Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 17 / 25 (50.000 ký tự/trang)
་གལ་ཏེ་གང་ཡང་རུང་བ་ཅིག་འཇིག་པའམ་རྣམ་པར་འགྱུར་བར་གྱུར་པ་ན་ཡང་དེའི་ཚེ་འབྲས་བུ་ཡང་འཇིག་པའམ། རྣམ་པར་འགྱུར་བར་འགྱུར་ཏེ།
དེའི་ཕྱིར་སྒྲོན་མ་དང་མིག་ལ་སོགས་པ་རྒྱུའི་ཚོགས་པའི་རྒྱུན་གྱིས་རྣམ་པར་རེག་པ་དག་ནི་སྐད་ཅིག་རེ་རེ་ལ་སོགས་པ་ཡོད་པ་དང་མེད་པ་དང་འགྱུར་བ་ལ་ལྟོས་པ་ཡིན་ཏེ་རང་གི་རྒྱུ་ཙམ་ལ་རག་ལས་ཏེ་འབྱུང་བ་དག་ནི་མ་ཡིན་ནོ། །དེ་ལ་རྒྱུ་དང་བཅས་པའི་འབྲས་བུའི་ངོ་བོ་དང་པོ་དེ་དང་མི་འདྲ་
པ་ལས་འབྱུང་ལ། གཉིས་པ་ལ་སོགས་པ་དག་ཏུ་ནི་རང་དང་མཚུངས་པའི་དངོས་པོ་གཞན་ཁོ་ན་ལས་ཡིན་ནོ། །སྐད་ཅིག་ཙམ་འབྱུང་བ་ནི་སྐད་ཅིག་དང་པོ་ཅི་འདྲ་བ་ཞིག་ལས་བྱུང་བ་དེ་འདྲ་བ་ཉིད་ལས་སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་ཡང་ངོ་། །དེའི་ཕྱིར་གལ་ཏེ་རྣམ་པར་ཤེས་པ་ཡང་དང་པོར་
སྐྱེ་བ་ན། འགའ་ཞིག་ལས་སྐྱེ་བར་འགྱུར་ལ། ཕྱི་ནས་རྒྱུན་ལས་སྐྱེ་བ་ཅན་གྱི་འབྲས་བུར་གྱུར་པ་ཞིག་ཡིན་ན་ནི་འདི་དང་པོར་བྱུང་བ་ལས་ཡིན་ལ། ཕྱིས་རྣམ་པར་ཤེས་པ་དག་ལས་བྱུང་བ་ཅན་ཡིན་ལ་རག་ན། གང་གི་ཕྱིར་འབྲས་བུ་འདི་དག་ནི་སྐད་ཅིག་མ་ཡིན་ནོ། །འདི་ལྟར་རེ་ཞིག་མིག་ལ་
སོགས་པའི་རྒྱུའི་ཚོགས་པ་ལ་རག་ལས་ཏེ་བྱུང་ཞིང་སྐད་ཅིག་རེ་རེ་སྐྱེད་པར་བྱེད་པའི་ཚོགས་པ་ཉེ་བར་རེག་པ་ཅན་སྐད་ཅིག་ཙམ་གནས་པའི་རྣམ་པར་རིག་པ་ལྔ་པོ་དག་ནི་རྒྱུན་རྗེས་སུ་འབྲེལ་པར་ནུས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་རྒྱུན་གནས་པ་ནི་མ་ཡིན་གྱི་འོན་ཀྱང་སྐད་ཅིག་ཙམ་
འབྱུང་ངོ་ཞེས་བྱ་བར་ངེས་ཏེ། གང་གི་ཕྱིར་འདི་ལྟར་རྒྱུན་གཅིག་གི་ཁོངས་སུ་གཏོགས་པའི་ས་བོན་དང་མྱུ་གུ་དག་གམ་འབྲས་བུའི་ཐ་དད་པ་ནི་རྒྱུ་ལ་རག་ལས་པ་དེ་བཞིན་དུ་རྒྱུད་གཅིག་གི་རྣམ་པར་ཤེས་པའི་ཁོངས་སུ་གཏོགས་པ་སྔོན་པོ་དང་། མངར་བ་དང་། གཟུགས་ལ་སོགས་

པའི་སྣང་བ་དང་རྗེས་སུ་འབྲེལ་པའི་སྔོན་པོ་སྣང་བའི་རྣམ་པར་རྟོག་པ་ནི་རྒྱུ་ཐ་དད་པའི་ཕྱིར་རྒྱུ་ཐ་དད་པ་ལ་ལྟོས་སོ། །དེ་ལ་དེའི་རྒྱུ་ཡོངས་སུ་རྟོག་པ་ན་ཇི་ལྟར་དུ་བའི་རྒྱུན་སྐྱེ་བའི་རྒྱུ་མེ་ཡིན་པ་དེ་བཞིན་དུ་སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་པའི་རྣམ་པར་རྟོག་པ་དེ་ལ་ནི་རྒྱུ་ཅུང་
ཟད་ཀྱང་མ་མཐོང་ངོ་། །གང་ལ་རྒྱུན་གྱི་རྒྱུ་དག་འབྲས་བུ་གསལ་བའི་རང་བཞིན་གྱི་ཁྱད་པར་རྣམ་པར་གཞག་པའི་རྒྱུ་མཚན་དུ་འགྱུར་བར་འདོད་པ་ཇི་ལྟ་བུར་བུམ་པ་ནི་འཇིམ་པ་ལས་དེའི་བདག་ཉིད་དང་། རྫ་མཁན་ལས་དབྱིབས་ཀྱི་ཁྱད་པར་དང་། དེ་དག་ལས་གཞན་པ་རྣམས་ལས་ནི་
རང་བཞིན་གཞན་རྣམས་འབྱུང་བར་རྟོགས་པ་དེ་བཞིན་དུ་རྣམ་པར་རྟོག་པའི་ཤེས་པའི་རྒྱུན་ལ་ཡང་རྒྱུན་གྱི་རྒྱུའི་སྟོབས་ལས་རང་བཞིན་ཐ་དད་པ་རྣམས་རྣམ་པར་གཞག་པར་བྱ་དགོས་ན། སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པ་དེ་ལ་ཡང་རྣམ་པར་ཤེས་པ་ཙམ་ཞིག་རྒྱུར་
བརྗོད་པར་མི་ནུས་ཏེ། རྣམ་པར་ཤེས་པ་ཙམ་ཁྱད་པར་མེད་པས་རྣམ་པར་ཤེས་པའི་ཚོགས་མཐའ་དག་ཅིག་ཅར་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔོན་པོར་སྣང་བ་ལས་སྔོན་པོར་སྣང་བ་ཕྱི་མ་འབྱུང་ངོ་ཞེ་ན། སྔོན་པོ་ལ་སོགས་པའི་ཁྱད་པར་ཅན་གྱི་རྣམ་པར་ཤེས་པ་ཡང་རྒྱུའི་དངོས་
པོར་ཡོངས་སུ་བརྟག་པ་མ་ཡིན་ཏེ། རྒྱུའི་དངོས་པོར་ཇི་ལྟར་བརྟགས་པ་ལྟར་འཁྲུལ་པ་དང་ལྡན་པར་སྣང་བའི་ཕྱིར་རོ། །འདི་ལྟར་སྔོན་པོའི་རྣམ་པའི་ཁྱད་པར་ཅན་གྱི་བློའི་ངོ་བོ་ནི་སྣང་བ་གང་ཞིག་ལས་སྐྱེ་བཞིན་པ་མཐོང་བ་དེ་ཉིད་གཞན་གྱི་ཚེ་སྣང་བ་གཞན་དང་འབྲེལ་པའི་ཤེས་པ་ལས་
འབྱུང་ན། རྒྱུན་གྱི་རྒྱུ་རྣམས་ནི་འཁྲུལ་པ་ཅན་དུ་མ་མཐོང་ངོ་། །གང་གི་ཕྱིར་རྒྱུའི་བྱེ་བྲག་ལ་རག་ལས་པའི་ཁྱད་པར་ཅན་གྱི་འབྲས་བུའི་གསལ་བ་ཐམས་ཅད་ནི་འཇིག་རྟེན་པའི་ཐ་སྙད་སྒྲུབ་པར་བྱེད་དེ། དེའི་ཕྱིར་རྒྱུ་ཐ་དད་པ་མེད་པ་ན་ཐ་དད་པ་དང་རྗེས་སུ་འབྲེལ་པར་འགྱུར་ཞིང་། རྒྱུ་ཐ་དད་ཡོད་ན་
ཡང་ཐ་དད་པ་དང་འབྲེལ་པ་སྤངས་པའི་གསལ་བ་དག་ནི་རྒྱུ་དང་ལྡན་པ་ལས་འདས་པ་ཡིན་ནོ། །གང་དག་གི་ཐ་དད་པ་དང་ཐ་མི་དད་པ་ལས་དངོས་པོའི་རང་བཞིན་ཐ་དད་པ་མ་ཡིན་པ་དེ་དག་ནི་རྒྱུ་དང་འབྲེལ་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་

རོ། །དེ་ལྟ་ཡིན་དང་དངོས་པོ་རྣམས་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ལ། དེ་ཡང་མངོན་སུམ་གྱིས་བསལ་བ་ཡིན་ནོ། །དེའི་ཕྱིར་འབྲས་བུ་རྣམས་ཀྱི་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་ནི་རྒྱུའི་ཐ་དད་པ་དང་ཐ་མི་དད་པའི་རྒྱུ་མཚན་ཅན་ཡིན་ནོ། །དེ་ལྟར་ན་ནི་རྣམ་པ་
ཐ་དད་པ་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་ནི་ངེས་པའི་རྒྱུ་ཐ་དད་པ་ཅན་དུ་འགྱུར་བར་འོས་ན་ངེས་པའི་རྒྱུ་ཡང་མ་མཐོང་སྟེ། དེའི་ཕྱིར་རྒྱུར་ངེས་པ་མེད་དོ། །གལ་ཏེ་བག་ཆགས་ཡོངས་སུ་སྨིན་པ་དང་རྗེས་སུ་འབྲེལ་པའི་རྣམ་པར་ཤེས་པ་ངེས་པའི་རྒྱུར་འདོད་ན་ནི་དེའི་ཚེ་སྐད་ཅིག་
ཙམ་འབྱུང་བའི་འབྲས་བུའི་རྒྱུ་ཡིན་ཏེ། གང་གི་ཕྱིར་འབྲས་བུའི་ཁྱད་པར་མ་མཐོང་བ་ལས་ངེས་པའི་ངོ་བོ་ཅན་གྱི་ནུས་པའི་རང་བཞིན་ནི་བག་ཆགས་ཡོངས་སུ་སྨིན་པ་ཡིན་ལ། དེ་ཡང་སྐད་ཅིག་དང་པོར་བྱུང་བའི་སྔོན་པོར་སྣང་བའི་ཤེས་པའི་སྔོན་རོལ་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་
ལས་ཇི་ལྟར་རྟོག་པ་དེ་བཞིན་དུ་སྔོན་པོའི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པ་ཕྱི་མ་ཕྱི་མ་མཐོང་བ་ལས་སྔ་མ་སྔ་མ་ཁོང་དུ་ཆུད་པར་ནུས་སོ། །ཇི་ལྟར་སྐད་ཅིག་དང་པོ་ལ་སྔོན་པོ་ཉམས་སུ་མྱོང་བས་བསྐྱེད་པའི་ནུས་པའི་ངོ་བོ་བག་ཆགས་འབྲས་བུ་ལ་མངོན་དུ་ཕྱོགས་པ་
ལས་སྔོན་པོའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་བ་དེ་བཞིན་དུ་དེ་ཁྱད་པར་མེད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་དག་ཏུ་ཡང་རྣམ་པ་མཚུངས་པའི་རྣམ་པར་རྟོག་པ་ནི་མངོན་སུམ་དུ་ཕྱོགས་པའི་བག་ཆགས་ཀྱི་རྒྱུ་ཅན་དག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་རེ་རེ་ལ་བག་ཆགས་ཡོངས་
སུ་སྨིན་པ་ལ་ལྟོས་པ་ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་སྒྲོན་མ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་བཞིན་དུ་སྐད་ཅིག་ཙམ་འབྱུང་ཞིང་རྒྱུན་རྗེས་སུ་འབྲེལ་བ་ཡིན་ནོ། །སྔར་སྐྱེས་པའི་ཉམས་སུ་མྱོང་བ་ནུས་པའི་ཁྱད་པར་སྐྱེ་བ་ལ་རག་ལས་པ་ཅན་གྱི་བློ་ནི་བག་ཆགས་རབ་ཏུ་སད་
པ་མེད་པར་སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་འབྱུང་ངོ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་གསལ་བར་མི་ནུས་སོ། །སྔར་ཉམས་སུ་མྱོང་བ་ཅན་གྱི་ནུས་པ་སད་པ་ན་འབྱུང་བ་ནི་དེ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་སྐད་ཅིག་རེ་རེ་ལ་མཐོང་བས་སྐྱེད་པའི་ནུས་པ་སད་པའི་ཉེ་བར་སྦྱོར་བ་ལ་ལྟོས་པ་

ཅན་གྱི་རྣམ་པར་རྟོག་པ་རྣམས་ནི་སྐད་ཅིག་ཙམ་ཉུང་ཟད་གནས་པ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གང་ཞིག་རྒྱུན་ལ་མི་ལྟོས་པ་ཅན་དེ་ནི་སྐད་ཅིག་མའི་འབྲས་བུར་བརྗོད་པར་ཡང་ནུས་ཏེ་དཔེར་ན་སྒྲོན་མེ་བཞིན་ནོ། །རྣམ་པར་རྟོག་པ་རྣམས་ཀྱང་རྒྱུན་གྱི་རྒྱུ་ལ་མི་ལྟོས་པ་ཡིན་ནོ། །འབྲས་
བུ་གང་ཞིག་གང་ལས་འབྱུང་བ་མཐོང་བ་དེ་ནི་དེ་ལས་གཞན་ལས་མི་འབྱུང་སྟེ། དཔེར་ན་སཱ་ལུའི་ས་བོན་ལས་འབྱུང་བར་མཐོང་བའི་སཱ་ལུའི་མྱུ་གུ་དེ་ནི་དེ་ལས་གཞན་ལས་མི་འབྱུང་བ་དེ་བཞིན་དུ་བག་ཆགས་ཡོངས་སུ་སྨིན་པ་དང་ལྡན་པའི་རྣམ་པར་ཤེས་པ་ལས་འབྱུང་བར་མཐོང་བའི་ཤེས་པ་ནི་གཞན་
འབྱུང་བ་བཞི་པོ་དག་ལས་མི་འབྱུང་ངོ་། །རྒྱུའི་ཁྱད་པར་འགའ་ཞིག་ལས་འབྱུང་བ་ལས་ནི་རྒྱུ་དང་ལྡན་པའི་སྤྱིས་ཁྱབ་ལ། མཐོང་བའི་རྒྱུ་དང་རིགས་མི་མཐུན་པ་ལས་འབྱུང་བ་ནི་རྒྱུ་དང་ལྡན་པ་ཁྱབ་བྱེད་ཉིད་དུ་མི་འགྱུར་བའི་ཕྱིར་རྒྱུའི་ཁྱད་པར་འགའ་ཞིག་ལས་ཇི་ལྟར་འབྱུང་བར་འགྱུར། དེའི་ཕྱིར་
མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་ཁྱད་པར་ཅན་གྱི་རྒྱུ་དང་ལྡན་པ་ཉིད་ཀྱིས་ཁྱབ་པོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་དམིགས་པའོ། །བློ་གཞན་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན་ཡང་བུའི་བློ་ནི་མའི་བློ་ལས་རབ་ཏུ་སྐྱེ་བ་ཅན་ཡིན་ནོ་ཞེས་གང་སྨྲ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཤེས་རབ་
ཕུལ་དུ་བྱུང་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྔར་གྱི་གོམས་པའི་རྒྱུ་ཅན་དུ་འགྱུར་ཞིང་གཞན་གྱི་རྒྱུ་ཅན་དུ་བརྟགས་པར་མི་ནུས་སོ། །མ་གཅིག་ལས་སྐྱེས་ཤིང་གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་ལ་མངོན་པར་སྦྱོར་བ་དང་བཅས་པར་འདོད་པ་དག་ལས་གཅིག་ནི་ཤེས་རབ་ཕུལ་
དུ་བྱུང་བ་ཡིན་ལ། གཞན་ནི་མ་ཡིན་ནོ། །མ་ལ་ཡོད་པའི་གོམས་པ་ནི་གཉི་ག་ལ་ཁྱད་པར་མེད་དེ། དེ་ནི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་རྒྱུད་སོ་སོ་ལ་ཤེས་རབ་ཕུལ་དུ་བྱུང་བའི་ཤེས་པའི་བདག་ཉིད་ཅན་གྱི་གོམས་པ་ནི་ཐ་དད་པའི་ཕྱིར་གཉི་ག་ཡང་རྒྱུད་ཐ་དད་པ་དང་ལྡན་
པར་གྲུབ་བོ། །དྲོད་གཤེར་ལས་སྐྱེས་པ་ལ་སོགས་པའི་སྲོག་ཆགས་ཀྱི་རབ་ཏུ་སྐྱེ་བ་ལ་ནི་མའི་བློ་རྒྱུར་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་གི་རྒྱུད་རིག་པ་དང་ལྡན་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།གྲོང་ཁྱེར་

ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་ར་སྨིའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བའི་སྐུ་རིང་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པུསྟ་ཀ་
པ་ཋོ་པ་ཡ། བོད་སྐད་དུ། གླེགས་བམ་ཀླག་པའི་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོར་རང་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སྣ་ཚོགས་པདྨ་ཟླ་བ་ལ་གནས་པ་བསམས་ཏེ། དེའི་མདུན་དུ་རང་གིའམ་གཞན་གྱི་ཆེད་གང་ཡིན་ཡང་རུང་སྟེ། ཟླ་བ་
ལ་གནས་པའི་བསྒྲུབ་བྱ་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་བྷྲཱུཾ་ལས་ལྷ་མོ་སངས་རྒྱས་སྤྱན་མ་སེར་མོ་མང་པོ་སྤྲོས་ཏེ། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་བསྒྲུབ་བྱ་ལ་དབང་བསྐུར་བར་བསམས་ལ། དེ་ནས་གླེགས་བམ་ཀླག་པར་བྱའོ། །གླེགས་
བམ་ཀླག་པའི་ཐབས་པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཀྵ་ཎ་བྷ་ག་སིདྡྷི། བོད་སྐད་དུ། སྐད་ཅིག་མ་འཇིག་པ་གྲུབ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་
མའོ་ཞེས་ཁ་ཅིག་གིས་རྟོགས་སོ། །དེ་ལ་འདི་ལ་སྐད་ཅིག་ཡོད་པས་ན་སྐད་ཅིག་དང་འབྲེལ་པའི་དངོས་པོ་ནི་སྐད་ཅིག་མར་བརྗོད་དགོས་ན་སྐད་ཅིག་གི་སྒྲས་བརྗོད་པར་བྱ་བའི་དོན་ནི་ཕ་རོལ་པོ་དག་གིས་རྣམ་པར་གཞག་པར་མི་ནུས་སོ། །དེ་དག་གི་གཞུང་ནི་སྐྱེས་མ་ཐག་ཏུ་འཇིག་པ་ལ་
བརྟེན་པ་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་སྐྱེས་པའི་དོན་ནི་གདོན་མི་ཟ་བར་ཡོད་པ་དེ་འདུ་བའི་དུས་ན་གནས་པ་ཡིན་ཏེ། དེས་ན་སྐྱེས་མ་ཐག་ཏུ་འཇིག་པ་དང་འབྲེལ་པར་བསྒྲུབ་པར་བྱ་བ་ལ་དཔེ་འགའ་ཡང་མི་འཐད་དོ། །ཁྱབ་པ་རབ་ཏུ་བསྒྲུབ་པའི་ཚད་མ་སྟོན་པའི་ཡུལ་གྱི་དཔེ་ནི་སྒྲུབ་
པར་བྱེད་པའི་སྦྱོར་བ་དག་ལ་ངེས་པར་ཉེ་བ་ཡིན་ནོ། །བློ་དང་མེ་ལྕེ་ལ་སོགས་པ་དཔེའི་དངོས་པོར་ཉེ་བར་བླངས་པ་དག་ནི་སྐད་ཅིག་ཙམ་གནས་པར་ཐེ་ཚོམ་ཟ་བས་མངོན་པར་འདོད་པའི་གཏན་ཚིགས་ཀྱིས་ཁྱབ་པ་སྒྲུབ་པའི་ཚད་མ་སྟོན་པར་མི་ནུས་སོ། །དོན་བྱ་བ་བྱེད་པའི་རང་བཞིན་ཡོད་པ་

ཞེས་བྱ་བའི་གཏན་ཚིགས་ཉེ་བར་བཀོད་པ་ནི་སྐད་ཅིག་མ་ཡིན་པ་ལ་ཡང་འཇུག་སྲིད་པའི་ཕྱིར་སྐད་ཅིག་མ་ཉིད་ཀྱི་ཁྱབ་པ་སྒྲུབ་པར་དཀའ་བ་ཁོ་ནའོ། །འདི་ལྟར་དངོས་པོ་སྐད་ཅིག་མ་མ་ཡིན་པ་ཡང་ལྷན་ཅིག་བྱེད་པ་ཉེ་བ་ལ་ལྟོས་ནས་རིམ་གྱིས་འབྲས་བུ་སྐྱེད་པའི་
ནུས་པ་དང་ལྡན་པ་གང་གིས་བཟློག་པར་བྱ་བ་འདི་སྙམ་དུ་ཅུང་ཟད་ཀྱང་མི་བྱེད་པ་ནི་གཞན་གྱིས་ལྟོས་པར་བྱ་བར་མི་འཐད་དོ་སྙམ་ན། དེ་ནི་མི་རིགས་ཏེ། འདི་ལྟར་གཞིག་པར་བྱ་བའི་དངོས་པོར་ཁྱད་པར་སྒྲུབ་པའི་བྱེད་པ་ལ་མི་ལྟོས་ཀྱང་། ཐོ་བ་ལ་སོགས་པ་ཉེ་བས་དེ་ཟློག་པར་བྱེད་
ལ་དེ་དག་ཉེ་བས་ཀྱང་བཟློག་པར་བྱ་བའི་དངོས་པོ་ལ་ཁྱད་པར་འགའ་ཞིག་སྒྲུབ་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འཇིག་པར་བྱེད་པ་ཉིད་དུ་རྟོགས་པ་ལྡོག་པར་བྱེད་པའི་དངོས་པོའི་བྱེད་པ་ནི་བསྙོན་པར་མི་ནུས་སོ། །ཡང་དཔེར་ན་ས་བོན་ལ་སོགས་པ་དག་གཏན་མེད་པར་
མྱུ་གུ་ལ་སོགས་པའི་འདུ་བྱེད་པ་གྲུབ་པར་མི་བྱེད་བཞིན་དུ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་སྒོ་ནས་རྟོགས་པའི་རྒྱུའི་དངོས་པོ་ཉིད་བསྙོན་པར་མི་ནུས་པ་དེ་བཞིན་དུ་ཐོ་བ་ལ་སོགས་པ་དག་ཀྱང་ལྡོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཐོ་བ་ལ་སོགས་པ་དག་དང་ཉེ་བ་དག་ལས་འདྲེས་པ་དང་ཐ་དད་པ་མ་
གྲུབ་ཀྱང་བུམ་པ་ལ་སོགས་པར་འཇིག་པར་བྱེད་པའི་དངོས་པོ་ཉེ་བ་ལ་ལྟོས་ནས་འགག་པ་དེ་བཞིན་དུ་སྐད་ཅིག་མ་མ་ཡིན་པ་ཡང་ཁྱད་པར་སྒྲུབ་པར་བྱེད་པ་མ་ཡིན་པའི་ལྷན་ཅིག་བྱེད་པ་ཉེ་བ་དག་ལས་རང་གི་དོན་བྱ་བ་ལ་འཇུག་གོ། །དེས་ན་གང་ན་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མའོ་
ཞེས་བྱ་བ་ནི་མཐོང་བ་ཕྱོགས་སུ་བྱས་པ་མཐའ་དག་ལ་ཡང་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་ཉིད་ཀྱིས་འདི་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །གཞན་ཡང་གཏན་ཚིགས་འདི་ནི་མ་གྲུབ་པར་ཡང་བསྒྲུབ་པར་ནུས་ཏེ། འདི་ལྟར་མངོན་སུམ་གྱི་ཚད་མས་
རབ་ཏུ་གྲུབ་པའི་དངོས་པོ་རྣམས་ཀྱི་ཡོད་པ་གཏན་ཚིགས་སུ་བྱེད་པ་ན་ཅི་འདྲ་བ་གྲུབ་པ་དེ་འདྲ་བའི་ཁོ་ན་བཟུང་བ་ཡིན་པ་ན་དངོས་པོ་མཐའ་དག་གི་ཡུལ་ཅན་གྱི་ཡོད་པ་ཉིད་ནི་སྐད་ཅིག་མ་མ་ཡིན་པར་རབ་ཏུ་གྲུབ་པོ། །དེ་འདྲ་བ་ནི་སྐད་ཅིག་མ་གྲུབ་པར་འགལ་བའི་ཕྱིར་ནུས་པ་མེད་པས་ཉེ་བར་

དགོད་པར་མི་བྱ་བ་ཁོ་ནའོ། །ཡོད་པ་དག་པ་ཉེ་བར་འགོད་ན་ནི་འགའ་ཡང་ཚད་མ་འགས་ཀྱང་མ་གྲུབ་པས་མ་གྲུབ་པོ། །ཅི་འདྲ་བ་གྲུབ་པ་དེ་འདྲ་བ་ཉེ་བར་འགོད་ན་ནི་སྐད་ཅིག་མ་མ་ཡིན་པའི་རང་བཞིན་གྱིས་ཡོད་པ་བཟུང་བ་ཡིན་ན་དེ་ནི་སྐད་ཅིག་མར་འགལ་ལོ་ཞེས་སྔར་བསྟན་པ་ཁོ་ནའོ། །
དེ་བཞིན་དུ་མཐོང་བའི་དོན་གྱི་ཚོགས་དང་འབྲེལ་པའི་སྐད་ཅིག་མ་ཉིད་བསྒྲུབ་པར་བྱ་བ་ཡིན་ན་མངོན་སུམ་གྱིས་གནོད་དོ། །འདི་ལྟར་དབང་པོའི་བྱེད་པའི་རྗེས་སུ་བྱེད་པ་སྣང་བཞིན་པའི་གསལ་བའི་ཚོགས་ལ་འདུ་བ་ཐ་མི་དད་པའི་རང་བཞིན་འཛིན་པའི་རྟོགས་པ་བ་ལང་ཞེས་བྱ་བ་དེ་ལྟ་བུའི་
རྣམ་པ་ཅན་སྐྱེ་བ་ནི་སྐད་ཅིག་མར་སྨྲ་བ་ལ་གནོད་དོ། །དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་མེད་པས་དེ་ལས་གཞན་པའི་དབང་པོ་ལས་སྐྱེས་པ་ལས་ཁྱད་པར་མེད་པར་རྟོགས་པ་འདི་དག་མངོན་སུམ་མ་ཡིན་པར་ནི་རྟོག་པར་མི་འཐད་དོ། །དེ་བཞིན་དུ་ཕྱིའི་དོན་དེའི་ཉེ་བ་ལྟོས་པའི་རང་བཞིན་ཡིན་པའི་
ཕྱིར་དོན་མེད་པར་ཡང་བརྟག་པར་མི་ནུས་སོ། །ཇི་ལྟར་མདུན་ན་གནས་པ་སྔོན་པོ་ལ་སོགས་པ་ཙམ་གྱིས་སྐྱེས་པའི་རྣམ་པའི་རྗེས་སུ་བྱེད་པ་ཅན་མིག་ལ་སོགས་པའི་ཤེས་པ་དག་མེད་པའི་དོན་འཛིན་པར་བྱེད་པ་ལ། བརྟེན་པ་མ་ཡིན་པ་དེ་བཞིན་དུ་གསལ་བ་ཡོད་ན་འབྱུང་བ་དང་དེ་ལ་ཐ་མི་དད་པའི་
རྣམ་པའི་རྗེས་སུ་བྱེད་པའི་རྟོག་པ་འདི་དག་ཀྱང་གསལ་བ་ལ་འདུ་བ་ཐ་མི་དད་པའི་རང་བཞིན་འཛིན་པའི་ཕྱིར་དོན་མེད་པ་ཅན་མ་ཡིན་ནོ། །དེས་ན་དབང་པོའི་རྗེས་སུ་བྱེད་པ་དང་ཉེ་བའི་དོན་འཛིན་པས་ན་མངོན་སུམ་དུ་གྱུར་པ་ནི་སྐད་ཅིག་མར་སྨྲ་བ་ལ་གནོད་དོ། །དེ་བཞིན་དུ་འདི་ལ་ནི་རྗེས་སུ་དཔག་པས་
གནོད་པས་སྒྲུབ་པར་ནུས་སོ། །འདི་ལྟར་གང་ལ་ཤིན་ཏུ་ཐ་དད་པ་སྲིད་པ་དེ་ལ་ནི་དྲན་པ་དང་ངོ་ཤེས་པ་ལ་སོགས་པ་མི་སྲིད་པར་མཐོང་སྟེ། ལྷ་སྦྱིན་མཐོང་བ་དང་ལྡན་པ་ནི་མཆོད་སྦྱིན་ལ་དེ་ཉིད་ཡིན་ནོ་ཞེས་ངོ་ཤེས་པ་མ་ཡིན་ལ་མཐོང་བར་བྱེད་པས་གཞན་དུ་གྱུར་ན་ཡང་ངས་སྔར་མཐོང་བ་ནི་དེ་ཡིན་ནོ་ཞེས་
གཞན་གྱི་དྲན་པ་མ་ཡིན་ནོ། །དེ་ལ་དངོས་པོ་རྣམས་སྐད་ཅིག་མ་ཉིད་ཡིན་ན་སྔར་གང་མཐོང་བ་དང་གང་ཡང་ཕྱིས་མཐོང་བ་དེ་གཉིས་ལྷ་སྦྱིན་དང་། མཆོད་སྦྱིན་བཞིན་དུ་ཤིན་ཏུ་ཐ་དད་པའི་ཕྱིར། ངོ་ཤེས་པའི་ཡུལ་གྱི་དངོས་པོར་མི་འགྱུར་ལ། ལྟ་བ་དང་ངོ་ཤེས་པར་བྱེད་པ་དག་ཐ་དད་པའི་ཕྱིར། ངོ་ཤེས་

པའི་རྟོགས་པ་ཡང་མི་སྐྱེ་བར་འགྱུར་ཏེ། ལྷ་སྦྱིན་དང་མཆོད་སྦྱིན་གཉིས་བཞིན་ནོ། །དེའི་ཕྱིར་གང་ངོ་ཤེས་པ་དང་། གང་གིས་ངོ་ཤེས་པ་དེ་ནི་ཡུལ་གཅིག་ཉིད་དུ་དོན་གྱིས་རྟོགས་པར་བྱའོ། །དེས་ན་འདིར་ཐ་དད་པ་ནི་ངོ་ཤེས་པའི་ཡུལ་མ་ཡིན་པས་ཁྱབ་པ་དེ་དང་འགལ་བ་ནི་ངོ་
ཤེས་པའི་ཡུལ་ཉིད་ཡིན་ཏེ། དེས་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པས་ཐ་དད་པ་སེལ་ཏོ། །དེས་ན་ཚད་མའི་དོན་ནི་འདི་ཡིན་ཏེ། གང་ངོ་ཤེས་པའི་ཡུལ་ཡིན་པ་དེ་ནི་ཐ་དད་པ་མ་ཡིན་ཏེ། དཔེར་ན་རྟོགས་པ་པོ་དག་གིས་ཅིག་ཅར་མཐོང་བའི་དོན་གྱི་བདག་ཉིད་ཁྱོད་ཀྱིས་མཐོང་བ་གང་ཡིན་པ་དེ་
ཉིད་ནི་ངས་མཐོང་བ་འདི་ཡིན་ནོ་ཞེས་ངོ་ཤེས་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་འགའ་ཞིག་ཀྱང་ངོ་ཤེས་པར་གྱུར་པ་ཡིན་ཏེ། དེས་ན་དེ་དག་ལ་སྐད་ཅིག་མའི་མཚན་ཉིད་ཐ་དད་པ་མེད་དོ། །དེས་ན་དེ་ལྟར་རྗེས་སུ་དཔག་པས་རབ་ཏུ་གྲུབ་པའི་གཅིག་ཉིད་ནི་སྐད་ཅིག་མ་ཉིད་ཀྱི་བདག་ཉིད་ཅན་
དུ་མ་ཉིད་ལ་གནོད་པར་ནུས་པ་ཁོ་ནའོ། །ངོ་ཤེས་པ་པོ་ལ་ལྟོས་པའི་ཚད་མ་ཡང་རྗེས་སུ་རྟོགས་པར་བྱའོ། །དེ་བཞིན་དུ་བཅོལ་བ་དང་བསྒྲོས་པ་དང་སྨྲས་པ་ལ་སོགས་པ་དག་ལ་ཡང་དྲན་པ་མཐོང་བ་ན་སྔར་བཤད་པའི་ཚུལ་གྱིས་དྲན་པར་བྱེད་པའི་གཅིག་ཉིད་སྟོན་པར་བྱེད་པ་ཁོ་ན་ཡིན་པས་
སྐད་ཅིག་མས་བྱས་པའི་དུ་མ་ལ་གནོད་པ་ཉིད་དོ། །དེས་ན་དེ་ལྟར་སྐད་ཅིག་མ་ཉིད་ལ་ནི་སྒྲུབ་པར་བྱེད་པ་མངོན་སུམ་མེད་ལ་རྗེས་སུ་དཔག་པ་ཡང་མེད་ཅིང་གནོད་པར་བྱེད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ཡོད་པ་ཡིན་ནོ། །འགྲོ་བ་མཐའ་དག་གི་གྲགས་པས་ཀྱང་དངོས་པོ་རྣམས་དུས་ཅུང་ཟད་
གནས་པ་ཡིན་པས་གྲགས་པས་ཀྱང་གནོད་དོ། །དེས་ན་སྐད་ཅིག་མ་ཉིད་ནི་སྒྲུབ་པར་མི་ནུས་སོ་ཞེ་ན། འདི་ལ་ལན་ཉོན་ཅིག །དོན་གང་ཞིག་སྐད་ཅིག་གི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་འགྱུར་བའི་དོན་དེ་ཉིད་མི་ཤེས་སོ་ཞེས་གང་བརྗོད་པ་དེ་ནི་མི་རིགས་སོ། །གང་གི་ཕྱིར་འཇིག་རྟེན་དང་སྐར་མ་
ཤེས་པའི་གཙུག་ལག་དག་ཏུ་སྐད་ཅིག་གི་སྒྲ་དུས་སུ་ཅུང་ཟད་བརྗོད་པར་རྟོགས་པར་རབ་ཏུ་སྦྱོར་བ་ཡིན་ཏེ། འདི་ལྟར་སྐད་ཅིག་གཅིག་སྡོད་ཅིག་ཅེས་སྨྲ་བ་ཡིན་ནོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཞེས་བྱ་བ་ཡང་དུས་ཅུང་ཟད་བརྗོད་པར་རྟོགས་པ་སྐད་ཅིག་གིས་སྨྲ་བ་ཡིན་ནོ། །དེས་ན་བསྟན་བཅོས་

