་ཉིད་དུ་གྱུར་པ་དམིགས་པ་རྒྱུ་རྣམས་ཀྱང་གདོན་མི་ཟ་བར་དེའི་བདག་ཉིད་དུ་འགྱུར་བར་བྱ་དགོས་པ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ནི་ཐ་དད་པའི་ཕྱིར་རོ། །འདི་ལྟར་ཁྱེད་ཀྱིས་གསལ་བ་ཞེས་བྱ་བའི་འབྲས་བུ་རྒྱུ་དང་ལྡན་པ་ཉིད་དང་། མི་རྟག་པ་ཉིད་དང་། ཁྱབ་བྱེད་མ་ཡིན་པ་ལ་སོགས་
པའི་ཆོས་དང་ལྡན་པར་འདོད་ལ། དེའི་རྒྱུ་ནི་དེའི་ངོ་བོར་འདོད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་པུ་དང་། རྟག་པ་དང་།
ཡོན་ཏན་གསུམ་གྱི་བདག་ཉིད་རྒྱུར་གྱུར་པའི་ཆོས་ཅན་བསྒྲུབ་པར་འདོད་ལ། དེ་ཡང་དེ་ལྟ་བུར་གྱུར་པ་མ་གྲུབ་བོ། །འོ་ན་ཅི་ཞེ་ན། ཕྱིན་ཅི་ལོག་ཏུའོ་སྙམ་དུ་བསམས་པའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རིགས་གཅིག་ལྡན་མ་ཡིན། །ཞེས་བྱ་བ་སྨོས་ཏེ། ནིའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གསལ་བ་
ཞེས་བྱ་བའི་འབྲས་བུ་དེ་གཅིག་པུ་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་རང་གི་ངོ་བོར་གྱུར་པའི་རིགས་དང་ལྡན་པར་གྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དུ་མ་ཉིད་དང་། མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཉིད་དུ་དམིགས་སོ། །གལ་ཏེ་གསལ་བ་ཇི་སྐད་དུ་བཤད་པའི་རིགས་གཅིག་དང་

ལྡན་པ་ཡིན་ན། དེའི་ཚེ་དེའི་རྒྱུ་ཡང་ཇི་སྐད་བཤད་པའི་ཆོས་ཀྱི་ཁྱད་པར་དང་ལྡན་པས་གྲུབ་པོ། །ཇི་སྲིད་དུ་འབྲས་བུ་མི་རྟག་པ་ཉིད་དང་། དུ་མ་ཉིད་ཀྱི་ཆོས་དང་ལྡན་པར་མཐོང་བའི་ཕྱིར་དེའི་རྒྱུ་ཡང་དེ་ལྟ་བུ་ཉིད་དུ་རྗེས་སུ་དཔག་པར་བྱ་སྟེ། རྟག་པ་ནི་རིམ་དང་རིམ་མ་ཡིན་པ་དག་གི་
དོན་བྱེད་པར་འགལ་བའི་ཕྱིར་དང་། འབྲས་བུ་སྣ་ཚོགས་པ་ནི་རྒྱུ་ཐ་དད་པས་བྱས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གཙོ་བོ་རྟག་པ་དང་གཅིག་པུའི་ངོ་བོར་མ་གྲུབ་པོ། །གལ་ཏེ་ཡང་རྒྱུ་མི་རྟག་པ་དང་དུ་མའི་ངོ་བོ་ཉིད་ལ་གཙོ་བོ་ཞེས་མིང་འདོགས་ན་དེའི་ཚེ་
མིང་ལ་མི་རྩོད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ཅིའི་ཕྱིར་གསལ་བ་རིགས་གཅིག་དང་ལྡན་པ་མ་ཡིན་ཞེ་ན། གསལ་བ་ཐམས་ཅད་ལྕགས་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ལྕགས་ཀྱི་རང་བཞིན་གྱི་ཐུར་མ་ཕན་ཚུན་མ་འབྱར་བ་དེ་བཞིན་དུ་སྒྲ་ལ་སོགས་པའི་གསལ་བ་འདི་དག་རང་རང་
གི་ངོ་བོ་ལ་གནས་པ་ཉིད་ཀྱིས་ཡུལ་དང་དུས་དང་ནུས་པ་དང་སྣང་བ་ལ་སོགས་པ་ཐ་དད་པས་ཕན་ཚུན་དུ་མ་འདྲེས་པ་ཡིན་ནོ། །འདིས་ནི་དུ་མ་ཉིད་དུ་བསྟན་ཏོ། །མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་རིམ་པ་དང་འབྲེལ་པའི་ལུས་ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་རིམ་པ་དང་འབྲེལ་པ་སྟེ། ཡང་དག་པར་སྦྲེལ་
བའི་ལུས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འོ་ན་ཅི་ལྟར་ཡོད་པ་ཞེས་བྱ་བ་ལ་སོགས་པ་གཅིག་གི་ངོ་བོ་དང་། དེ་བཞིན་དུ་དེ་ཉིད་འདི་ཡིན་ནོ་ཞེས་དངོས་པོ་རྣམས་བསྟན་པའི་རང་བཞིན་དང་ལྡན་པར་ངེས་པ་ཡིན་ཞེ་ན། རྟོག་དང་འདྲེས་པའི་བདག་ཉིད་ཅན། །ཞེས་བྱ་བ་སྨོས་ཏེ། དོན་རྣམས་ལ་
གཅིག་གི་བདག་ཉིད་དུ་འཛིན་པ་འདི་ནི་ལོག་པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་སྐད་ཅིག་མ་འཇིག་པ་ལ་སོགས་པར་ཕྱིས་སྟོན་པར་འགྱུར་རོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཉིད་དུ་བསྟན་ནས། ད་ནི་བུམ་
སོགས་བྱེ་བྲག་བཞིན། །ཞེས་བྱ་བའི་དཔེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་རྗེས་སུ་འགྲོ་བ་མེད་པར་བསྟན་པའི་ཕྱིར། དེ་བཞིན་འཇི་བའི་འགྱུར་ལ་སོགས། །ཞེས་བྱ་བ་སྨོས་ཏེ། སོགས་པའི་སྒྲས་ནི་གསེར་ལ་སོགས་པའི་འགྱུར་བ་གཟུང་ངོ་། །དེ་བཞིན་ཞེས་བྱ་བ་ནི་སྐྱོན་གཞན་སྡུད་པའམ། འདྲེ་

བ་ཉིད་ཡིན་ནོ། །ཁྱད་པར་རིགས་གཅིག་ལྡན་མ་ཡིན། །ཞེས་བྱ་བ་འདིས་ནི་སྒྲུབ་པར་བྱེད་པའི་ཆོས་དང་བྲལ་བར་བསྟན་ཏོ། །རྒྱུ་མཚན་གཅིག་པར་མ་གྲུབ་སྟེ། །ཞེས་བྱ་བ་ལ། མ་གྲུབ་ཅེས་སྐབས་དང་སྦྱར་རོ། །འདིས་ཀྱང་བསྒྲུབ་བྱའི་ཆོས་རྗེས་སུ་འགྲོ་བ་མེད་པར་བསྟན་ཏོ། །འོན་ཏེ་འཇི་
བའི་གོང་བུ་དང་གསེར་ལ་སོགས་པ་གཅིག་དེ་དག་གི་རྒྱུར་གྲུབ་པ་ཉིད་ཡིན་ལ། དེ་བཞིན་དུ་འཇི་བ་དང་གསེར་ལ་སོགས་པའི་རིགས་དེ་དག་གི་རྗེས་སུ་འགྲོ་བར་མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་གཉིས་ཀ་མེད་པས་ཡིན་ཞེ་ན། འཇིམ་གོང་ལ་སོགས་ཐ་དད་ཕྱིར། །ཞེས་བྱ་བ་སྨོས་ཏེ། འཇིམ་
གོང་ལ་སོགས་པའི་ཡན་ལག་ཅན་གཅིག་ནི་ཡོད་པ་མ་ཡིན་ཏེ། ཕྱོགས་གཅིག་བསྒྲིབས་པ་ན་ཐམས་ཅད་བསྒྲིབས་པར་ཐལ་བའི་ཕྱིར་རོ། །རིགས་གཅིག་ཀྱང་མ་ཡིན་ཏེ། གསལ་བ་སོ་སོ་སྣང་བ་ཐ་དད་པའི་ཕྱིར་རོ། །གཞན་ཡང་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་རང་བཞིན་
གྱིས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེས་བུ་སེམས་པ་སོགས་ལྡན་ནའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་ནི་སེམས་པ་ཅན་ཉིད་དང་། ཟ་བ་པོ་ཉིད་ལ་སོགས་པའི་ཆོས་ཚད་མེད་པ་རྣམས་དང་ལྡན་པར་འདོད་དེ། ཁྱེད་ཅག་གིས་ནི་དེ་དག་རྣམ་པ་དེ་ལྟ་བུའི་རྒྱུ་གཅིག་
སྔོན་དུ་འགྲོ་བ་ཅན་དུ་ཡང་མི་འདོད་དོ། །ཅི་སྟེ་ཡང་སེམས་པ་ཅན་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་རྣམས་ནི་དངོས་སུ་མི་འདོད་དོ། །འོ་ན་ཅི་ཞེ་ན། ཉེ་བར་བཏགས་པ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་ཐམས་ཅད་སེམས་པ་ཅན་ལ་སོགས་པ་ལས་ལྡོག་པ་དེས་ན། དོན་གཞན་ལས་ལྡོག་པའི་ངོ་བོ་
སེམས་མེད་པ་ཅན་གྱི་རིགས་དེའི་རྗེས་སུ་འགྲོ་བར་བཏགས་པ་ཡིན་གྱི། དེ་ནི་དེ་ཁོ་ན་ཉིད་དུ་གཅིག་ཏུ་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དེ་ལྟ་བུར་གྱུར་པའི་རྒྱུ་གཅིག་སྔོན་དུ་སོང་བ་ཉིད་མེད་ན་ཡང་དངོས་མ་ཡིན་པའི་སྐྱེས་བུ་བཞིན་དུ་གསལ་བ་འདི་ལ་
ཡང་ཅིའི་ཕྱིར་མཚུངས་པ་སྟེ། འདྲ་བར་མི་རྟག །དེ་ལྟ་བས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྐྱེས་བུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་བཞིན་དུ་རྩ་བའི་རང་བཞིན་གྱི་གནས་སྐབས་ཡོད་པའི་བདེ་བ་ལ་སོགས་པ་ཉིད་ཡོན་ཏན་ཉིད་དང་སེམས་པ་མེད་པ་ཉིད་དང་ཟ་བ་པོོ་ལ་སོགས་པ་

