Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 191
Văn bản gốc(Tây Tạng)
Trang 14 / 25 (50.000 ký tự/trang)
་གནས་སྐབས་འབྱུང་བའི་གནས་སྐབས་གཉི་ག་ལ་ཡང་སྦྲུལ་ཉིད་རྗེས་སུ་འཇུག་པ་དེ་བཞིན་དུ་བདག་ཀྱང་སེམས་པ་ཅན་གྱི་རང་བཞིན་རྟག་པ་གཅིག་པུ་ཡིན་ན་ཡང་རང་བཞིན་མ་ལུས་པ་དང་བྲལ་བ་མ་ཡིན་ན། རིགས་པ་ཅན་ལ་སོགས་པས་ཀུན་དུ་བརྟགས་པའི་བདག་བཞིན་དུ་རང་ བཞིན་མ་ལུས་པ་རྗེས་སུ་འཇུག་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བདེ་བ་ལ་སོགས་པའི་གནས་སྐབས་ལྡོག་པ་དང་འཇུག་པ་ཡང་ཡིན་ལ། སེམས་པ་ཅན་གྱི་ངོ་བོ་ནི་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་འདི་མི་འགལ་ལོ་ཞེས་གྲག་སྟེ་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ཡང་བརྗོད་ པར་བྱ་སྟེ། སེམས་པ་ཅན་རྟག་པའི་རང་བཞིན་ཞེས་བྱ་བ་ནི་སེམས་པ་ཅན་གྱི་རང་བཞིན་རྟག་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཀུན་གྱི་ཞེས་བྱ་བ་ལ་ངོ་བོ་ཞེས་བྱ་བ་ལྷག་མའོ། །རྗེས་སུ་འཇུག་པ་ཞེས་བྱ་བ་ལ་མ་ཡིན་ཞེས་སྐབས་དང་སྦྱར་རོ། །དེ་དག་ཅེས་བྱ་བ་ནི་བདེ་བ་དང་སྡུག་ བསྔལ་ལ་སོགས་པའི་གནས་སྐབས་སོ། །ཅི་སྟེ་ཡང་ཅིའི་ཕྱིར་ཇི་ལྟར་སངས་རྒྱས་པ་རྗེས་སུ་འགྲོ་བ་མེད་པའི་འཇིག་པ་སྨྲ་བ་དག་གིས་འདོད་པ་བཞིན་དུ་གཅིག་ཏུ་ངེས་པར་གཅིག་ཏུ་ལྡོག་པའི་ཕྱོགས་སམ། ཇི་ལྟར་རིགས་པ་ཅན་ལ་སོགས་པ་རྣམས་ཀྱིས་རྟེན་པ་བཞིན་དུ་གཅིག་ཏུ་ངེས་པར་མཐའ་ གཅིག་ཏུ་རྗེས་སུ་འགྲོ་བ་ལ་མི་རྟེན་ཅེ་ན། གཏན་དུ་འཇིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་པ་རྗེས་སུ་འགྲོ་བ་མེད་པ་ཡིན་ན་དེའི་ཚེ་ལས་བྱས་པ་ཆུད་ཟོས་པར་འགྱུར་ཏེ། བྱེད་པ་པོ་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར་རོ། །མ་བྱས་པ་དང་ཕྲད་པར་ཡང་འགྱུར་ཏེ། བྱེད་པ་པོ་མ་ ཡིན་པ་འབྲས་བུ་དང་འབྲེལ་པའི་ཕྱིར་རོ། །བདག་ངོ་བོ་གཅིག་ཉིད་ཡིན་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ལོངས་སྤྱོད་པར་མི་འགྱུར་ཏེ། ནམ་མཁའ་བཞིན་དུ་ཟ་བ་པོ་མ་ཡིན་པའི་གནས་སྐབས་ལས་ཟ་བ་པོའི་གནས་སྐབས་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཞོན་ནུ་མ་ལེན་ གྱིས། དེ་ཕྱིར་གཉི་ག་དོར་ནས་ནི། །ལྡོག་དང་རྗེས་འཇུག་བདག་ཉིད་ཅན། །སྐྱེས་བུ་ཞིག་ནི་ཁས་བླང་བྱ། །འཁྱིལ་པ་སོགས་ལ་སྦྲུལ་བཞིན་ནོ། །ཞེས་བཤད་དོ། །འོན་ཏེ་གཉི་གའི་ངོ་བོའི་སྐྱེས་བུའི་གནས་སྐབས་བྱེད་པ་པོ་གང་ཡིན་པ་དེ་ཟ་བ་པོ་མ་ཡིན་པའི་ཕྱིར་བྱས་པ་ཆུད་ཟོས་པ་དང་མ་བྱས་ པ་དང་ཕྲད་པ་དེ་དག་འདི་ལའང་འོང་བ་མ་ཡིན་ནམ་ཞེ་ན། སྐྱེས་བུའི་བྱེད་པོ་ཟ་པོ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་བྱེད་པ་པོ་དང་ཟ་བ་པོ་དག་གནས་སྐབས་ལ་རྟེན་པ་མ་ཡིན་གྱི། འོན་ཀྱང་སྐྱེས་བུ་ཉིད་ལའོ། །འདི་ལྟར་སྐྱེས་བུ་ཉིད་བྱེད་པ་དང་ལོངས་སྤྱོད་པ་ཡིན་གྱི། གནས་ སྐབས་ནི་མ་ཡིན་ནོ། །དེའི་ཕྱིར་ཏེ། དེ་ལྟ་བས་ན་གནས་སྐབས་ཅན་སྐྱེས་བུ་ནི། དེ་ཉིད་ཕྱིར་ཏེ། སྔར་གྱི་ངོ་བོ་ཡོངས་སུ་མ་བཏང་བའི་ཕྱིར། བྱེད་པོ་ཉིད་ཀྱིས་དེའི་འབྲས་བུ་སྟེ། ལས་དེའི་འབྲས་བུ་ཐོབ་པ་དེའི་ཕྱིར་སྐྱོན་མེད་དོ། །ཡང་འདི་ལ་བདག་འདི་ཡོད་པ་ཉིད་ དུ་སྒྲུབ་པར་བྱེད་པའི་ཚད་མ་ཅི་ཡོད་ཅེ་ན། ངོ་ཤེས་པ་ཡི་ངོ་བོའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་ཁོ་ནས་ཤེས་པར་འགྱུར་རོ། །ང་ཁོ་ནས་རིག་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་བྱེད་པ་པོ་གཅིག་ཉིད་ཀྱིས་ཡུལ་ཅན་ངོ་ཤེས་པའི་ངོ་བོའི་ཕྱིར་ཏེ། ཡོད་པའི་ཕྱིར་ཏེ་བདག་གྲུབ་པོ། །འདི་ ཉིད་ཀྱིས་ཏེ། ངོ་ཤེས་པས་སངས་རྒྱས་པ་ལ་སོགས་པས་ཀུན་བརྟགས་པའི་བདག་མེད་པར་སྨྲ་བ་ལ་གནོད་པ་ཡང་གྲུབ་པོ། །ཇི་སྐད་དུ། དེས་ན་ངོ་ཤེས་པ་ཚད་མར་བསྒྲུབས་པ་དེས་ན་འཇིག་རྟེན་ཐམས་ཅད་ཀྱིས་ངེས་པར་བཟུང་བའི་ངོ་ཤེས་པ་འདིས་བདག་མེད་པར་སྨྲ་བ་ལ་གནོད་པར་འགྱུར་རོ་ ཞེས་བཤད་དོ། །ཡང་ཇི་ལྟར་ངོ་ཤེས་པའི་ཤེས་པས་འདི་གཉིས་ཀ་གྲུབ་པར་འགྱུར་ཞེ་ན། ངས་རིག་ཅེས་བྱའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངས་རིག་གོ་ཞེས་བྱ་བ་འདི་ངའི་ཤེས་པས་ཤེས་པ་པོ་འདི་རྟོགས་པར་འགྱུར་རོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་པ་ཉིད་ཡིན་ཏེ། ངས་རིག་གོ་ཞེས་བྱ་བ་ བྱེད་པ་པོའི་རྐྱེན་གཞི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་པོ་དེ་ཡང་ཡིན་ན་བདག་ཏུ་གྱུར་པ་ཞིག་གམ། ཁྱེད་ཅག་གིས་ཀུན་བརྟགས་པའི་གཅིག་ཏུ་འཇིག་པའི་ངང་ཅན་སྐད་ཅིག་མའི་ཤེས་པ་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་སོ། །དེ་ལ་གལ་ཏེ་བདག་ཅེས་བྱ་བའི་ཕྱོགས་ཡིན་ ན་དེའི་ཚེ་ཐམས་ཅད་འཚམས་ཏེ་ཐམས་ཅད་མཛེས་སོ་ཞེས་བྱ་བའི་དོན་ཏེ་མངོན་པར་འདོད་པ་གྲུབ་པའི་ཕྱིར་རོ། །འོན་ཏེ་ཤེས་པའི་ཕྱོགས་ཡིན་ན་དེའི་ཚེ་ཐམས་ཅད་ཤིན་ཏུ་འབྲེལ་པར་དཀའ་སྟེ། འདི་ལྟར་ངས་ཤེས་པར་གྱུར་ཏོ། །ངས་ད་ལྟར་རིག་གོ་ཞེས་ངོ་ཤེས་པའི་བྱེད་པ་པོ་གཅིག་ ལ་བརྟེན་ནས་ངའི་བློ་གང་ཡིན་པ་འདི་འབྱུང་སྟེ། དེའི་ཡུལ་ཤེས་པའི་སྐད་ཅིག་ཡིན་པར་རྟོག་པ་ན། རེས་འགའ་འདས་པའམ། ཡང་ན་ད་ལྟར་ཏེ་ད་ལྟར་བྱུང་བའམ། གཉི་གའམ་ཏེ། འདས་པ་དང་། ད་ལྟར་དག་གམ། ཡང་ན་རྒྱུན་ཡིན་ཞེས་བྱ་བ་ཕྱོགས་བཞིའོ། །དེ་ལ་དང་པོ་སྟེ་འདས་ པའི་ཤེས་པའི་ཡུལ་ཉིད་དུ་རྟོག་པར་བྱེད་ན་ཤེས་པར་གྱུར་ཏོ་ཞེས་བྱ་བ་དེ་ལྟར་རྣམ་པའི་ངེས་པ་འདི་རིགས་ཏེ། དེས་སྔར་ཤེས་པའི་ཕྱིར་རོ། །ད་ལྟར་ཤེས་སོ་ཞེས་བྱ་བ་འདི་མི་རིགས་ཏེ། འདས་པའི་ཤེས་པའི་སྐད་ཅིག་འདི་ནི་ད་ལྟར་ཏེ། ད་ལྟར་བྱུང་བའི་དུས་ན་རིག་པ་མ་ཡིན་ཏེ། དེ་ནི་སྔར་ འགགས་ཟིན་པའི་ཕྱིར་རོ། །ཅི་སྟེ་ད་ལྟར་ཡུལ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་དེའི་ཚེ། ངས་རིག་གོ་ཞེས་བྱ་བ་འདི་རིགས་ཏེ། ད་ལྟར་དེ་རིག་པར་བྱེད་པའི་ཕྱིར་རོ། །ཤེས་པར་འགྱུར་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་འཛིན་པར་ནི་མི་རིགས་སོ། །གང་ཕྱིར་འདི་ནི་སྔར་ཡོད་མིན། ། འདི་ནི་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་བློ་འདི་སྒོ་གཉིས་ནས་འཇུག་པའི་ཕྱིར་འདས་པ་དང་། ད་ལྟར་བའི་ཤེས་པ་འདིས་མ་བཟུང་ངོ་ཞེས་བྱ་བར་རིགས་སོ། །ད་ལྟར་དང་འདས་པ་གཉིས་ཀའི་ཤེས་པའི་སྐད་ཅིག་ཤེས་པར་གྱུར་པ་མ་ཡིན་ལ། ད་ལྟར་ཤེས་པ་ཡང་མ་ཡིན་ ནོ། །འོ་ན་ཅི་ཞེ་ན། ཤེས་པར་གྱུར་པ་གཅིག་ཡིན་ལ། གཞན་ནི་ཤེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུན་ཡང་ངའི་བློ་དེ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་ཏེ། གཉིས་པ་སྟེ་འདས་པ་དང་ད་ལྟར་གྱི་ཤེས་པའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འདི་ལྟར་རྒྱུན་འདི་སྔར་ཤེས་པར་གྱུར་པ་མ་ཡིན་ ཞིང་། ད་ལྟར་ཤེས་པ་ཡང་མ་ཡིན་ཏེ། དེ་ནི་བརྟགས་པ་ཉིད་ཀྱིས་དངོས་པོ་མ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པའི་ཤེས་པ་པོ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཇི་སྐད་དུ་བཤད་པའི་ཤེས་པ་མ་གཏོགས་པར་ཡུལ་གང་ལ་ང་རྒྱལ་འདི་འཇུག་པ་གང་ ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་འདི་དག་ཤེས་པའི་ངོ་བོར་ཇི་ལྟར་འགྲུབ་ཅེ་ན། འདས་པའི་ང་རྒྱལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ངའི་ཤེས་པར་རྟོགས་པར་བྱ་བ་དེ་ནི་ད་དུང་ཡང་འཇུག་པ་ཡིན་ཏེ། དཔེར་ན་ད་ལྟར་བའི་རྟོགས་པ་བཞིན་ནོ། །འདས་པའི་ང་ རྒྱལ་གྱི་ཡུལ་རྟོགས་པ་ཡང་ངའི་ཤེས་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྣམ་པ་གཅིག་ཏུ་ན་གང་ཞིག་ཤེས་པ་པོ་ཡིན་པའམ། ངའི་ཤེས་པས་གཟུང་བར་བྱ་བ་དེ་ནི་འདས་པའི་ང་རྒྱལ་གྱིས་གཟུང་བར་བྱ་བ་ཡིན་ཏེ། ཁར་ཚང་གི་ཤེས་པ་པོ་བཞིན་ནོ། །ད་ལྟར་ བའི་བློ་འདི་ཡང་ཤེས་པ་པོ་དང་ངའི་ཤེས་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ཞེས་བྱ་བ་ནི་ད་ལྟར་བའི་རྟོགས་པའོ། །དེ་ཉིད་ལས་སམ་ཞེས་བྱ་བ་ནི་ངའི་ཤེས་པས་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ཤེས་པ་པོ་ཆོས་ཅན་དུ་བྱས་ ནས་སྦྱོར་བ་གཉིས་བསྟན་ཏེ། །ད་ནི་ངའི་ཤེས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་བྱས་ནས་སྦྱོར་བ་གཞན་བསྟན་པའི་ཕྱིར། ཤེས་པ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་འདས་པ་དང་། ད་ལྟར་གྱི་ངའི་ཤེས་པ་བསྒྲུབ་བྱ་སྟེ། བསྒྲུབ་བྱའི་ཆོས་ཅན་ཉིད་ཅེས་བྱ་བའི་དོན་ཏོ། ། ཇི་ལྟར་ཞེ་ན། རྒྱུད་གཅིག་དང་འབྲེལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁར་ཚང་དང་ནི་དེ་རིང་ཡོད་པ་ཀུན་གྱི་ངའི་ཤེས་པ་ཞེས་བྱ་བ་འདི་ནི་བསྒྲུབ་བྱའི་ཆོས་ཅན་སྟོན་པའོ། །དོན་མཚུངས་ཅན་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་ཏེ། ཡུལ་གཅིག་པ་ཅན་ཞེས་བྱ་བའི་དོན་ཏོ། །ལྷ་སྦྱིན་ལ་སོགས་པའི་ རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོའི་དོན་བདུན་པ་དེར་རམ། དེའི་ངའི་ཤེས་པ་གང་ཡིན་པ་དེ་དག་ནི་རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོའི་ངའི་ཤེས་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། འདི་ཡང་གཏན་ཚིགས་སྟོན་པའོ། །ངའི་ཤེས་པ་ཉིད་ཙམ་ནི་སྐྱེས་བུ་གཞན་གྱི་ང་རྒྱལ་ལ་འཇུག་པས་ དེའི་ཕྱིར་མ་ངེས་པ་སྤང་བའི་དོན་དུ་རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོའི་ཡུལ་ཉིད་གཏན་ཚིགས་ཀྱིས་ཁྱད་པར་དུ་བྱས་སོ། །བློ་གཅིག་བཞིན་ཞེས་བྱ་བ་ནི་དཔེ་སྟེ། ངའི་ཤེས་པ་དེ་དག་ཉིད་ཀྱི་ནང་ནས་བློ་གཅིག་ཏུ་བརྗོད་པར་འདོད་པ་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་ པས་ཕྱོགས་ཕྱི་མ་རྩོམ་པར་བྱེད་དོ། །གལ་ཏེ་རྟག་པ་དང་གཅིག་པུའི་ངོ་བོ་སེམས་པ་ཅན་ཁས་ལེན་པར་བྱེད་ན། དེའི་ཚེ་བློ་ཡང་སེམས་པ་ཅན་གྱི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རྟག་པ་དང་གཅིག་པུའི་ངོ་བོར་འགྱུར་རོ། །དེ་ལྟར་ཡང་མི་འདོད་དེ། དེའི་ཕྱིར་དམ་བཅའ་བ་ཁས་བླངས་པ་དང་འགལ་བ་ཡིན་ ནོ། །འདི་ལྟར་བཤད་སྦྱར་བྱེད་པས། དེ་ནི་སྐད་ཅིག་མ་ཡིན་ཏེ། བློ་གཞན་གྱི་དུས་ན་མི་གནས་སོ་ཞེས་བཤད་དོ། །དེ་བཞིན་རྒྱལ་དཔོག་པས་ཀྱང་ཡོད་པ་དང་འབྲེལ་པ་ན་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་དེ་ནི་མངོན་སུམ་མོ་ཞེས་བཤད་དེ། རྟག་པ་ཉིད་ཡིན་ན་སྐྱེ་བར་མི་རུང་བའི་ཕྱིར་རོ། །གཞོན་ནུ་ མ་ལེན་གྱི་ཡང་རང་གི་ཚིག་དང་འགལ་བ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ཀྱིས། གང་གིས་ཕྱི་ནས་དོན་འཛིན་པར། །དབང་པོ་བཞིན་དུ་བྱ་བྱེད་པ། །དེ་ནི་སྐད་ཅིག་ཀྱང་འདོད་ལ། །ཚད་མ་མེད་པར་སྐྱེ་བ་མིན། །ཞེས་བཤད་དོ། །བློ་གཅིག་ཡིན་པའི་ཕྱིར་ཚད་མ་དྲུག་ཁས་བླངས་པ་དང་ཡང་ འགལ་ལོ། །དེ་བཞིན་དུ་མངོན་སུམ་དང་འགལ་བ་ཡང་ཡིན་ཏེ། བར་མེད་པར་སྒྲོ་འདོགས་པ་རྣམ་པ་དུ་མ་སེམས་པ་ན་སྐྱེ་བ་དང་འཇིག་པ་དང་འབྲེལ་པའི་བློ་རྣམས་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བའི་ཕྱིར་རོ། །གཞོན་ནུ་མ་ལེན་གྱིས་འགལ་བའི་ཕུང་པོ་འདི་ཐམས་ཅད་མཐོང་ནས། བློ་དག་ཀྱང་ནི་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། བློ་རྣམས་དང་སྐྱེས་བུ་ནི་རྟག་པ་ཉིད་དང་། གཅིག་པ་ཉིད་དུ་འདོད་དེ། ཅིའི་ཕྱིར་ཞེ་ན། སེམས་པ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་ནི་བློའི་མཚན་ཉིད་ཀྱི་སེམས་པ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར། ཁོ་བོ་ཅག་སྟེ། ངེད་ཀྱི་ལུགས་ཀྱིས་ཞེས་བྱ་བའི་དོན་ཏོ། ། འོ་ན་ཇི་ལྟར་གཟུགས་ཀྱི་བློ་རོའི་བློ་ཞེས་བྱ་བ་ལ་སོགས་པ་ཐ་དད་དུ་རྟོགས་པར་འགྱུར་ཞེ་ན། ཡུལ་རྟེན་ཐ་དད་ཡིན་ཞེ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ནའི་སྒྲ་ནི་གཞན་གྱི་ལུགས་ཁས་ལེན་པ་སྟེ། གལ་ཏེ་དེ་ལྟར་རྟོག་ན་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་གལ་ཏེ་བློ་རྟག་པ་དང་གཅིག་པུ་ ཡིན་ན་དེའི་ཚེ་ཅིའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་རིམ་གྱིས་རྟོགས་པར་འགྱུར། གང་གི་ཕྱིར་ཅིག་ཅར་ཁོ་ནར་རྟོགས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་སྙམ་དུ་སེམས་ན། དཔེར་ན་རང་གི་ངོ་བོས་མེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་རྟག་ཏུ་སྲེག་པའི་བདག་ཉིད་ཡིན་པར་གྲག་ ན་ཡང་ཐམས་ཅད་ཐམས་ཅད་ཀྱི་ཚེ་སྲེག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཉེ་བ་སྟེ་བསྙེན་པ་ཁོ་ན་སྲེག་གོ །དེ་ལ་ཡང་བསྲེག་པར་བྱ་བ་གང་ཁོ་ན་སྲེག་པར་ནུས་པ་དེ་ཁོ་ནས་སྲེག་གི །སྤྲིན་ལ་སོགས་པས་ནི་མ་ཡིན་པའི་ཕྱིར་བསྲེག་བྱ་ཞེས་སྨོས་སོ། །དཔེར་ན་མེ་ལོང་ཞེས་བྱ་བ་ལ་སོགས་པས་ དཔེ་གཞན་བཤད་པ་ཡིན་ཏེ། དྲི་མ་ཅན་ལ་གཟུགས་བརྙན་སྣང་བ་མེད་པའི་ཕྱིར་དང་བ་ཞེས་བྱ་བ་སྨོས་སོ། །ཉེར་གཞག་པ་ཞེས་བྱ་བ་ནི་དྲུང་དུ་བཞག་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ནི་དོན་ལ་ཉེ་བར་བསྟན་པ་ཡིན་ནོ། །སྐྱེས་བུ་ཁྱབ་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་མ་མཐོང་བའི་ དབང་གིས་ལུས་འདི་ཉིད་ལ་འཇུག་པ་ན་མིག་ལ་སོགས་པའི་དབང་པོས་བྱས་པའི་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །སེམས་པ་ཅན་གང་ཡིན་པ་དེ་ཉིད་ཁོ་བོ་ཅག་གི་བློ་སྟེ། བློ་གྲོས་ཡིན་གྱི་གྲངས་ཅན་གྱི་བཞིན་དུ་སེམས་པ་ཅན་ལས་ ཐ་དད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་འདིའི་བློ་འཇིག་པ་ཞེས་བྱ་བར་འགྲུབ་པར་འགྱུར་ཞེས་བྱ་བ་འདི་དོགས་པར་བྱས་ནས་བཤད་པ། དེའི་ཕྱིར་དབང་པོའི་ཞེས་བྱ་བ་ལ་སོགས་པས་རྒྱུ་སྟོན་པ་ཉིད་ཉེ་བར་བསྟན་པ་ན་བློ་འཇིག་པ་ཉིད་སྒྲུབ་པར་བྱེད་དོ། །དབང་པོ་སྟེ་གཟུགས་ལ་སོགས་པའི་ཡུལ་ ཐོབ་པར་བྱེད་པ་མིག་ལ་སོགས་པའོ། །དེ་དག་གི་རྩོམ་པ་ནི་བྱ་བ་སྟེ། དེ་འཇིག་ཕྱིར་ཏེ། རྣམ་པར་འཇིག་པའི་ཕྱིར། བློ་འཇིག་པར་མངོན་གྱི། འདི་རང་ལས་འཇིག་པ་ནི་མ་ཡིན་ནོ། །གལ་ཏེ་རང་ལས་འཇིག་པ་མ་ཡིན་ན། དེའི་ཚེ་འོ་ན་དོན་ཐམས་ཅད་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཀླན་ཀའི་གནས་ སྐབས་དེ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར། དཔེར་ན་རྟག་ཏུ་སྲེག་བྱེད་མེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་བློ་ནི་རྟག་ཏུ་དོན་ཐམས་ཅད་དམིགས་པ་མ་ཡིན་ཏེ། དུས་ཐམས་ཅད་དུ་མི་ཉེ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་འདིའི་བློ་རྟག་པ་ཉིད་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ལ་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའོ། །རྟོགས་པའི་བདག་ཉིད་ཡིན་པས་བློ་བློ་ཞེས་བྱ་བར་ངོ་ཤེས་པར་བྱ་བ་ཡིན་པའི་ཕྱིར་སྒྲ་བཞིན་དུ་བློ་རྟག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་ནི་གླང་པོ་ཆེའི་བློའོ། །ཤིང་རྟའི་བློའོ་ཞེས་བྱ་བ་བློ་རྣམས་མཚན་ཉིད་མི་མཐུན་པའོ། །འདི་ཅི་སྟེ་འཇིག་རྟེན་ ན་རྟོགས་པ་གཞན་དུ་འགྱུར་ཞེ་ན། བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དབྱེ་བས་ཞེས་བྱ་བ་ནི་གླང་པོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །འདི་ཉིད་དོན་ཐ་དད་པའི་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །དོན་ཐ་དད་པའི་རྗེས་འབྲང་བས། །ཞེས་བྱ་བ་ནི་རྟོགས་པ་པོ་རྣམས་ཀྱིས་སོ། །འདིས་ ནི་བློའི་བློ་ཐ་དད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དོན་ཐ་དད་པ་ཉིད་ཀྱིས་བྱས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། ངོ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གླང་པོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གལ་ཏེ་བློ་ཐ་དད་པས་བྱས་པ་ཁོ་ན་ཡིན་ན་དེའི་ཚེ་གང་དག་གླང་པོ་ལ་ སོགས་པས་སྟོང་པའི་སར་རིམ་གྱིས་རྟ་དང་གླང་པོ་ལ་སོགས་པ་མི་གནས་པའི་སྒྲོ་འདོགས་པར་བྱེད་པའི་ཤེས་པ་རྣམས་འཇུག་པ་དེ་དག་ལ་ཐ་དད་པར་རྟོགས་པ་ཅི་ལ་རྟེན་པར་འགྱུར། ཐ་དད་པ་རྣམ་པར་གཞག་པའི་རྟེན་འགའ་ཡང་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རང་ལས་ཐ་ དད་པ་ཡོད་པ་མ་ཡིན་ཏེ། བློ་ཐམས་ཅད་གཅིག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པར་འགྱུར་བའི་ཡུལ་སྣ་ཚོགས་པའི་ཕྱིར་ཡང་མ་ཡིན་ཏེ། དེར་ཁྱད་པར་དུ་བྱེད་པའི་དོན་འགའ་ཡང་མེད་པའི་ཕྱིར་རོ། །འདི་སྙམ་དུ་དོན་གྱིས་སྟོང་པ་ཉིད་མ་གྲུབ་སྟེ། དེ་སྐད་དུ་ཡང་གཞོན་ནུ་མ་ ལེན་གྱིས། རྨི་ལམ་ལ་སོགས་ཤེས་པ་ལ། །ཕྱི་རོལ་རྣམ་ཀུན་མེད་མི་འདོད། །ཡུལ་དུས་གཞན་གྱི་བདག་ཉིད་ཅན། །ཕྱི་རོལ་ཀུན་ལ་དམིགས་པ་ཡིན། །ཞེས་བཤད་དོ་ཞེས་བྱ་བ་དེའི་དོགས་པ་བསུ་བ་ནི། གལ་ཏེ་ཡུལ་སོགས་གཞན་ཡོད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་ཡིན་ཞེས་བྱ་བ་ནི་བློ་རྣམ་པར་གཞག་པ་ལ་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་དུས་རྣམ་པ་གཞན་གྱི་བདག་ཉིད་དེ། རྣམ་པ་གཞན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཡུལ་དང་དུས་དག་གིས་སམ་གཞན་གྱི་བདག་ཉིད་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། ། འོན་ཏེ་དེ་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ནོ། །ཡུལ་གང་ལ་རིམ་པ་གང་གིས་སྒྲོ་འདོགས་པའི་གསལ་བ་དེ་དག་སྣང་བ་དེའི་ཚེ། ཡུལ་དེ་དང་ཡུལ་གཞན་དང་དུས་གཞན་གནས་པ་རྣམས་འབྲེལ་པ་མེད་པ་ཉིད་མ་ཡིན་ཞིང་། དེ་བཞིན་དུ་རིམ་པ་དེས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ ན། རང་གི་འདོད་པས་སྒྲོ་བཏགས་པའི་ངོ་བོ་དེས་སྣང་གི། །གཞན་ངོ་བོ་གཞན་གྱིས་སྣང་བར་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་སོ་སོར་ངེས་པའི་དོན་གྱི་རྣམ་པར་གཞག་པ་ཆད་པ་ཁོ་ ནར་འགྱུར་རོ། །གཞན་ཡང་ཁྱེད་ཅག་སྤྱོད་པའི་ལུགས་ཀྱིས་སྣང་བཞིན་པའི་རྣམ་པ་དེ་ནི་བློ་མ་ཡིན་གྱི། འོན་ཀྱང་འདི་ཕྱི་རོལ་གྱི་དོན་གྱི་རང་བཞིན་དུ་བརྗོད་དེ། རྣམ་པ་དང་ལྡན་པ་ནི་ཕྱི་རོལ་གྱི་དོན་ཡིན་ལ། བློ་ནི་རྣམ་པ་མེད་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་ན་དེ་ལས་ ཅིར་འགྱུར་ཞེ་ན། བརྗོད་པར་འདོད་པའི་ཡུལ་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད་པའི་ཡུལ་ནི་གང་དུ་སྒྲོ་བཏགས་པ་བྱས་པ་སྟེ། དེ་ལྟ་བས་ན་ཡུལ་དང་དུས་གང་དང་འབྲེལ་པ་གླང་པོ་ལ་སོགས་པ་དེ་དག་ཡུལ་དེ་དང་འབྲེལ་པ་ཉིད་དུ་སྣང་བ་ཡིན་ན། རང་དང་ བྲལ་བའི་ཡུལ་དང་དུས་གཞན་དུ་ཅིའི་ཕྱིར་སྣང་། དེ་ལྟ་བས་ན་ཤེས་པ་དེ་དག་ནི་དོན་དམ་པར་མ་འདྲེས་པའི་རང་བཞིན་དང་གཡོ་བའི་བདག་ཉིད་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་གྲུབ་པོ། །དེའི་རང་བཞིན་གྱི་སྐྱེས་བུ་ཡང་དུ་མ་ཉིད་དང་། མི་རྟག་པ་ཉིད་དུ་གྲུབ་པོ། །འདི་སྙམ་དུ་ཤེས་ པ་ནི་སྐྱེས་བུ་དེའི་ཆོས་ཡིན་ལ། དེས་ན་དེ་ཐ་དད་ན་ཡང་སྐྱེས་བུ་ཐ་དད་པ་མ་ཡིན་ཏེ། དེ་ནི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། དེ་ནི་མི་རིགས་ཏེ། རྟོགས་པ་དང་། སེམས་པ་ཅན་དང་། བློ་དང་། ཤེས་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་པའི་ཕྱིར་རོ། །མིང་ཐ་དད་པ་ཙམ་ཉིད་ཀྱིས་ དངོས་པོ་རྣམས་རང་བཞིན་ཐ་དད་པ་ནི་མ་ཡིན་ནོ། །གཞན་ཡང་མིང་ཐ་མི་དད་ན་ཡང་ཤེས་པ་དེ་དག་གི་སེམས་པ་ཅན་གྱི་བདག་ཉིད་གཅིག་རྗེས་སུ་འགྲོ་བའི་ངོ་བོར་འདོད་པ་ཁོ་ནའོ། །སེམས་པ་ཅན་དེ་ཐ་མི་དད་པ་ན་དེའི་རང་བཞིན་གྱི་ཤེས་པ་རྣམས་ཀྱང་ཆ་མེད་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་འགལ་བའི་ ཆོས་དང་ལྡན་པའི་ཕྱིར་གཅིག་ཏུ་ཐ་དད་པ་ཁོ་ནར་འགྱུར་རོ། །ཤེས་པ་དམིགས་པ་མེད་པར་བསྟན་པ་འདི་ཉིད་ཀྱིས་བློ་མངོན་སུམ་མ་ཡིན་པ་ཡང་སུན་བྱུང་བ་ཡིན་ཏེ། འདི་ལྟར་ཡོངས་སུ་གསལ་བའི་རྣམ་པ་དེ་ནི་ཕྱི་རོལ་མ་ཡིན་པར་བསྒྲུབས་པ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལྟར་ཡོངས་སུ་གསལ་བའི་རྣམ་པ་ དེའི་བདག་ཉིད་དུ་གྱུར་པ་ཉིད་དུ་རྟོགས་པ་ན་རང་ཉིད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བློ་རྣམས་རང་རིག་པའི་ངོ་བོར་གྱུར་པ་ཡིན་ནོ། །གང་ཡང་། དཔེར་ན་རང་གི་ངོ་བོས་མེ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ། དེ་སུན་དབྱུང་བའི་ཕྱིར། འདི་ཉིད་དུ་ཉེ་བར་བསག་པ་བསྟན་པ་ནི། གལ་ཏེ་བློ་ནི་རྟག་གནས་ དང་། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བློའི་གནས་སྐབས་དོན་ཐམས་ཅད་རྟོགས་པའི་ངོ་བོ་དང་རྟག་ཏུ་བ་ཡིན་ན། དེའི་ཚེ་དོན་ཐམས་ཅད་ཐམས་ཅད་དུ་རིག་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། བློ་ནི་སྒྲ་ཡི་ཡུལ་ཅན་གང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྒྲའི་ཡུལ་ཅན་སྒྲའི་རྣམ་ པ་ཅན་གང་ཡིན་པ་དེ་ཉིད་རོ་དང་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དོན་གཅིག་ཉམས་སུ་མྱོང་བའི་དུས་ན་དོན་ཐམས་ཅད་ཉམས་སུ་མྱོང་བར་ཐལ་བར་འགྱུར་ཏེ། དེ་ལ་དམིགས་པའི་བདག་ཉིད་ཀྱི་བློ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །གང་ཡང་། བློ་གཅིག་གིས་ནི་དུ་མ་ཡི། །རྣམ་ཤེས་དེ་ནི་ཅིག་ཅར་ཉིད། །ཁྱད་པར་མེད་ཕྱིར་རིམ་གྱིས་ཀྱང་། །མི་འགྱུར་དེ་ཁྱད་མེད་ཕྱིར་རོ། །ཞེས་བཤད་དོ། །མིན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་སྒྲའི་ཡུལ་ཅན་གྱི་བློ་དེ་ཉིད་ཀྱི་རོ་ལ་སོགས་པའི་སྤྱོད་ཡུལ་ཅན་དུ་ཁས་ལེན་པར་མི་བྱེད་ན། དེ་ལྟ་ན་བློ་རྣམས་ཀྱི་ཐ་དད་ པ་ཁྱོད་ཀྱི་རང་གི་ཚིག་ཉིད་ཀྱིས་བསྟན་པར་འགྱུར་རོ། །མེ་དཔེར་བྱས་པ་ཉིད་གང་ཡིན་པ་དེ་ཡང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། མེ་ཡང་བསྲེག་བྱ་མ་ལུས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྲེག་པར་བྱ་བ་ཐམས་ཅད་སྲེག་པའི་རང་བཞིན་གྱིས་སྲེག་པར་བྱེད་པ་རྟག་ཏུ་གནས་པ་ནི་མ་ཡིན་ ནོ། །དེ་ལྟ་མ་ཡིན་ན་བསྲེག་བྱ་མཐའ་དག་ཐལ་བར་བྱས་པར་འགྱུར་ཏེ། སྲེག་པར་བྱེད་པ་འབར་བ་དང་འབྲེལ་པའི་བསྲེག་པར་བྱ་བ་བཞིན་དུ་རང་སྲེག་པར་བྱེད་པ་ཉིད་དུ་རྟག་ཏུ་ཉེ་བའི་ཕྱིར་རོ། །ཡང་གི་སྒྲས་ནི་བློ་དོན་ཐམས་ཅད་རྟོག་པའི་རང་བཞིན་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཅེས་སྟོན་པར་བྱེད་དོ། ། གལ་ཏེ་དེ་ལྟ་ན་མེ་རྟག་ཏུ་སྲེག་པར་བྱེད་པའི་བདག་ཉིད་དུ་མི་འགྱུར་ན། འོ་ན་ཇི་ལྟར་དོན་ཉེ་བ་ཡང་སྲེག་པར་བྱེད་ཅེ་ན། བསྲེག་པར་བྱ་དོན་ཉེ་ཉིད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་དོན་ཁས་བླངས་པ་ན། དོན་ཐམས་ཅད་ཅིག་ཅར་སྲེག་པར་ཐལ་ བར་མི་འགྱུར་ཏེ། ཐལ་བར་འགྱུར་བ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གང་ཡང་དཔེར་ན་མེ་ལོང་དང་བའམ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། མེ་ལོང་ལ་སོགས་པ་དེ་ཡང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་ན་མི་རིགས་སོ་ཞེས་བསྟན་པའི་ཕྱིར། ཨུཏྤལ་སྔོན་པོ་སོགས་འབྲེལ་ལས། །ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། ཤེལ་དང་མེ་ལོང་ལ་སོགས་པ་སྐད་ཅིག་རེ་རེར་འཇིག་པ་ཡིན་ན་ཨུཏྤལ་སྔོན་པོ་ལ་སོགས་པ་དང་ཕྲད་པས་ཕྱིན་ཅི་ལོག་པའི་ཤེས་པ་སྐྱེ་བའི་བདག་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་སྐད་ཅིག་མ་མ་ཡིན་པ་དེའི་གཟུགས་བརྙན་འཛིན་པར་འགྱུར་ན། དེའི་ཚེ་ཉེ་བར་བསྒྱུར་ བ་དང་བཅས་པའི་གནས་སྐབས་གང་ཡིན་པ་དེ་ཁོ་ན་དེ་ཉེ་བར་སྒྱུར་བ་མེད་པའི་གནས་སྐབས་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པའི་ཉེ་བར་སྒྱུར་བ་དང་བྲལ་བ་ལ་ཡང་སྔོན་པོ་ལ་སོགས་པའི་གཟུགས་བརྙན་ཡང་དག་པར་དམིགས་པར་འགྱུར་ཏེ། སྔར་གྱི་ངོ་བོ་ཡོངས་སུ་མ་བཏང་བའི་ ཕྱིར་རོ། །ཡང་ན་ཉེ་བར་བསྒྱུར་བའི་གནས་སྐབས་ན་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བར་མཐོང་བར་འགྱུར་ཏེ། སྔར་གྱི་ངོ་བོ་དང་ཁྱད་པར་མེད་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་སྤྱིར་ཤེལ་དང་མེ་ལོང་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་བརྙན་རྟོགས་པ་བསྩལ་བ་ ཡིན་ནོ། །ད་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དག་གིས་ཕྱོགས་ལ་གཟུགས་བརྙན་རྟོགས་པ་རེ་རེ་སེལ་བར་བྱེད་པ་ནི་བརྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །བརྟན་པའི་ཕྱིར་ཏེ། སྐད་ཅིག་མ་མ་ཡིན་པའི་ཕྱིར་སྔར་བཞིན་དུ་མེ་ལོང་གི་ངོས་ཀྱི་གཟུགས་བརྙན་འཛིན་པ་མ་ཡིན་ནོ་ཞེས་འབྲེལ་ ཏེ། སྐད་ཅིག་མ་མ་ཡིན་ན་ཡང་ཆ་མེད་པའི་ཕྱིར་འཛིན་པ་མ་ཡིན་ཞེས་སྦྱར་བར་བྱའོ། །འདི་ལྟར་ཁྲོན་པའི་ནང་དུ་ཆུད་པའི་ཆུ་བཞིན་དུ་མེ་ལོང་གི་ངོས་ལ་གཟུགས་བརྙན་ནང་དུ་ཆུད་པར་དམིགས་ན་མེ་ལོང་གི་ངོས་ལ་བུ་ག་ཡོད་པ་མ་ཡིན་ཏེ། དབྱིབས་ཀྱི་ཡན་ལག་ཆེས་བར་མཚམས་མེད་པ་ཉིད་ཡིན་ པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་འཁྲུལ་པ་ཡིན་ནོ། །ཡང་ན་མེད་པ་ནི་སྔ་མ་དང་ཕྱི་མའི་གནས་སྐབས་སྣ་ཚོགས་པ་མེད་པ་སྟེ། འདི་ལ་རྒྱུ་ནི་བསྟན་པའི་ཕྱིར། །ཞེས་བྱ་བ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། བསྟན་པ་ཉིད་ཀྱིས་ཆ་མེད་པའི་ཕྱིར་ཏེ། སྔ་མ་དང་ཕྱི་མའི་གནས་སྐབས་དང་བྲལ་ བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། ལུས་ཅན་ལྡན་ཅིག་མི་གནས་ཕྱིར། །མེ་ལོང་ངོས་ཀྱི་གཟུགས་བརྙན་དག །འཛིན་པ་མ་ཡིན་ཞེས་སྦྲེལ་བར་བྱའོ། །འདི་ལྟར་མེ་ལོང་གི་ངོས་ལ་ཡུལ་དེ་ཁོ་ནར་རི་ལ་སོགས་པའི་གཟུགས་བརྙན་དམིགས་ཏེ། ལུས་ཅན་གྱི་དངོས་པོ་རྣམས་ནི་ ནམ་ཡང་ཡུལ་གཅིག་པ་ཉིད་དུ་མི་འགྱུར་ཏེ། བདག་ཉིད་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཡང་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པའི་ཐུན་མོང་གི་སུན་འབྱིན་པ་ཡིན་ནོ། །ཤེལ་ལ་ཡང་ཡང་དག་པར་ཉེ་བར་བསྒྱུར་བའི་གཟུགས་བརྙན་རྟོགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ཟུར་གཉིས་ ན་ནི་གནས་པས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཁོ་ནའི་ཚེ་རྟོགས་པ་པོ་མདུན་ན་གནས་པས་ཐང་གི་པདྨ་དང་ཕྲད་པས་ཤེལ་དམར་པོར་དམིགས་པ་ཁོ་ནའི་ཚེ་གང་དག་ཟུར་གཉིས་ན་གནས་པ་དེ་དག་གི་ཤེལ་རྡོ་མཐའ་དག་ཤིན་ཏུ་དཀར་བར་དམིགས་ཀྱི། ཆ་ཤས་ཀྱིས་ནི་མ་ཡིན་ ནོ། །དེ་ལྟ་ཡིན་དང་གལ་ཏེ་དེའི་གཟུགས་བརྙན་འཛིན་པར་འགྱུར་བ་དེའི་ཚེ་མདུན་ན་གནས་པའི་སྐྱེས་བུ་བཞིན་དུ་ཟུར་གཉིས་ན་གནས་པའི་རྟོགས་པ་པོ་དག་གིས་ཀྱང་དམར་པོར་སྣང་བ་འཛིན་པར་འགྱུར་རོ། །འདི་ཡང་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དག་ལ་ཡང་ཐུན་མོང་བའི་སྐྱོན་ཡིན་ནོ། ། གལ་ཏེ་གཟུགས་བརྙན་དེ་འཛིན་པ་ལ་སོགས་པས་ནི་སྐད་ཅིག་མ་ཡིན་པའི་ཕྱོགས་ཀྱི་སྐྱོན་བཤད་དེ། གལ་ཏེ་དོན་དམ་པར་ཤེལ་ལ་སོགས་པའི་ཡུལ་གྱི་གཟུགས་བརྙན་འཛིན་པར་འགྱུར་ན། དེའི་ཚེ་གོ་རིམས་བཞིན་དུ་འབྱུང་བའི་ཡུལ་གྱི་གཟུགས་བརྙན་རྣམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་ གཅིག་གི་བདག་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་དེའི་བདག་ཉིད་ཀྱི་ཤེལ་ལ་སོགས་པ་ལ་ཡང་བསྒྱུར་བྱ་དང་། སྒྱུར་བྱེད་ལ་སོ་སོའི་སྒྱུར་བྱེད་ཐ་དད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཡང་འདི་འཁྲུལ་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་ན་དེའི་ཚེ་འདི་ཉིད་ལ་ཉེས་པ་འདི་མེད་དོ་ཞེས་ཤེས་པར་བྱེད་པའི་དོན་དུ་ དེ་ཉིད་དུ་ཡོད་ན་ཞེས་སྨོས་སོ། །གང་གི་ཕྱིར་ཡང་དེ་ལྟར་ཕྱོགས་གཉིས་ཀ་ལ་ཡང་གཟུགས་བརྙན་འཛིན་པ་མི་འཐད་དེ། དེ་ཕྱིར་འདི་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཤེལ་ལ་སོགས་པ་ཁོ་ན་ལ་འཁྲུལ་པ་དེར་འགྱུར་གྱི། རྩིག་པ་ལ་སོགས་པ་ལ་ནི་མ་ཡིན་ཞེ་ན། དེ་ཕྱིར་བསམ་གྱིས་མི་ཁྱབ་པའི། །ནུས་པ་སྣ་ཚོགས་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་ནི་རྣམ་པ་དུ་མ་བསམ་གྱིས་མི་ཁྱབ་པའི་ནུས་པ་དག་གང་དག་བཀོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ཏེ། དེ་ནི་རང་གི་རྒྱུ་བརྒྱུད་པས་བྱས་པའི་ ཕྱིར་རོ། །ཆ་འདི་ལ་ཁྱེད་ཅག་དང་རྩོད་པ་མེད་དེ། ཇི་སྐད་དུ། མེ་ནི་སྲེག་བྱེད་ནམ་མཁའ་མིན། །འདི་ལ་བརྩད་དུ་ཅི་ཞིག་ཡོད། །ཅེས་བཤད་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་འོ་ན་བློ་ལ་ཡང་ཡུལ་གྱི་གཟུགས་བརྙན་འཛིན་པ་འཁྲུལ་པ་ཡིན་མོད། གཟུགས་བརྙན་འཛིན་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། བློ་འཁྲུལ་ངོ་བོ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ལ་འཁྲུལ་པ་སྲིད་པར་རིགས་པ་མ་ཡིན་ཏེ། ཡང་གི་སྒྲས་ནི། གཟུགས་བརྙན་འཛིན་པར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་དང་བྲལ་ཕྱིར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། ། ཤེལ་ལ་སོགས་པ་དག་ལ་ནི་འཁྲུལ་པར་རིགས་ཏེ། དེ་དག་ལས་ཐ་དད་པའི་འཁྲུལ་པའི་བློ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་བློ་ལ་འཁྲུལ་པའི་ངོ་བོའི་བློ་གཞན་ཡོད་པ་ནི་མ་ཡིན་ཏེ། །འདི་ལྟར་བློ་གཅིག་ཁོ་ནར་འདོད་དོ། །བློ་ནི་རང་ཉིད་ཀྱིས་འཁྲུལ་པའི་ངོ་བོར་སྐྱེའོ་ཞེས་བརྗོད་པར་ཡང་མི་རིགས་ཏེ། བློ་ རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་ཡང་རྟག་པ་ཉིད་དང་གཅིག་པུ་ཉིད་བསྒྲུབ་པའི་དོན་དུ། །དེ་ལ་རྟོགས་པའི་བདག་ཉིད་དུ། །བློ་ནི་ངོ་ཤེས་པར་བྱེད་དེ། །ཞེས་སྨྲས་པ་དེ་ལ། རྟོགས་མེད་ངོ་བོ་ལས་ལྡོག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་ཤེས་པ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་རྟོགས་པ་མེད་པའི་ངོ་བོ་བུམ་པ་ལ་སོགས་པ་ལས་ལྡོག་པ་ཐ་དད་པ་སྒྲོ་བཏགས་ནས་བློ་ཐམས་ཅད་ནི་སྣ་ཚོགས་པ་ཡིན་ན་ཡང་ངོ་ཤེས་པ་འཇུག་པ་འགལ་བ་མེད་པ་ཁོ་ནའོ། །གང་སྣ་ཚོགས་པ་ཉིད་ཡིན་པ་ངོ་ཤེས་པ་འདི་ནི་རིགས་མི་མཐུན་པ་ལས་ལྡོག་པའི་རྒྱུ་མཚན་གྱིས་བྱས་པ་ཡིན་ནོ་ ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ཤེས་པར་བྱའོ། །སྣ་ཚོགས་པ་ཉིད་མ་ཡིན་པ་ཁོ་ན་བྱ་བ་ནི་མ་ཡིན་ནོ། །འདི་ལྟར་དམིགས་པ་མེད་པའི་སྒྲོ་བཏགས་པའི་བློ་ལ་དོན་ཐ་དད་པ་ལ་མི་རྟེན་ན་ཡང་ངོ་མི་ཤེས་པ་ཡོད་པ་ཉིད་དོ། །དེ་ལ་གང་ཁོ་ན་ལ་གླང་པོའི་བློ་འགྱུར་བ་དེ་ཉིད་ལ་རྟ་དང་ཤིང་རྟའི་བློར་འགྱུར་བ་ དེ་ལྟ་བུ་ནི་ཡོད་པ་མ་ཡིན་ནོ། །བློ་འདི་དག་ནི་དམིགས་པ་མེད་པ་ཡིན་ནོ་ཞེས་བསྒྲུབས་ཟིན་པས་ཡང་མི་བརྗོད་དོ། །དེས་ན་གང་། ཐ་དད་དོན་ལ་མི་རྟེན་པར། །ངོ་ཤེས་མེད་པ་ཡོད་མ་ཡིན། །ཞེས་སྨྲས་པ་དེ་ནི་མ་གྲུབ་བོ་ཞེས་གཟུང་བར་བྱའོ། །གཞན་ཡང་གལ་ཏེ་ཁྱེད་ཅག་གིས་རྟག་པ་དང་ གཅིག་པུའི་ངོ་བོའི་བདག་འདོད་པ་དེའི་ཚེ་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་པར་མི་འགྱུར་རོ། །འོན་ཏེ་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་པ་ཁས་ལེན་ན་འོ་ན་འདི་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཁས་བླང་བར་མི་བྱའོ། །གཅིག་ལ་ཐ་དད་པ་དང་ཐ་མི་དད་པ་ཕན་ཚུན་འགལ་བའི་རང་ བཞིན་རིགས་པ་ནི་མ་ཡིན་ནོ། །རྩོད་པ་འདི་སྤང་བའི་དོན་དུ་གཞོན་ནུ་མ་ལེན་གྱིས་སྨྲས་པ་གང་ཡིན་པ་དེ་རེ་ཞིག་སུན་དབྱུང་བའི་ཕྱིར་བསྟན་པ་ནི། གནས་སྐབས་ཐ་དད་ཐ་དད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པའི་གནས་སྐབས་རྣམས་ཀྱི་ཐ་དད་པ་སྟེ། སྣ་ཚོགས་པ་ ཉིད་དེ། དེས་ཐ་དད་པ་སྐྱེས་བུ་སྣ་ཚོགས་པ་ཉིད་དེ། དེས་སྡོང་ཞེས་བསྡུའོ། །གནས་སྐབས་སྣ་ཚོགས་པ་ཡིན་ན་ཡང་རང་བཞིན་གཅིག་གོ་ཞེས་བྱ་བའི་དོན་ཏོ། །འདི་ལ་རྒྱུ་བསྟན་པའི་བདག་ཉིད་ཅེས་བྱ་བ་སྨོས་ཏེ། བརྟན་པ་བརྟག་པའི་བདག་ཉིད་དེ་རང་བཞིན་གྱི་བདག་གང་ཡིན་པ་དེ་ལ་དེ་སྐད་ ཅེས་བྱའོ། །ཡང་ན་གནས་སྐབས་ཐ་དད་པ་ནི་གནས་སྐབས་ཀྱི་ཁྱད་པར་ཏེ། བདེ་བ་ལ་སོགས་པའོ། །དེ་དག་ལས་མཐའ་གཅིག་ཏུ་ཐ་དད་པ་སྟེ་ལོགས་ཤིག་པའི་ངོ་བོ་དེས་སྟོང་པ་སྟེ་དེ་དང་ཐ་མི་དད་པ་ཡིན་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བརྟགས་པ་དེ་ཅི་ཞིག་ཡིན་ཞེ་ན། བདེ་སྡུག་ ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་ཡིན་ན་ཡང་ཞེས་བྱ་བ་ཤེས་པ་ཡིན་ན་ཡང་ངོ་། །མི་ཞེས་བྱ་བ་ནི་བདག་གོ། །སེམས་ཅན་རྫས་ཡོད་ཉིད་སོགས་ལ། །ཞེས་བྱ་བ་ལ། སོགས་པའི་སྒྲས་ཤེས་བྱ་ཉིད་དང་། གཞལ་བྱ་ཉིད་དང་། བྱེད་པ་པོ་ཉིད་དང་། ཟ་བ་པོ་ཉིད་ལ་སོགས་ པའི་སྤྱིའི་ཆོས་གཟུང་ངོ་། །ཁྱད་པར་གྱི་ཆོས་ཤིན་ཏུ་ཆད་པ་ཡང་མ་ཡིན་ཞེས་བསྟན་པའི་ཕྱིར། གནས་སྐབས་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་གནས་སྐབས་སོ། །གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པའི་གནས་སྐབས་ན་ཡང་ཅིའི་ཕྱིར་སྡུག་བསྔལ་ ལ་སོགས་པ་མི་མྱོང་ཞེ་ན། ཕྱི་མའི་རྗེས་སུ་མཐུན་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་གནས་སྐབས་ན་ཕྱིས་ཀྱི་སྡུག་བསྔལ་གྱི་གནས་སྐབས་མི་འབྱུང་བས་དེའི་ཕྱིར། སེམས་པ་ཅན་དང་རྫས་ལ་སོགས་པའི་མཚན་ཉིད་ཅན་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་ བའི་སྤྱིའི་བདག་ལ་དེ་ཐིམ་པ་ཡིན་ཏེ། ཕྱིས་ཀྱི་སྡུག་བསྔལ་གྱི་གནས་སྐབས་སྐྱེ་བ་དང་རྗེས་སུ་མཐུན་པར་འགྱུར་བས་དེའི་དོན་དུ་དེ་དེ་ལ་ཐིམ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་གནས་སྐབས་གཞན་བཞིན་དུ་སྤྱིའི་བདག་ལ་ཡང་གནས་སྐབས་ཐིམ་པ་མི་རིགས་ཏེ། འགལ་བའི་ཕྱིར་རོ་ཞེས་དོགས་པ་ལ་གནས་ སྐབས་རང་གི་ངོ་བོ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་གི་ངོ་བོས་གནས་སྐབས་རྣམས་ཕན་ཚུན་འགལ་བའི་ཕྱིར་ཕན་ཚུན་ཐིམ་པར་མི་རིགས་སོ། །གང་གིས་འདི་དེ་ལ་མི་འགྱུར་བ་གནས་སྐབས་ཅན་སྤྱིའི་བདག་ལ་ནི་ཐིམ་པ་ལ་འགལ་བ་ཅི་ ཡོད། འདི་ལྟར་སྤྱིའི་བདག་འདི་གནས་སྐབས་ཐམས་ཅད་དུ་འགལ་བ་མེད་པར་རྗེས་སུ་འཇུག་པར་མཐོང་སྟེ་གནས་སྐབས་ཐམས་ཅད་ལ་སེམས་པ་ཅན་ལ་སོགས་པ་དམིགས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་སྐྱེས་བུ་ལས་གནས་སྐབས་རྣམས་ངེས་པར་ཐ་དད་པར་མི་ འདོད་ན། དེའི་ཚེ་དེ་དག་སྐྱེ་བ་དང་འཇིག་པ་ན་སྟེ། གནས་སྐབས་དེ་དག་སྐྱེ་བ་དང་འཇིག་པ་ཡིན་ན་སྐྱེས་བུ་འདི་ལ་ཡང་དེ་དག་སྟེ། སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་རོ། །གཅིག་ཏུ་ཞེས་བྱ་བའི་ཚིག་ནི་ཅུང་ཟད་ཐ་མི་དད་པ་ཡིན་ཡང་གནས་སྐབས་བཞིན་དུ་སྐྱེ་བ་དང་འཇིག་པར་ཐལ་བ་བཟློག་པར་དཀའོ་ཞེས་ཤེས་ པར་བྱ་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེ་སྐྱེ་བ་དང་འཇིག་པ་ན་སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་ཏེ། དཔེར་ན་བདེ་བ་ལ་སོགས་པའི་རང་གི་ངོ་བོའི་དེ་དག་ཉིད་བཞིན་ནོ། །སྐྱེས་བུ་ལ་ཡང་བདེ་བ་ལ་སོགས་པ་དང་ཐ་མི་དད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། ། གཏན་ཚིགས་འདི་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགལ་བའི་ཆོས་དང་ལྡན་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གནས་སྐབས་དག་ཁོ་ན་སྐྱེ་བ་དང་འཇིག་པ་ཡིན་གྱི། སྐྱེས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་སྐྱེ་བ་དང་མི་སྐྱེ་བའི་མཚན་ཉིད་འགལ་བའི་ཆོས་དང་ལྡན་པ་ཁས་ ལེན་ན། དེའི་ཚེ་ཐ་དད་པར་ཐལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་མང་པོ་རྣམས་ཀྱི་ཕན་ཚུན་རང་ཉིད་སོ་སོར་ངེས་པའི་བདག་ཉིད་ཀྱི་རང་བཞིན་གྱིས་ཕན་ཚུན་ཐ་དད་པ་བཞིན་ནོ། །ཐ་དད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྐྱེས་བུ་ཡང་དངོས་པོ་ལ་སོགས་ པའི་ངོ་བོས་ཕན་ཚུན་ཐ་དད་པ་མེད་པས་དེའི་ཕྱིར་བསྒྲུབ་བྱ་མ་ཚང་བ་བཟློག་པའི་ཆེད་དུ་བདག་ཉིད་སོ་སོར་ངེས་པ་ཞེས་བྱ་བ་སྨོས་སོ། །བདག་ཉིད་སོ་སོར་ངེས་པའི་ངོ་བོ་འདི་དག་ནི་ངེས་པར་ཐ་དད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཉམས་སུ་མྱོང་བ་དང་དྲན་པ་ལ་སོགས་པ་སོ་སོར་ངེས་པ་མེད་པའི་ཕྱིར་རྣམ་པར་གཞག་པ་ འཆོལ་བར་འགྱུར་རོ། །སྦྱོར་བ་ནི་གང་དང་གང་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་པ་དེ་ནི་དེ་དང་ལྷན་ཅིག་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་ཕན་ཚུན་སོ་སོར་ངེས་པའི་བདག་ཉིད་ཀྱི་ངོ་བོས་སྐྱེས་བུ་བཞིན་ནོ། །བདེ་བ་ལ་སོགས་པའི་གནས་སྐབས་ཀྱང་སྐྱེས་བུ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་ཐ་དད་པ་ཡིན་ནོ་ཞེས་ བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ཡང་། གནས་སྐབས་གཞན་ནི་སྐྱེ་འགྱུར་ཚེ། །སྔ་མ་གཏན་དུ་འཇིག་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གལ་ཏེ་ཁྱོད་ཀྱི་སྐྱེས་བུ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་གནས་སྐབས་ལ་ཐིམ་པ་ན་རང་གི་ངོ་བོ་ཉིད་ཀྱིས་སམ། གཞན་གྱི་ངོ་བོས་ཐིམ་པ་ཡིན་གྲང་། དེ་ལ་གལ་ཏེ་རང་གི་ངོ་བོས་ཡིན་ན་དེའི་ཚེ་བདེ་བ་ལ་སོགས་པ་འབྱུང་ན་ཡང་སྟེ། བདེ་བ་ལ་སོགས་པའི་གནས་སྐབས་ཉམས་སུ་མྱོང་བ་ན་ཡང་དེ་སྡུག་བསྔལ་ལ་སོགས་པར་ཉམས་སུ་མྱོང་བར་འགྱུར་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །འོན་ཏེ་གཞན་གྱི་ ངོ་བོས་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལ་གཞན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་སྐྱེས་བུ་ལ་སྡུག་བསྔལ་ལ་སོགས་པ་འཕོ་བ་དེའི་བདག་ཉིད་དུ་འདོད་དེ། དེ་ལྟ་ཡིན་དང་སྡུག་བསྔལ་ལ་སོགས་པ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར། བདག་དེ་སྐྱེས་ན་སྐྱེ་ལྡན་ཏེ། །སྐྱེ་བ་དང་ལྡན་པར་ འགྱུར་རོ། །གང་ལ། སྐྱེས་བུ་བྱེད་པོ་ཟ་པོ་ནི། །གནས་སྐབས་ལ་ནི་མི་རྟེན་ཞེས་སྨྲས་པ་དེ་ལ། གལ་ཏེ་བྱེད་པོ་ཟ་བ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་པོ་ཉིད་ལ་སོགས་པ་སྐྱེས་བུ་ཁོ་ན་ལ་རྟེན་པར་གྱུར་ན། དེ་ནི་སྔ་མའི་ངོ་བོ་མ་བཏང་བའི་བདག་ལ་སྲིད་པ་མ་ཡིན་ནོ། །སྦྱོར་བ་ནི་ གང་ཞིག་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པའི་གནས་སྐབས་ཡོངས་སུ་མ་བཏང་བ་དེ་ནི་བྱེད་པ་མ་ཡིན་ལ། ཟ་བ་ཡང་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ། །སྐྱེས་བུ་ཡང་ཐམས་ཅད་དུ་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པའི་གནས་སྐབས་ཡོངས་སུ་མ་བཏང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་ པའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། སྐྱེས་བུའི་བློ་ནི་སྐྱེ་བ་ན། །གལ་ཏེ་འགྱུར་ན་མི་རྟག་ཉིད། །འོན་ཏེ་འགྱུར་བ་མ་ཡིན་ན། །བདག་གཞན་འཇལ་བྱེད་མི་དམིགས་སོ། །ཞེས་བྱ་བ་གང་ཡིན་པ་འདི་བཤད་པ་ན། དེ་ལ་གཞོན་ནུ་མ་ལེན་གྱིས། མི་རྟག་སྒྲ་ཡི་ བརྗོད་བྱ་ཉིད། །བདག་ནི་ཟློག་པར་བྱེད་མ་ཡིན། །རྣམ་པར་འགྱུར་བ་ཙམ་བརྗོད་ཕྱིར། །དེ་ཙམ་གྱིས་འདི་ཆད་མི་འགྱུར། །ཞེས་སྨྲས་ཏེ། །དེ་འདིར་མཇུག་བསྡུ་བའི་ཐབས་ཀྱིས་སྐྱོན་བཤད་པའོ། །དེ་སྟེ་དེའི་ཕྱིར། རྟག་པའི་སྒྲའི་བརྗོད་བྱ་ཉིད་ཁོ་བོས་མ་བཟློག་སྟེ། རང་གི་ ཉེ་བར་ལེན་པ་སྔོན་དུ་སོང་བའི་སྐད་ཅིག་རེ་རེར་འཇིག་པའི་སེམས་པ་ཅན་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའི་ཕྱིར་རོ། །འོན་ཀྱང་རང་གི་ངོ་བོ་སྟེ། རང་བཞིན་འགྱུར་ལྡན་ཕྱིར་ཏེ། ངེས་པ་སྔ་མའི་རང་བཞིན་ཡོངས་སུ་བཏང་ནས་རང་བཞིན་གཞན་སྐྱེ་བའི་ཕྱིར་ཆད་པ་སྟེ་འདིའི་འཇིག་པ་གསལ་རབ་པ་ཉིད་དུ་འགྱུར་རོ། ། གང་ཡང་སྦྲུལ་ལ་སོགས་པ་དཔེ་ཉིད་དུ་བླངས་པ་དེ་ཡང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། སྦྲུལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེས་བུ་བསྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར། གནས་སྐབས་གཞན་འབྱུང་བ་རིགས་པ་མ་ཡིན་པ་དེ་བཞིན་དུ་སྦྲུལ་ལ་ཡང་མི་ རིགས་པ་ཡིན་ནོ། །གང་གི་ཚེ་ཡང་འདི་སྐད་ཅིག་མ་འཇིག་པར་འགྱུར་བའི་ཚེ་གནས་སྐབས་གཞན་འབྱུང་བ་རིགས་པ་ཡིན་ཏེ། གནས་སྐབས་གཞན་འབྱུང་བའི་མཚན་ཉིད་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །གང་ཡང་ངས། རིག་ཅེས་བྱ་བའི་བདག་གི་བློས། །ཤེས་པ་པོ་ཉིད་རྟོགས་པར་ འགྱུར། །ཞེས་སྨྲས་པ་དེ་ལ་མ་གྲུབ་པོ་ཞེས་བསྟན་པའི་གནས་སྐབས་དམིགས་པ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་རྒྱལ་འདི་ལ་ནི་གང་གིས་འདིའི་ཡུལ་ཤེས་པ་པོ་ཡིན་པར་འགྱུར་བ་དོན་དམ་པར་དམིགས་པ་ཅུང་ཟད་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་སྐྱེ་བའི་རྒྱུ་མཚན་གང་ ཡིན་ཞེ་ན། ཐོག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །དེའི་ས་བོན་ནི་བག་ཆགས་ཏེ་ནུས་པ་ཞེས་བྱ་བའི་དོན་ཏོ། །ཐོག་མ་མེད་པ་ཡང་དེ་ཡིན་ལ་སེམས་ཅན་དུ་ལྟ་བའི་ས་བོན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་སྟོབས་ནི་བདག་པོའོ། ། འགའ་ཞིག་ལ་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་ངེས་པ་ཉིད་ཀྱི་སྐྱེ་མཆེད་དྲུག་ལའོ། །འོན་ཏེ་ཅིའི་ཕྱིར་ཐམས་ཅད་དུ་མི་འཇུག་ཅེ་ན། འདུ་བྱེད་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡི་ངོ་བོར་ངེས་བྱས་ལ། །ཞེས་བྱ་བ་ནི། སྔ་མ་དང་ཕྱི་མའི་དུས་སུ་འཇུག་པའི་ཤེས་པ་པོའི་ངོ་བོ་ངེས་པའི་ང་རྒྱལ་ ལའོ། །ཀུན་དུ་ཞེས་བྱ་བ་ནི་རྒྱུད་གཞན་དང་བུམ་པ་ལ་སོགས་པ་རྣམས་ལའོ། །གཞན་ཡང་ང་རྒྱལ་གྱི་དམིགས་པ་བདག་ཡིན་ན་ཡང་ཅིའི་ཕྱིར་བདག་གཞན་ལ་ཡང་འཇུག་པར་མི་འགྱུར་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་མཚུངས་སོ། །ནུས་པ་སོ་སོར་ངེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ ན་ཁོ་བོ་ཅག་ལ་ཡང་ནུས་པ་ངེས་པའི་ཕྱིར་ནང་གི་དངོས་པོ་འགའ་ཞིག་ཁོ་ན་ལ་འཇུག་གི །ཐམས་ཅད་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་གཞག་པ་ཐམས་ཅད་འཆོལ་པ་མེད་པ་ཉིད་དོ། །འདི་སྙམ་དུ་རྣམ་པར་གཞག་པ་འདི་ཡིན་ལ་རག་མོད། འོན་ཀྱང་འདིའི་དམིགས་པ་མེད་པ་ཉིད་ཇི་ལྟར་འགྲུབ་སྙམ་ དུ་སེམས་ན། རྟག་པར་དམིགས་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདིའི་དམིགས་པར་འགྱུར་བ་རྟག་པའམ། མི་རྟག་པ་ཞིག་ཡིན་གྲང་། གལ་ཏེ་རྟག་པ་ཡིན་ན་དེའི་ཚེ་ང་རྒྱལ་ཐམས་ཅད་དེ། ང་རྒྱལ་རྣམས་ཅིག་ཅར་དུ་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། ། རྒྱུ་མ་ཡིན་པ་ནི་དམིགས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ནུས་པའི་རྒྱུ་ནི་ལྷན་ཅིག་བྱེད་པ་དག་ལ་ལྟོས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ལན་ཅིག་མ་ཡིན་པར་དཔྱད་ཟིན་ཏོ། །ང་རྒྱལ་འདི་ནི་གཅིག་ཁོ་ན་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། རེས་འགའ་བ་ཉིད་ཀྱིས་དུ་མ་ཉིད་དུ་གྲུབ་ པའི་ཕྱིར་རོ། །འདི་ལྟར་གཉིད་སྟུག་པོ་ལོག་པ་དང་། མྱོས་པ་དང་། བརྒྱལ་བའི་གནས་སྐབས་སུ་ང་རྒྱལ་རིགས་པ་མ་ཡིན་ལ། ཡང་གཞན་གྱི་ཚེ་རིགས་པ་ཡིན་པའི་ཕྱིར་ཐམས་ཅད་དུ་མ་དམིགས་པས་འདི་རེས་འགའ་ཉིད་དུ་གྲུབ་པོ། །རེས་འགའ་བ་ཉིད་ཀྱིས་ཀྱང་དུ་མ་ཡིན་ནོ། །དེའི་ཕྱིར་ང་རྒྱལ་ ཐམས་ཅད་དེ་ཡོད་པ་ཙམ་ན་ཡོད་པ་རྣམས་ཅིག་ཅར་སྐྱེ་བར་འགྱུར་རོ། །ཡང་མི་རྟག་པ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་ང་རྒྱལ་ཐམས་ཅད་ཆེས་གསལ་བར་སྣང་བར་ཐལ་བར་འགྱུར་ཏེ། རང་གི་མཚན་ཉིད་ཀྱི་དངོས་པོ་དངོས་སུ་ འཛིན་པའི་ཕྱིར་རོ། །དེའི་ཕྱིར་ནི་དེ་ལྟ་བས་ནའོ། །གཞན་གྱི་ཞེས་བྱ་བ་ནི་གཞོན་ནུ་མ་ལེན་ལ་སོགས་པ་མུ་སྟེགས་བྱེད་པ་དག་གིས་ཤེས་པའི་སྐད་ཅིག་དེའི་ཡུལ་དུ་ཅི་ཞིག་རྟོག་ཅེས་བྱ་བ་ལ་སོགས་པ་འདིའི་དམིགས་པ་བརྒལ་ཞིང་བརྟག་པ་དོན་མེད་དོ། །དེ་ལ་ང་རྒྱལ་འདི་ནི་དམིགས་པ་མེད་པ་ཁོ་ ན་ཡིན་ཏེ། ཐོག་མ་མེད་པའི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱི་སྟོབས་ཀྱིས་འཁྲུལ་པ་འཇུག་པ་ཡིན་ནོ་ཞེས་གང་སྨྲས་པ། འདི་ལ་གཞོན་ནུ་མ་ལེན་གྱིས་བརྗོད་པའི་སུན་འབྱིན་པ་འདོགས་པར་བྱེད་པ་ནི། ཤེས་པ་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ ཆགས་ནི་ཤེས་པ་པོའི་ཡུལ་ལ་ངོ་ཤེས་པའི་བྱེད་པ་པོར་འོས་ཀྱི། དེ་མིན་ལ་སྟེ། ཤེས་པ་པོ་མ་ཡིན་པ་ལ། དེ་ཞེས་ཏེ་ཤེས་པ་པོ་ཞེས་ཤེས་པ་སྟེ། ངོ་ཤེས་པའི་བག་ཆགས་བྱེད་པ་པོར་འོས་པ་མ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ནི་འཁྲུལ་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་ འདི་ནི་ཇི་ལྟར་ཉམས་སུ་མྱོང་བའི་རྒྱུ་ཡུལ་གྱི་དོན་ཉིད་ལ་ཤེས་པ་སྐྱེད་པར་བྱེད་པ་ཡིན་གྱི། འཁྲུལ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ང་རྒྱལ་འདི་ནི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་དང་། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་འཁྲུལ་པར་རིགས་པ་མ་ཡིན་ནོ། །གལ་ཏེ་སྒྲ་ནི་ གནོད་མེད་ཕྱིར། །ཞེས་བྱ་བ་འདིའི་མཇུག་ཐོགས་སུ་རིམ་པ་བཞིན་དུ་བལྟ་བར་བྱའོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པ་ཡིན་ནོ། །བཤད་མ་ཐག་པའི་རིགས་པ་ནི། རྟག་པ་དམིགས་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང་། གང་ཡང་། བག་ཆགས་འཁྲུལ་པའི་ རྒྱུ་མ་ཡིན། །ཞེས་སྨྲས་པ། དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབང་ཕྱུག་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བག་ཆགས་འཁྲུལ་པའི་རྒྱུ་མ་ཡིན་ན། དེའི་ཚེ་དབང་ཕྱུག་སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུ་ཐམས་ཅད་ཤེས་པ་བློ་རྟག་པའི་རྟེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ འཁྲུལ་པ་ཇི་ལྟར་བག་ཆགས་ཙམ་ཡོད་པས་འབྱུང་བར་འགྱུར། འདི་ལྟར་གཞོན་ནུ་མ་ལེན་གྱིས་ཀྱང་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཡིན་པ་བཀག་པ་ཁོ་ནའོ། །བག་ཆགས་ཙམ་གྱི་ངོ་བོ་ལས། །ཞེས་བྱ་བ་ལ་ཙམ་སྨོས་པ་ནི། དེ་ལྟ་བུར་གྱུར་པའི་དམིགས་པའི་དོན་རྣམ་པར་བཅད་ པའི་དོན་དུའོ། །དེ་ལྟ་བས་ན་ང་རྒྱལ་དམིགས་པ་མེད་པའི་ཕྱིར་དེས་གཟུང་བར་བྱ་བའི་ཤེས་པ་པོ་འགའ་ཞིག་གྲུབ་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་བདག་གྲུབ་པ་མ་ཡིན་ནོ། །གང་ཡང་། འདས་པའི་ང་རྒྱལ་གྱིས་གཟུང་བྱ། །ཞེས་བྱ་བ་ལ་སོགས་པ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་སྨྲས་པ། དེ་ལ་དེའི་ ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཡང་ཞེས་བྱ་བ་ནི་རྟག་པའམ་མི་རྟག་པའི་ཤེས་པ་པོ་དཔེའི་ཆོས་ཅན་ཡོད་པ་མ་ཡིན་པས་དཔེ་མ་གྲུབ་པོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་ཆོས་ཅན་མ་གྲུབ་པའི་དཔེའི་སྐྱོན་ཡིན་ཏེ། ད་ལྟར་དང་ཁར་ཚང་གི་ངའི་ཤེས་པས་རྟོགས་པར་བྱ་བའི་ཤེས་ པ་པོ་འགའ་ཡང་མེད་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ལ་ཡང་བློ་གཅིག་བཞིན་ནོ་ཞེས་བྱ་བའི་དཔེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ཏེ། མངོན་པར་འདོད་པ་ཉིད་གྱི་བློ་གཅིག་རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོ་ངའི་ཤེས་པ་ཉིད་དམ། ཡུལ་གཅིག །ཉིད་དུ་མ་གྲུབ་པའི་ ཕྱིར་རོ། །དེ་བས་ན་ཆོས་གཉིས་མ་གྲུབ་པའི་སྒོ་ནས་འདི་ཡང་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཇི་ལྟར་རིགས་པ་བསྟན་པ་ཡིན། །ཞེས་བྱ་བ་ལ། བསྟན་པ་ནི་སྔར་ཉེ་བར་བཀོད་པའི་གཏན་ཚིགས་གང་དག་ཡིན་པ་དེ་དག་ཇི་ལྟར་རིགས་པར་ཏེ། ཇི་ལྟར་སྲིད་པ་གཞི་མ་གྲུབ་པ་ཡིན་ནོ་ ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་གཏན་ཚིགས་གསུམ་ཀ་ཡང་གཞི་མ་གྲུབ་པ་ཡིན་ཏེ། ངའི་ཤེས་པས་གཟུང་བར་བྱ་བའི་ཆོས་ཅན་ཤེས་པ་པོ་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ལ་ནི་ཆོས་ཅན་ཤེས་པ་རྣམས་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་མ་ ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་རྒྱུད་གཅིག་དང་མ་འབྲེལ་པའི་ཤེས་པ་པོའི་ཡུལ་ཉིད་ཀྱིས་ཁྱད་པར་མ་གྲུབ་སྟེ། དམིགས་པ་མེད་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་རིགས་པར་ཞེས་བཤད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་དཔྱོད་པ་པས་ཀུན་དུ་བརྟགས་པའི་ བདག་བརྟག་པ་སྟེ་བརྒྱད་པའོ།། །།ད་ནི་གྲངས་ཅན་གྱིས་ཀུན་དུ་བརྟགས་པའི་བདག་དགག་པར་བྱ་བའི་ཕྱིར། གཞན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ཅེས་བྱ་བ་ནི་གྲངས་ཅན་རྣམས་སོ། །དེ་དག་ནི་སེམས་པ་ཅན་བདག་གི་རང་གི་ངོ་བོ་བློ་ལས་ཐ་དད་པར་རྟོག་པར་ བྱེད་དེ། འདི་ལྟར་བློ་ནི་གཙོ་བོའི་རང་བཞིན་ཡིན་ལ། སེམས་པ་ཅན་ནི་སྐྱེས་བུ་ཉིད་ཀྱི་རང་གི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས་ཡིན་ནོ། །སྐྱེས་བུ་དེ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་གཙོ་བོས་དྲངས་པའི་ཟ་བ་པོ་ཡིན་གྱི། ལས་རྣམས་ཀྱི་བྱེད་པ་པོ་ནི་མ་ཡིན་ཏེ། འགྲོ་བ་ ཐམས་ཅད་ཀྱི་ཡོངས་སུ་འགྱུར་བ་ངོ་བོའི་རང་བཞིན་ཉིད་བྱེད་པ་པོ་ཉིད་དུ་འདོད་པའི་ཕྱིར་རོ། །འདིར་ཡང་ཚད་མ་དག་སྟོན་པ་ནི། གང་ཞིག་འདུས་པའི་ངོ་བོ་ཉིད་ཀྱིས་དངོས་པོ་ཡིན་པ་དེ་ནི་གཞན་གྱི་དོན་བྱེད་པར་མཐོང་སྟེ། དཔེར་ན་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། ། མིག་ལ་སོགས་པ་ཡང་བསགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་གང་ཡིན་པ་དེ་ཡང་ཤུགས་ཀྱིས་བདག་ཡིན་ནོ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་རེ་ཞིག་དམ་བཅའ་བའི་དོན་སུན་འབྱིན་པར་བྱེད་དེ། འདི་ལྟར་ སེམས་པ་ཅན་སྐྱེས་བུའི་རང་གི་ངོ་བོ་ཡིན་ནོ་ཞེས་སྨྲ་བ་ན། སེམས་པ་ཅན་རྟག་པ་དང་གཅིག་པུའི་ངོ་བོ་ཡིན་ནོ་ཞེས་བྱ་བར་དམ་བཅས་པར་འགྱུར་ཏེ། རྟག་པ་དང་གཅིག་པུའི་ངོ་བོའི་སྐྱེས་བུ་ལས་དེ་ཐ་མི་དད་པའི་ཕྱིར་རོ། །འདི་ཡང་མངོན་སུམ་དང་འགལ་བ་ཡིན་ནོ། །གང་གི་ཕྱིར་གཟུགས་དང་སྒྲ་ལ་ སོགས་པའི་སེམས་རང་རིག་པའི་ངོ་བོ་ཐ་དད་པ་དང་ལྡན་པ་རང་བཞིན་ཐ་དད་པ་ཆེས་གསལ་བར་ཤིན་ཏུ་གསལ་བ་ཉིད་དུ་རིག་སྟེ། དེ་ཡང་སེམས་པ་ཅན་གཅིག་ཡིན་ན་འཐད་པ་མ་ཡིན་ནོ། །ཁས་བླངས་པ་དང་འགལ་བར་ཡང་བསྟན་པའི་ཕྱིར་སེམས་པ་ཅན་གྱི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ངོ་བོ་གཅིག་པ་ཡང་ཡིན་ལ། དོན་རྣམ་པ་སྣ་ཚོགས་པའི་ཟ་བ་པོ་ཡང་ཡིན་ནོ་ཞེས་ཇི་ལྟར་ཕན་ཚུན་འགལ་བ་ཡིན་ཏེ། ཟ་བ་པོ་མ་ཡིན་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །བལྟ་བར་འདོད་པ་ལ་སོགས་པ་དང་ལྡན་པར་འགལ་བ་མེད་དོ་ཞེ་ན། བལྟ་འདོད་ལ་སོགས་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། གང་དག་གཟུགས་ལ་སོགས་པ་ལ་ལྟ་བར་འདོད་པ་དང་ཉན་པར་འདོད་པ་ལ་སོགས་པ་དེའི་ཕན་ཚུན་ཐ་དད་པ་ལ་ལོངས་སྤྱོད་པའི་རྒྱུ་མཚན་ཉིད་དུ་བརྟགས་པ་དེ་དག་ཀྱང་བདག་འདི་ལ་འགྱུར་བ་མིན་ཏེ། འབྱུང་བ་མ་ཡིན་ནོ། །གལ་ཏེ་འབྱུང་ན་དེའི་ཚེ་དེ་ལྟར་དེ་ཐ་དད་པར་སྐྱེ་བ་ཡིན་ན་ནི་སྐྱེས་ བུ་སྐྱེ་བ་དང་ལྡན་པ་ཡིན་པར་འགྱུར་ཏེ། བལྟ་བར་འདོད་པ་ལ་སོགས་པ་བཞིན་དུ་དེ་དག་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། །སེམས་པ་ཅན་ལས་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་དད་པ་ཡིན་ན་ནི་འདི་འདིའི་ཞེས་བྱ་བའི་འབྲེལ་བ་ནི་མི་འཐད་དེ། འབྲེལ་ པའི་རྒྱུ་མཚན་ཕན་འདོགས་པ་མེད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པར་འགྱུར་བའོ། །སྦྱོར་བ་ནི་གང་ཞིག་གང་གི་ངོ་བོར་རྣམ་པར་འཇོག་པའི་རྒྱུ་མཚན་མེད་པ་དེ་ནི་རྟོག་པ་དང་ལྡན་པས་དེའི་ངོ་བོར་རྣམ་པར་འཇོག་པ་མ་ཡིན་ཏེ། ནམ་མཁའ་ལུས་ཅན་ཉིད་བཞིན་ནོ། །སྐྱེས་བུའི་བལྟ་བར་ འདོད་པ་ལ་སོགས་པ་ལ་ཡང་ཟ་བ་པོར་འཇོག་པའི་རྒྱུ་མཚན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །བྱེད་པ་པོ་མེད་པའི་ཕྱིར་དེའི་ཟ་བ་པོ་འདི་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་དགེ་དང་མི་དགེའི་ལས། །ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། མ་བྱས་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་བྱས་པ་དང་ཕྲད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལ་ཡང་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་འདོད་དང་རྗེས་མཐུན་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ལས་རྣམས་ཀྱི་བྱེད་པ་པོ་མ་ཡིན་མོད་ཀྱི། འོན་ཀྱང་རང་བཞིན་འདིའི་ཇི་ལྟར་མངོན་པར་འདོད་པའི་དོན་གཏོད་པར་བྱེད་པ་དེ་ལ་འདི་ལོངས་སྤྱོད་དོ་ཞེས་བྱ་བས་ཉེས་པ་མེད་དོ། །འོན་ཏེ་རང་བཞིན་སེམས་པ་ཅན་མ་ཡིན་ན། གང་གིས་འདི་ཇི་ལྟར་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་སྐྱེས་བུ་ལ་སྒྲུབ་ པར་བྱེད་ལ། ཇི་ལྟར་དགེ་བ་ལ་སོགས་པའི་ལས་རྣམས་ཀྱི་བྱེད་པ་པོར་འགྱུར་ཞེ་ན། དེ་དག་ཞ་བོ་ལོང་བ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ལོང་བ་མིག་དང་ལྡན་པའི་སྐྱེས་བུ་དང་འབྲེལ་བ་ལས་དོན་ལ་འཇུག་པར་འགྱུར་བ་དེ་བཞིན་དུ་ཆེན་པོ་ལ་སོགས་པ་ཐིམ་པར་འགྱུར་བ་སེམས་ པ་ཅན་གྱི་སྐྱེས་བུ་དང་ཕྲད་པ་ལས་སེམས་པ་ཅན་བཞིན་དུ་ཆོས་ལ་སོགས་པའི་འབྲས་བུ་ལ་ངེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །དེ་སྐད་དུ་ཡང་། སྐྱེས་བུ་མཐོང་བའི་དོན་དུ་དང་། །དེ་བཞིན་གཙོ་བོ་འབའ་ཞིག་དོན། །ཞ་ལོང་བཞིན་དུ་གཉི་གའི་ཡང་། །འབྲེལ་པ་དེ་ཡིས་འཁོར་བ་བྱས། ། ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དོ། །གལ་ཏེ་རང་བཞིན་ནི་མ་བྱས་པའི་ཡང་ལས་ཀྱི་མངོན་པར་འདོད་པ་འབྲས་བུ་གཏོད་པར་བྱེད་པར་འགྱུར་ན། དེའི་ཚེ་ཐམས་ཅད་དུ་འདོད་པ་དོན་དུ་གཉེར་བ་ན་སྐྱེས་བུའི་མངོན་པར་འདོད་པའི་དོན་ཐམས་ཅད་ཅིའི་ཕྱིར་ འགྲུབ་པར་མི་འགྱུར། འདི་སྙམ་དུ་དེའི་རྒྱུ་ཆོས་མེད་པའི་ཕྱིར། འགྲུབ་པར་མི་འགྱུར་རོ་སྙམ་ན། ཅིའི་ཕྱིར་ན་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་འབྲས་བུ་ནི་ཆོས་ཡིན་ཏེ། དེ་ཡང་དེ་ལས་ཐ་མི་དད་པའི་ཕྱིར་རྟག་ཏུ་ཡོད་པ་ཉིད་ཡིན་པས་མངོན་པར་འདོད་ པའི་འབྲས་བུར་འགྱུར་རོ། །འདི་ལྟར་ཐམས་ཅད་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་རང་བཞིན་དང་སྐྱེས་བུ་དག་གོ། །དེ་དག་ཀྱང་རྟག་ཏུ་ཉེ་བས་དེས་ན་རྟག་ཏུ་འབྲས་བུ་ཉིད་དུ་འགྱུར་རོ། །གཞན་ཡང་གལ་ཏེ་མངོན་པར་འདོད་པའི་རང་བཞིན་གྱིས་སྟེར་བར་བྱེད་པ་དེའི་ཚེ་ཅིའི་ཕྱིར་མི་འདོད་པ་སྟེར་བར་བྱེད། མི་འདོད་ པ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་ནོ། །གཞན་ཡང་རང་བཞིན་གྱིས་འདི་ལ་དོན་གཏོད་པར་བྱེད་པ་མེད་ཀྱི། འོན་ཀྱང་འདི་ཟ་བ་པོ་ཉིད་དུ་རིགས་པ་མ་ཡིན་ཏེ་འགྱུར་བ་མེད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་པ་ནི། དོན་ལོངས་སྤྱོད་དུས་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བདེ་བ་དང་སྡུག་བསྔལ་ ལ་སོགས་པས་སིམ་པ་དང་། ཡོངས་སུ་གདུང་བ་ལ་སོགས་པའི་ངོ་བོའི་འགྱུར་བ་སྟེར་བར་མི་བྱེད་པ་དེའི་ཚེ། ནམ་མཁའ་བཞིན་དུ་འདི་ཟ་བ་པོ་ཉིད་དུ་མི་འགྱུར་རོ། །རང་བཞིན་ཕན་བྱེད་མི་འགྱུར་རོ། །ཞེས་སྦྱར་ཏེ། རང་བཞིན་འགྱུར་བ་མེད་པ་ཡིན་ན་ཕན་པ་བྱ་བར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་ འགྱུར་བ་ཉིད་དུ་ཁས་ལེན་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །འདི་ལྟར་མི་རྟག་པ་ཉིད་ལ་དེའི་གནས་སྐབས་མ་ཡིན་པ་ཉིད་དུ་སྨྲ་བ་ན། དེ་ཡང་འགྱུར་བ་ན་ཡོད་པས་ཇི་ལྟར་འདི་རྟག་པ་ཉིད་དུ་འགྱུར་ཏེ། རྟག་པ་ཉིད་ནི་དེའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་རྣམ་ཅན་ བློ། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་རྣམ་པ་གཞན་དུ་ཟ་བ་པོ་ཉིད་དུ་དོགས་པ་བསུ་སྟེ། འདི་རྣམ་པར་འགྱུར་བར་གྱུར་ནས་ཟ་བ་པོ་ཉིད་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བློས་ངེས་པར་བྱས་པའི་དོན་གྱི་གཟུགས་བརྙན་འཆར་བའི་སྒོ་ནས་ཤེས་པའི་ཕྱིར་ཏེ། འདི་ལྟར་བློའི་མེ་ལོང་ ལ་ཞུགས་པའི་གཟུགས་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་བུ་ལ་འཕོ་བ་དེ་ཉིད་འདིའི་ཟ་བ་པོ་ཡིན་གྱི། རྣམ་པར་འགྱུར་བར་གྱུར་པ་ནི་མ་ཡིན་ནོ། །གཟུགས་བརྙན་ཙམ་འཕོ་བ་ན་ཡང་སྐྱེས་བུའི་རང་གི་ངོ་བོ་འདོར་བ་ནི་མ་ཡིན་ཏེ། མེ་ལོང་བཞིན་དུ་དེའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེས་ན་ཟ་བ་ པོ་མ་ཡིན་པའི་གནས་སྐབས་ཀྱི་ལས་ཁྱད་པར་མེད་པ་ཞེས་བྱ་བའི་སྦྱོར་བ་འདི་ལ་གཏན་ཚིགས་མ་ངེས་པ་ཡིན་ནོ། །བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། བློའི་མེ་ལོང་ལ་ཞུགས་པའི་དོན་གྱི་གཟུགས་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་བུ་ལ་སྐྱེ་བ་གང་ཡིན་པ་དེ་ཡིན་ནོ་ ཞེས་བྱ་བར་འདོད་དེ། དེ་གལ་ཏེ་སྐྱེས་བུ་ལས་ཐ་མི་དད་པ་དེའི་ཚེ་དེ་མ་ཐག་ཏུ་བཤད་པའི་སྐྱེ་བ་དང་འཇིག་པ་དང་ལྡན་པར་ཐལ་བར་འགྱུར་བ་སོ་ན་འདུག་པ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་གཟུགས་བརྙན་གྱི་ངོ་བོ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཟ་ བ་པོ་ཉིད་དུ་མི་འགྱུར་ཏེ། ཟ་བ་པོ་མ་ཡིན་པའི་གནས་སྐབས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །སྐྱེས་བུ་དོན་གྱི་གཟུགས་བརྙན་དང་ལྷན་ཅིག་འབྲེལ་པ་ལས་ཟ་བ་པོ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཕན་ཚུན་ཕན་པར་བྱེད་པ་མ་ཡིན་པ་དག་ནི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་ གལ་ཏེ་གཙོ་བོས་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་ཤེས་ན་དེའི་ཚེ་དེ་དེ་དང་རྗེས་སུ་མཐུན་པར་སྐྱེས་བུ་དོན་ལ་འཇུག་པར་རིགས་ན། ཇི་སྲིད་དུ་བེམས་པོའི་ངོ་བོ་ཡིན་པའི་ཕྱིར། སེམས་པ་ཅན་དང་འབྲེལ་པ་ཡོད་ན་ཡང་ཞ་བོ་དང་ལོང་བ་བཞིན་དུ་འཇུག་པར་མི་རིགས་སོ། །འདི་ལྟར་ལོང་བས་ ལམ་མ་དམིགས་མོད་ཀྱི། འོན་ཀྱང་འདི་ཞ་བོའི་བརྗོད་པར་འདོད་པ་རིགས་པ་ཉིད་མ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིགས་པ་མ་ཡིན་ཏེ། དེ་ནི་སེམས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཕན་ཚུན་དུ་ཕན་ པ་བྱེད་པ་མ་ཡིན་པ་དེ་དག་ནི་ཞ་བོ་དང་ལོང་བ་བཞིན་དུ་འབྲེལ་པ་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིགས་པ་ཡིན་ནོ་ཞེས་འདོད་པ་དེ་ལྟ་ན་ཡང་འདི་ཟ་བ་པོ་ཉིད་དུ་ཐལ་བར་འགྱུར་རོ། །བྱེད་པ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ཇི་ལྟར་ཟ་བ་ཡང་ཤེས་པར་མི་འགྱུར། དེ་ལྟ་བས་ན་བྱེད་པ་ཤེས་པ་ཟ་བ་མི་ཤེས་སོ་ཞེས་བྱ་བ་འདི་ལས་མི་རིགས་པ་གཞན་ཅི་ཡོད་དེ། ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །བྱན་པོ་ཚོད་མ་ལ་སོགས་པའི་བྱེད་པ་པོ་ཡིན་ལ། དེ་ཟ་བར་ནི་མི་ཤེས་པ་སྟེ། ཟ་བ་ཉིད་དུ་མི་ཤེས་པ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བའི་སྒྲ་ཞིག་ཁོང་ནས་ དབྱུང་ངོ་། །གཙོ་བོ་བློ་དང་ལྡན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་གཙོ་བོའོ། །ཀུན་ཞེས་བྱ་བ་ནི་ལྟ་བར་འདོད་པ་དང་རྗེས་སུ་མཐུན་པར་འཇུག་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གཙོ་བོ་ སེམས་པའི་ངོ་བོ་མ་ཡིན་པ་དེ་ལྟ་མོད་ཀྱི། འོན་ཀྱང་ངེས་པའི་མཚན་ཉིད་ཀྱི་བློ་དང་ལྡན་པའི་ཕྱིར་སྐྱེས་བུ་ལ་གནས་པའི་བལྟ་བར་འདོད་པ་ལ་སོགས་པ་ཤེས་ནས། འཇུག་པར་འགྱུར་བས་དེའི་ཕྱིར་ཐམས་ཅད་འགལ་བ་མེད་པ་ཡིན་ནོ། །དེ་ལ་ལན་སྨྲས་པ་ནི། བློ་ལྡན་ཉིད་ན་ཞེས་བྱ་བ་ལ་སོགས་པ་ སྟེ། གལ་ཏེ་གཙོ་བོ་བློ་དང་ལྡན་པར་ཁས་ལེན་པར་བྱེད་ན། དེའི་ཚེ་འདི་སྐྱེས་བུ་བཞིན་དུ་སེམས་པ་ཅན་ཉིད་དུ་ཐལ་བར་འགྱུར་ཏེ། བློ་ལ་སོགས་པ་རྣམས་ནི་སེམས་པ་ཅན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་གསལ་བའི་བདག་ཉིད་ཀྱིས་རང་རིག་པའི་ངོ་བོ་གསལ་བ་གཞན་ལ་མི་ལྟོས་ པ་དེ་ནི་སེམས་པ་ཅན་ཞེས་བྱ་བའོ། །དེ་ལ་ནི་བློ་ལ་ཡང་ཡོད་པའི་ཕྱིར་དེ་སེམས་པའི་ངོ་བོར་འགྱུར་རོ། །གང་གིས་དེ་ལས་ཐ་དད་པའི་སྐྱེས་བུ་འགྲུབ་པར་འགྱུར་བ་ཁོ་བོ་ཅག་གི་བློ་ལས་མ་གཏོགས་པའི་སེམས་པའི་ངོ་བོ་གཞན་དམིགས་པ་ཡང་མ་ཡིན་ནོ། །འདིར་གཞན་གྱི་བློ་སེམས་ཀྱི་ངོ་བོ་ལས་ཐ་ དད་པ་སྒྲུབ་པའི་ཕྱིར། སྒྲ་དྲི་རོ་ལ་སོགས་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་དང་ལྡན་པ་དེ་ནི་སེམས་པ་མེད་པ་ཅན་ཡིན་ཏེ་རོ་ལ་སོགས་པ་བཞིན་ནོ། །བློ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་རྒྱུད་ སྒྲུབ་པར་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ཏེ། རེས་འགའ་འདི་རང་རྒྱུད་ཀྱིས་སྒྲུབ་པར་བྱེད་དམ། ཐལ་བར་འགྱུར་བའི་སྒྲུབ་པར་བྱེད་པས་ཡིན་གྲང་། དེ་ལ་གལ་ཏེ་རང་རྒྱུད་ཀྱིས་ན་དེའི་ཚེ་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་སྔ་ན་མེད་པ་སྐྱེ་བའི་མཚན་ཉིད་ཀྱི་རྣམ་པ་ཇི་ལྟ་ བུའི་སྐྱེ་བ་དང་ལྡན་པ་དང་། གཏན་ནས་འཇིག་པའི་བདག་ཉིད་ཀྱི་འཇིག་པ་ཉིད་སངས་རྒྱས་པ་ལ་གྲགས་པའི་རྣམ་པ་དེ་ལྟ་བུ་ནི་ཁྱེད་ཅག་གྲངས་ཅན་ལ་མ་ཡིན་ཏེ། དེ་དག་ནི་ཁྱེད་ཅག་གིས་ཡོངས་སུ་འགྱུར་བ་དང་། མི་གསལ་བའི་ངོ་བོ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཁྱེད་ཅག་གིས་ཇི་ལྟ་བ་དེ་ལྟ་ བུ་ནི་སངས་རྒྱས་པ་ལ་མ་གྲུབ་པས་དེའི་ཕྱིར་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ། །སྒྲ་ཙམ་གྲུབ་པ་ན་གཏན་ཚིགས་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་ལས་དངོས་པོ་འགྲུབ་པའི་ཕྱིར་ཏེ། དངོས་པོ་ཁོ་ན་གཏན་ཚིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཉིད་འཁྲུལ་ལ་སོགས་ ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང་། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །ཞེས་བཤད་པ་ལྟ་བུའོ། །ཅི་སྟེ་ཐལ་བ་ལ་བསྒྲུབ་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཡང་བསྒྲུབ་པར་བྱ་བ་ལ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་མ་བསྟན་པའི་ ཕྱིར། གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་སེམས་པ་ཅན་ལ་སྐྱེ་བ་དང་ལྡན་པ་དང་འཇིག་པ་དག་ཏུ་མི་འགྱུར་བ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། གང་ཡང་། འདི་རྟོག་པ། ཇི་ལྟར་འོ་མ་ཤེས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་ལྟར་གཙོ་བོ་སྐྱེས་ བུ་རྣམ་གྲོལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་བྱ་བ་དེ་ཡང་རྟོག་པ་ཉིད་མ་ཡིན་ནོ། །འོ་མ་ནི་རང་དབང་དུ་བེའུ་འཕེལ་བའི་རྒྱུ་མཚན་དུ་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སོ་སོར་ངེས་པའམ། རེས་འགའ་བའི་རང་གི་རྒྱུ་དང་རྐྱེན་དག་ལས་སྐྱེ་སྟེ། དེ་བ་སྐྱེས་པ་ན་ བེའུ་སྐྱེད་པའི་རྒྱུ་མཚན་དུ་འགྱུར་བ་ཡིན་པས་ཤེས་པ་མེད་ཀྱང་འཇུག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་གཙོ་བོ་འཇུག་པ་ནི་མི་རིགས་ཏེ། འདི་ལྟར་རྟག་པའི་ཕྱིར་དང་། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར། རེ་ཞིག་རེས་འགའ་བའི་རྒྱུ་ཉེ་བ་ལ་རག་ལས་པ་དེའི་ནུས་པ་རེས་འགའ་བ་རིགས་པ་ མ་ཡིན་ལ། རང་བཞིན་ཡང་མ་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བ་ཉིད་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱིས་སྐྱེས་བུའི་དོན་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་བློ་དང་སེམས་པ་ཅན་ཐ་མི་དད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ འདིའི་བདག་མ་བཀག་པ་ཉིད་དོ་ཞེ་ན། སེམས་པ་ཅན་ལ་བདག་གི་སྒྲར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གིས་སེམས་པ་ཅན་ལ་བདག་གི་སྒྲས་འདོགས་པ་ཙམ་ནི་མ་བཀག་གོ། །འོ་ན་ཅི་ཞེ་ན། དེ་ལ་རྟག་པའི་མཚན་ཉིད་དུ་སྒྲོ་བཏགས་པའི་ཆོས་གང་ཡིན་པ་དེ་བཀག་གོ། ། ཅིའི་ཕྱིར་ཞེ་ན། དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་འབྲས་བུ་དང་བཅས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་སེམས་པ་ཅན་རྟག་པ་བརྟན་པར་གྱུར་ན་དེའི་ཚེ་དབང་པོ་ལ་སོགས་པ་འབྲས་བུ་མེད་པ་ཁོ་ནར་འགྱུར་ཏེ། དེ་དག་ནི་དེ་སྐྱེད་པའི་དོན་དུ་ཡིན་པའི་ ཕྱིར་དང་། རྟག་པ་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འདི་ཉིད་ལ་དཔེ་བཤད་པ། གལ་ཏེ་མེ་ནི་རྟག་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་མེ་རྟག་པར་གྱུར་ན། དེའི་ཚེ་སྐྱེ་བོ་མེའི་དོན་དུ་བུད་ཤིང་སོག་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་སེམས་པ་ཅན་རྟག་པ་དང་གཅིག་པུའི་ངོ་བོར་ རིགས་པ་མ་ཡིན་ནོ། །ཇི་སྐད་དུ་འདུས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་གྱི་དོན་དུ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པར་འདོད་ཅེས་བསྟན་པའི་ཕྱིར། མལ་ཆ་སྟན་གྱི་དཔེ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བའི་ཁྱད་པར་དུ་འདོད་པ་ཡིན་ནམ། ཡང་ན་བྱ་བའི་ཁྱད་ པར་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་མི་འགྱུར་བའམ། རྣམ་པ་གཅིག་ཏུ་ན་སྤྱིར་གཞན་གྱི་དོན་ཙམ་མ་བརྟགས་ན་ཉམས་དགའ་བ་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ཡིན་ན་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར་མིག་ལ་སོགས་པ་དེ་དག་ཁོ་བོ་ཅག་གིས་རྣམ་ པར་ཤེས་པ་ལ་ཕན་འདོགས་པར་འདོད་དེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ནས། ལུས་དང་རིག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་གཏན་ཚིགས་འགལ་ བ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། འགྱུར་བ་མེད་པའི་ཕན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྱུར་བ་མེད་པ་སྟེ། རྟག་པའི་ཕན་པ་ཉིད་ནི་འགྱུར་བ་མེད་པའི་ཕན་པ་ཉིད་དོ། །དེ་མིག་ལ་སོགས་པས་སྒྲུབ་ན་དཔེ་ལ་བསྒྲུབ་པར་བྱ་བ་ལས་བཟློག་པ་ཉིད་ཀྱིས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་ འགལ་བ་ཉིད་དོ། །འདི་ལྟར་མལ་ཆ་དང་སྟན་ལ་སོགས་པ་དེ་དག་ནི་གཡོ་བ་ཉིད་དེ། མི་རྟག་པ་ཁོ་ན་ཕན་པ་རིགས་པ་ཡིན་ཏེ། འགྱུར་བ་མེད་པ་ལ་བོགས་དབྱུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྤྱིར་བྱ་བའི་ཁྱད་པར་དང་། བྱ་བའི་ཁྱད་པར་མ་ཡིན་པའི་རྣམ་པར་རྟོག་པ་བསལ་ནས་གཞན་གྱི་ དོན་ཙམ་གྲུབ་པ་ཞེས་བྱ་བའི་ཕྱོགས་གསུམ་པ་ཡིན་ན། དེའི་ཚེ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། མིག་ལ་སོགས་པ་རྣམས་སེམས་ལ་ཕན་འདོགས་པར་འདོད་པའི་ཕྱིར་རོ། །ཇི་སྟེ་ཇི་ལྟར་རིགས་པ་ཅན་གྱིས་ཁས་བླངས་པ་བཞིན་དུ་སེམས་ཀྱང་བསྒྲུབ་བྱའི་ཆོས་ཅན་ཉིད་དུ་ཁས་ལེན་པར་བྱེད་པ་དེ་ལྟ་ན་ ཡང་ཁྱེད་ཅག་གི་འདོད་པ་མི་འགྲུབ་སྟེ། བདག་སེམས་ལས་ཐ་དད་དུ་མི་འདོད་པའི་ཕྱིར་རོ། །རིགས་པ་ཅན་གྱིས་མངོན་པར་འདོད་པའི་དོན་ཡང་མ་གྲུབ་སྟེ། ཕན་ཚུན་ཕན་པ་བྱེད་པ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་གཞན་ལ་ཕན་འདོགས་པ་ཉིད་དུ་འདོད་པའི་ཕྱིར་རོ། །གཞན་ཉིད་ནི་ཕ་རོལ་དང་ཚུ་རོལ་ བཞིན་དུ་ལྟོས་པ་ཅན་ཡིན་པའི་ཕྱིར་རོ། །སེམས་ནི་རྒྱུ་དུ་མས་བྱས་པའི་ཕན་པ་འཛིན་པ་ཉིད་ཀྱིས་སྐྱེ་བའི་ཕྱིར་དང་། འདུས་པ་ཉིད་ནི་བརྟགས་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སེར་སྐྱ་བས་ཀུན་དུ་བརྟགས་པའི་བདག་བརྟག་པ་སྟེ་དགུ་ བའོ།། །།ནམ་མཁའི་གོས་ཅན་གྱིས་ཀུན་དུ་བརྟགས་པའི་བདག་དགག་པའི་དོན་དུ། རྒྱལ་དཔོག་པ་བཞིན་རྒྱལ་བ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་པ་ཞེས་བྱ་བ་ནི་ནམ་མཁའི་གོས་ཅན་དག་གོ། །དེ་དག་ནི་འདི་སྐད་དུ་བདག་ནི་སེམས་ཀྱི་མཚན་ཉིད་ཁོ་ན་ ཡིན་ཏེ། དེ་ཡང་རྫས་ཀྱི་ངོ་བོས་གནས་སྐབས་ཐ་དད་ལ་གནས་སྐབས་ཅན་ཐ་མི་དད་པའི་ཕྱིར་རྗེས་སུ་འགྲོ་བའི་བདག་ཉིད་ཡིན་ལ། རྣམ་གྲངས་ཀྱི་ངོ་བོས་ནི་གནས་སྐབས་རེ་རེ་ལ་ཐ་དད་པའི་ཕྱིར་ལོག་པའི་བདག་ཉིད་ཡིན་པར་སྨྲའོ། །བདག་གི་ཚུལ་གཉིས་པོ་འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་པའི་ ཕྱིར་ཚད་མ་གཞན་གྱིས་བསྒྲུབ་པར་མི་བྱའོ། །འདི་ལྟར་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་ཀྱང་གནས་སྐབས་པའི་བདག་ཉིད་གང་ཡིན་པའི་སེམས་པ་ཅན་གནས་སྐབས་ཐམས་ཅད་ལ་དམིགས་པ་དེ་ནི་རྫས་ཡིན་ནོ། །རྣམ་གྲངས་ནི་རིམ་གྱིས་འབྱུང་བའི་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་ པ་རྣམས་སོ། །དེ་དག་ཀྱང་མངོན་སུམ་གྱིས་གྲུབ་པོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལ་ཕྱོགས་གཉིས་ཏེ། སེམས་པ་ཅན་གྱི་བདག་ཉིད་གང་ཡིན་པའི་རྫས་ཏེ། རྣམ་གྲངས་དག་དང་འབྲེལ་པ་ན་རེས་འགའ་འགྱུར་བ་མེད་ པ་སྟེ། སྔར་ཡོད་པ་མ་དོར་བའི་སེམས་པ་ཅན་ལ་སོགས་པ་རང་གི་ངོ་བོ་དང་འབྲེལ་པ་ཡིན་ནམ། སྔར་གྱི་ངོ་བོ་དོར་བ་དང་འབྲེལ་པ་ཡིན། དེ་ལ་གལ་ཏེ་ཕྱོགས་ཕྱི་མ་ཡིན་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་ཏེ། གནས་སྐབས་ཅན་འགའ་ཡང་མེད་པའི་ཕྱིར་ རོ། །ཅི་སྟེ་མི་འགྱུར་བའི་ངོ་བོ་ཞེས་བྱ་བའི་ཕྱོགས་དང་པོ་ཡིན་ན་དེའི་ཚེ་སྔ་མ་དང་ཕྱི་མའི་གནས་སྐབས་དག་དེ་ལ་ཁྱབ་པར་ཏེ། གཞན་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར། སེམས་པ་དེས་ཡོངས་སུ་འགྱུར་བར་མི་འགྱུར་ཞེས་མི་འཐོབ་སྟེ། ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བའི་མཚན་ཉིད་ཅན་ ཡིན་པའི་ཕྱིར། ཡོངས་སུ་འགྱུར་བར་འདོད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སྔ་མ་དང་ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པ་དེ་ནི་ཡོངས་སུ་འགྱུར་བར་མི་འགྱུར་ཏེ་ནམ་མཁའ་བཞིན་ནོ། །སེམས་པ་ཅན་གང་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། ། ཡུལ་དང་དུས་དང་རང་བཞིན་དག །ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱི་གཏན་ཚིགས་མ་གྲུབ་པའི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་གལ་ཏེ་གཅིག་ཏུ་རྣམ་གྲངས་དག་ལས་རྫས་ཐ་དད་པ་ཡིན་ན། དེའི་ཚེ་ཁྱད་པར་མེད་པར་འགྱུར་ན་ཇི་སྲིད་དུ་ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པའི་ ཕྱིར་རྫས་དང་རྣམ་གྲངས་དག་གཅིག་ཏུ་འདོད་ལ། གྲངས་ལ་སོགས་པའི་བྱེ་བྲག་ནི་ཐ་དད་དེ། དེ་ལ་གྲངས་ནི་གཅིག་དང་མང་པོ་ཉིད་ལ་སོགས་པའོ། །འདི་ལྟར་རྫས་ནི་གྲངས་གཅིག་དང་ལྡན་ལ། བདེ་བ་ལ་སོགས་པ་རྣམས་ནི་གྲངས་དུ་མའི་ཁྱད་པར་ཅན་ཡིན་ནོ། །མཚན་ཉིད་ཀྱང་ཐ་དད་པ་ཡིན་ ཏེ། འདི་ལྟར་རྫས་ཀྱི་མཚན་ཉིད་ནི་རྗེས་སུ་འཇུག་པ་ཡིན་ལ། རྣམ་གྲངས་ཀྱི་མཚན་ཉིད་ནི་ལྡོག་པ་ཡིན་ནོ། །མིང་ནི་མིང་དུ་བཏགས་པའོ། །དོན་ནི་འབྲས་བུའོ། །དེ་སྐད་དུ་ཡང་། ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པའི་ཕྱིར་ཆོས་དང་ཆོས་ཅན་ཐ་མི་དད་པ་ཡིན་ནོ། །གྲངས་དང་། མིང་དང་ མཚན་ཉིད་དང་། འབྲས་བུ་ཐ་དད་པའི་ཕྱིར་ན་ཐ་དད་དེ། འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པ་རྣམས་བུམ་པ་ལྟ་བུའོ་ཞེས་བཤད་དོ། །འདི་ལྟར་བུམ་པ་ལས་གཟུགས་ལ་སོགས་པ་དེ་དག་ཡུལ་ལ་སོགས་པ་དག་གིས་ཐ་མི་དད་དེ། བུམ་པའི་ཡུལ་དང་རང་བཞིན་གང་ཡིན་པ་དེ་ཉིད་གཟུགས་ལ་ སོགས་པ་རྣམས་ཀྱི་ཡིན་ནོ། །གྲངས་ལ་སོགས་པ་དག་གིས་ནི་བུམ་པ་ལ་སོགས་པ་ལས་དེ་དག་ཐ་དད་པ་ཡིན་ཏེ། འདི་ལྟར་བུམ་པ་ནི་གཅིག་ཡིན་ལ། གཟུགས་ལ་སོགས་པ་ནི་མང་པོ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཐ་དད་པའོ། །བུམ་པ་ལ་སོགས་པའི་རྫས་ནི་རྗེས་སུ་འཇུག་པའི་མཚན་ཉིད་ཡིན་ནོ། ། གཟུགས་ལ་སོགས་པའི་རྣམ་གྲངས་ནི་ལྡོག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའོ། །བུམ་པས་ཆུ་ལེན་པའི་བྱ་བ་བྱེད་ལ། གཟུགས་ལ་སོགས་པ་ནི་གོས་དམར་པོ་ལ་སོགས་པ་ཞེས་བྱ་བ་ནི་འབྲས་བུ་ཐ་དད་པའོ། །དེ་བཞིན་དུ་སེམས་པ་ཅན་གྱི་བདག་ཉིད་ཀྱི་བདག་གི་རྫས་དང་། བདེ་ བ་དང་། སྡུག་བསྔལ་ལ་སོགས་པ་རྣམ་གྲངས་དག་ལ་ཡང་སྦྱར་བར་བྱའོ། །འབྲས་བུ་ཐ་དད་པ་ནི་འདི་ལྟར་རྟོགས་པར་བྱ་སྟེ། སེམས་པ་ཅན་གྱིས་ནི་དོན་ཉམས་སུ་མྱོང་བར་བྱེད་ལ། བདེ་བ་ལ་སོགས་པ་ནི་ཕན་པ་དང་གནོད་པ་ཡིན་ནོ་ཞེས་བརྗོད་དོ། །དེ་སྟོན་པ་ནི། གཟུགས་སོགས་བུམ་པ་ཞེས་བྱ་བ་ ལ་སོགས་པ་སྟེ། གྲངས་དང་མིང་ནི་ཐ་དད་ཉིད། །ཅེས་བྱ་བ་ནི་རྫས་དང་རྣམ་གྲངས་དག་ཅེས་འཆད་པར་འགྱུར་བ་དང་འབྲེལ་ཞིང་། འབྲས་བུ་རྗེས་འཇུག་ལྡོག་པ་དག །མཚན་ཉིད་དོན་གྱི་ཐ་དད་ཉིད། །ཅེས་བྱ་བ་ནི་ཅི་རིགས་སུ་སྦྱར་བར་བྱ་སྟེ། འབྲས་བུའི་ཐ་དད་པ་སྟེ་དོན་གྱི་ཐ་དད་པ་ཉིད་དང་། རྗེས་སུ་འཇུག་པ་དང་ལྡོག་པ་དག་ནི་མཚན་ཉིད་ཐ་དད་པའོ་ཞེས་སྦྱར་བར་བྱའོ། །རྫས་དང་རྣམ་གྲངས་དག་ཅེས་བྱ་བ་འདིར་བཅད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་མཇུག་སྡུད་པར་བྱེད་དོ། །དེ་ལྟར་བྱས་ན་རྫས་ནི་གཅིག་ཏུ་ཁྱད་པར་མེད་པ་མ་ཡིན་གྱི། འོན་ཀྱང་རྣམ་གྲངས་ ཀྱི་ངོ་བོ་ཐ་དད་པས་ཁྱད་པར་དུ་འགྱུར་བ་ཡིན་ཏེ། དེས་ན་རྣམ་གྲངས་དག་ལས་རྫས་གཅིག་ཏུ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ན། །རང་བཞིན་དབྱེར་མེད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་རྫས་དང་རྣམ་གྲངས་དག་ཐ་མི་དད་པར་ཁས་ལེན་པར་བྱེད་ན་ དེའི་ཚེ་བདག་ཉིད་ཐམས་ཅད་ཀྱིས་ཐ་མི་དད་པ་ཡིན་དུ་ཆུག་མོད། དེ་ལས་བཟློག་པ་ཐ་དད་པར་ཇི་ལྟར་འགྱུར། གཅིག་ལ་གཅིག་གི་ཆོ་སྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བ་རེགས་པ་མ་ཡིན་ཏེ། འདི་ལྟར་གཅིག་ཅེས་བྱ་བ་འདིས་ཐ་དད་པ་བཀག་པ་མེད་ན་མི་འབྱུང་བའི་རང་བཞིན་ཐ་དད་པ་བརྗོད་ དོ། །རང་བཞིན་ཐ་མི་དད་པ་དེ་ཡིན་ན་དེ་ཉིད་ཀ