གཞན་དག་གི་རྟོགས་པའི་རྗེས་སུ་འབྲངས་པ་དང་འཇིག་རྟེན་པའི་རྟོགས་པའི་རྗེས་སུ་ཞུགས་ནས་སྐད་ཅིག་གི་སྒྲ་དུས་ཅུང་ཟད་བརྗོད་པ་ཡིན་ནོ། །དུས་གང་ལ་སྔ་ཕྱིའི་རྣམ་པར་དབྱེ་བ་རྣམ་པར་གཞག་པར་མི་ནུས་པ་དེ་ནི་སྔ་ཕྱིའི་ཆ་གཉིས་དང་བྲལ་བ་སྐད་ཅིག་ཅེས་བྱའོ། །དུས་གང་ལ་དུས་ཀྱི་རྣམ་པར་
དབྱེ་བ་ཡོད་པ་ནི་རྣམ་པར་དབྱེ་བའི་དུས་ལ་ལྟོས་ཏེ་ཤིན་ཏུ་ཆུང་བ་བརྗོད་མི་ནུས་སོ། །དུས་ཤིན་ཏུ་ཆུང་བ་ཡིན་པའི་ཕྱིར་ན་དུས་ཤིན་ཏུ་ཆུང་བ་བརྗོད་པ་སྐད་ཅིག་གི་སྒྲ་ནི་སྔ་ཕྱི་དབེན་པའི་དུས་ཉིད་ལ་འཇུག་པར་ལྟའོ། །དེས་ན་སྐད་ཅིག་གི་སྒྲ་ནི་ཚིག་གི་དོན་ཤེས་པ་ཅན་ཉིད་དོ། །སྐད་ཅིག་མ་ཉིད་
བསྒྲུབ་པར་བྱ་བ་ལ་དཔེ་མི་སྲིད་དོ་ཞེས་གང་སྨྲས་པ་དེ་ལ་ཡང་བརྗོད་པར་བྱའོ། །འདི་ལ་དཔེ་ནི་ཡོད་ཀྱང་ཆོས་མཐུན་པ་ཙམ་འབའ་ཞིག་གིས་དངོས་པོ་གཞན་དག་དེའི་རང་བཞིན་དུ་འགྱུར་བ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེས་ན་ཁྱབ་པ་སྒྲུབ་པའི་ཚད་མས་བསྒྲུབ་བྱ་དང་སྒྲུབ་བྱེད་དག་
ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོར་བསྟན་པར་བྱ་བ་ཡིན་ནོ། །ཁྱབ་པ་རབ་ཏུ་སྒྲུབ་པའི་སྒྲུབ་བྱེད་བསྟན་པ་ན་ནི་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་དེས་ན་གལ་ཏེ་ཡང་དཔེ་ལ་སྐད་ཅིག་མར་འཇིག་པ་དེ་ལྟ་ན་ཡང་ཁྱབ་པ་རབ་ཏུ་སྒྲུབ་པའི་ཚད་མར་རབ་ཏུ་བསྟན་པ་ཉིད་ལས་སྐད་
ཅིག་མར་འཇིག་པར་གྲུབ་པོ། །གལ་ཏེ་དེ་ལྟར་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་ཁྱབ་པའི་སྒྲུབ་པའི་ཚད་མས་སྐད་ཅིག་མ་ཉིད་དུ་སྒྲུབ་ན་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ཉེ་བར་བླངས་པ་དོན་མེད་པར་འགྱུར་རོ་ཞེ་ན། ཆོས་ཅན་ཉིད་ལ་ཁྱབ་པར་སྒྲུབ་པར་བྱེད་པའི་ཚད་མ་རབ་ཏུ་བསྟན་
པར་ནི་མི་ནུས་པ་མ་ཡིན་ཏེ། འདི་ལྟར་ཁྱབ་པ་སྒྲུབ་པའི་ཚད་མ་ནི་འདི་ལྟར་བསྟན་པར་བྱ་སྟེ། གལ་ཏེ་སྒྲ་རྟག་པར་གྱུར་ན་རིམ་དང་ཅིག་ཅར་དག་གིས་དོན་བྱ་བ་ལ་ཉེ་བར་སྦྱོར་བར་མི་འགྱུར་རོ་ཞེས་སོ། །འདི་ལ་ནི་ཕ་རོལ་པོས་ཀྱང་ཇི་ལྟར་བུམ་པ་སྐད་ཅིག་མ་མ་ཡིན་ཡང་རིམ་དང་ཅིག་
ཅར་དག་གིས་མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པར་ནུས་པ་དེ་བཞིན་དུ་སྒྲ་ཡང་འགྱུར་རོ་ཞེས་བརྗོད་པར་ནུས་སོ། །འདི་ལ་ཡང་ལན། བུམ་པ་ཡང་ངས་གནོད་པར་བྱེད་པའི་ཚད་མའི་ཡུལ་དུ་བྱས་པ་ཉིད་དོ་ཞེས་བརྗོད་དགོས་སོ། །དེས་ན་རྣམ་གྲངས་འདིས་ཕ་རོལ་གྱི་ཉེ་བར་

བཀོད་པ་མཐོང་བའི་དངོས་པོ་མཐའ་དག་རྒོལ་བས་གནོད་པར་བྱེད་པའི་ཚད་མའི་ཡུལ་དུ་བྱ་བ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་དངོས་པོ་འགའ་ཞིག་སྐད་ཅིག་མ་མ་ཡིན་པར་རིམ་དང་ཅིག་ཅར་གྱི་དོན་བྱེད་པར་ནུས་པ་དེ་བཞིན་སྒྲ་ཡང་ཡིན་ནོ་ཞེས་མ་མཐོང་བ་ཡང་དོགས་
པར་བྱེད་ན་དེ་ལ་ཡང་གལ་ཏེ་འགའ་ཞིག་དེར་གྱུར་ན་སྐད་ཅིག་མ་མ་ཡིན་པ་དེས་ཀྱང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་མི་ནུས་སོ་ཞེས་སྤྱིར་བརྗོད་པར་བྱའོ། །དེས་ན་སྲིད་པར་བྱས་པའི་མ་མཐོང་བ་དེ་ཡང་གནོད་པར་བྱེད་པའི་ཚད་མའི་ཡུལ་ཉིད་དུ་ཁས་བླང་བར་བྱ་བ་ཉིད་དོ། །དེ་ལྟ་ཡིན་པ་དང་
མཐོང་བ་དང་མ་མཐོང་བའི་དངོས་པོ་མཐའ་དག་ལ་ཁྱབ་པ་སྒྲུབ་པའི་ཚད་མ་བསྟན་པར་རྣམ་པར་གནས་པ་ན། གང་དག་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཐ་དད་པའི་དངོས་པོ་དེ་དག་དཔེའི་དངོས་པོ་ལ་བརྟེན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཐ་དད་པ་གང་དག་ལ་གཏན་ཚིགས་ཡོད་པ་དེ་དག་ནི་དཔེ་ཡིན་ཏེ།
བསྒྲུབ་པར་བྱ་བའི་དངོས་པོ་ངེས་པ་ནི་ཁྱབ་པ་སྒྲུབ་པའི་ཚད་མ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མཐའ་དག་གི་ཡུལ་ཅན་ལ་ཁྱབ་པ་སྒྲུབ་པའི་ཚད་མ་སྲིད་ན། འོ་ན་ནི་དེས་ན་ཇི་ལྟར་དཔེ་དག་ལ་བསྒྲུབ་བྱ་ངེས་པར་ཁྱབ་པ་སྒྲུབ་པའི་ཚད་མ་དང་འབྲེལ་པ་དེ་བཞིན་དུ་བསྒྲུབ་བྱའི་ཆོས་
ཅན་ལ་ལ་ཡང་རྗེས་སུ་འགྲོ་ལྡོག་རབ་ཏུ་གྲུབ་པ་དག་ལས་མངོན་པར་འདོད་པ་གྲུབ་པས་ཕྱོགས་ཀྱི་ཆོས་ཉེ་བར་བསྟན་པས་ཅི་བྱ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་དངོས་པོའི་ཚོགས་ནི་མཐའ་ཡས་ལ་ཁྱབ་པ་བསྒྲུབ་པ་ཡང་དངོས་པོ་མཐའ་དག་གི་ཡུལ་ཅན་ཡིན་པ་དེས་ན་སྒྲ་མེད་ཀྱང་བསྒྲུབ་བྱ་སྒྲུབ་
བྱེད་དག་གིས་ཁྱབ་པ་ནི་དངོས་པོ་གཞན་ཉིད་ལས་རབ་ཏུ་གྲུབ་པ་ཁོ་ནའོ། །དེས་ན་ཇི་ལྟར་རི་བོང་གི་རྭ་མེད་པར་ཁྱབ་པ་གྲུབ་པ་དེ་བཞིན་དུ་སྒྲ་མེད་པར་རབ་ཏུ་འགྲུབ་པ་ཉིད་དོ། །དེ་ལས་ཁྱབ་པ་མི་འགྲུབ་པའི་ཕྱིར་ན་སྒྲའི་ཡོད་པ་ནི་ཇི་ལྟར་ཡང་ཕན་འདོགས་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་ལྟ་
ཡིན་དང་ཁྱབ་པ་འགྲུབ་པ་ལ་ཁས་མ་བླངས་པའི་བྱེད་པ་ཅན་སྒྲའི་ཡོད་པ་ཉིད་ནི་ཚད་མ་གཞན་ཁོ་ན་ལས་རྟོགས་པར་བྱ་བ་ཡིན་ནོ། །དེས་ན་ངེས་པ་ཚད་མ་གཞན་ལ་རག་ལས་པ་སྒྲའི་ཡོད་པ་ཉིད་ནི་སྒྲ་མི་རྟག་པར་བསྒྲུབ་པར་ནུས་པའི་ཕྱིར་ཕྱོགས་ཀྱི་ཆོས་ཉེ་བར་བསུ་བར་བྱ་བ་ཁོ་ནའོ། །གཞན་

ཡང་དངོས་པོ་རྣམས་ནི་ཡོད་པ་འདུ་བ་ལ་སོགས་པའི་དུས་ལ་ལྟོས་པ་ཡིན་ནོ་ཞེས་སྨྲས་པ། དེ་ནི་འདུ་བ་ལྟར་རེ་ཞིག་ཞོག་གི་དངོས་པོའི་ཡུལ་མཐའ་དག་སྐད་ཅིག་མར་འཇིག་པ་བསྒྲུབ་པ་ན་རེ་ཞིག་ཡོད་པ་རྟག་པ་ཉིད་ཀྱང་དངོས་པོ་མེད་ཀྱང་དེའི་འདུ་བར་ལྟ་ག་ལ་འགྱུར། ཇི་སྐད་དུ་འདི་ན་ཇི་ལྟར།
གཞིག་པར་བྱ་བའི་འདུ་བྱེད་བསྒྲུབ་པ་ལ་ལྟོས་པ་མེད་ཀྱང་ཐོ་བ་ལ་སོགས་པ་དངོས་པོ་ཟློག་པར་བྱེད་པ་དེ་བཞིན་དུ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ལ་ཁྱད་པར་དུ་བྱེད་པ་མ་ཡིན་པ་ཡང་ལྷན་ཅིག་བྱེད་པའི་རྐྱེན་དག་གིས་དོན་བྱ་བ་དེ་དང་དེ་ལ་ཉེ་བར་སྦྱོར་བར་བྱེད་དོ་ཞེས་སྨྲས་པ་དེ་ཡང་མ་འབྲེལ་
ཏོ། །འདི་ལྟར་རང་གི་རྒྱུ་དག་ལས་སྐྱེས་པའི་ཕྱིར་ཐོ་བ་ལ་སོགས་པ་ཉེ་བས་དངོས་པོ་བདག་ཉིད་ནི་བྱེད་པར་མི་ནུས་སོ། །འཇིག་པ་ཞེས་བྱ་བའི་དངོས་པོ་གཞན་ཞིག་བྱེད་ན་ནི་གཞིག་པར་བྱ་བའི་དངོས་པོ་སྔར་དམིགས་པའི་དོན་བྱེད་པ་ལ་སྦྱོར་བར་རུང་བར་གནས་སྐབས་འཛིན་པའི་འཇིག་
བྱེད་དུ་མི་འཐད་དོ། །འདི་སྙམ་དུ་འོ་ན་ནི་ཐོ་བ་ལ་སོགས་པ་དག་དམིགས་པའི་སྒྲུབ་པའི་རྒྱུ་ཡིན་ནོ་སྙམ་ན། དེ་ཡང་བརྫུན་ཏེ། གང་གི་ཕྱིར་དམིགས་པའི་བདག་ཉིད་ལས་མ་ཉམས་པའི་བུམ་པ་ལ་ནི་སྒྲིབ་པ་ཞེས་བྱ་བ་འགའ་ཡང་མེད་དོ། །དངོས་པོ་རང་གི་ངོ་བོས་དམིགས་པའི་སྤྱོད་ཡུལ་དུ་
གྱུར་པ་ནི་ཇི་སྲིད་རང་བཞིན་དེ་དང་མ་བྲལ་བ་དེ་སྲིད་དུ་ཡུལ་གྱི་དངོས་པོ་དང་མི་འབྲེལ་ལོ། །གྱུར་པ་མ་ཡིན་ན་ནི་ནམ་ཡང་ཡུལ་གྱི་དངོས་པོར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་སྙམ་དུ་གང་ལ་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པའི་གོ་སྐབས་ཡོད་པར་འགྱུར་བ་འཇིག་པའི་
རྒྱུ་དག་གིས་དངོས་པོ་བྱས་པ་ཞེས་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་དངོས་པོ་མེད་པ་ཉིད་དུ་བྱས་པ་ཡིན་ནོ་སྙམ་ན། དངོས་པོ་མེད་པ་ཡང་མ་ཡིན་པར་འཇུག་པས་དོན་དམ་པར་ཡོད་པའི་དོན་ཉིད་དུ་འགྱུར་བ་ན་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པ་ལས་མི་འདའོ། །འོན་ཏེ་དངོས་པོ་ལྡོག་པ་ཙམ་
དངོས་པོ་མེད་པ་ཡིན་པར་བརྗོད་ན་དེ་ལྟར་ན་ནི་འོ་ན་དངོས་པོ་མེད་པར་བྱ་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་གང་ཞིག་སྔོན་གྱི་གནས་སྐབས་ལས་གནས་སྐབས་ཐ་དད་པ་དང་གྲུབ་ཟིན་པའི་དངོས་པོ་གཞན་དག་ལས་ཀྱང་ཐ་དད་པའི་རང་བཞིན་དེ་ནི་འགའ་ཞིག་གི་ནི་རྗེས་སུ་འགྲོ་བ་དང་ལྡོག་