རྣམས་དང་ལྡན་པ་དང་། གཙོ་བོ་དང་སྐྱེས་བུ་ནི་རྟག་པ་ཉིད་ལ་སོགས་པ་རྣམས་དང་ལྡན་ལ། དེ་དག་ནི་དེ་ལྟ་བུར་གྱུར་པའི་རྒྱུ་གཅིག་སྔོན་དུ་འགྲོ་བ་ཅན་ཡང་མ་ཡིན་ཞེས་བྱ་བ་འདིས་མ་ངེས་པ་ཉིད་དོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་
བཀག་གོ། །ད་ནི་མཇུག་བསྡུ་བའི་ཐབས་ཀྱིས་གཏན་ཚིགས་ལྷག་མ་སུན་དབྱུང་བའི་ཕྱིར་ཕྱོགས་ཙམ་ཞིག་བཤད་པ། དེ་བས་གཙོ་བོའི་རྒྱུ་མེད་ཀྱང་། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རེ་ཞིག་ཚད་ཡོད་པའི་ཕྱིར་དང་། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་དང་། རྒྱུ་དང་འབྲས་བུ་དབྱེར་
ཡོད་པའི་ཕྱིར་དང་། གཙོ་བོ་ཡོད་དོ་ཞེས་གང་སྨྲས་པའི་གཏན་ཚིགས་འདི་གསུམ་ཆར་མ་ངེས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མ་བསྟན་པའི་ཕྱིར་དང་། གཙོ་བོ་ཞེས་བྱ་བའི་རྒྱུ་མེད་ན་ཡང་ཚད་ལ་སོགས་པ་འདི་དག་མི་འགལ་བའི་ཕྱིར་རོ། །འདི་ལྟར་
གལ་ཏེ་རེ་ཞིག་རྒྱུ་ཙམ་ཡོད་པ་ཉིད་དུ་སྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ནི་རྒྱུ་མེད་པར་འབྲས་བུ་སྐྱེ་བར་མི་འདོད་དོ། །རྒྱུ་ཙམ་ལ་གཙོ་བོ་ཞེས་མིང་འདོགས་པ་ནི་ཅུང་ཟད་ཀྱང་གནོད་པ་མེད་དོ། །ཅི་སྟེ་གསལ་བ་ཚད་ངེས་པར་སྐྱེད་པར་བྱེད་པ་དང་། ནུས་པའི་སྒོ་ནས་འཇུག་
པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་དེ་ལྟ་བུའི་རྟོག་པ་དང་ལྡན་པའི་རྒྱུ་ཡོད་པ་དེ་ལྟར་བསྒྲུབ་པ་ཡིན་ན། དེའི་ཚེ་མ་ངེས་པ་ཡིན་ཏེ། རྟོག་པ་དང་ལྡན་པའི་བྱེད་པ་པོ་མེད་ན་ཡང་རང་གི་རྒྱུའི་ནུས་པ་ལས་ཚད་ངེས་པ་ལ་སོགས་པ་དང་ལྡན་པ་སྐྱེད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །གཙོ་བོ་ནི་རྟོག་པ་དང་ལྡན་
པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་སེམས་པ་ཅན་མ་ཡིན་པའི་ཕྱིར་དང་། རྟོག་པ་ཡང་སེམས་པ་ཅན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཞན་ཡང་ནུས་པའི་སྒོ་ནས་འཇུག་པའི་ཕྱིར་ཞེས་བྱ་བ་འདིས་ནི་གལ་ཏེ་ཐ་མི་དད་པའི་ནུས་པ་དང་ལྡན་པའི་རྒྱུ་ཙམ་སྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་བོ། །འོན་
ཏེ་ནུས་པ་སྣ་ཚོགས་དང་ལྡན་པའི་རྒྱུ་ཐ་དད་པ་གཅིག་པུ་ཡིན་ན། དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དང་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་ཡིན་ཏེ། ཐ་དད་པའི་ནུས་པའི་དབང་གིས་རྒྱུ་འགའ་ཞིག་འབྲས་བུ་འགའ་ཞིག་ལ་འཇུག་

པ་མ་གྲུབ་སྟེ། ནུས་པ་རྣམས་ནི་རང་གི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །གང་ཡང་རང་བཞིན་དབྱེར་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་པ་དེ་ཡང་མ་གྲུབ་སྟེ། རྗེས་སུ་འགྲོ་བ་མེད་པར་འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གང་དུ་ཡང་ཐིམ་པ་མ་གྲུབ་སྟེ། འདི་ལྟར་ཐིམ་པར་འགྱུར་བ་རང་གི་ངོ་བོ་
ཐམས་ཅད་ཞིག་པ་ལའམ། མ་ཞིག་པ་ལ་ཡིན་གྲང་། གལ་ཏེ་རེ་ཞིག་ཞིག་པ་ལ་ཡིན་པ་དེའི་ཚེ་རྗེས་སུ་འགྲོ་བ་མེད་པར་འཇིག་པར་ཐལ་བར་འགྱུར་རོ། །འོན་ཏེ་མ་ཞིག་པ་ལ་ཡིན་ན་དེའི་ཚེ་ཐིམ་པ་མི་འཐད་དེ། མ་ཚང་བ་མེད་པའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ལ་ནི་ཐིམ་པ་འགའ་
ཡང་མི་འཐད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་སྣ་ཚོགས་དབྱེར་མེད་པའི་ཕྱིར། །ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟར་གཙོ་བོ་རྒྱུ་མེད་ན་ཡང་རྒྱུའི་ནུས་པའི་ཁྱད་པར་ལས་འབྲས་བུའི་ཚད་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་དང་། རྒྱུ་
དང་འབྲས་བུའི་རྣམ་པར་དབྱེ་བ་ལ་སོགས་པ་འཐད་པའི་ཕྱིར་གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །སོགས་པའི་སྒྲས་ནུས་པའི་སྒོ་ནས་འཇུག་པའི་ཕྱིར་ཞེས་བྱ་བ་འདི་གཟུང་ངོ་། །ཡང་ན། དེ་བས་གཙོ་བོའི་རྒྱུ་མེད་ཀྱང་། །ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །དེས་
ན་དོན་ནི་འདི་ཡིན་ཏེ། གཙོ་བོའི་རྒྱུ་མེད་པ་ཁོ་ནར་རྒྱུའི་ནུས་པའི་བྱེ་བྲག་གིས་འབྲས་བུའི་ཚད་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་དང་། རྒྱུ་དང་འབྲས་བུ་ལ་སོགས་པའི་རྣམ་པར་དབྱེ་བ་འཐད་པ་ཡིན་པའི་ཕྱིར། གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །འདི་ལྟར་གང་གི་ཚེ་གསལ་བའི་རྒྱུ་གཙོ་བོ་
ཡིན་ན། དེའི་ཚེ་སྣ་ཚོགས་ཐམས་ཅད་དེའི་བདག་ཉིད་ཡིན་པས་དེ་དང་འདྲ་བར་རྫས་གཅིག་ཏུ་འགྱུར་རོ། །དེ་ལྟ་ཡིན་དང་བློ་གཅིག་དང་། །ང་རྒྱལ་གཅིག་དང་དེ་ཙམ་ལྔ། །ཞེས་བྱ་བ་ལ་སོགས་པའི་ཚད་ཀྱི་རྣམ་པར་དབྱེ་བར་མི་འགྱུར་རོ། །དེ་ལྟ་ཡིན་དང་འགྲོ་བ་ཚད་མེད་པ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་
རྫ་མཁན་ལ་སོགས་པ་རྣམས་བུམ་པ་ལ་སོགས་པ་བྱེད་པ་ན། ནུས་པའི་སྒོ་ནས་འཇུག་པ་ནི་གཙོ་བོའི་རྒྱུ་མེད་པ་ཁོ་ནར་འཐད་ཀྱི། དེ་ཡོད་ན་ནི་མ་ཡིན་ཏེ། ནུས་པ་མེད་ཅིང་བྱ་བའང་མེད། །ཅེས་སྔར་ཇི་སྐད་དུ་བཤད་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་རྣམ་པར་དབྱེ་བ་ཡང་གཙོ་བོ་རྒྱུ་མེད་པ་ཁོ་ན་ཡིན་