པའི་རྗེས་སུ་བྱེད་པ་ན་དེས་བྱས་པར་འགྱུར་རོ། །དངོས་པོ་མེད་པ་ཡང་གལ་ཏེ་སྔར་གྱི་གནས་སྐབས་ལས་ཐ་དད་པའི་གནས་སྐབས་ཅན་དང་དོན་གཞན་ལས་ཐ་དད་པའི་རང་བཞིན་ཅན་དུ་ཁས་ལེན་ན་དེ་ལྟ་ན་ནི་འོ་ན་དེ་ཉིད་དོན་བྱེད་ནུས་པའི་དངོས་པོར་འགྱུར་རོ། །དོན་
གཞན་དག་ལས་ཐ་དད་པའི་རྣམ་པ་དང་། རང་ཉིད་ཀྱིས་མེད་པའི་གནས་སྐབས་ལས་ལྡོག་པ་དེ་ནི་རྣམ་པ་དང་ལྡན་པ་ཡིན་ལ། རྣམ་པ་དང་ལྡན་པ་གང་ཡིན་པ་དེ་ཉིད་ཀྱང་དོན་བྱེད་ནུས་པ་ཡིན་ནོ། །འདིར་ནི་གང་ཞིག་རྒྱུ་དག་གིས་ཁྱད་པར་ཅན་དུ་བྱེད་པ་དེ་ནི་འགའ་ཞིག་གི་དོན་བྱེད་པར་ནུས་
པ་ཡིན་ནོ། །དཔེར་ན་སྔོན་པོ་ལ་སོགས་པ་བཞིན་ནོ། །དངོས་པོ་མེད་པ་ཡང་བྱེད་པ་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །གལ་ཏེ་ཇི་ལྟར་སྐྱེད་པར་བྱེད་པ་དག་གིས་དོན་བྱེད་པར་བསྒྲུབ་པའི་ནུས་པ་བྱེད་པ་དེ་བཞིན་དུ་དངོས་པོ་མེད་པའི་རང་བཞིན་ཡང་དོན་བྱ་བ་ཐ་དད་ལ་ནུས་པ་མེད་པའི་རང་བཞིན་དུ་
རྒྱུ་དག་གིས་སྐྱེད་པ་མ་ཡིན་ནམ་ཞེ་ན། བརྗོད་པ་ཅི་ཡང་རུང་སྟེ་དེའི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ནི་སྤྱིའི་རྣམ་པར་བརྟག་ནུས་པ་ཡིན་ནོ། །བརྟག་ནུས་པ་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པའི་མཁྱེན་པ་ཡོད་ན་རང་བཞིན་ཙམ་དང་རྗེས་སུ་འབྲེལ་པ་ལ་སྣང་བར་འགྱུར་རོ། །དངོས་སུ་
རྣམ་པར་ཤེས་པའི་གཟུང་བ་གང་ཡིན་པ་དེ་ནི་མངོན་དུ་བྱེད་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཏེ། སྐྱེད་བྱེད་མ་ཡིན་པ་ནི་གཟུང་བར་མི་འཐད་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡེ་ཤེས་མི་དགག་པ་དེ་སྲིད་དུ་རྣམ་པར་རྟོག་པས་ཡུལ་དུ་བྱས་པའི་རང་བཞིན་
དོན་བྱེད་མི་ནུས་པར་བརྗོད་པར་མི་ནུས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བཟློག་པའི་ཚད་མ་ཡང་གཞན་ལ་མེད་ལ་སྒྲུབ་པར་བྱེད་པ་ནི་ཡོད་པ་ཡིན་ནོ། །དེས་ན་དངོས་པོ་མེད་པའི་རང་བཞིན་དེ་ཡང་དོན་བྱེད་པ་མི་སྲིད་པ་མ་ཡིན་ནོ། །དེས་ན་རྒྱུ་ཐ་དད་པས་དོན་བྱ་བ་ཐ་དད་པར་འགྱུར་གྱི་རྒྱུ་ཐ་དད་པས་དོན་
བྱེད་པ་གཏན་མེད་པར་ནི་མི་འགྱུར་ཏེ། རང་བཞིན་ཙམ་ལ་གནས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་དངོས་པོ་བཟློག་པར་མི་ནུས་པའི་ཕྱིར་རོ། །དེས་ན་དོན་བྱ་བ་མཐའ་དག་མེད་ན་རང་བཞིན་དང་འགལ་བ་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ། །རང་བཞིན་འགལ་བ་དམིགས་

པས་མི་མཐུན་པའི་ཕྱོགས་ལས་ཁྱད་པར་ཅན་གྱི་རང་བཞིན་ཉིད་ལྡོག་པ་ན་དོན་བྱ་བ་བྱེད་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་དོན་བྱེད་པའི་དངོས་པོ་ཉིད་དུ་འགྱུར་གྱི་དངོས་པོ་མེད་པ་མ་ཡིན་ནོ། །དངོས་པོའི་ཕྱོགས་ཀྱང་དེ་ཉིད་གཞན་ཉིད་ཀྱི་རྣམ་པར་རྟོག་པ་
ལས་མ་འདས་སོ། །དེས་ན་དངོས་པོ་མེད་པ་རང་བཞིན་དང་བྲལ་བའི་ངོ་བོ་མཐའ་དག་གིས་སྟོང་པའི་རང་བཞིན་ཅན་རྣམ་པར་བརྟག་པ་ལ་ནི་བྱ་བ་མི་འཐད་པའི་ཕྱིར་རོ། །དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བས་ནི་བྱ་བ་དངོས་པོ་མེད་པ་དང་འབྲེལ་བ་མི་འཐད་པའི་ཕྱིར་དགག་པ་དང་ལན་ཅིག་
འབྲེལ་པ་ཡིན་ནོ། །དེ་ལྟ་ཡིན་དང་འཇིག་པའི་རྒྱུས་དངོས་པོ་མི་བྱེད་དོ་ཞེས་བྱ་བས་འདི་དག་གི་དོན་དུ་རྣམ་པར་གནས་པར་འགྱུར་རོ། །མི་བྱེད་པའི་བྱེད་པ་པོ་དེ་ཡང་རྒྱུ་ཉིད་མ་ཡིན་པའི་ཕྱིར་འཇིག་པའི་རྒྱུ་འགའ་ཡང་མེད་དོ། །གཞན་ཡང་གཞིག་པར་བྱ་བའི་དངོས་པོ་ཅི་རང་བཞིན་གྱི་རྒྱུ་
ལས་ལྡོག་པའི་ཆོས་ཅན་དུ་སྐྱེས་སམ། འོན་ཏེ་གནས་པའི་ཆོས་ཅན་དུ་སྐྱེས་རྟོག་པ་དང་པོ་ལ་ནི་དངོས་པོ་ལྡོག་པའི་ཆོས་ཉིད་ཀྱིས་རང་ཉིད་ཁོ་ན་འཇིག་པར་འགྱུར་བའི་ཕྱིར་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་དོ། །འོན་ཏེ་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་མི་ལྡོག་པའི་ཆོས་ཡིན་ན་དེ་ནི་འཇིག་པའི་
རྒྱུ་བརྒྱ་ལྷགས་ཀྱང་དེའི་བདག་ཉིད་ལས་མི་འཕོ་བའི་ཕྱིར་གཞིག་པར་མི་ནུས་པས་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ། །འདི་སྙམ་དུ་རང་གི་རྒྱུ་དག་ལ་ལྟོས་ནས་འཇིག་པའི་རྒྱུ་ལ་ལྟོས་པར་སྐྱེ་བས་ན་ཇི་སྲིད་འཇིག་པའི་རྒྱུ་དང་མ་ཕྲད་པར་དེ་སྲིད་དུ་གནས་སོ་ཞེ་ན། དེ་ཡང་མི་འཐད་དེ།
འདི་ལྟར་ཕྱོགས་འདི་ལྟར་ནི་དངོས་པོ་རྣམས་འཇིག་པའི་རྒྱུ་ཉེ་བའི་དུས་ཚུན་ཆད་དུ་གནས་པར་རྒྱུས་བསྐྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་འཇིག་པ་ལ་དུས་ཅུང་ཟད་ལྟོས་པར་བྱེད་པ་ཡིན་ནོ། །འཇིག་པའི་རྒྱུ་ཉེ་བ་ན་ཡང་དུས་ཅུང་ཟད་གནས་པའི་ཆོས་ཅན་རྣམས་ལ་དུས་ཅུང་ཟད་གནས་པའི་སྔར་གྱི་རང་བཞིན་
ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་དོ་ཞེ་ན་ནི་ཡང་དུས་ཅུང་ཟད་གནས་པར་འགྱུར་ཏེ། དུས་དེ་རྫོགས་ཀྱང་རང་བཞིན་དེ་ཉིད་མེད་པའི་ཕྱིར་རོ། །རྣམ་གྲངས་འདིས་ཀྱང་དུས་ཅུང་ཟད་གནས་པར་འགྱུར་བས་ནམ་ཡང་འཇིག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་རང་གི་རྒྱུ་ལས་དུས་ཅུང་

ཟད་གནས་ནས་འཇིག་པར་འགྱུར་གྱི་སྐྱེས་མ་ཐག་ཏུ་ནི་མ་ཡིན་ནོ་ཞེས་ཀུན་བརྟགས་པ་གང་ཡིན་པ་དེའི་ཕྱོགས་འདི་ཡང་མི་རིགས་སོ། །འདི་ལྟར་མཚམས་སུ་གྱུར་པའི་དུས་རྫོགས་པ་ན་སླར་ཡང་དུས་ཅུང་ཟད་གནས་པའི་རང་བཞིན་ལ་བརྒལ་ཞིང་བརྟག་པ་དེ་ཉིད་གནས་པའི་ཕྱིར་
དངོས་པོ་ནམ་ཡང་མི་འཇིག་པར་འགྱུར་བས་ཚུལ་འདི་དངོས་པོ་རྟག་པར་ཁས་བླང་བར་འགྱུར་རོ། །འོན་ཏེ་ཡང་དུས་ཀྱི་མཚམས་ཀྱི་མཐར་ཐུག་པར་རང་བཞིན་གཞན་སྐྱེས་ནས་དེ་ལྟ་ན་ནི་སྔར་གྱི་དངོས་པོ་ལ་ཅི་འདི་རྟག་པ་ཡིན་ནམ་འོན་ཏེ་མི་རྟག་པ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱ་བ་ཡིན་
ནོ། །གལ་ཏེ་ཕྱིས་རང་བཞིན་རང་ཉིད་ལྡོག་པའི་མཚན་ཉིད་ཡིན་ན་དེ་ལ་འཇིག་པའི་རྒྱུའམ་འཇིག་པའི་དུས་ལ་བསྡད་པས་ཅི་བྱ། འོན་ཏེ་མི་འཇིག་པའི་ཆོས་ཉིད་ཡིན་ན་དེ་ལྟ་ན་ཡང་དེ་ལ་འཇིག་པའི་རྒྱུ་དག་གམ་འཇིག་པའི་དུས་ལ་ལྟོས་པས་ཅི་ཡང་བྱར་མེད་དོ། །དེས་ན་འཇིག་པའི་རྒྱུ་དག་
ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དོ། །དཔེར་ན་ས་བོན་མྱུ་གུ་མངོན་པར་འདུ་བྱེད་པ་མ་ཡིན་ཡང་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ་ཐོ་བ་ལ་སོགས་པ་ཡང་གཞིག་པར་བྱ་བ་མངོན་པར་འདུ་མི་བྱེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཟློག་པར་བྱེད་པའི་དངོས་པོར་རིགས་པ་རྣམས་ལྡོག་པའི་རྒྱུར་
འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། འདི་ལྟར་བསྐྱེད་པར་བྱ་བའི་མྱུ་གུ་ལ་ནི་གང་ཞིག་འདུ་བྱ་བ་དང་འདུ་བྱ་བ་མ་ཡིན་པར་བརྟག་པར་འགྱུར་བ་སྐྱེད་པའི་དུས་ན་རང་བཞིན་འགའ་ཡང་ཡོད་པ་མ་ཡིན་ནོ། །ས་བོན་ལ་སོགས་པ་རང་གི་ངོ་བོ་མྱུ་གུ་ལ་སོགས་པ་སྐྱེད་པར་རུང་བར་གྱུར་པ་ན་
སྔ་ན་མེད་པའི་མྱུ་གུ་སྐྱེད་པར་བྱེད་དོ། །གཞིག་པར་བྱ་བའི་དངོས་པོ་གཞིག་པའི་དུས་ན་ནི་ཐོ་བ་ལ་སོགས་པ་རང་གི་ངོ་བོ་དང་ལྡན་པ་དག་ཡོད་ལ་གཞིག་པར་བྱ་བའི་དངོས་པོ་རང་གི་ངོ་བོ་དང་ལྡན་པ་ཡང་ཡོད་པས་ན་གདོན་མི་ཟ་བར་བརྒལ་ཞིང་བརྟག་པའི་སྐབས་ཡོད་པར་འགྱུར་ཏེ། ཅི་འདི་
རང་གི་ངོ་བོས་ལྡོག་པའི་ཆོས་ཉིད་ཡིན་ནམ། འོན་ཏེ་མ་ཡིན། ཅི་ཐོ་བ་ལ་སོགས་པ་འདི་ཅུང་ཞིག་བྱེད་པས་ན་ལྡོག་པར་བྱེད་པ་ཡིན་ནམ། དེ་སྟེ་ཅི་ཡང་མི་བྱེད་ཅེས་གཞིག་པར་བྱ་བའི་དངོས་པོ་ལ་གནས་པའི་རྣམ་པར་རྟོག་པ་གཉིས་རྟོགས་པར་བྱའོ། །བསྐྱེད་པར་བྱ་བ་ལ་ནི་ངོ་བོ་མེད་

པའི་ཕྱིར་རྣམ་པར་རྟོག་པའི་གོ་སྐབས་མེད་དོ། །གང་ཡང་བསྐྱེད་པར་བྱ་བའི་རང་གི་ངོ་བོ་བཞིན་དུ་གཞིག་པར་བྱ་བ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མཐོང་བའི་ཕྱིར་རོ། ཐོ་བ་ལ་སོགས་པ་ལྡོག་པར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། འདི་ལྟར་
ཇི་ལྟར་ཐོ་བ་ལ་སོགས་པ་རྣམས་གྱོ་མོའི་གནས་སྐབས་སྐྱེ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ནམ་འོན་ཏེ་བུམ་པ་ལ་སོགས་པ་འཇིག་པའི་ངང་ཅན་དུ་བྱེད་པའམ། ཡང་ན་ལྡོག་པ་ཙམ་སྒྲུབ་ཅེས་ཐེ་ཚོམ་ཟ་བའོ། །དེ་ལ་ལྡོག་པ་ཙམ་ནི་སྔར་བསྟན་པའི་ཚུལ་གྱིས་བྱ་བར་མི་
ནུས་པའི་ཕྱིར་དང་། འཇིག་པའི་རང་བཞིན་ཡང་དེའི་རང་བཞིན་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །ལྷག་མར་གྱུར་པ་ཐོ་བ་ལ་སོགས་པ་རྣམས་ཉིད་ནི་གྱོ་མོའི་གནས་སྐབས་སྐྱེ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ནོ་ཞེས་གནས་ལ། དེ་ཡང་ངེད་ཀྱིས་ཁས་བླངས་པ་ཁོ་ནའོ། །ཐོ་བ་
ལ་སོགས་པའི་ལྷན་ཅིག་བྱེད་པ་ལ་ལྟོས་པའི་ཉེ་བར་ལེན་པ་བུམ་པ་ལས་གྱོ་མོའི་གནས་སྐབས་སྐྱེ་བ་ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཕྱོགས་ཡིན་ནོ། །དེས་ན་ཇི་ལྟར་ཐོ་བ་ལ་སོགས་པ་ཅུང་ཟད་བྱེད་པ་མ་ཡིན་ཡང་འཇིག་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་རྣམས་ལ་ཅུང་
ཟད་མི་བྱེད་པ་ཡང་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་དཔེ་མེད་པའི་ཕྱིར་དོན་ལ་ཕྱོགས་པར་གནས་པའི་བརྒལ་བ་བཟློག་པར་མི་ནུས་སོ། །གལ་ཏེ་སྐད་ཅིག་མ་མ་ཡིན་པ་དག་བཞིན་དུ་འདུ་བྱེད་སྐད་ཅིག་མ་རྣམས་ལ་ཡང་ལྷན་ཅིག་བྱེད་པོ་མི་འཐད་པ་མ་ཡིན་ནམ།
འདི་ལྟར་དཔེར་ན་འབྲས་བུ་མྱུ་གུ་སྔ་ན་མེད་པ་དེ་བཞིན་དུ་མྱུ་གུ་དང་རྗེས་སུ་མཐུན་པའི་ཁྱད་པར་དང་པོའི་མཚན་ཉིད་ཀྱི་འབྲས་བུ་ཡང་སྔ་ན་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་ས་བོན་ལན་ཅིག་བྱེད་པ་དག་གིས་ཁྱད་པར་དུ་མ་བྱས་པ་མྱུ་གུ་དང་རྗེས་སུ་མཐུན་པའི་ཁྱད་པར་དང་པོའི་བྱེ་བྲག་སྒྲུབ་པར་ནུས་པ་
ཡིན་ན་ནི་ཁྱད་པར་མེད་པའི་ཕྱིར་མྱུ་གུ་སྐྱེད་པ་ལ་ཡང་ལྷན་ཅིག་བྱེད་པ་དག་གིས་ཕན་མ་བྱས་པ་ཉིད་ནུས་པར་འགྱུར་རོ། །དེ་སྟེ་མྱུ་གུ་སྐྱེད་པ་ལྷན་ཅིག་བྱེད་པས་ཕན་བྱས་པ་ལ་ལྟོས་པ་ཡིན་ན་ཁྱད་པར་དང་པོ་སྐྱེ་བ་ལ་ཡང་དེ་ལྟར་འགྱུར་རོ། །སྐྱེས་པ་ནས་བརྩམས་ཏེ་གཏན་དུ་ས་ལ་སོགས་པ་

ས་བོན་ལ་ཕན་འདོགས་པར་ནུས་པ་ཡང་མ་ཡིན་ཏེ། ངེས་པའི་དུས་སུ་སྐྱེ་བའི་མྱུ་གུ་ལས་ཐམས་ཅད་ཀྱི་ཚེ་འབྱུང་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་གང་ཡང་རུང་བ་ན་གནས་པའི་ས་ལ་སོགས་པ་དག་གིས་ས་བོན་དང་མྱུ་གུ་ལ་ཕན་འདོགས་པར་ནུས་པ་ཡིན་ན་ས་ལ་
སོགས་པ་དང་ས་བོན་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ས་བོན་གྱི་ཞིང་ལ་སོགས་པས་བྱས་པའི་ཕན་པ་ཐམས་ཅད་ཀྱི་ཚེ་ཡོད་པར་འགྱུར་རོ། །དེ་ལྟ་ཡིན་དང་དེའི་ཕན་པ་བརྒྱུད་པ་ལས་བྱུང་བའི་མྱུ་གུའི་ཟླ་བའི་མཐར་ཐུག་པར་སྐྱེ་བའམ། ལོ་ཕྱེད་ཀྱི་མཐར་ཐུག་པར་སྐྱེ་བའམ། ལོའི་མཐར་
ཐུག་པར་སྐྱེ་བའི་རྣམ་པ་ཐམས་ཅད་དུ་རང་གི་དུས་ཚིགས་སུ་གཏན་འབྱུང་བར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །དེས་ན་ས་བོན་གྱི་ཞིང་ལ་སོགས་པས་བྱས་པའི་ཕན་པའི་གཏན་ཡོད་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་ཁྱད་པར་དང་པོ་སྐྱེ་བ་ན་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པར་བྱ་བ་མ་
ཡིན་ནོ། །དེ་བཞིན་དུ་མྱུ་གུ་སྐྱེ་བ་ལ་ཡང་ལྟོས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟར་ཡིན་དང་སྐད་ཅིག་མ་རྣམས་ཀྱི་དོན་བྱ་བ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་པར་མི་འཐད་དོ། །འདི་སྙམ་དུ་ཁྱད་པར་གྱི་ས་བོན་དང་པོ་སྐྱེ་བ་ལ་ནི་ཕན་ཚུན་ཉེ་བར་འདུ་བའི་རྐྱེན་དག་གིས་བྱེ་བྲག་སྒྲུབ་པར་
བྱེད་ལ་མྱུ་གུ་བསྐྱེད་པ་ལ་ནི་ཞིང་ལ་སོགས་པ་དག་གིས་སོ་སྙམ་ན་དེ་ལ་ཡང་ས་བོན་གྱི་ཉེ་བར་འདུ་བའི་རྐྱེན་གང་ཡིན་པ་དེ་དག་གི་ས་བོན་ལ་ཕན་འདོགས་པར་བྱེད་པའི་ནུས་པ་ཡང་མ་ཡིན་ནོ་ཞེས་རྐྱེན་གཞན་དག་གིས་བསྒྲུབ་པར་བྱ་བ་ཡིན་ལ། དེ་དག་གི་ཡང་ཉེ་བར་ཚོགས་པའི་རྐྱེན་གཞན་
དག་གིས་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འབྲས་བུ་རེ་རེ་བསྐྱེད་པ་ལ་ཕན་ཚུན་ཉེ་བར་འདུ་བའི་རྐྱེན་ཚད་མེད་པ་སྒྲུབ་པར་ནུས་པ་ཡང་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་འབྲས་བུའི་རྣམ་པ་གཉིས་ཏེ། གཅིག་ནི་ལྷན་ཅིག་བྱེད་པ་དག་གིས་བྱས་པའི་ཁྱད་པར་གྱི་བྱེ་བྲག་བརྒྱུད་
པ་ལས་སྐྱེ་བའི་ཆོས་ཅན་ཡིན་ལ། གཉིས་པ་ནི་ལྷན་ཅིག་བྱེད་པའི་ཁྱད་པར་ལ་མི་ལྟོས་པར་སྐྱེ་བ་ཅན་ཡིན་ནོ། །དེ་ལ་མྱུ་གུ་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་བརྒྱུད་པ་ལས་སྐྱེ་བའི་ཆོས་ཉིད་ཡིན་ལ་ཁྱད་པར་དང་པོ་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལ་མི་ལྟོས་པར་

སྐྱེད་པའི་ཆོས་ཉིད་ཡིན་ནོ། །ས་བོན་ནི་རང་གི་རྒྱུད་དུ་གཏོགས་པ་ཡང་རུང་སྟེ། འབྲས་བུ་རེས་འགའ་བྱེད་པ་ན་རྒྱུད་གཞན་དག་གིས་ཁྱད་པར་བྱས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །རྒྱུད་གཞན་ནི་རེས་འགའ་འབྲས་བུ་སྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་གང་ཡིན་པ་དེ་དག་ཡིན་ཏེ།
དཔེར་ན་མྱུ་གུ་བསྐྱེད་པར་བྱ་བ་ཞིང་ལ་སོགས་པ་ལྷན་ཅིག་བྱེད་པ་རྣམས་ས་བོན་གྱི་ནུས་པ་སད་པའི་རྒྱུ་ཡིན་པ་བཞིན་ནོ། །རེས་འགའ་ནི་ལྷན་ཅིག་བྱེད་པར་དེ་དག་འདུ་བའི་རྒྱུ་གང་ཡིན་པ་དེ་དག་ཉིད་ནུས་པ་ཟད་པའི་རྒྱུར་འགྱུར་ཏེ། དཔེར་ན་ས་བོན་ལ་སོགས་པའི་ཁྱད་པར་དང་པོ་སྐྱེ་བ་ལ་
ཉེ་བར་འདུ་བའི་རྐྱེན་རྣམས་ནུས་པ་སད་པའི་རྒྱུ་ཡིན་པ་བཞིན་ནོ། །རྣམ་པ་ཐམས་ཅད་ནི་ས་བོན་གྱི་རྒྱུ་གཞན་གྱི་ས་ནུས་པ་སྐྱེད་པ་ཁོ་ན་འབྲས་བུའི་ཁྱད་པར་རེས་འགའ་བར་བྱེད་པ་རྩོམ་པ་ཡིན་ནོ། །ནུས་པ་སད་པའི་རྒྱུ་ནི་གཉིས་ཏེ། ལྷན་ཅིག་བྱེད་པ་དང་ཉེ་བར་འདུ་བའི་རྐྱེན་ནོ། །གང་
ཡང་ཉེ་བར་འདུ་བའི་རྐྱེན་ཚད་མེད་པ་དག་བསྟན་པར་བྱ་དགོས་སོ་ཞེས་སྨྲས་པ་དེ་ལ་ཡང་ཉེ་བར་འདུ་བའི་རྒྱུ་རྣམ་པ་གཉིས་ཏེ། སྔ་ན་མེད་པ་སྐྱེས་པ་དང་། ཡུལ་གཞན་ནས་འོངས་པའོ། །རེ་ཞིག་གང་དུ་སྔ་ན་མེད་པ་སྐྱེས་པ་གང་ཡིན་པ་དེ་དག་ནི་རང་གི་རྒྱུ་དག་ཁོ་ན་ལས་ནུས་པ་སྐྱེ་བ་ཡིན་
ནོ། །ཡུལ་གཞན་ནས་འོངས་པ་གང་ཡིན་པ་དེ་དག་རང་འགུགས་པའི་རྒྱུ་ཁོ་ནས་ནུས་པ་སྐྱེད་པ་ཡིན་པའི་ཕྱིར་ཉེ་བར་འདུ་བའི་རྐྱེན་ཚད་མེད་པར་བརྟག་པ་ཅི་ཞིག་བྱ་དེས་ན་སྐད་ཅིག་མ་རྣམས་ལ་ཕན་འདོགས་པར་བྱེད་པ་མ་ཡིན། ཡང་འབྲས་བུའི་ཁྱད་པར་ལ་ལ་ལྷན་ཅིག་བྱེད་པའི་
རྐྱེན་འཐད་ལ། འབྲས་བུ་ལ་ལ་ནི་ཕན་པ་སྒྲུབ་པ་གཙོར་བྱེད་པ་ཉིད་དོ་ཞེས་བྱ་བར་ངེས་སོ། །གང་ཡང་ཕ་རོལ་པོས་ཡོད་པ་ཞེས་བྱ་བའི་གཏན་ཚིགས་དག་པ་ནི་མ་གྲུབ་ལ། རྟག་པ་དང་རྗེས་སུ་འབྲེལ་པ་ནི་མི་རྟག་པ་ལ་འགལ་བ་ཡིན་ནོ་ཞེས་གཞན་སྨྲས་པ་གང་ཡིན་པ་དེ་ཡང་དཔྱད་
པར་བྱའོ། །འདི་ལ་ཚད་མ་ནི་ཐོབ་པར་བྱེད་པ་ཡིན་ནོ། །ཐོབ་པར་བྱེད་པ་ཡང་དོན་བྱེད་ནུས་པའི་དངོས་པོ་ལ་འཇུག་པར་བྱེད་པ་ཉིད་དོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཙམ་མོ། །དེ་ལ་འཇུག་པའི་ཡུལ་བསྟན་ན་ཤེས་པས་སྐྱེས་བུས་བཅུག་ཅིང་དོན་ཡང་ཐོབ་པར་

བྱེད་པ་ཡིན་པའི་ཕྱིར་ཚད་མ་བྱ་བ་རྫོགས་པ་ཉིད་དོ། །དེས་ཐོབ་པར་བྱེད་པ་ཉིད་ལས་གཞན་པའི་ཚད་མའི་བྱེད་པ་ནི་མེད་ལ། ཤེས་པའི་ཐོབ་པར་བྱེད་པ་ཡང་འཇུག་པར་བྱེད་པ་ལས་གཞན་མ་ཡིན་ཞིང་འཇུག་པར་བྱེད་པ་ཉིད་ཀྱང་ཡུལ་རབ་ཏུ་སྟོན་པ་ལས་གཞན་མ་ཡིན་ཏེ།
དེ་ལྟ་ཡིན་དང་མངོན་སུམ་གྱིས་འཇུག་པའི་ཡུལ་སྟོན་པ་ནི་འཇུག་པའི་ཡུལ་ཞེན་པར་བྱེད་པ་ཡིན་ལ་རྗེས་སུ་དཔག་པ་ནི་འཇུག་པའི་ཡུལ་ངེས་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡང་འདི་ལ་ནི་མེད་ན་མི་འབྱུང་བའི་དངོས་པོ་མཐོང་བའི་སྟོབས་ཀྱིས་རྟོགས་པའི་ཕྱི་རོལ་རྗེས་སུ་དཔག་པར་བྱ་བའི་དོན་
ཡོད་པ་ཉིད་དོ་ཞེས་ངེས་པ་ཡིན་ལ། མངོན་སུམ་ནི་མཐོང་བཞིན་པའི་དངོས་པོ་མེད་ན་མི་འབྱུང་བ་འཛིན་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་པ་དེས་ན་ངེས་པར་བྱེད་པ་མ་ཡིན་ནོ། །མ་ཞེན་པ་ལ་ནི་མངོན་སུམ་གྱིས་འཇུག་པར་བྱེད་མི་ནུས་པས་ཞེན་པ་ཉིད་འཇུག་པར་བྱེད་པ་ཡིན་ནོ། །ཞེན་པའི་
མཐར་ཐུག་པ་ཚད་མའི་བྱ་བ་ཡིན་པ་ན་ཡང་ཞེན་པའི་ཡུལ་གང་ཡིན་པ་དེ་ཉིད་མངོན་སུམ་གྱི་ཡིན་ནོ། །ཞེན་པ་ཡང་ལྡོག་པའི་ཡུལ་ཅན་ཡིན་ལ། ལྡོག་པ་ཡང་ལྡོག་མཚམས་ཀྱི་དབྱེ་བས་ཐ་དད་པ་ཡིན་ནོ། །དེས་ན་དངོས་པོ་གཅིག་གི་ལྡོག་པས་གང་ཇི་སྙེད་པ་དེ་མཐའ་དག་རྣམ་པར་
རྟོག་པ་གཅིག་གི་ཡུལ་དུ་བྱེད་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་སྒྲ་ལ་སྒྲ་ཉིད་དུ་ཞེན་གྱི་སྐད་ཅིག་མ་ཉིད་དུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རྣམ་པར་རྟོག་པས་ནི་གདོན་མི་ཟ་བར་ལྡོག་པ་གཅིག་བདག་གིར་བྱ་བ་ཡིན་ལ། ལྡོག་པ་གཞན་དག་ལ་ནི་ངེས་པ་མེད་དོ། །ལྡོག་
པ་གཅིག་པ་འཛིན་པ་གདོན་མི་ཟ་བར་བྱ་བ་ཡིན་པས་ན་རྣམ་པར་རྟོག་པ་ནི་ལྡོག་པ་གཅིག་ཞེན་པའི་བྱེད་པ་ཅན་ཡིན་ལ། མངོན་སུམ་ཡང་རྣམ་པར་རྟོག་པའི་བྱེད་པ་ཅན་ཡིན་ནོ། །དེས་ན་ཚད་མའི་བྱེད་པ་ནི་ལྡོག་པ་གཅིག་ཞེན་པར་བྱེད་པའི་མཐར་ཐུག་པ་ཡིན་ནོ། །དེ་ལྟ་ཡིན་
དང་རྟག་པ་ཞེས་བྱ་བ་ནི་མི་རྟག་པ་ལས་ལྡོག་པ་ཡིན་ལ། ཡོད་པ་ཞེས་བྱ་བ་ནི་དོན་བྱ་བ་མི་བྱེད་པ་ལས་ལྡོག་པ་ཡིན་པས་ཚད་མས་བྱེད་པ་གཅིག་གི་ཡུལ་མ་ཡིན་ནོ། །དེས་ན་ཚད་མའི་བྱེད་པ་ཐ་དད་པའི་ཡུལ་མངོན་སུམ་གྱི་གྲུབ་པ་ཡོད་པ་དག་པ་ཉིད་གཏན་ཚིགས་སུ་ལེན་ཏོ། །

ཚད་མའི་བྱེད་པ་གཞན་གྱི་ཡུལ་དུ་གྱུར་པ་རྟག་པ་ཉིད་ནི་ཅི་འཐད་དམ་འོན་ཏེ་མི་འཐད་ཅེས་དཔྱད་པར་བྱ་བ་ཡིན་ནོ། །ཚད་མའི་བྱེད་པ་ལ་མི་མཁས་པ་གཞན་གྱིས་ནི་རྟག་པ་དང་ཡོད་པ་དག་ཚད་མ་གཅིག་གི་ཡུལ་དུ་བཟུང་ནས་བརྩད་པ་དེས་ན་དེ་བསལ་བར་བྱ་བ་ཡིན་ནོ། །གང་ཡང་ངོ་
ཤེས་པའི་མངོན་སུམ་གྱི་སྐད་ཅིག་མ་ཉིད་ལ་གནོད་དོ་ཞེས་བྱ་བ་ལ་དེ་ཡང་དཔྱད་དགོས་སོ། །འདི་ལ་གང་ཞིག་མངོན་སུམ་གྱི་སྟོབས་ལས་བྱུང་བའི་ཞེན་པས་དོན་འདི་ནི་ངས་བཟུང་ངོ་ཞེས་བྱ་བ་ཉིད་དུ་ཞེན་པར་བྱས་པ་དེ་ཉིད་མངོན་སུམ་གྱིས་བཟུང་བའི་དོན་དུ་བརྗོད་དོ། །གང་ཞིག་དོན་འདི་
བཟུང་ངོ་ཞེས་ཤེས་པར་མ་བྱས་པ་དེ་ནི་མངོན་སུམ་གྱིས་བཟུང་བར་མི་བརྟག་སྟེ། དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གང་ཅུང་ཟད་མ་མཐོང་བ་དེ་ནི་མངོན་སུམ་གྱི་ཡུལ་ཉིད་དུ་བརྟག་པར་ཐལ་ལོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །འདི་ལ་གླིང་གཞན་ནས་འོངས་པ་འགའ་ཞིག་
ལ་སློབ་དཔོན་གྱིས་འདི་ནི་བ་ལང་སྟེ། འདི་ལ་རྐང་པས་རེག་པར་མི་བྱའོ་ཞེས་ཉེ་བར་བསྟན་པས་ཡུལ་དང་དུས་གཞན་དུ་བ་ལང་མཐོང་བ་ན་བདག་གིས་ཆུ་འཐུང་བ་ན་མཐོང་བ་གང་ལ་རྐང་པས་རེག་པ་བཀག་པའི་བ་ལང་དེ་ཉིད་ནི་འདི་ཡིན་ཏེ། དེ་བས་ན་འདི་ལ་ནི་རྐང་པས་རེག་པར་མི་
བྱའོ་སྙམ་དུ་ངོ་ཤེས་པ་སྐྱེའོ། །དེས་ན་གོང་བུ་ཐ་དད་པ་དག་ལ་ཡང་དོན་གཅིག་ཏུ་འཛིན་པའི་ངོ་ཤེས་པ་སྐྱེ་བར་མཐོང་ངོ་། །དེ་ལ་གོང་བུ་གཅིག་པ་ནི་འགའ་ཡང་མེད་པའི་ཕྱིར་རབ་རིབ་ཅན་གྱི་ཤེས་པ་བཞིན་དོན་མེད་པ་ནི་མངོན་སུམ་གྱི་ཚད་མར་འོས་པ་མ་ཡིན་ནོ། །འདི་སྙམ་
དུ་གང་དམིགས་པས་ངོ་ཤེས་པ་ཡུལ་མེད་པར་མི་འགྱུར་བ་གོང་བུ་དེ་གཉིས་བ་ལང་ཉིད་ཡིན་ནོ་ཞེས་བྱ་བའི་རང་བཞིན་ཡོད་པ་ཡིན་ནོ་སྙམ་ན་དེ་ཡང་མི་རུང་སྟེ། འདི་ལྟར་ངོ་ཤེས་པ་འདི་ནི་མི་འཛིན་པར་མ་རྟོགས་སོ། །དེའི་ཡུལ་ནི་དེའི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པས་
བཟུང་བ་ཉིད་དུ་ཞེན་པ་གང་ཡིན་པ་དེ་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། །འདི་ནི་བཟུང་བའི་སྤྱི་ཡིན་པར་རྣམ་པར་རྟོག་པས་ཞེན་པ་མེད་དོ། །འདི་ལྟར་ངོ་ཤེས་པས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན་གྱི་གོང་བུ་བཟུང་བའི་ཞེན་པ་ཡིན་ན་སྤྱི་ནི་སྐྱེ་བ་དང་གནས་པ་དང་འཇིག་