ན་རིགས་སོ་ཞེས་སྔར་ཉིད་དུ་ཤེས་པར་བྱས་སོ། །རང་བཞིན་སྣ་ཚོགས་པ་ཡང་གཙོ་བོ་ཡོད་ན་མི་འཐད་པ་ཉིད་དེ། འགྲོ་བ་ཐམས་ཅད་དེའི་བདག་ཉིད་ཡིན་པས་དེའི་རང་གི་ངོ་བོ་བཞིན་དུ་གཅིག་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་ལྟ་ཡིན་དང་གང་ལས་
འདི་རྣམ་པར་དབྱེ་བ་མེད་པར་འགྱུར་བ་རང་བཞིན་སྣ་ཚོགས་པ་དང་པོ་ཉིད་ནས་ཡོད་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་རང་བཞིན་བརྟག་པ་སྟེ་དང་པོའོ།། །།ད་ནི་དབང་ཕྱུག་གི་བྱ་བ་དང་བྲལ་བ་ཉིད་བསྟན་པའི་ཕྱིར། གཞན་དག་སྐྱེ་ལྡན་ཐམས་ཅད་ཀྱི། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང་མི་ལྡན་པ་ནམ་མཁའ་ལ་སོགས་པ་ལ་ནི་རྟག་པའི་ཕྱིར་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས། དེའི་ཕྱིར་སྐྱེ་ལྡན་ཞེས་བསྟན་ཏོ། །གཞན་དག་ཅེས་བྱ་བ་ནི་རིགས་པ་ཅན་ལ་སོགས་པའོ། །དབང་ནི་དབང་ཕྱུག་གོ། །དེ་ལ་ཁ་ཅིག་ནི་དབང་ཕྱུག་
ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་དག་ལས། གཞན་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཐམས་ཅད་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་བདག་ལས་ཐ་དད་པ་རྟག་པ་གཅིག་པུ་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་བློ་དང་ལྡན་པ་ཉིད་ཀྱིས་ཡོན་ཏན་ཐ་དད་པའི་ཕྱིར་རྫས་གཞན་
ཉིད་ཡིན་ནོ་ཞེའོ། །འོན་ཏེ་ཆོས་དང་། ཆོས་མ་ཡིན་པ་དང་། རྡུལ་ཕྲ་རབ་ལ་སོགས་པ་འགྲོ་བའི་རྒྱུ་ཡོད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་གཞན་དབང་ཕྱུག་རྒྱུ་ཉིད་དུ་རྟོག་པར་བྱེད་ཅེ་ན་དེའི་ཕྱིར། སེམས་པ་མེད་པ་རང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལ་སོགས་པ་རྒྱུ་
ཡིན་མོད་ཀྱི། འོན་ཀྱང་དེ་ནི་སེམས་པ་མེད་པ་ཡིན་པའི་ཕྱིར་བྱིན་གྱིས་རློབ་པ་པོ་མེད་པར་རང་ཉིད་ཀྱིས་རང་གི་འབྲས་བུ་རྩོམ་པར་ནུས་པ་མ་ཡིན་ནོ། །དེས་ན་དེ་བྱིན་གྱིས་རློབ་པ་པོ་འགའ་ཞིག་བྱེད་པ་པོར་འགྱུར་བར་བྱ་དགོས་སོ། །གང་གི་ཕྱིར་སེམས་པ་མེད་པ་འགའ་ཞིག་རང་དབང་ཅན་
དང་བྱིན་གྱིས་རློབ་པ་པོར་མ་མཐོང་ངོ་། །སྦྱོར་བ་ནི་གང་སེམས་པ་མེད་པ་དེ་ནི་བྱིན་གྱིས་རློབ་པ་པོ་མེད་པར་རང་གི་འབྲས་བུ་རྩོམ་པ་མ་ཡིན་ཏེ། དཔེར་ན་འཇིམ་པའི་གོང་བུ་དང་། དབྱི་གུ་དང་། ཆུ་དང་། སྐུད་པ་ལ་སོགས་པ་རྫ་མཁན་དང་བྲལ་བའི་བུམ་པ་ལྟ་བུའོ། །ཆོས་ལ་སོགས་པ་ཡང་

སེམས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟ་བས་ན་བྱིན་གྱིས་རློབ་པ་པོ་གང་ཡིན་པ་འདི་ཉིད་དབང་ཕྱུག་ཡིན་པར་གྲུབ་པོ། །དེ་ལྟར་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དོན་མེད་པ་ཡང་མ་ཡིན་ཏེ། དབང་ཕྱུག་ནི་རྒྱུ་མཚན་གྱི་རྒྱུ་ཡིན་པའི་ཕྱིར་
རོ། །འདི་སྙམ་དུ་ཆོས་དང་ཆོས་མ་ཡིན་པ་དང་འདུ་བའི་བདག་གང་ཡིན་པ་དེ་ཉིད་བྱིན་གྱིས་རློབ་པ་པོ་ཡིན་པར་འགྱུར་ན། དེའི་ཕྱིར་དབང་ཕྱུག་བརྟགས་པས་ཅི་ཞིག་བྱ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། བདག་དེའི་ཚེ་ཤེས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཇི་སྲིད་དུ་ལུས་དང་
དབང་པོ་ལ་སོགས་པའི་རྒྱུ་དང་འབྲས་བུ་ཚོགས་པ་མ་སྐྱེས་པ་དེ་སྲིད་དུ་འདི་ཤེས་པ་མེད་པ་ཡིན་ལ། དམིགས་སུ་རུང་བ་ཡིན་ན་ཡང་དེ་སྲིད་དུ་གཟུགས་ལ་སོགས་པའི་ཡུལ་མི་དམིགས་ན། དམིགས་སུ་མི་རུང་བའི་ཆོས་དང་ཆོས་མ་ཡིན་པ་གང་ལས་དམིགས་པར་འགྱུར། ཇི་སྐད་དུ།
སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སྨྲས་པ་ལྟ་བུའོ། །འདི་ལ་རྣ་མ་ཕུག་པས་དབང་ཕྱུག་སྒྲུབ་པ་ལས་ཚད་མ་གཉིས་བཀོད་པ་ནི།
རང་རྩོམ་བྱེད་པའི་ཆ་ཤས་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ། དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ་དང་གཟུང་བར་བྱ་བ་མ་ཡིན་པའི་བློ་མི་མཐུན་པའི་གཞི་ཉིད་དུ་གྱུར་པ་ནི་བློ་དང་ལྡན་པའི་རྒྱུ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་དང་
ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རྡུལ་ཕྲ་རབ་ལྟ་བུའོ་ཞེས་སྨྲས་ཏེ། དེ་ལ་མཐོང་བ་དང་རེག་པའི་དོན་དབང་པོ་གཉིས་པོ་དེ་དག་གིས་གཟུང་བ་ཆེན་པོ་དང་། རྫས་དུ་མ་དང་ལྡན་པ་དང་། གཟུགས་ལ་སོགས་པ་དམིགས་པའི་རྒྱུ་དང་ལྡན་པས་ས་དང་། ཆུ་དང་།
མེའི་མིང་ཅན་རྫས་རྣམ་པ་གསུམ་ནི་མཐོང་བ་དང་རེག་པའི་དབང་པོ་དག་གིས་གཟུང་བར་བྱ་བ་ནི། དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ་ཡིན་ལ། རླུང་ལ་སོགས་པ་ནི་གཟུང་བར་བྱ་བ་མ་ཡིན་པའོ། །གང་གི་ཕྱིར་ཆེན་པོ་ཉིད་དང་། རྫས་དུ་མ་དང་ལྡན་པ་ཉིད་དང་། གཟུགས་དང་། འདུ་བ་ལ་

སོགས་པ་ནི་དམིགས་པའི་རྒྱུར་འདོད་ལ། དེ་ཡང་རླུང་ལ་སོགས་པ་ལ་མེད་དོ། །ཇི་སྐད་དུ། ཆེན་པོ་དང་རྫས་དུ་མ་ནི་གཟུགས་དང་ལྡན་པའི་ཕྱིར་དང་། གཟུགས་ཡིན་པའི་ཕྱིར་དམིགས་པ་ཡིན་ལ། རླུང་ནི་གཟུགས་དང་མི་ལྡན་པའི་ཕྱིར་མི་དམིགས་སོ། །གཟུགས་
དང་ལྡན་པ་ནི་གཟུགས་དང་འདུ་བའོ། །རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་ནི་དམིགས་པ་མ་ཡིན་ཏེ། ཆེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་སྤྱིར་དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ་དང་གཟུང་བར་བྱ་བ་མ་ཡིན་པ་དང་ལྡན་པའི་རྒྱུ་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་པར་བྱེད་ན་
གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་དེ། བུམ་པ་ལ་སོགས་པ་ནི་གཉི་ག་ལ་གྲུབ་པས་རྩོད་པ་མེད་པའི་ཕྱིར་དང་། ཁས་བླངས་པས་གནོད་པའི་ཕྱིར་དང་། རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་རྣམས་ནི་དེ་ལྟར་ཁས་མ་བླངས་པའི་ཕྱིར་རོ། །དེ་དག་ཀྱང་རྟག་པའི་ཕྱིར་མངོན་སུམ་ལ་སོགས་པས་
གནོད་དོ། །དེ་ལྟ་བས་ན་དེའི་དོན་དུ་བློ་མི་མཐུན་པའི་རྟེན་དུ་གྱུར་པ་སྨོས་ཏེ། བློ་སྣ་ཚོགས་པ་ནི་མི་མཐུན་པ་སྟེ་ལོག་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་གཞིར་གྱུར་པ་ནི་རྩོད་པའི་རྟེན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ལུས་དང་། དབང་པོ་དང་། གནས་ལ་སོགས་པ་ཉིད་
ཕྱོགས་སུ་བྱས་པ་ཡིན་པའི་ཕྱིར། རྡུལ་ཕྲ་རབ་ལ་སོགས་པ་ལ་ཐལ་བར་འགྱུར་བ་མེད་དོ། །རྒྱུ་ཙམ་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་ན་གྲུབ་པ་ལས་སྒྲུབ་པར་འགྱུར་དུ་འོངས་པས་བློ་དང་ལྡན་པའི་རྒྱུའི་ཞེས་སྨོས་སོ། །གྲངས་ཅན་ལ་ལྡན་པའི་དོན་མི་འཐད་པས་གྲུབ་པ་ན་སྒྲུབ་པ་མ་ཡིན་ནོ། །གྲངས་
ཅན་གྱི་བློ་གཙོ་བོ་ལས་ཐ་མི་དད་པར་འདོད་ལ་དེ་དེ་ཉིད་ཀྱིས་དེ་དང་ལྡན་པ་ནི་མ་ཡིན་ནོ། །རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ནི་བསགས་པའི་བདག་ཉིད་དུ་སྦྱོར་བའོ། །དེ་ཁྱད་པར་དང་ལྡན་པ་ནི་རྣམ་པར་གཅོད་པའོ། །དེ་ཡིན་པས་ན་སྟེ་དེའི་ཕྱིར་རོ། །ཆ་ཤས་བཀོད་པའི་ཁྱད་
པར་ཉིད་ནི་བ་ལང་ཉིད་ལ་སོགས་པས་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་རང་རྩོམ་བྱེད་པ་ཞེས་སྨོས་སོ། །བ་ལང་ཉིད་ལ་སོགས་པ་ཉིད་ནི་རྫས་རྩོམ་པའི་ཆ་ཤས་ཀྱི་དབྱིབས་ཁྱད་པར་དུ་གྱུར་པ་ཡིན་གྱི། རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །དེས་ན་བློ་དང་

ལྡན་པ་གང་ཡིན་པ་དེ་ཉིད་དབང་ཕྱུག་ཡིན་ནོ། །ཚད་མ་འདི་ནི་རང་རྩོམ་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་དེ་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ཁྱད་པར་
དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཏན་ཚིགས་ཀྱི་ཁྱད་པར་བསྟན་ནས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་བསྟན་པའི་ཕྱིར། དབང་པོ་གཉིས་གཟུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩོད་པའི་གཞིའོ་ཞེས་བྱ་བ་ནི་རྩོད་པའི་རྟེན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེས་སྨྲས་
པའི་ཚད་མ་གཉིས་པ་བསྟན་པའི་ཕྱིར། དེ་བཞིན་ལུས་ལ་སོགས་པའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་སོགས་པ་སྟེ། ལུས་ལ་སོགས་པའི་ཉེ་བར་ལེན་པའི་རྒྱུར་རྡུལ་ཕྲ་རབ་ལ་སོགས་པ་སེམས་པ་ཅན་གྱི་རྒྱུས་བྱིན་གྱིས་བརླབས་པ་ཡོད་ན་རང་གི་འབྲས་བུ་
བྱེད་ཅེས་འབྲེལ་ཏོ། །གཟུགས་སོགས་ལྡན་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྣལ་མ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །ཇི་སྐད་དུ་ལུས་དང་། གནས་དང་། དབང་པོ་ཉེ་བར་ལེན་པ་སེམས་པ་ཅན་གྱི་བྱིན་གྱིས་བརླབས་པ་རྣམས་ནི་རང་གི་འབྲས་བུ་རྩོམ་པར་བྱེད་དོ་ཞེས་ཁོ་བོ་
ཅག་གིས་ཤེས་ཏེ། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར་སྣལ་མ་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་ལྟ་བུའོ། །གསལ་བྱེད་པ་ནི་གནས་པ་ལ་སོགས་པའི་རྒྱུ་གཙོ་བོ་རྡུལ་ཕྲ་རབ་དང་མ་མཐོང་བ་རྣམས་ནི་རང་གི་འབྲས་བུ་སྐྱེད་པ་ལ་ཁྱད་པར་དུ་འཕགས་པའི་བློ་དང་ལྡན་པའི་བྱིན་གྱིས་རློབ་པ་
པོ་ལ་ལྟོས་པ་ཡིན་ཏེ། བསྡད་ནས་འཇུག་པའི་ཕྱིར་སྣལ་མ་ལ་སོགས་པ་དང་ཐག་བཟངས་ལ་སོགས་པ་བཞིན་ནོ་ཞེས་ཚད་མ་སྟོན་པར་བྱེད་དོ། །དེ་འདིར་སྟོན་པ་ནི། ཆོས་དང་ཆོས་མིན་རྡུལ་ཕྲན་ཀུན། །ཞེས་བྱ་བ་སྨོས་ཏེ། གོ་སླའོ། །བློ་གྲོས་བཟང་པོས་ཀྱང་འབྱིན་པའི་ཐོག་མར་
སྐྱེས་བུ་རྣམས་ཀྱི་ཐ་སྙད་ནི་གཞན་གྱིས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དུས་ཕྱིས་རབ་ཏུ་བྱང་བ་དག་དོན་སོ་སོར་ངེས་པའི་ཕྱིར་རོ། །དཔེར་ན་ཚིག་གི་ཐ་སྙད་མ་གྲུབ་པའི་བྱིས་པ་རྣམས་ལ་བ་ལང་ལ་སོགས་པ་ལ་ཚིག་གི་ཐ་སྙད་དོན་སོ་སོར་ངེས་པ་ནི་མ་ལ་སོགས་པའི་ཉེ་བར་

བསྟན་པ་སྔོན་དུ་འགྲོ་བ་ཅན་བཞིན་ནོ་ཞེས་ཟེར་རོ། །ཤེས་ལྡན་དག་ལ་དོན་ངེས་ཕྱིར། །ཞེས་བྱ་བ་ནི་རབ་ཏུ་བྱང་བ་ཡོད་པ་དག་ལ་དོན་ངེས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐ་སྙད་འདི་དེ་འབྱིན་པའི་དང་པོར་གང་ཞིག་སྔོན་དུ་འགྲོ་བ་དེས་སྟོན་པར་བྱེད་པ་དེ་ནི་དབང་ཕྱུག་གོ། །
འཇིག་པའི་དུས་ན་ཡང་ཤེས་པའི་ཁྱད་པར་དུ་འཕགས་པ་མི་འཇིག་གོ་ཞེས་བྱ་བར་གྲུབ་པོ། དེ་སྟོན་པ་ནི། འབྱིན་པའི་དང་པོ་སྐྱེས་བུ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། འབྱིན་པ་ནི་འབྱུང་བ་དང་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དང་པོ་ནི་ཐོག་མའི་དུས་སོ། །ལྷག་མ་ནི་གོ་
སླའོ། །དེ་བཞིན་དུ་ཚད་མ་གཞན་འོད་བྱེད་པས་བསྟན་པ་ནི། འབྱུང་བ་ཆེན་པོ་ལ་སོགས་པའི་གསལ་བ་ནི་བློ་དང་ལྡན་པའི་རྒྱུས་བྱིན་གྱིས་བརླབས་ནས་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་མཚན་དུ་འགྱུར་བ་ཡིན་ཏེ། སེམས་པ་ཅན་མ་ཡིན་པའི་ཕྱིར་དང་། འབྲས་བུ་ཡིན་པའི་ཕྱིར་དང་། འཇིག་
པ་དང་ལྡན་པའི་ཕྱིར་དང་། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར། སྟེའུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །འདི་དག་སྟོན་པ་ནི་འབྱུང་བ་ཆེ་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། །བློ་དང་ལྡན་པས་བྱིན་བརླབས་ཞེས་བྱ་བ་ནི་བློ་དང་ལྡན་པ་པོས་བྱིན་གྱིས་བརླབས་པའོ། །དེ་ཕྱིར་
ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱི་ཚོགས་ལས་སོ། །དེ་ནི་ཞེས་བྱ་བ་ནི་འགྲོ་བའི་རྒྱུ་དབང་ཕྱུག་གོ། །ཅི་སྟེ་གང་གིས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་འདོད་པ་རྣམས་ཀྱིས་གུས་པའི་ཡུལ་དུ་འགྱུར་བ་དེ་ཐམས་ཅད་ཤེས་པ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། ཀུན་གྱི་བྱེད་
པོ་ཉིད་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ། ཡང་བློ་གྲོས་བཟང་པོ་ལ་སོགས་པས། འདི་གནས་པ་མཐའ་དག་གི་རྒྱུ་ཡིན་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་དུ་གྲུབ་སྟེ། བྱེད་པ་པོས་ནི་འབྲས་བུ་དང་། ཉེ་བར་ལེན་པ་དང་། ལྷན་ཅིག་བྱེད་པ་དང་། དགོས་པ་དང་།
ཡང་དག་པར་སྦྱིན་པ་ཤེས་པའི་ཕྱིར་རོ། །འདི་ལ་གང་ཞིག་གང་གི་བྱེད་པ་པོ་ཡིན་པ་དེ་ནི་དེའི་ཉེ་བར་ལེན་པ་ཤེས་པ་ཡིན་ཏེ། དཔེར་ན་ཁམ་གཞོང་ལ་སོགས་པའི་བྱེད་པ་པོ་རྫ་མཁན་གྱིས་དེའི་ཉེ་བར་ལེན་པ་ནི་འཇིམ་གོང་ངོ་། །ལྷན་ཅིག་བྱེད་པ་ནི་འཁོར་ལོ་ལ་སོགས་པའོ། །དགོས་པ་ནི་ཆུ་ལ་