པར་མི་འཐད་དོ། །ཆོས་དེ་དང་ལྡན་པ་ནི་གསལ་བ་ཉིད་ཡིན་པས་ན་དེ་ཉིད་བཟུང་བ་ཡིན་པར་རིགས་སོ། །འདི་སྙམ་དུ་ངོ་ཤེས་པ་ལ་ནི་སྤྱི་ནི་གསལ་བ་གཉི་ག་སྣང་བ་ཡིན་ནོ། །དེ་ལ་སྐྱེ་བ་ལ་སོགས་པ་ཐ་དད་པའི་ཆོས་ཅན་གསལ་བ་སྣང་དུ་ཟད་མོད་འགལ་བ་
མེད་དོ་ཞེ་ན། དེ་ནི་མི་རིགས་ཏེ་གང་གི་ཕྱིར་དེ་ལ་ནི་སྔོན་པོ་ལ་སོགས་པ་ཁ་དོག་གི་ཁྱད་པར་ཅན་ཆ་ཤས་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་དང་སྐྱེ་བ་ལ་སོགས་པའི་ཆོས་སྣང་བར་ཞེན་གྱི་གཞན་ནི་འགའ་ཡང་མ་ཡིན་ནོ། །དེ་འདྲ་བ་ཡང་གསལ་བ་ཡིན་པའི་ཕྱིར་ཇི་ལྟར་ན་ཞེན་
བཞིན་པའི་སྤྱི་སྣང་བར་བརྟག །འདི་སྙམ་དུ་གང་དག་གསལ་བ་དག་ལས་སྤྱི་ཐ་དད་པར་འདོད་པ་དེ་དག་ལ་ཉེས་པ་འདི་འགྱུར་གྱི་ཁོ་བོ་ཅག་གི་ལྟར་ན་ནི་ཐ་དད་པ་མ་ཡིན་ལ་ཐ་མི་དད་པ་ཡང་མ་ཡིན་ཏེ། འོན་ཀྱང་སྤྱི་ནི་བརྗོད་པར་བྱ་བ་ཡིན་ནོ་སྙམ་ན། སྤྱི་བརྗོད་པར་བྱ་བ་མ་ཡིན་མོད་
ཀྱི་འོན་ཀྱང་རྟོག་པ་རྣམ་པ་ཐ་མི་དད་པ་ཅན་གྱི་ཡུལ་རབ་ཏུ་གཞག་པའི་དོན་དུ་སྤྱི་ཁས་བླང་བ་ཡིན་ནོ། །དེས་ན་གལ་ཏེ་ཇི་ལྟར་སྤྱི་སྟེ་རང་གི་ངོ་བོ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་སྤྱི་འཛིན་པའི་ཤེས་པས་ཀྱང་མ་ཁྱབ་པའི་རང་བཞིན་དུ་བཟུང་བར་འགྱུར་ལ་དེའི་ཚེ་ཡང་
ཤེས་པ་མི་འཛིན་པ་ཉིད་དུ་མི་འགྱུར་རོ། །དེས་ན་ལྡོག་པའི་རྣམ་པ་ཅན་གྱི་ཤེས་པའི་གཟུང་བ་ནི་གསལ་བ་ཡིན་ལ་རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་རྟོག་པའི་གཟུང་བ་ནི་སྤྱི་ཡིན་ནོ། །དེ་ལ་རྗེས་སུ་འཇུག་པའི་རྣམ་པ་ཅན་གྱི་རྟོག་པ་ལ་ནི་རྗེས་སུ་འཇུག་པའི་རྣམ་པའི་རང་
བཞིན་འགའ་ཞིག་གཟུང་བ་ཉིད་དུ་བརྟན་པར་བྱ་བ་ཡིན་ཏེ། དཔེར་ན་ལྡོག་པའི་རྣམ་པ་ཅན་གྱི་རྟོག་པ་ལ་ལྡོག་པའི་གསལ་བ་གཟུང་བྱ་ཉིད་དུ་འཛིན་པ་ཡིན་པ་བཞིན་ནོ། །རྗེས་སུ་འཇུག་པའི་རྣམ་པ་ཅན་གྱི་རྟོག་པ་ལ་ཡང་རྗེས་སུ་ཞུགས་པའི་རང་བཞིན་ནི་འགའ་ཡང་སྣང་བར་ཞེན་
པ་མེད་ཀྱི་གསལ་བའི་རང་བཞིན་ལྡོག་པ་ཡུལ་དང་དུས་ངེས་པ་ཅན་སྐྱེ་བ་ལ་སོགས་པའི་ཆོས་དང་ལྡན་པ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ཅན་སྣང་བར་ཞེན་ཏོ། །དེ་བས་ན་ངོ་ཤེས་པས་ནི་རྗེས་སུ་འགྲོ་བའི་རང་བཞིན་འཛིན་པའི་དྲི་ཡང་ཞེན་པར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་ན་དེ་

སྤྱི་འཛིན་པར་བརྟག །གང་ཞིག་སྤྱི་བརྟག་པར་བྱ་བ་སྐྱེ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རང་བཞིན་ལས་བླ་ལྷག་ཏུ་འགྱུར་བ་འདི་བ་ལང་ངོ་ཞེས་བྱ་བའི་སྒྲ་བརྗོད་པར་བྱ་བ་ནི་དེ་ལ་སྣང་བ་མེད་དོ། །གལ་ཏེ་ངོ་ཤེས་པ་གསལ་བ་ལ་དམིགས་པ་ཉིད་ཡིན་ན་གསལ་བ་རྣམས་ཐ་དད་པའི་ཕྱིར་
ཐ་དད་པའི་རྣམ་པ་ཅན་དུ་འགྱུར་གྱི་ཐ་མི་དད་པའི་རྣམ་པར་ནི་མ་ཡིན་ནོ། །གཅིག་གི་རྣམ་པ་ཅན་དུ་ཡང་ཉམས་སུ་མྱོང་སྟེ། དེས་ན་འདིས་ཐ་མི་དད་པའི་རང་བཞིན་འགའ་ཞིག་རུང་བ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། གང་གི་ཕྱིར་ངོ་ཤེས་པ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་
པ་ཅན་ཡིན་ནོ། །དེ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པར་བཟུང་བ་ཡིན་ན་འདི་ཞེས་བྱ་བ་ནི་མངོན་སུམ་དུ་འགྱུར་བ་ཡིན་ན། །དེ་ལ་ངོ་ཤེས་པས་ལྐོག་ཏུ་གྱུར་པ་དང་མངོན་སུམ་དུ་གྱུར་པ་མཚམས་སྦྱོར་བར་བྱེད་པ་འགའ་ཞིག་ཏུ་ཟད་ཀྱི་དེ་དོན་གཅིག་པ་ནི་མ་ཡིན་ཏེ། མངོན་སུམ་དུ་གྱུར་པ་དང་ལྐོག་
ཏུ་གྱུར་པ་དག་ཐ་དད་པའི་ཕྱིར་རོ། །མཚམས་སྦྱོར་བ་ཞེས་བྱ་བའི་དོན་ཅི་ཞེ་ན། འགའ་ཞིག་ལ་ལྟོས་ནས་ཐ་དད་པ་དག་ཀྱང་ཐ་མི་དད་པར་སྡོམ་པ་ནི་མཚམས་སྦྱོར་བ་ཡིན་ནོ། །འདྲ་བའི་མཚམས་སྦྱོར་བ་ནི་སྤྱི་གཅིག་རྗེས་སུ་འཇུག་པས་སྟོང་པ་ཉིད་དུ་ཐ་དད་པ་ལ་ཡང་འཇུག་སྟེ།
དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་དག་ལ་གཅིག་ཉིད་བཞིན་ནོ། །དེ་དག་འབྲས་བུ་འགའ་ཞིག་ལ་ཚོགས་པའི་ཕྱིར་ཐ་མི་དད་པར་སྡོམ་པར་བྱེད་དོ། །དེ་བཞིན་འཇིག་རྟེན་ན་ཡང་བདག་ཅག་འབྲས་བུ་འདི་ལ་གཅིག་ཏུ་འགྱུར་རོ་ཞེ་ན། མྱུ་གུ་སྐྱེད་པ་ལ་ས་ལ་སོགས་པ་གཅིག་ཏུ་གྱུར་ཏོ་
ཞེས་སྨྲ་སྟེ། དེ་དག་གཅིག་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ངོ་ཤེས་པས་ཐ་དད་པ་དག་གཅིག་ཏུ་སྲེ་བར་བྱེད་པ་ཡིན་གྱི་ཐ་དད་པ་མེད་པའི་རང་བཞིན་དམིགས་པ་ནི་མ་ཡིན་ཏེ། འདི་ཉིད་དེ་འདིའོ་ཞེས་མངོན་སུམ་དང་ལྐོག་ཏུ་གྱུར་པ་འཛིན་པར་མི་འཐད་པའི་ཕྱིར་རོ། །ཐ་དད་པ་མེད་
པའི་རང་བཞིན་འཛིན་པ་ལ་ཡང་སྐྱེ་བ་ལ་སོགས་པའི་ཁྱད་པར་འཛིན་པ་མི་འཐད་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་འདི་ནི་ཐ་དད་པའི་ཕྱིར་དོན་ཁོ་ན་ལ་དམིགས་པ་རང་གི་ཆོས་དང་ལྡན་པ་དག་བྱ་བ་འགའ་ཞིག་ལ་ཐ་དད་པ་མེད་པར་སྒྲོ་འདོགས་པར་བྱེད་པས་འཇུག་པས་ན་

དོན་མེད་པ་ཡིན་གྱི་མི་འཛིན་པ་མངོན་སུམ་ནི་མ་ཡིན་ཏེ། སྤྱི་སྣང་བ་མེད་པའི་ཕྱིར་རོ། །གང་ཡང་སྐད་ཅིག་འཇིག་པ་ལ་ནི་རྗེས་སུ་དཔག་པས་གནོད་པ་ཡོད་དོ་ཞེས་བརྗོད་པ་དེ་ཡང་མ་འབྲེལ་ཏེ། གང་གི་ཕྱིར་ཐ་དད་པའི་ངོ་བོ་ཤེས་པའི་ཡུལ་མ་ཡིན་པས་མ་ཁྱབ་པོ། །
དེ་ལྟ་ཡིན་དང་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བར་གྱུར་པའི་སྐད་ཅིག་རྣམས་ཐ་དད་པ་ཡང་ཡིན་ལ། རྒྱུད་ཀྱི་ནང་དུ་གཏོགས་པའི་མཐོང་བའི་ཡུལ་ལ་དམིགས་པའི་དྲན་པ་སྐྱེད་པར་ནུས་པ་ཡང་གལ་ཏེ་ཡིན་མོད་འདི་ལ་མི་འཐད་པ་ཅི་ཡོད་དེས་ན་བསལ་
ཟིན་པ་འདི་དག་ལ་སྐད་ཅིག་འཇིག་པར་སྒྲུབ་པའི་ཚད་མ་ཉོན་ཅིག །གང་ཡོད་པ་དེ་ཐམས་ཅད་ནི་མི་རྟག་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །རྩོད་པའི་གནས་སུ་གྱུར་པའི་སྒྲ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །གང་ཡང་དངོས་པོ་རྣམས་ཡོད་པ་ཡང་ཡིན་
ལ་སྐད་ཅིག་མ་ཡིན་པ་ཡང་ཡིན་མོད་ཅེས་སྨྲས་པ་དེ་ལ་བརྗོད་པ་དོན་བྱ་བ་བྱེད་པའི་བདག་ཉིད་ཅན་གྱི་ཡོད་པ་ཉིད་ནི་རིམ་དང་ཅིག་ཅར་དག་གིས་ཁྱབ་པོ། །དོན་བྱ་བ་བྱེད་པ་ནི་རིམ་གྱིས་བྱེད་དམ་ཡང་ན་ཅིག་ཅར་དུ་བྱེད་པ་ཡིན་གྱི་རྣམ་པ་གཞན་ནི་མེད་དོ། །འདི་ལྟར་དངོས་པོ་རྣམས་ནི་ཅིག་ཅར་རམ་
རིམ་གྱིས་བྱ་བ་དག་ལ་འཇུག་པར་ནུས་པ་མངོན་སུམ་གྱིས་དམིགས་སོ། །ཅིག་ཅར་ཉིད་ནི་ཅིག་ཅར་གྱི་བདག་ཉིད་དུ་གྱུར་པར་མངོན་སུམ་གྱིས་མྱོང་བས་དམིགས་པ་ཡིན་ལ། རིམ་པ་ཡང་དེ་བཞིན་ནོ། །གལ་ཏེ་རིམ་དང་རིམ་མ་ཡིན་པའི་རང་བཞིན་རྣམ་པ་གསུམ་པ་ཡོད་ན་ནི་དེའི་
རིམ་དང་། རིམ་མ་ཡིན་པའི་རང་བཞིན་གཉིས་པོ་ཡང་ད་ལྟ་བདག་ཅག་གིས་མཐོང་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ནར་འགྱུར་རོ། །དེ་ལྟ་ན་ཡང་སྣང་བཞིན་པའི་རིམ་དང་ཅིག་ཅར་འདི་དག་ཀྱང་གཅིག་གི་བདག་ཉིད་ཅན་དུ་མི་འགྱུར་རོ། །དེ་ལྟར་གྱུར་དང་རིམ་དང་ཅིག་ཤོས་ཀྱི་རང་བཞིན་ལ་
ཅིག་ཅར་ཡང་རིམ་གྱི་རང་བཞིན་དུ་འགྱུར་རོ། །དེ་ལྟ་ན་གཉིས་ཀ་ལ་ཡང་ཕན་ཚུན་གྱི་རང་བཞིན་དམིགས་པ་དང་། རང་བཞིན་གྱི་རྒྱུ་མཚན་ཅན་དོན་བྱ་བ་ཡང་ཡོད་པར་ཐལ་བར་འགྱུར་ན་རང་བཞིན་ནམ་དོན་བྱ་བ་མཐོང་བ་ཡང་མེད་དེ། འོ་ན་ཅི་ཞེ་ན། རིམ་དང་ཅིག་ཅར་ནི་མི་སླུ་བ་

དང་ལྡན་པར་རེ་རེའི་བདག་ཉིད་མངོན་སུམ་གྱིས་དམིགས་སོ། །དེ་ལྟ་ཡིན་དང་སྣང་བའི་རིམ་དང་ཅིག་ཅར་གང་ཡིན་པ་དེ་དག་ནི་ཕན་ཚུན་ཐ་དད་པའི་རང་བཞིན་ཡིན་པས་འདི་འདྲ་བའི་རིམ་དང་ཅིག་ཅར་དག་གིས་གཅིག་པར་ཇི་ལྟར་འགྱུར་ཏེ། དངོས་པོ་ཐ་དད་པའི་རང་བཞིན་ཐ་དད་
པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་འདྲ་བ་མ་ཡིན་ན་ནི་རིམ་དང་ཅིག་ཅར་ཉིད་དུ་མི་འགྱུར་རོ། །དེ་ལྟར་གྱུར་དང་གང་ཅུང་ཟད་མཐོང་བའམ་བརྟགས་པའི་རང་བཞིན་གཉིས་པོ་ནི་རང་བཞིན་དེ་དག་དང་ལྡན་པའི་མི་སྲིད་པ་ཁོ་ནའོ། །དེ་བས་ན་མངོན་སུམ་གྱི་ཚད་མ་རང་བཞིན་གཉིས་
ཡོངས་སུ་གཅོད་པར་ནུས་པ་ཉིད་རིམ་དང་རིམ་མ་ཡིན་པ་དག་ལས་གཞན་པའི་རྣམ་པ་མེད་པས་བསྟན་པ་ཡིན་ནོ། །དེ་ལྟ་ཡིན་དང་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱ་བ་བྱེད་པ་ཉིད་ལ་ཁྱབ་པ་གྲུབ་པའོ། །སྐད་ཅིག་མ་མ་ཡིན་པ་ཉིད་ལ་ནི་རིམ་དང་རིམ་མ་ཡིན་པའི་མི་འཐད་
དོ། །འདི་ལྟར་དངོས་པོ་རྣམས་ནི་རང་གི་རང་བཞིན་གྱིས་དོན་བྱ་བ་ལ་ཉེ་བར་སྦྱོར་རོ་ཞེས་འཆད་པར་འགྱུར་རོ། །གང་གི་ཕྱིར་འབྲས་བུ་རྗེས་སུ་འགྲོ་བ་དང་ལྡོག་པ་གང་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ནི་འབྲས་བུ་སྐྱེད་པས་ནུས་པ་ཡིན་ནོ། །འབྲས་བུ་རྗེས་སུ་འགྲོ་བ་དང་
ལྡོག་པས་རྗེས་སུ་བྱས་པ་ཡང་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ཏེ་དེས་ན་རང་བཞིན་ཉིད་ནུས་པ་ཡིན་ནོ། །སྐད་ཅིག་མ་མ་ཡིན་པའི་རང་བཞིན་གྱིས་སྐད་ཅིག་གཉིས་པར་འབྱུང་བའི་འབྲས་བུའི་རང་བཞིན་གང་ཡིན་པ་དེ་ནི་སྐད་ཅིག་དང་པོ་ཡང་ཉེ་བ་ཡིན་པ། དེའི་ཕྱིར་སྐད་ཅིག་
གཉིས་པ་ལ་སོགས་པར་བསྐྱེད་པར་བྱ་བའི་འབྲས་བུའི་ཚོགས་གང་ཡིན་པ་དེ་སྐད་ཅིག་དང་པོར་ཡང་སྐྱེ་བར་འགྱུར་རོ། །དེ་ལྟར་ཡིན་དང་སྐད་ཅིག་མ་མ་ཡིན་པ་ལ་རིམ་པ་མི་འཐད་དོ། །ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་སྒྲུབ་པར་མི་ནུས་པའི་རང་བཞིན་ལྷན་ཅིག་བྱེད་པའི་
རྐྱེན་དག་ནི་སྐད་ཅིག་པ་མ་ཡིན་པའི་དོན་གྱིས་ལྟོས་པར་བྱ་བ་མི་འཐད་དོ་ཞེས་བྱ་བ་ནི་གཞན་དག་ཏུ་ཡང་ལྷན་ཅིག་མ་ཡིན་པར་བཤད་ཟིན་ཏོ། །དེས་ན་འདིར་མི་སྤྲོའོ། །འདི་སྙམ་དུ་འདུ་བྱེད་སྐད་ཅིག་མ་ཉིད་མ་ཡིན་པ་དག་ལ་ནི་རང་ལས་སྐྱེ་བའི་འབྲས་བུ་མཐའ་དག་ཅིག་ཅར་

སྐྱེད་པར་བྱེད་དོ་སྙམ་ན་དེ་ཡང་མི་འཐད་དོ། །གང་གི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་པ་དེས་སྐད་ཅིག་དང་པོར་ཅུང་ཟད་རང་གི་བདག་ཉིད་ཀྱིས་བསྐྱེད་པར་བྱ་བའི་འབྲས་བུ་ཇི་སྙེད་པ་དེ་ཐམས་ཅད་ནི་སྐད་ཅིག་གཉིས་པ་ལ་སོགས་པར་ཡང་སྐྱེད་པར་འགྱུར་རོ། །
འབྲས་བུའི་ཚོགས་སྒྲུབ་པར་རུང་བའི་བདག་ཉིད་དེ་ནི་སྐད་ཅིག་གཉིས་པ་ལ་སོགས་པ་དག་ན་ཡང་ཉེ་བའི་ཕྱིར་རོ། །དེས་ན་འདི་རྣམ་གྲངས་སྐད་ཅིག་མ་ཉིད་མ་ཡིན་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་མི་འཐད་པའི་ཕྱིར་མི་མཐུན་པའི་ཕྱོགས་སྐད་ཅིག་མ་ཉིད་མ་ཡིན་པ་ལས་
ཁྱབ་པར་བྱེད་པ་མེད་པས་དེ་ལས་བཟློག་པ་ན་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རིགས་པ་པ་ཆེན་པོ་ལྟ་བ་ངན་པའི་རབ་རིབ་མ་ལུས་པ་འཇོམས་པར་མཛད་པ་སའི་སྟེང་ན་རྒྱལ་བའི་མཛད་པ་ལ་དེ་ཉིད་གཉིས་པར་གྱུར་པ། དཔལ་སློབ་དཔོན་
ཆོས་ཀྱི་གྲགས་པའི་ལེགས་པར་བཤད་པ་མཆོག་གིས་ཐུགས་ཡོངས་སུ་རྒྱས་པ་ཚུལ་ཁྲིམས་རིན་པོ་ཆེ་དང་། རྩོམ་པ་དམ་པའི་རྒྱན་དང་གོ་ཆས་རྣམ་པར་མཛེས་ཤིང་མི་བཟློགས་པའི་ཆོས་ཅན། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྐལ་ལྡན་རྒྱལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྵ་ཎ་བྷ་ག་སིདྡྷི་བ་ནཱ་མ། བོད་སྐད་དུ། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། འཇམ་དཔལ་གཞོན་
ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐད་ཅིག་འཇིག་པ་གྲུབ་པར་བྱེད་པའི་ཚད་མའི་རྒྱུ་ཅན་འགོག་པའི་ཐབས་ཤེས་པར་བྱ་བའི་ཕྱིར་དེ་བརྗོད་པ་ལ་གཞུང་ཉུང་ངུས་བདེ་བླག་ཏུ་གཟུང་བར་བྱ་བའི་དོན་དུ་རབ་ཏུ་བྱེད་པ་འདི་བརྩམས་སོ། །དེ་ལ་གྲངས་ཅན་ལ་སོགས་པ་རྒོལ་བའི་ཚོགས་ཀྱི་ཕྱོགས་སྔ་མས་
སུན་དབྱུང་བའི་དོན་དུ་འདུས་བྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གྲུབ་པའི་མཐའ་རྗེས་སུ་རྗོད་པར་བྱེད་དོ། །རྒྱུ་དང་རྐྱེན་ཚོགས་པས་སྐྱེད་པའི་ཕྱིར་འདུས་ནས་བྱས་པ་ནི་འདུས་བྱས་རྣམས་ཏེ། བྱས་པ་ཞེས་བྱ་བའི་དོན་ཏོ། །བློ་དང་མེ་ལྕེ་ལ་སོགས་པ་དུས་གཅིག་ཞིག་པ་མ་ཡིན་པ་དེ་དག་ཅུང་ཟད་ཀྱང་ལོགས་

པར་རྟོག་པ་མེད་ཀྱི་བྱེ་བྲག་མེད་པ་ཡིན་ནོ་ཞེས་ཁྱད་པར་ཉེ་བར་བླངས་པ་ཡིན་ནོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་སྐྱོན་རྣམས་ཀྱི་རིམ་པ་སྟོན་པ་ཡིན་ནོ། །གྲུབ་པའི་མཐའ་མངོན་པར་འདོད་པའི་སྐད་ཅིག་གིས་སྒྲའི་དོན་འཇིག་རྟེན་ལ་རབ་ཏུ་མ་གྲགས་ན་དེའི་རྗེས་སུ་འགྲོ་བ་སྐད་ཅིག་མའི་སྒྲའི་
དོན་མ་གྲུབ་པོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ནོ་ཞེས་བསམས་པའོ། །དེ་དག་གི་གཞུང་ཞེས་བྱ་བ་འདིས་ནི་རིགས་པ་དང་བྲལ་བར་སྟོན་པར་བྱེད་དོ། །སྐྱེས་པའི་དོན་ནི་ཞེས་བྱ་བ་ལ་སོགས་པ་སྐད་ཅིག་གཞན་དུ་གནས་པར་སྒྲུབ་པར་བྱེད་དོ། །བྱེ་བྲག་པ་དང་རིགས་
པ་ཅན་དག་ནི་རང་གི་རྒྱུད་ལ་ཡོད་པ་དང་འདུ་བར་སྐྱེ་བ་ཡིན་ནོ་ཞེས་སྨྲ་ཞིང་གྲུབ་པ་དང་འབྲེལ་པ་དག་ཀྱང་དུས་གཅིག་པ་ཉིད་ཡིན་གྱི་དངོས་པོ་སྐྱེ་བ་ལས་དུས་ཐ་དད་པར་ཡོད་པ་དང་འབྲེལ་བ་ནི་མ་ཡིན་ནོ་ཞེས་ལྟ་བ་མ་ཡིན་ནམ། དཔྱོད་པ་པ་ལ་སོགས་པ་ལ་ནི་འདུ་བ་ཉིད་འགའ་ཞིག་
བྱེད་ཀྱི་འོན་ཀྱང་ཡོད་པ་ཙམ་ཡིན་ནོ་ཞེ་ན། དེ་ལ་ཁ་ཅིག་གིས་སྨྲས་པ། བདེན་ཏེ། རྫས་སྐྱེ་བ་ལ་ཕྱིས་གཟུགས་ལ་སོགས་པ་དང་འདུ་བ་ཡིན་ནོ་ཞེས་བྱ་བའི་ལུས་འདི་ལ་བསམས་པ་ཡིན་ནོ་ཞེས་ཟེར་ཏེ། ཡོད་པའི་སྒྲ་ནི་ཅི་ཞིག་ལྟར་དེ་དག་ཉིད་ཉེ་བར་མཚོན་པའི་དོན་དུའོ། །འདིས་
ཅི་ཞིག་གྲུབ་ཅེ་ན། འདིས་ནི་གྲུབ་སྟེ་རྫས་སྐྱེས་པ་ནི་གཟུགས་ལ་སོགས་པ་དང་འདུ་བའི་དུས་སུ་སྡོད་པས་སྐད་ཅིག་གཞན་དུ་གནས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་རྣམ་པ་དེ་ལྟར་མི་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རྫས་ཁོ་ན་སྐད་ཅིག་གཞན་དུ་གནས་པར་
བསྟན་པར་འགྱུར་གྱི། ཡོན་ཏན་ལ་སོགས་པ་ནི་མ་ཡིན་པ་མ་ཡིན་ནམ། གལ་ཏེ་དེ་ལྟ་ན་འདི་ལས་ཅིར་འགྱུར་རེ་ཞིག་ཐམས་ཅད་སྐད་ཅིག་མ་ཉིད་དུ་དམ་བཅས་པ་བཏང་བར་འགྱུར་རོ། །དེ་ལྟར་བརྗོད་པ་ན་གྲུབ་པའི་མཐའ་ལ་ཡོད་པ་རྟག་པར་ཁས་མ་བླངས་པའི་སྐྱོན་བསལ་བ་ཡིན་ནོ། །
དེའི་ཕྱིར་གཟེགས་ཟན་གྱི་སློབ་མ་ཁ་ཅིག་ཉིད་ཀྱིས་འདི་འདོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་བྱས་པ་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བའི་ངག་འདི་ལ་ཚིག་དག་ཕན་ཚུན་འགལ་བའི་དོན་ཉིད་རྗོད་པར་བྱེད་པ་ཡིན་ཏེ། ངའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཁྱད་པར་མ་

གྲུབ་པ་ལ་སོགས་པའི་ཕྱོགས་ཀྱི་སྐྱོན་འབའ་ཞིག་ཏུ་མ་ཟད་དེ་དེ་ལྟ་བུའི་ཆོས་དང་འབྲེལ་པའི་རྒོལ་བ་གཉི་ག་ལ་གྲུབ་པའི་དཔེ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པས་སོ། །འདི་མེད་མོད་ཅེས་ནི་བརྗོད་པར་མི་བྱ་སྟེ། དེ་མེད་ན་ཁྱབ་པ་སྒྲུབ་
པར་བྱེད་པའི་ཚད་མ་དྲན་པ་མེད་པའི་ཕྱིར་ལ། ཁྱབ་པ་མ་ངེས་པ་ཅན་གྱི་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ནི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ། །དེས་སྨྲས་པ་ནི་ཁྱབ་པ་ཞེས་བྱ་བ་ལ་སོགས་པས་སོ། །བློ་ལ་སོགས་པའི་མྱུར་དུ་འཇིག་པ་ཡིན་ན་ཡང་ཡོད་པ་དང་འདུ་བའི་དུས་
ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་སྐྱེ་བ་ཉིད་ན་འཇིག་པར་མ་གྲུབ་པོ། །ཡང་ན་ཐེ་ཚོམ་དུ་གྱུར་མོད་དེ་ལ་བསྒྲུབ་བྱ་ཉིད་ལ་ཐེ་ཚོམ་ཟ་བའི་སྐྱོན་ཡིན་ནོ་ཞེས་བཤད་པ་ནི་བློ་ཞེས་བྱ་བ་ལ་སོགས་པའོ། །ཡོད་པའི་གཏན་ཚིགས་ཀྱང་ལྷག་མ་དང་ལྡན་པའི་མ་ངེས་པ་ཡིན་ནོ་ཞེས་བཤད་
པ་ནི་དོན་བྱ་བ་བྱེད་པའོ། །འདི་ཉིད་ཀྱི་འཐད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་གྱི་དོགས་པ་བསུ་བ་ནི་འདི་སྙམ་དུ་ཞེས་བྱ་བའོ། །ལྷན་ཅིག་བྱེད་པ་རྣམས་རིམ་གྱིས་ཉེ་བར་ལེན་པར་གྱུར་བའི་དངོས་པོ་རིམ་གྱིས་འབྲས་བུའི་ཚོགས་བྱེད་དོ་ཞེས་བྱ་བའི་ལུགས་འདི་ལ་ལན་ཅིག་བྱེད་
པ་རྣམས་འདི་ལ་ཅུང་ཞིག་བྱེད་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་དེ་ལས་གཞན་པ་བཞིན་དུ་ལྟོས་པ་མེད་པ་ཉིད་དུ་བྲལ་བར་འགྱུར་བའི་ཕྱིར་རོ། །ཐ་མི་དད་པ་འགའ་ཞིག་བྱེད་པ་ནི་མ་ཡིན་ཏེ་དེ་ནི་རང་གི་རྒྱུད་ལ་སྐྱེས་པའི་ཕྱིར་ལ། བྱས་པ་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །ཐ་དད་པ་བྱེད་པའི་ཁྱད་པར་བྱེད་ན་ཡང་དེ་ལྟོས་པ་མེད་པའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གཞན་བྱེད་ན་ཁོ་བོ་ཅག་གི་ཕྱོགས་ཁས་བླངས་པའི་ཕྱིར་སྐད་ཅིག་མ་མ་ཡིན་པའི་རིམ་གྱིས་བྱེད་པ་ནི་མི་འཐད་དོ་ཞེས་བྱ་བའོ། །འདི་བདག་ཉིད་ཀྱི་ལྟ་བའི་དཔེ་བསྟན་པས་སེལ་བ་ནི། དེ་ནི་མི་རིགས་ཏེ་ཞེས་བྱ་བ་རྩོམ་མོ། །བུམ་པ་ལ་སོགས་པ་ཉེ་བར་
ལེན་པ་རྣམས་ནི་ཐོ་བ་ལ་སོགས་པ་བསྣུན་པའི་ཁྱད་པར་གྱི་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བར་བླངས་ནས་འཇིག་པ་ཞེས་བྱ་བའི་འབྲས་བུ་སྐྱེད་པར་བྱེད་དེ་ཞེས་གྲག་གོ། །ཐོ་བས་བུམ་པའི་འཇིག་པ་སྐྱེ་བ་ལ་རྗེས་སུ་མཐུན་པའི་ཁྱད་པར་འགའ་ཞིག་བྱེད་པ་ནི་མ་ཡིན་ནོ། །ཐོ་བ་ལ་སོགས་