སོགས་པ་ལེན་པ་ལ་སོགས་པའོ། །ཡང་དག་པར་སྦྱིན་པ་ནི་གཉེན་ཡིན་པར་ཤེས་པ་ཞེས་བྱ་བ་འདི་རབ་ཏུ་གྲུབ་པ་བཞིན་ནོ། །དེ་བཞིན་དུ་གནས་པ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་གིས་དེའི་ཉེ་བར་ལེན་པ་རྡུལ་ཕྲ་རབ་ལ་སོགས་པའི་མཚན་ཉིད་དོ། །དེའི་ལྷན་ཅིག་བྱེད་པ་ནི་ཆོས་དང་།
ཆོས་མ་ཡིན་པ་དང་། ཕྱོགས་དང་དུས་ལ་སོགས་པའོ། །ཐ་སྙད་ཀྱི་ལྷན་ཅིག་བྱེད་པ་ནི་སྤྱི་དང་ཁྱད་པར་དང་འདུ་བའི་མཚན་ཉིད་དོ། །དགོས་པ་ནི་ཉེ་བར་ལོངས་སྤྱོད་པའོ། །ཡང་དག་པར་སྦྱིན་པའི་མིང་ཅན་ནི་སྐྱེས་བུ་རྣམས་ཤེས་པ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་འདི་ཐམས་ཅད་
ཤེས་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་སྨྲས་སོ། །འབྲས་བུའི་ངོ་བོ་ལ་སོགས་ཤེས། །ཞེས་བྱ་བ་ནི་གང་འབྲས་བུའི་ངོ་བོ་ལ་སོགས་པ་ནི་རང་བཞིན་ལ་སོགས་པའོ། །སོགས་པའི་སྒྲས་ཉེ་བར་ལེན་པ་ལ་སོགས་པ་གཟུང་ངོ་། །དེ་དག་གི་ཤེས་པ་ཞེས་བྱ་བ་ནི་བསྡུ་བའོ། །ཡ་ཛ་ཀ་ལ་སོགས་
པའི་ཚོགས་མ་རྫོགས་པ་ཉིད་ཀྱི་ཕྱིར་རམ། ལས་ལ་ཨཎ་གྱི་སྒྲའི་རྐྱེན་བསྒྲུབས་ནས་རང་གི་དོན་ཀའི་སྒྲུབ་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་དེ་དག་གིས་སྨྲས་པའི་ཚད་མའི་ཚོགས་གཞན་སྣ་ཚོགས་པར་འབྱུང་བ་དང་། རབ་ཏུ་གཡོ་བ་དང་། གཞི་དང་གཞི་མ་ཡིན་པ་བློ་
མི་མཐུན་པའི་གཞིར་གྱུར་པ་ནི་གཉིས་པ་ལ་སོགས་པའི་ཚད་མ་ལྔ་ལས་ཐ་དད་པའི་ཚད་མ་གཞན་གྱིས་གཅད་པར་བྱ་བ་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་ནོ་ཞེའོ། །དེ་
ལ་སྣ་ཚོགས་པར་འབྱུང་བ་ནི་ཡོན་ཏན་གྱི་ཚིག་གི་དོན་ལ་བརྗོད་དེ། འདི་སྣ་ཚོགས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །རབ་ཏུ་གཡོ་བ་ནི་ལས་ཀྱི་ཚིག་གི་དོན་ཏོ། །དེ་དག་གི་གཞི་ནི་འདུ་བའི་རྒྱུ་སྟེ་རྫས་སོ། །གཞི་མ་ཡིན་པ་ནི་ཡོན་ཏན་ལ་སོགས་པ་ནས་འདུ་བའི་བར་ལྔ་པོ་རྣམས་སོ། །
གཉིས་པ་ལ་སོགས་པའི་ཚད་མ་ལྔ་ནི་རྗེས་སུ་དཔག་པ་ནས་བཟུང་ནས་དངོས་པོ་མེད་པའི་བར་རོ། །དེ་ལས་ཐ་དད་པའི་ཚད་མ་གཞན་ནི་མངོན་སུམ་མོ། །ལྷག་མ་ནི་གོ་སླའོ། །དེ་དག་གིས་སྨྲས་པའི་གཏན་ཚིགས་གཞན་འདི་ཡང་ཡིན་ཏེ། ཡོད་པ་ལ་སོགས་པ་ཁྱད་པར་མེད་པ་ནོན་

པ་དང་མ་ནོན་པ་བློ་མི་མཐུན་པ་གཞིའི་ངོ་བོར་གྱུར་པ་འགའ་ཞིག་ནི་མངོན་སུམ་ཡིན་ཏེ། ཡོད་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེའོ། །དེ་ལ་ཡོད་པ་ལ་སོགས་པ་ཁྱད་པར་མེད་པ་རྣམས་དྲུག་པ་སྟེ། ཡོད་པ་དང་། མི་རྟག་པ་དང་། རྫས་དང་ལྡན་པ་དང་། རྒྱུ་དང་འབྲས་བུ་དང་།
སྤྱིའི་ཁྱད་པར་ལྡན་པ་ཞེས་བྱ་བ་ནི་རྫས་དང་། ཡོན་ཏན་དང་། ལས་རྣམས་ཀྱི་ཁྱད་པར་མེད་པ་ནི་དེ་དག་གིས་ནོན་པ་སྟེ། མནན་པ་ནི་ཇི་ལྟར་སྲིད་པར་རྫས་དང་། ཡོན་ཏན་དང་། ལས་ཀྱི་བདག་ཉིད་ཀྱི་ཚིག་གི་དོན་གསུམ་མོ། །མ་ནོན་པ་ནི་སྤྱི་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །ཚད་མའི་ཚོགས་དེ་དག་ཉིད་སྟོན་པ་ནི། མི་མཐུན་བློ་
བཞིའི་དངོས་པོ་ནི། །ཞེས་བྱ་བ་ལ་སོགས་པའོ། །འདི་ལ་སྒྲུབ་བྱེད་དང་པོ་ཡི། །ཞེས་བྱ་བ་ལ་སོགས་པས་ཕྱོགས་ཕྱི་མ་རྩོམ་སྟེ། དེ་ལ་གང་སེམས་པ་ཅན་མ་ཡིན་པ་དེ་ནི་བྱིན་གྱིས་རློབ་པ་པོ་མེད་པར་རང་གི་འབྲས་བུ་རྩོམ་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། བསྒྲུབ་པར་བྱ་བ་བཟློག་པ་ལ་
གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཞེས་བྱ་བའི་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱི་སྦྱོར་བ་དང་པོ་
ནི་མ་གྲུབ་བོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་ཤས་ཀྱི་དབྱིབས་ཀྱི་སྒྲས་ནི་ལྡན་པའི་ཁྱད་པར་མངོན་པར་འདོད་པའོ། །དེའི་ཁྱད་པར་དུ་བྱས་པ་ཡང་ཡན་ལག་ཅན་ཞེས་བྱ་བའི་རྫས་སོ། །ཁྱད་པར་དང་ཁྱད་པར་ཅན་དེ་དག་གཉི་ག་ཡང་མ་གྲུབ་པའི་ཕྱིར་
གཏན་ཚིགས་མ་གྲུབ་པ་རྣམ་པ་གཉིས་སོ། །ཡང་ཇི་ལྟར་གཉི་ག་མ་གྲུབ་པ་ཡིན་ཞེ་ན། བལྟར་རུང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མདོར་བསྡུས་ནས་རང་བཞིན་མི་དམིགས་པ་ཞེས་པ་ཉིད་གནོད་པར་བྱེད་པའི་ཚད་མར་བཤད་དོ། །རྒྱས་པར་ནི་འདི་དག་གི་སྐྱོན་ཚིག་གི་དོན་
དྲུག་བརྟག་པར་སྟོན་པར་འགྱུར་རོ། །གཉི་ག་ཞེས་བྱ་བ་ནི་དབྱིབས་དང་ཆ་ཤས་ཅན་དུ་ཡང་དག་པར་འདོད་པའོ། །འདི་ལྟར་དབྱིབས་ལྟར་རུང་བ་ཉིད་དུ་ཁས་བླངས་ཏེ། གྲངས་དང་། ཚད་དང་། ཐ་དད་པ་ཉིད་དང་ལྡན་པ་དང་། རྣམ་པར་དབྱེ་བ་དང་། གཞན་དང་གཞན་མ་ཡིན་པ་

དག་དང་། ལས་ནི་གཟུགས་ཅན་དང་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །ཆ་ཤས་ཅན་ཡང་བལྟར་རུང་བ་ཉིད་དུ་འདོད་དེ། ཆེན་པོ་ནི་དུ་མ་དང་ལྡན་པའི་ཕྱིར་དང་། གཟུགས་ཡིན་པའི་ཕྱིར་དམིགས་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །གཟུགས་
ལ་སོགས་པ་ལས་ཐ་དད་པར་ལྡན་པའམ། ཆ་ཤས་ཅན་སྣང་དུ་རུང་བ་ཉིད་དུ་འདོད་པ་ནི་བློ་ལ་སྣང་བ་མ་ཡིན་པས། དེའི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར། རི་བོང་གི་རྭ་བཞིན་དུ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་དབང་པོ་ལས་འདས་
པའི་ཕྱིར་གཟུགས་ལ་སོགས་པ་རྣམས་མི་དམིགས་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཁྱད་པར་ཅན་རྣམས་དབང་པོའི་ཡུལ་དུ་ཁས་བླངས་པས་དབང་པོ་ལས་འདས་པ་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྡན་པ་དང་ཆ་ཤས་ཅན་དག་མེད་པའི་ཕྱིར་ཆོས་མཐུན་པའི་དཔེ་བུམ་པ་སྒྲུབ་པར་
བྱེད་པའི་ཆོས་དང་བྲལ་བ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ནི། དེ་ལྟ་བས་ན་དཔེ་འདི་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་ཁྱད་པར་དང་ཁྱད་པར་ཅན་མ་གྲུབ་པས་གཏན་ཚིགས་རང་གི་ངོ་བོ་མ་གྲུབ་པ་ཉིད་དུ་བསྟན་ནས། ད་ནི་གཞིའི་ཕྱོགས་གཅིག་མ་གྲུབ་པས་ཀྱང་མ་གྲུབ་པ་ཡིན་
ནོ་ཞེས་སྟོན་པར་བྱེད་པ་ནི། མིག་དང་རེག་པའི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཆོས་ཅན་རྣམ་པ་གཉིས་བསྟན་ཏེ། དབང་པོ་གཉིས་ཀྱིས་གཟུང་བར་བྱ་བ་དང་། གཟུང་བར་བྱ་བ་མ་ཡིན་པའོ། །དེ་ལ་དབང་པོ་གཉིས་ཀྱིས་གཟུང་བར་བྱ་བའི་ཆོས་ཅན་ནི་ཅུང་ཟད་ཀྱང་མ་གྲུབ་སྟེ། འདི་
ལྟར་མིག་དང་རེག་པའི་རྣམ་པར་ཤེས་པ་གཉིས་ཀ་གོ་རིམས་བཞིན་དུ་སྔོན་པོ་ལ་སོགས་པའི་གཟུགས་ཙམ་སྣང་བ་ཅན་ཡིན་པའི་ཕྱིར་དང་། རྩུབ་པ་ལ་སོགས་པའི་རེག་བྱའི་ཁྱད་པར་ཙམ་སྣང་བ་ཅན་ཡིན་པའི་ཕྱིར་ཐ་དད་པ་སྣང་བ་ཅན་དུ་ཉེ་བར་སྐྱེའོ། །དེ་ལྟ་ཡིན་དང་མིག་དང་རེག་པའི་རྣམ་པར་
ཤེས་པ་དེ་དག་ཡུལ་གཅིག་པ་ཉིད་ཡོད་པ་མ་ཡིན་ཏེ། ཐ་དད་དུ་སྣང་བའི་ཕྱིར་དྲི་དང་རོ་ལ་སོགས་པའི་རིག་པ་བཞིན་ནོ། །སྦྱོར་བ་ནི་གང་དག་ཐ་དད་དུ་སྣང་བ་ཅན་གྱི་རྣམ་པར་ཤེས་པ་དེ་དག་ནི་ཡུལ་གཅིག་པ་ཅན་མ་ཡིན་ཏེ། དཔེར་ན་དྲི་དང་རོའི་རྣམ་པར་ཤེས་པ་གཉིས་བཞིན་ནོ། །མིག་དང་

རེག་པའི་རྣམ་པར་ཤེས་པ་གཉིས་ཀྱང་ཐ་དད་པར་སྣང་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྣང་བ་ཐ་དད་པ་ཅན་ཡང་ཡུལ་གཅིག་པ་ཉིད་ཡིན་ན་གཟུགས་དང་སྒྲ་ལ་སོགས་པའི་སེམས་ཀྱང་ཡུལ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་
བྱ་བ་འདི་ནི་འདིར་གནོད་པ་ཅན་གྱི་ཚད་མའོ། །འོ་ན་གལ་ཏེ་དེ་དག་ཡུལ་གཅིག་པ་མ་ཡིན་ན་དེ་ཇི་ལྟར་ངས་སྣང་བ་ལ་མཐོང་བ་ཡིན་པའི་བུམ་པ་གང་ཡིན་པ་དེ་ཉིད་མུན་པར་རེག་གོ་ཞེས་བྱ་བའི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པར་འདིར་འགྱུར། དེ་ལྟ་བས་ན་དམ་བཅས་པ་འདི་རྗེས་
སུ་དཔག་པས་གནོད་པ་ཡིན་ནོ། །དེ་ལ་འོད་བྱེད་པས་སྨྲས་པའི་རྗེས་སུ་དཔག་པ་ནི་འདི་ཡིན་ཏེ། ཡུལ་དཔྱད་པར་གྱུར་པའི་མཐོང་བ་དང་རེག་པའི་ཤེས་པ་དག་ནི་ཡུལ་གཅིག་པ་ཡིན་ཏེ། ཉིང་མཚམས་སྦྱོར་བའི་ཕྱིར་ཨུཏྤལ་སྔོན་པོའི་ཤེས་པ་བཞིན་ནོ་ཞེས་བྱ་བའོ། །དེ་ལ། བཤད་པ་དེ་
དག་མཐུ་ལས་ཡང་དག་བྱུང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་སྟེ་ཁ་དོག་དང་རེག་པ་ཙམ་དུ་སྣང་བའི་མིག་དང་རེག་པའི་རྣམ་པར་ཤེས་པ་དག་གི་མཐུ་ནི་ནུས་པ་སྟེ། དེ་ལས་ཡང་དག་པར་བྱུང་བའི་རྟོག་པ་དང་འབྲེལ་པའི་བདག་ཉིད་འདི་ལ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཕྱིར་
འདིས་ནི་ཉིང་མཚམས་སྦྱོར་བའི་ཤེས་པ་མངོན་སུམ་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ཏེ། དུ་མ་ལ་གཅིག་ཏུ་ཞེན་པ་ཉིད་ཀྱིས་འདི་འཁྲུལ་པ་ཡིན་པའི་ཕྱིར་དང་རྟོག་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་སྔ་མས་ཡོངས་སུ་བཅད་པའི་
ཡུལ་ངེས་པ་ཉིད་ཀྱིས་བཟུང་ཟིན་པ་འཛིན་པའི་ཕྱིར་དང་། འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཡིན་ནོ། །གལ་ཏེ་ཉིང་མཚམས་སྦྱོར་བའི་ཤེས་པ་ཚད་མ་ཉིད་དུ་གྲུབ་པར་གྱུར་ན། དེའི་ཚེ་གཏན་ཚིགས་
ངེས་པ་ཁོ་ནར་འགྱུར་ན། ཇི་ཙམ་དུ་གཟུགས་ལ་སོགས་པ་དག་ལ་ཐུན་མོང་བའི་ནུས་པ་བསྟན་པའི་ཕྱིར་བུམ་པ་ལ་སོགས་པར་བརྡ་བྱས་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་མིག་དང་རེག་པ་དག་གིས་ཉམས་སུ་མྱོང་བ་དེ་དག་ལ་དུས་ཕྱིས་ཇི་ལྟར་མཐོང་བའི་ཡུལ་ཅན་རྗེས་སུ་མཐུན་པའི་བརྡ་

བྱས་པའི་འདུ་བྱེད་ཀྱི་ཁྱད་པར་གཅིག་ཉིད་དུ་ཞེན་པ་འཁྲུལ་པའི་རང་བཞིན་གྱིས་དྲན་པའི་ཤེས་པ་འདི་སྐྱེའོ། །འདི་ལྟར་དེ་ལྟར་ཞེན་པ་དེ་ལ་སྔོན་པོ་ལ་སོགས་པའི་ཁ་དོག་སྣང་གི། རེག་པའི་ཤེས་པ་ལ་ནི་ཁ་དོག་སྣང་བར་རིགས་པ་མ་ཡིན་ཏེ། དེ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་
ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་སློབ་དཔོན་གྱིས་མིག་དང་རེག་པ་དག་གིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཐ་དད་པ་དམིགས་པ་དེ་དང་ལྷན་ཅིག་སྤྱོད་པའི་སྤྱིའི་ཡུལ་ཅན་གཞན་ཐ་མི་དད་པ་དྲན་པའི་ཤེས་པ་སྐྱེའོ་ཞེས་བཤད་པ་གང་ཡིན་པ་དེ་ཉིད་རིགས་སོ། །གལ་ཏེ་སྤྱི་ཐ་དད་པ་
ཉམས་སུ་མྱོང་བ་ཡིན་ན་དེའི་ཚེ་དྲན་པ་འདི་རིགས་ཀྱི། ཇི་སྲིད་དུ་ཁྱེད་ཅག་གང་དག་གིས་འདི་ཉམས་སུ་མྱོང་བར་འགྱུར་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་སྤྱི་མི་འདོད་དེ། གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་ལ་གཟུགས་ལ་སོགས་པའོ་སྙམ་པར་འགྱུར་གྱི་བུམ་པའོ་སྙམ་དུ་
ནི་མ་ཡིན་ནོ། །ཉམས་སུ་མ་མྱོང་བ་དྲན་པར་མི་རིགས་པ་མ་ཡིན་ནམ། དེ་ཇི་ལྟར་སྤྱིའི་ཡུལ་ཅན་གྱི་དྲན་པའི་ཤེས་པ་འདི་སྐྱེ་བར་འགྱུར་ཞེ་ན། དེ་ནི་མེད་དེ། གང་གིས་དེར་འགྱུར་བ་གཟུགས་ལ་སོགས་པ་ལས་གཞན་སྤྱི་སྔར་མྱོང་བ་ཡིན་ནོ་ཞེས་ནི་མི་བརྗོད་ཀྱི། འོན་ཀྱང་ཆུ་ལ་སོགས་
པ་འཛིན་པའི་དོན་བྱ་བ་བྱེད་པ་གཟུགས་ལ་སོགས་པ་དེ་དག་ཉིད་ཚོགས་པ་དང་བུམ་པ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་ཤེས་པས་སོ་སོར་ཉམས་སུ་མྱོང་བ་དེ་དག་ལ་ཇི་ལྟ་བ་བཞིན་དུ་བརྡ་བྱས་པའི་ཁྱད་པར་བུམ་པ་ཞེས་དྲན་པ་སྐྱེའོ་ཞེས་བརྗོད་པ་ཡིན་ནོ། །ཡང་ན་སྤྱི་ནི་བརྟགས་པ་
ཡིན་ཏེ། རྟོག་པའི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་རིག་པ་ཉམས་སུ་མྱོང་བ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཅིའི་ཕྱིར་དེའི་དྲན་པ་མི་འཐད། དེའི་ཕྱིར་རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་གཞི་མ་གྲུབ་པ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་ཆོས་ཅན་ནི་མ་གྲུབ་ཕྱིར་ན་ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ་བཤད་པའི་དབང་པོ་གཉིས་ཀྱིས་གཟུང་བར་བྱ་བའི་ཆོས་ཅན་མ་གྲུབ་པའི་ཕྱིར་ཏེ། རྒྱུའི་ཕྱིར་གཞིའི་ཕྱོགས་གཅིག་མ་གྲུབ་པས་གཏན་ཚིགས་མ་གྲུབ་པོ། །དེས་ན་དེ་ལྟར་ན་ཁྱད་པར་ཅན་དང་། ཁྱད་

པར་དང་། གཞི་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་རྣམ་པ་གསུམ་བསྟན་ཏོ། །སློབ་དཔོན་གྱིས་བསྟན་པའི་མ་གྲུབ་པ་རྣམ་པ་བཞི་པ་ནི་དབྱིབས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་མཐོང་བས་བྱེད་པ་པོ་མ་མཐོང་བ་དག་ཀྱང་བློ་དང་ལྡན་པའི་
རྒྱུ་རྟོགས་པར་འགྱུར་བ་ལྷ་ཁང་ལ་སོགས་པ་ལ་དབྱིབས་ཀྱི་ཁྱད་པར་གང་ཞིག་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་བློ་དང་ལྡན་པའི་སྐྱེས་བུའི་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་འཇིག་རྟེན་ན་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུར་གྱུར་པ་ལུས་དང་། ཤིང་དང་། རི་ལ་སོགས་པ་བསྒྲུབ་པར་བྱ་བའི་
ཆོས་ཅན་ལ་གཏན་ཚིགས་ཉིད་དུ་ཁས་ལེན་ན། དེའི་ཚེ་ཁྱེད་ཅག་གི་འདོད་པའི་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དེ། དེ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་དབྱིབས་
ཀྱི་ཁྱད་པར་ནི་ཤིང་ལ་སོགས་པ་ལ་གྲུབ་པ་ཡང་མ་ཡིན་ཏེ། དབྱིབས་ཞེས་བྱ་བའི་མིང་ཙམ་གྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཆོས་ནི་རང་བཞིན་གྱིས་ཕན་ཚུན་དོན་གཞན་ཉིད་དུ་གནས་ན་ཡང་སྒྲ་ཙམ་གྱིས་ཐ་མི་དད་པར་གཏན་ཚིགས་ཉིད་དུ་ལེན་པ་ན་མངོན་པར་འདོད་པའི་བསྒྲུབ་བྱ་སྒྲུབ་པར་ནུས་
པ་ཡང་མ་ཡིན་ཏེ། བསྒྲུབ་བྱ་ལས་བཟློག་པ་ཡང་དེ་ཡོད་པར་འགལ་བ་མེད་པའི་ཕྱིར་རོ། །དཔེར་ན་ཆོས་ཅན་གྲོག་མཁར་ལ་རྫ་མཁན་གྱིས་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། འཇིམ་པའི་རྣམ་པར་གྱུར་པ་ཙམ་གཏན་ཚིགས་ཉིད་དུ་ཁས་བླངས་པ་ལྟ་བུའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །
ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། གང་མཐོང་བློ་དང་ལྡན་རྟོགས་པ། །ཞེས་བྱ་བ་ནི་དབྱིབས་གང་ཞིག་མཐོང་བ་ཡོད་ན་བློ་དང་ལྡན་པའི་རྒྱུ་རྟོགས་ཏེ། རྗེས་སུ་དཔོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུས་དང་རི་སོགས་ཞེས་བྱ་བ་ལ། ལུས་ནི་ལུས་སོ། །རི་ནི་རི་བོའམ་ཤིང་ངོ་། །
སོགས་པའི་སྒྲས་རྒྱ་མཚོ་ལ་སོགས་པ་གཟུང་ངོ་། །ཇི་ལྟ་བུར་འདོད་པ་ཞེས་བྱ་བ་ནི་བློ་དང་ལྡན་པ་སྔོན་དུ་འགྲོ་བའོ། །སྒྲུབ་པ་ཞེས་བྱ་བ་ནི་སྒྲུབ་པའོ། །ཇི་ལྟར་རིགས་ཤེ་ན། རྗེས་སུ་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་གང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའོ། །གང་གིས་

ཞེས་བྱ་བ་ནི་མེ་ལ་སོགས་པའོ། །དེ་མཐོང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་འབྲས་བུ་མཐོང་བ་ཡོད་ནའོ། །དེ་ངེས་ཞེས་བྱ་བ་ནི་མེ་ལ་སོགས་པ་ཉིད་དུའོ། །གལ་ཏེ་དེ་ལྟ་ན་འདི་ལ་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ་ཞེ་ན། དབྱིབས་ཀྱི་ཁྱད་པར་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
འོ་ན་དབྱིབས་ཀྱི་སྒྲའི་སྤྱི་གྲུབ་པ་གང་ཡིན་པ་དེ་ཉིད་གཏན་ཚིགས་སུ་འགྱུར་རོ་ཞེ་ན། །དེ་ལྟ་བུ་ནི་རབ་བརྗོད་ནའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ནི་སྒྲ་ཙམ་གྱིས་ཐ་མི་དད་པའོ། །རྫ་མཁན་གྱིས་ནི་བྱས་པ་བཞིན། །ཞེས་བྱ་བ་ལ། འཇི་བའི་རྣམ་པར་འགྱུར་བ་ཙམ་
ཉིད་ཅེས་བྱ་བ་ལྷག་མའོ། །དེ་ལྟ་བས་ན་དེ་ལྟར་དབྱིབས་ཀྱི་ཁྱད་པར་ནི་མ་གྲུབ་ལ། དབྱིབས་ཙམ་ཡང་མ་ངེས་པ་ཡིན་ན་ཞེས་བསྟན་པར་འགྱུར་རོ། །ཆོས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལྟག་ཆོད་རྗོད་པར་བྱེད་དེ། འདི་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་ནོ། །འདི་
ལྟར་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ཞེས་སྨྲས་པ་ལ། ལྟག་ཆོད་སྨྲ་བ་ཀླན་ཀ་བྱེད་དེ། ཅི་འདི་བུམ་པ་ལ་སོགས་པར་གཏོགས་པའི་བྱས་པ་ཉིད་གཏན་ཚིགས་སུ་བརྗོད་དམ། ཅི་སྒྲར་གཏོགས་པའམ། འོན་ཏེ་གཉི་གར་གཏོགས་པ་ཡིན་གྲང་། ཕྱོགས་དང་པོ་ལྟར་ན་གཏན་
ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཆོས་གཞན་གཞན་དུ་འཇུག་པ་ནི་མེད་དོ། །གཉིས་པ་ལ་ཡང་དཔེ་སྒྲུབ་བྱེད་དང་བྲལ་བ་ཡིན་ལ། གསུམ་པ་ལ་ཡང་སྐྱོན་དེ་དག་ཉིད་ཡོད་པ་ཡིན་པའི་ཕྱིར་འདི་འབྲས་བུ་དང་མཚུངས་པ་ཞེས་བྱ་བའི་ལྟག་ཆོད་ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ་འབྲས་
བུ་ཉིད་གཞན་གྱི་ཤན་གྱིས་གྲུབ་པར་བསྟན་པ་གང་ཡིན་པ་དེ་ནི་འབྲས་བུ་དང་མཚུངས་པའོ་ཞེས་སྨྲས་པ་ལྟ་བུའོ། །གང་གི་ཕྱིར་འབྲས་བུ་ཉིད་ཀྱི་སྤྱི་བཟུང་ནས་མི་རྟག་པ་ཉིད་རྗེས་སུ་དཔོག་པར་འདོད་ཀྱི། ཁྱད་པར་ནི་མ་ཡིན་ནོ། །དེས་ན་སྤྱིའི་སྒོ་ནས་སྒྲུབ་བྱེད་དུ་འདོད་ལ། ཆོས་ཀྱི་ཁྱད་པར་རྣམ་
པར་རྟོག་པའི་སྒོ་ནས་ལན་འདེབས་པ་གང་ཡིན་པ་དེ་ནི་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཅེས་རྣམ་པར་གཞག་གོ། །འདི་ཡང་ཆོས་ཀྱི་ཁྱད་པར་གྱིས་རྣམ་པར་རྟོག་པ་ཡིན་ནོ། །དེ་ཕྱིར་ལྟག་ཆོད་ཡིན་ནོ། །དེ་ཡིས་ངོ་བོ་མིན་ལས་ལོག །ཅེས་བྱ་བ་ལ་སོགས་པས་ལན་འདེབས་པའོ། །གང་བྱས་པ་