པ་འཇིག་པའི་རྒྱུ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། དེ་ནི་ཐོ་བ་ལ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་བཤད་པ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བའོ། །ཡང་དཔེར་ན་ཞེས་བྱ་བ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚད་མ་ཅན་དངོས་པོའི་ངོ་བོའི་རྣམ་པའི་འབྲས་བུ་སྐྱེད་
པ་དཔེར་བྱེད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བསྟན་པའི་དཔེ་ཅན་མཇུག་བསྡུ་བའོ། །དེ་ལྟར་རེ་ཞིག་ཐོ་བ་ལ་སོགས་པ་བུམ་པ་ལ་སོགས་པ་ལ་ཅུང་ཞིག་མི་བྱེད་ཀྱང་བདག་ཉིད་ལྡོག་པ་ལ་ལྟོས་པ་ཡིན་ནོ་ཞེས་ས་བོན་ལ་སོགས་པ་བསྟན་པ་སྒྲུབ་པར་བྱེད་དོ། །དེས་ན་ལྷན་
ཅིག་བྱེད་པ་རྣམས་ཁྱད་པར་མི་བྱེད་ཀྱང་ལྟོས་པ་ཉིད་དུ་སྔར་བསྟན་པ་དཔེས་བསྒྲུབས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདྲེས་པ་དང་ཐ་དད་མ་གྲུབ་ཅེས་བྱ་བ་ནི་ཁྱད་པར་དང་འབྲེལ་པ་མ་འཐོབ་པའོ། །དེས་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་དམ་བཅས་པའི་མི་མཐུན་
པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མཚན་ཉིད་ཀྱི་ལྷག་མ་དང་ལྡན་པའི་མ་ངེས་པའི་འཐད་པ་མཇུག་སྡུད་དོ། །ད་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་དེ་ཉིད་མ་གྲུབ་པར་སྟོན་ཏོ། །སྔར་ནི་གྲུབ་པར་ཁས་བླངས་ནས་མ་ངེས་པར་བརྗོད་པ་ཡིན་ཏེ། ཕྱོགས་ཆོས་མེད་
པར་ནི་ཐེ་ཚོམ་སྐྱེད་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རྣམ་པར་དཔྱད་པར་མི་རིགས་སོ་ཞེས་གང་བཤད་པ་ཡིན་ནོ། །མ་གྲུབ་པ་ཡང་མཐོང་བའི་དངོས་པོ་དང་འབྲེལ་པ་འདི་ལ་བསྟན་པ་ཁྱད་པར་བྲལ་བ་ནི་མངོན་སུམ་གྱིས་རྟོགས་པ་མེད་དོ། །གནས་པའི་
ཁྱད་པར་དུ་རྟོགས་པ་ནི་སྐད་ཅིག་མ་ཉིད་ལས་བཟློག་པ་བསྟན་པས་ཁྱབ་པ་དེས་ན་འགལ་བ་ཉིད་དོ། །འགལ་བའི་ཕྱིར་ནུས་པ་མེད་པས་ཉེ་བར་དགོད་པར་མི་བྱའོ་ཞེས་བརྗོད་པ་ནི་རྣལ་མའི་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པས་འགལ་བར་བརྗོད་པར་འདོད་ནས་བསྟན་པ་ཡིན་གྱི་བཟློག་པ་
བསྒྲུབ་པ་ལ་བསམས་པ་ནི་མ་ཡིན་ནོ་ཞེས་ཁ་ཅིག་བློ་འཁྲུལ་པར་འགྱུར་བས་དེར་མ་གྱུར་ཅིག་ཅེས་ཡང་ཉེ་བར་སྦྱར་ནས་སྨྲས་པ་ནི་ཅི་འདྲ་བ་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་ལ་མངོན་སུམ་གྱིས་དོན་གནོད་པ་སྡུད་པ་ཡིན་ནོ། །གཞན་དག་མངོན་

སུམ་གྱིས་གྲུབ་པའི་དངོས་པོ་སྐད་ཅིག་མ་ཉིད་ཀྱིས་ཕྱོགས་སུ་བྱེད་དོ། །དེ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དོ། །སྤྱིའི་ཆ་ལ་ནི་ངོ་ཤེས་པའི་བདག་ཉིད་ཀྱི་མངོན་སུམ་བསྟན་པར་འཛིན་པར་བསྙོན་དུ་མེད་དོ། །དེས་ན་དེས་གནོད་དོ། །དེ་མངོན་སུམ་མ་ཡིན་པ་ཡང་མ་
ཡིན་ཏེ། རྟོག་པ་མེད་པ་དང་མཚུངས་པར་བརྗོད་པའི་ཕྱིར་ཏེ། དོན་ཉེ་བའི་ཡུལ་ཅན་དབང་པོ་ལས་སྐྱེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་དང་མཚན་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །གསལ་བ་དང་འདུ་བ་ཐ་མི་དད་པའི་ངོ་བོ་ནི་སྤྱི་ཡིན་ནོ། །གཞན་ནི་རྟོགས་པར་སླའོ། །རྗེས་སུ་དཔག་
པས་གནོད་པའི་ཕྱོགས་ཀྱི་སྐབས་སུ་འདིར་ཞེས་བྱ་བ་ལ་སོགས་པས་དེའི་འབྲེལ་པ་བསྟན་པའི་དོན་དུ་བཟློག་པ་བཤད་དོ། །འདིར་གཏན་ཚིགས་ནི་ངོ་ཤེས་པ་དང་དྲན་པར་བྱེད་པའོ། །སོགས་པ་སྨོས་པས་ངོ་ཤེས་པ་པོ་བརྗོད་པར་འདོད་དོ། །སྔ་མ་དང་ཕྱི་མའི་དུས་དང་འབྲེལ་པའི་རྩོད་གཞིར་
གྱུར་པ་རྣམས་སྐད་ཅིག་གིས་ཐ་དད་པར་བསྒྲུབ་པར་བྱ་བ་ལ་གསལ་བར་ཐ་དད་པའི་ལྷས་བྱིན་དང་མཆོད་སྦྱིན་དག་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །ངོ་ཤེས་ལ་སོགས་པ་དེ་དག་ལས་ལྡོག་པ་ན་རྣམ་པ་གཞན་མེད་པའི་ཕྱིར་ཐ་མི་དད་པས་ཁྱབ་པར་བྱ་བ་ཡིན་ནོ། །དེ་བཤད་པ་ནི་ལྷས་
བྱིན་ཞེས་བྱ་བའོ། །གཞན་གྱིས་མཐོང་ཞེས་བྱ་བ་འདི་ནི་དྲན་པ་པོའི་དྲན་པའི་བཟློག་པ་བཤད་དོ། །དེ་ནི་བྱེད་པ་པོ་གཅིག་གིས་མྱོང་བ་ལ་ཡིན་ཏེ། བྱེད་པ་པོ་དུ་མ་ལ་མེད་པའི་ཕྱིར་རོ། །ངོ་ཤེས་པ་ལ་ཡང་འདི་ལྟ་བུ་ཁོ་ནའོ། །དེ་བསྟན་པ་ནི་ལྟ་བ་དང་ངོ་ཤེས་པར་བྱེད་པ་ཞེས་བྱ་བའོ། །
གལ་ཏེ་སྐད་ཅིག་གི་བདག་ཉིད་ཐ་དད་པ་དགག་པ་བསྒྲུབ་པར་བྱ་བ་ལ་མི་དམིགས་པའི་གཏན་ཚིགས་བླང་བར་བྱ་བ་མ་ཡིན་ནམ། དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་མི་དམིགས་པ་ལས་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡིན་ན་འདི་ལ་མི་དམིགས་པ་གང་ཞིག་ཡིན་ཞེས་སྐབས་ཚོལ་
ཞིང་དོགས་པ་ལ་དེས་ན་འདིར་ཞེས་བྱ་བ་ལ་སོགས་པས་ཁྱབ་བྱེད་མི་དམིགས་པ་ཡིན་པར་བསྟན་ཏོ། །དེ་ལྟར་གཏན་ཚིགས་ཀྱི་དོན་བཞག་ནས་སྦྱོར་བ་ལ་འགོད་པར་བྱེད་པ་ནི་གང་ཞེས་བྱ་བའོ། །ལྟ་བ་པོ་དུ་མའི་དབུས་ན་གནས་པའི་གར་རམ་གྱད་ཐ་མི་དད་པར་ཐེ་ཚོམ་མེད་པར་

ཅིག་ཅར་མཐོང་བ་ནི་ཆོས་མཐུན་པའི་དཔེའོ། །མཐོང་བ་པོ་རྣམས་ཕན་ཚུན་ངོ་ཤེས་པའི་མཚན་ཉིད་ཀྱིས་མི་སླུ་བ་དེ་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པོ། །དེ་བཞིན་དུ་ཞེས་བྱ་བས་ཕྱོགས་ཀྱི་ཆོས་སྟོན་ཏོ། །དངོས་པོ་འགའ་ཞིག་ཅེས་བྱ་བ་ནི་རྩོད་པའི་གཞིར་བྱས་པའི་སྐད་ཅིག་གི་
བདག་ཉིད་སྔ་མ་དང་ཕྱི་མའི་དུས་སུ་ཐ་དད་པ་ཕྱོགས་སུ་བྱས་པ་བསྟན་ཏོ། །རྗེས་སུ་འགྲོ་བ་འཕངས་པ་དང་གཏན་ཚིགས་ཀྱི་ལྡོག་པ་སྔར་བརྗོད་པས་ཚུལ་གསུམ་ཚང་ངོ་། །དེ་ལྟར་ངོ་ཤེས་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཉེ་བར་བསྟན་པས་ངོ་ཤེས་པ་ཉིད་མགོ་བསྒྲེས་ཏེ་དོན་གྱིས་སྟོན་པར་
བྱེད་པ་ནི། ངོ་ཤེས་པ་པོ་ལ་ལྟོས་པའི་ཐབས་ཞེས་བྱ་བ་ལ་སོགས་པས་སོ། །དྲན་པ་པོ་ཉིད་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཡང་མགོ་བསྒྲེས་པར་བསྟན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སོ། །འདི་ནི་ལྡོག་པ་འབའ་ཞིག་པའི་གཏན་ཚིགས་ཀྱི་སྦྱོར་བར་བརྗོད་པར་བྱ་སྟེ། མཐུན་
པའི་ཕྱོགས་ལ་མེད་ཀྱང་མི་མཐུན་པའི་ཕྱོགས་ལ་ལྡོག་པའི་སྟོབས་ཀྱིས་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་ཞེས་བྱ་བས་སྔར་བསྟན་པ་ཉེ་བར་སྡུད་པར་བྱེད་དོ། །མངོན་སུམ་དང་རྗེས་སུ་དཔག་པ་མེད་པར་གང་དུ་བརྗོད་ནས་མཇུག་སྡུད་པར་བྱེད་ཅེ་ན། གཏན་ཚིགས་མ་གྲུབ་
པར་སྟོན་པའི་སྐབས་སུ་མངོན་སུམ་མེད་པར་བསྟན་ལ། གཏན་ཚིགས་ལ་སོགས་པའི་སྐྱོན་གྱི་རྗེས་སུ་དཔག་པ་མེད་པར་བསྟན་པ་ཡིན་ནོ། །དམ་བཅས་པའི་དོན་འཇིག་རྟེན་པ་ཐམས་ཅད་ཀྱི་གྲགས་པ་དང་ཡང་འགལ་ཏེ། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཅི་སྟེ་སྐྱོན་
གཅིག་གིས་སྤངས་པ་ལ་གཉེན་པོ་གཞན་དོན་མེད་དོ། །ཐལ་བར་བྱས་པ་ལ་མེ་སྦར་བ་བཞིན་ནོ་ཞེ་ན། རྩོད་ན་བདེན་ཏེ། བསྟན་བཅོས་སུ་ནི་ཐབས་རྣམ་པ་སྣ་ཚོགས་ཉེ་བར་བསྟན་པས་འགའ་ཞིག་ཅི་ཞིག་ལྟར་འགའ་ཞིག་གི་ཚེ་ཉེ་བར་བསྟན་པའི་སྐྱོན་མེད་དོ། །དེས་ན་ཞེས་བྱ་བ་ལ་སོགས་
པས་ཕྱོགས་ཀྱི་དོན་སྔ་མ་ཉེ་བར་སྡུད་པར་བྱེད་དོ། །དེའི་ཕྱིར་ཁྱད་པར་མ་གྲུབ་པའི་ཕྱོགས་ཉིད་དང་། རང་གི་ཚིག་དང་འགལ་བ་དང་། དཔེས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་ཉིད་དང་། གཏན་ཚིགས་མ་ངེས་པ་ཉིད་དང་། མ་གྲུབ་པའམ་འགལ་བ་ཉིད་དང་། དམ་བཅས་པའི་དོན་མངོན་

སུམ་དང་རྗེས་སུ་དཔག་པས་གསལ་བ་དང་། འགྲོ་བའི་གྲགས་པ་དང་འགལ་བའི་ཕྱིར་དངོས་པོ་འཇིག་པར་བརྗོད་པ་ཉིད་ནི་འཇིག་གོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོན་ཏོ། །གྲུབ་པའི་མཐའ་ཉེ་བར་དགོད་པའི་ཕྱིར་སློབ་དཔོན་གཞན་དོན་དུ་གཉེར་བར་བྱེད་པའམ་
ཡང་ན་དུས་ལ་བབ་ནས་འདི་ལ་ལན་ཉོན་ཅིག་ཅེས་བྱ་བ་སྨོས་སོ། །སྐད་ཅིག་གི་སྒྲའི་དོན་གྲུབ་པར་བསྟན་པས་དང་པོ་བཀོད་པའི་ཁྱད་པར་མ་གྲུབ་པ་སེལ་བར་བྱེད་དོ། །འཇིག་རྟེན་སྐད་ཅིག་གི་སྒྲ་རབ་ཏུ་སྦྱོར་བ་ནི་ཤིན་ཏུ་ཆུང་བའི་དུས་ཀྱི་དུམ་བུ་ལ་རྗོད་པར་བྱེད་དོ། །དེ་བསྟན་པ་ནི།
འདི་ལྟར་ཞེས་བྱ་བའོ། །སྐར་མ་ཤེས་པའི་གཙུག་ལག་དེ་ཉིད་ལ་འདི་གྲགས་པ་ཡིན་ནོ་ཞེས་བསྟན་པ་ནི་སྐད་ཅིག་ཐང་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་བསྟན་བཅོས་བྱེད་པ་ནི་སྲོག་ཆགས་རྣམས་ཀྱིས་ལས་སྣ་ཚོགས་བྱས་པས་འབྲས་བུ་སྣ་ཚོགས་པ་སྐྱེ་བ་དང་བག་མར་འགྲོ་
པ་ལ་སོགས་པ་དུས་ཐ་དད་པར་སྟོན་པ་ཡིན་ནོ། །དེས་ན་དུས་ཐ་དད་པ་རྣམ་པར་ཕྱེ་བས་དུས་ཤིན་ཏུ་ཉུང་བ་ནི་སྐད་ཅིག་ཏུ་བརྗོད་དོ། །འགའ་ཞིག་རྡུལ་ཕྲ་རབ་གཅིག་འདུས་པའི་དུས་ནི་སྐད་ཅིག་གོ་ཞེས་བྱ་བ་ནི་མཚོན་པ་ཡིན་ནོ། །ཇི་སྲིད་དུ་རྡུལ་ཕྲ་རབ་གཅིག་གིས་རྡུལ་ཕྲ་རབ་གཅིག་
རྒལ་བའི་དུས་ཅུང་ཟད་པ་དེ་ནི་སྐད་ཅིག་གོ། །དེ་ལྟར་རྡུལ་གཉིས་ལ་ལྟོས་ནས་ཆེས་ཕྲ་བ་རྡུལ་ཕྲ་རབ་ཡིན་པ་དེ་བཞིན་དུ་སྔ་མ་དང་ཕྱི་མའི་ཆ་དང་ལྡན་པའི་དུས་ཅུང་ཞིག་པ་ལ་ལྟོས་ནས་ཆ་དང་བྲལ་བའི་ཤིན་ཏུ་ཉུང་བའི་དུས་ཀྱི་ཆ་ནི་སྐད་ཅིག་ཡིན་པའི་ཕྱིར་རྣམ་པ་དུ་མས་སྐད་ཅིག་གི་དོན་
ཤེས་པར་བླ་བས་དེའི་གནས་སྐབས་ནི་སྐད་ཅིག་མའོ། །དེ་བས་ན་ཁྱད་པར་མ་གྲུབ་པ་ཉིད་མ་ཡིན་ནོ། །གཉི་ག་ལ་གྲུབ་པའི་དཔེ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་ཅི་སྒྲུབ་པར་བྱེད་པའི་ཆོས་ཀྱིས་བྱས་པའི་ཆོས་མཐུན་པའི་དཔེས་ཕྱོགས་ལ་བསྒྲུབ་བྱ་ངེས་ལ་དེ་མེད་པའི་ཕྱིར་
རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་ཚེ་དང་ལྡན་པས་བསམས་སམ། ཀྭའི་དཔེ་ཉེ་བར་ལེན་པའི་དགོས་པ་མི་ཤེས་པར་འདི་སྐད་དུ་སྨྲ་བར་བྱེད་དེ། ཁྱབ་པ་བསྒྲུབ་པའི་ཚད་མ་ཞུགས་པ་དྲན་པར་བྱ་བའི་ཕྱིར་ཉེ་བར་ལེན་པ་ཡིན་གྱི་དཔེའི་ཕྱིར་ནི་མ་ཡིན་ནོ། །ཆོས་མཐུན་པ་སྟོན་པ་མ་

ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་བྱ་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །འདི་ནི་ཆོས་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་ཚད་མ་བརྟག་པར་ཡང་བསྟན་ཟིན་ཏོ། །ཁྱབ་པ་སྒྲུབ་པའི་ཚད་མ་དྲན་པ་དེ་ཉིད་ཀྱིས་ཅི་ཞིག་བྱ་ཞེ་ན། ཁྱབ་པ་རབ་ཏུ་གྲུབ་པའི་ཞེས་བྱ་བ་
ལ་སོགས་པ་འདི་སྨོས་སོ། །ནི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །དེ་ལྟར་ན་ཡོད་པའི་མཚན་ཉིད་ཀྱི