ཉིད་ཙམ་མི་རྟག་པ་ཉིད་སྒྲུབ་པར་བྱེད་དོ་ཞེས་བྱ་བ་འདི་ནི་རིགས་ཏེ། དེ་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་རོ། །རང་རྩོམ་པར་བྱེད་པའི་ཆ་ཤས་ཀྱི་དབྱིབས་ཀྱི་ཁྱད་པར་ཅན་ཉིད་ཙམ་གྱི་སྒྲུབ་པར་བྱེད་པ་འདི་ལ་འདི་མི་རིགས་ཏེ། དབྱིབས་ཀྱི་སྤྱི་
ལ་ནི་བཟློག་པ་ལ་གནོད་པར་བྱེད་པ་མེད་པས་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གང་ཞིག་དམིགས་པས་བྱེད་པ་མ་མཐོང་ཡང་བྱས་པའི་བློར་འགྱུར་བ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་གྲུབ་པའི་ཁྱད་པར་གང་ཞིག་མ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་དེ་ལས་བྱུང་བའི་
འབྲེལ་པའི་ཁྱད་པར་སྤངས་ནས་སྤྱི་ཉིད་རྟགས་སུ་བརྗོད་པ་དེའི་ཚེ་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུ་བའི་བདག་ཉིད་སྐྱ་བོ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བའི་བདག་ཉིད་ཀྱི་སྐྱ་བོའི་དངོས་པོ་མེ་མེད་ན་མི་འབྱུང་བར་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས་སྐྱ་བོའི་སྒྲས་བརྗོད་
པར་བྱ་བ་ཙམ་གྱི་སྤྱི་ཡིན་པའི་ཕྱིར། །ཁ་བ་ལས་ཀྱང་མེ་དེ་རྟོགས་པར་འགྱུར་རོ། །འོ་ན་ཇི་ལྟར་འབྲས་བུ་དང་མཚུངས་པ་ལྟག་ཆོད་དུ་བརྗོད་ཅེ་ན། སྤྱིར་འབྲེལ་པ་ལ་གང་གི་ཚེ། །ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་བྱ་དང་ལྷན་ཅིག་སྒྲུབ་པར་བྱེད་པའི་ཆོས་སྤྱིར་མི་མཐུན་པའི་ཕྱོགས་ལ་
གནོད་པར་བྱེད་པའི་ཚད་མ་འཇུག་པས་འབྲེལ་པ་གྲུབ་ན་ཡང་གང་དུ་ཆོས་ཀྱི་ཁྱད་པར་ལ་བརྟེན་ནས་ཀླན་ཀ་བྱེད་པ་དེ་ནི་ལྟག་ཆོད་ཡིན་ནོ། །འདི་ལ་ནི་སྤྱིར་འབྲེལ་པ་མ་གྲུབ་ལ། གང་ལ་དབྱིབས་ལ་ཁྱད་པར་གྱི་འབྲེལ་པ་ཡོད་པ་དེ་མ་གྲུབ་པའི་ཕྱིར་འདི་ལྟག་ཆོད་མ་ཡིན་ནོ། །འོན་ཏེ་འབྲེལ་བ་མེད་ཀྱང་
སྤྱི་གོ་བར་བྱེད་པ་ཡིན་ན། དེའི་ཚེ་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་རྣམ་པ་གཞན་དུ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་མཐོ་རིས་དང་། ཕྱོགས་དང་། ས་དང་། ངག་དང་། མིག་དང་། འོད་ཟེར་དང་། རྡོ་རྗེ་དང་། ཆུ་རྣམས་ཀྱང་གོའི་སྒྲས་བརྗོད་
པར་བྱ་བ་ཙམ་ཡིན་པའི་ཕྱིར་ཁུ་ཡུའི་བེའུ་ལ་སོགས་པ་བཞིན་དུ་རྭ་ཅན་དུ་རྗེས་སུ་དཔོག་པར་ཐལ་བར་འགྱུར་རོ། །འདི་སྙམ་དུ་བྱས་པ་ལ་སོགས་པ་བཞིན་དུ་དབྱིབས་ཀྱི་ཁྱད་པར་ལྡན་པ་འདི་ཡང་བློ་དང་ལྡན་པའི་རྒྱུ་སྔོན་དུ་འགྲོ་བ་ཉིད་ཀྱིས་འབྲེལ་པ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན། གལ་ཏེ་འདི་ལ་

འབྲེལ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཀྱང་འབྲེལ་པ་དེ་ཉིད་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འོན་ཀྱང་རྟག་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གིས་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཉིད་ཙམ་བསྒྲུབ་པར་འདོད་པ་ནི་མ་ཡིན་ཏེ། འོན་ཀྱང་
དབང་ཕྱུག་ཅེས་བྱ་བ་རྟག་པ་གཅིག་པུ་ཐམས་ཅད་ཤེས་པའི་བློ་རྟག་པའི་རྟེན་སྲིད་པ་ཐམས་ཅད་ཀྱི་རྒྱུ་བློ་དང་ལྡན་པའི་དངོས་པོ་གང་ཡིན་པ་དེ་སྔོན་དུ་འགྲོ་བ་ཅན་འདི་བསྒྲུབ་པར་འདོད་པ་ཡིན་ཏེ། དེ་ཉིད་རྩོད་པའི་གཞིར་གྱུར་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་དེ་ཡང་གྲུབ་པ་མ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། བསྒྲུབ་བྱ་མ་ཚང་བས་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་ཇི་སྐད་དུ་བཤད་པའི་བསྒྲུབ་བྱའི་ཆོས་མ་ཚང་བའི་ཕྱིར། དེ་ལྟ་བུར་གྱུར་པའི་བསྒྲུབ་བྱའི་ཆོས་ཀྱི་གཏན་ཚིགས་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དཔེ་འགའ་
ཞིག་ལ་ཡང་ཇི་སྐད་དུ་བཤད་པའི་བསྒྲུབ་བྱའི་ཆོས་དང་གཏན་ཚིགས་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་བསྟན་པའི་ཕྱིར། འདི་ལྟར་སྐར་ཁུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་གཏན་ཚིགས་མ་གྲུབ་པ་དང་མ་ངེས་པ་འབའ་ཞིག་ཏུ་མ་ཟད་དེ། འོན་
ཀྱང་འགལ་བ་ཡང་ཡིན་ནོ་ཞེས་སྟོན་པ་ནི། དེ་ཉིད་ཀྱི་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་བསྒྲུབ་བྱ་ལས་བཟློག་པའི་ཆོས་ཀྱིས་ཁྱབ་པའི་ཕྱིར་རོ། །ཡང་གི་སྒྲས་ནི་སྔར་བཤད་པའི་ཚུལ་གྱིས་མ་གྲུབ་པ་དང་མ་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འགལ་བ་ཡང་ཡིན་ནོ་ཞེས་
བཤད་དོ། །འོན་ཏེ་བཟློག་པ་ལ་འབྲེལ་བ་ཡོད་ན་འགལ་བར་འགྱུར་ན། བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཙམ་ལ་ཡང་འབྲེལ་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་དེའི་ཁྱད་པར་འགྱུར་ཞེ་ན། བློ་དང་ལྡན་པ་ཙམ་རྒྱུ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་རྒྱུ་སྨྲ་བ་ཁྱོད་ཀྱིས་བློ་དང་
ལྡན་པའི་རྒྱུ་ཙམ་དང་འབྲེལ་པར་བརྗོད་ལ། གཞན་དུ་སྤྱི་དང་ཡང་འབྲེལ་པ་མ་གྲུབ་ན། ཇི་ལྟར་དངོས་པོ་རྣམས་དབང་ཕྱུག་གི་རྒྱུ་ཅན་དུ་འགྲུབ་པར་འགྱུར། དེ་ལྟ་བས་ན་ཁྱེད་ཅག་གིས་འདོད་པ་བློ་དང་ལྡན་པ་སྔོན་དུ་འགྲོ་བ་ཙམ་གྲུབ་པ་ཉིད་དུ་ཁས་བླངས་ནས། ཁྱེད་ཅག་གིས་འདོད་པའི་བསྒྲུབ་བྱའི་

ཁྱད་པར་ལས་གཉིས་པ་མི་རྟག་པ་དུ་མའི་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་མཚན་ཉིད་འདོད་པ་ལས་བཟློག་པའི་བསྒྲུབ་པར་བྱ་བ་གཉིས་པ་གང་ཡིན་པ་དེ་ལ་ཁོ་བོ་ཅག་གིས་བསྒྲུབ་བྱའི་ཁྱད་པར་དང་། གཏན་ཚིགས་ཀྱི་འབྲེལ་པ་གསལ་བར་བརྗོད་པ་ཡིན་ནོ། །
ཇི་ལྟར་འདི་གསལ་བར་བརྗོད་ཅེ་ན། རྟག་པ་རིམ་དང་རིམ་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་ལ་སོགས་པ་རྟག་པའི་དངོས་པོ་རྣམས་ནི་འབྲས་བུ་བྱེད་པ་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་མི་
རྟག་པ་ཁོ་ན་དོན་གྱི་བྱ་བ་བྱེད་དེ། དེ་དག་ཀྱང་སྐད་ཅིག་རེ་རེར་རང་བཞིན་གཞན་དང་གཞན་འབྱུང་བ་ཡིན་པས་མི་རྟག་པ་ཉིད་དང་། དུ་མ་ཉིད་ཀྱི་བློ་དང་ལྡན་པའི་བྱེད་པ་པོ་གྲུབ་པ་ཡིན་ནོ། །གང་ཡང་དབང་ཕྱུག་རྟག་པ་གཅིག་པུའི་བློ་དང་ལྡན་པ་ཉིད་དུ་དམ་བཅས་པ་དེ་ཡང་རྗེས་སུ་
དཔག་པ་དང་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡུལ་རྣམས་རིམ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་བྱ་རིམ་ཅན་ཞེས་བྱ་བ་ལ་སོགས་པས་ཚད་མ་སྟོན་ཏེ། གང་རིམ་པ་ཅན་གྱི་ཤེས་བྱའི་ཡུལ་ཅན་གྱི་ཤེས་པ་དེ་ནི་རིམ་གྱིས་འབྱུང་བ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལ་
སོགས་པའི་མེ་ལྕེ་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་བཞིན་ནོ། །དབང་ཕྱུག་གི་ཤེས་པ་ཡང་ཤེས་བྱ་རིམ་ཅན་གྱི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ནི་ཐལ་བ་བསྒྲུབ་པ་ཡིན་ཏེ། དེས་ན་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དུ་དོགས་
པར་མི་བྱའོ། །སྤྱི་ལ་སོགས་པའི་ཚིག་གི་དོན་གྱི་ཡུལ་ཅན་གྱི་ལྷ་སྦྱིན་ལ་སོགས་པའི་ཤེས་པ་ནི་སྒྲུབ་པར་བྱེད་པའི་ཆོས་དང་བྲལ་བ་ཡིན་པའི་ཕྱིར། མེ