Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 190
Văn bản gốc(Tây Tạng)
Trang 15 / 25 (50.000 ký tự/trang)
ཟླ་བ་གཅིག་གམ་ཡུལ་གཅིག་ན་གནས་པའི་ཤིང་ལ་སོགས་པ་མ་མཐོང་བ་རྗེས་སུ་འདོད་པ་དེའི་ཚེ་འགལ་བ་མེད་དོ། །གང་གི་ཕྱིར་ངེས་པའི་འཇུག་ཡུལ་ཐོབ་པར་བྱེད་པའི་ཕྱིར་ཚད་མ་ཡིན་པ་དེའི་ཕྱིར་ལོག་པའི་ཤེས་པས་དོན་མི་འཐོབ་པོ། །འདི་ལྟར་གལ་ཏེ་འཇུག་པའི་ ཡུལ་ཐོབ་པར་བྱེད་ན་ནི་དེའི་ཚེ་ཡང་དག་པའི་ཤེས་པ་ཉིད་ཡིན་ལ། དེ་ཐོབ་པར་མི་བྱེད་ན་ཡང་ཇི་ལྟར་དོན་ཐོབ་པ་ཡིན། དེའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་གཞན་དུ་ན་དེའི་བྱ་བ་མེད་པའི་ཕྱིར་རོ། །དེས་ན་གང་ལོག་པའི་ཤེས་པ་ཡིན་པ་དེ་ནི་ཞེན་པར་བྱས་པའི་དོན་ཐོབ་པའི་རྒྱུ་མ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་ཤེས་པ་བཞིན་ནོ། །དེ་བཞིན་དུ་རྩོད་པའི་གཞིར་གྱུར་པ་ཡང་ལོག་པའི་ཤེས་པ་ཡིན་ནོ། །དོན་ཐོབ་པའི་རྒྱུ་ཉིད་ནི་ཡང་དག་པའི་ཤེས་པས་ཁྱབ་པ་ཡིན་ཏེ། རྒྱུ་མཚན་གཞན་དང་འབྲེལ་པའི་ཡང་དག་པའི་ཤེས་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཐེ་ཚོམ་གྱི་ ཤེས་པས་ཀྱང་མངོན་པར་འདོད་པ་ཐོབ་ན་དེ་ཡང་དག་པའི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེ་ན། དེ་ལས་ནི་དོན་མི་ཐོབ་སྟེ། གང་གི་ཕྱིར་ཐེ་ཚོམ་ནི་ཡོད་དམ་མེད་ཅེས་གཉིས་ཀ་ལ་དམིགས་ནས་འཇུག་ལ། དངོས་པོ་དང་དངོས་པོ་མེད་པ་ལས་མ་གཏོགས་པ་མ་ངེས་པའི་དངོས་པོ་ཡང་འཇིག་ རྟེན་ན་ཡོད་པ་མ་ཡིན་ནོ། །དེ་ལས་ནི་ཞུགས་པ་ལས་ངེས་པར་བྱེད་པ་ཐོབ་པའི་རྒྱུའི་ཚད་མ་གཞན་འཇུག་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་སྒྲའམ་གཞན་ལས་ཀྱང་རུང་སྟེ། གང་གི་ཚེ་རང་གི་ངང་གིས་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་དེའི་ཚེ་དོན་ཐོབ་པོ་སྙམ་ན། དེ་ལྟར་ནི་མི་རིགས་ཏེ། གང་གི་ཕྱིར་དོན་གྱི་རང་བཞིན་སྣང་བའི་རྣམ་པར་ཤེས་པའམ། དེའི་རང་བཞིན་འཛིན་པ་དང་བྲལ་བའི་རྟོགས་པར་བྱེད་པའི་ཤེས་པ་སྐྱེ་བར་འགྱུར་གྲང་། དེ་ལ་དེ་སྣང་བའི་རྣམ་པར་ཤེས་པས་གཟུང་ན་ནི་སྣང་བ་ལ་ངེས་པར་འཇུག་པ་ཉིད་དོ། །རྟོག་པའི་ཤེས་པ་ནི་དེ་རྣམ་པ་དང་མི་ ལྡན་པས་རྒྱུ་མཚན་མེད་པའི་ཕྱིར་ཇི་ལྟར་ངེས་པར་བྱེད། དེ་མེད་ན་མི་འབྱུང་བ་མཐོང་ན་ནི་ངེས་པར་རིགས་པ་ཡིན་ནོ། །དེའི་ཕྱིར་ངེས་པ་མེད་པར་དངོས་པོ་རྟོགས་པ་ཡང་ངེས་པར་བྱེད་པའི་རྒྱུ་མཚན་མེད་པའི་ཕྱིར་ཆ་གཅིག་ཏུ་འཇུག་པར་འདོད་ཀྱང་དེ་ནི་ཐེ་ཚོམ་གྱི་ཕྱོགས་སུ་རྟོགས་ སོ། །གང་གི་ཚེ་དུ་བར་འདོད་པའི་སྦྲང་བུའི་ཚོགས་མཐོང་བ་ལས་མེ་ལ་ཤེས་པ་སྐྱེས་པ་དེའི་ཚེ་གཉི་ག་ལ་དམིགས་པ་མ་ཡིན་པ་དེས་ན་དེ་ནི་མི་སླུ་བ་ཡིན་ནོ་ཞེ་ན། དུ་བའི་རྒྱུ་མཚན་ཅན་གྱི་ངེས་པ་ནི་དུ་བ་ཡོད་ན་ཡོད་ལ། མ་ངེས་ན་ཡང་ཐེ་ཚོམ་ཉིད་དོ་སྙམ་པས་དུ་བའི་རྗེས་སུ་ འབྲང་བས་ཡང་དག་པའི་དུ་བའི་རང་བཞིན་ངེས་པར་མ་རྟོགས་པའི་ཕྱིར། དེ་མ་ངེས་པའི་ཡུལ་ཉིད་དུ་གཞག་པ་མ་ཡིན་ནམ། དེས་ན་ཐེ་ཚོམ་ཉིད་དོ། །དེས་ན་དེའི་རང་བཞིན་བཟུང་བའམ། དེའི་རང་བཞིན་མེད་ན་མི་འབྱུང་བ་བཟུང་བ་ཁོ་ན་ངེས་པ་ཡིན་ནོ། །གཞན་དུ་ནི་མ་ངེས་ པའི་ཡུལ་ཅན་ཉིད་ཀྱིས་སྲིད་པར་བརྟགས་པ་ཐེ་ཚོམ་གྱི་རང་བཞིན་ཤེས་པ་ཡིན་ནོ། །གཉིས་ཀའི་བདག་ཉིད་ཀྱི་དངོས་པོ་ཡང་མེད་པས་ཐོབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་ཤེས་པས་ངེས་པའི་དོན་ཐོབ་པ་དེས་ན་འབད་པས་སྟོན་པར་བྱེད་དོ། །གཞན་དུ་ན་ ནི་དེ་བསྟན་པ་དོན་མེད་པར་འགྱུར་ཏེ། ཐོབ་པའི་རྒྱུ་གཞན་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ངེས་པ་སྨོས་པ་ཡིན་ནོ། །འོ་ན་གལ་ཏེ་ངེས་པའི་དོན་ཐོབ་པར་བྱེད་པ་ཉིད་ཚད་མ་མ་ཡིན་ན་ནི་དེ་ལྟ་ན་ནི་འོ་ན་རྒྱུ་འགའ་ཞིག་ལས་སྤང་བར་བྱ་བ་དང་བླང་བར་བྱ་བའི་དོན་ལ་མ་ ཞུགས་སམ། ཞུགས་ཀྱང་འགལ་བའི་རྐྱེན་ཉེ་བས་ཐོབ་པར་བྱེད་པ་མ་ཡིན་པའི་འཇུག་པར་བྱེད་པ་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཤེས་པས་སྐྱེས་བུ་མི་འདོད་ཀྱང་། གལ་ཏེ་གཞུག་པར་བྱ་བའམ། འགལ་བའི་རྐྱེན་ཉེ་བ་ཡང་སྤང་བར་བྱ་བ་ ནི་མ་ཡིན་གྱི། འོན་ཀྱང་འཇུག་པའི་ཡུལ་ཉེ་བར་བསྟན་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །དེ་ཙམ་གྱིས་ནི་དེ་ཚད་མ་མ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནོ། །དོན་ཐོབ་པ་ནི་ཕྱིས་ཀྱི་དོན་ལ་དམིགས་པའི་ཤེས་པའི་བདག་ཉིད་ཡིན་ན། གཞན་ནི་གཞན་གྱི་རང་བཞིན་དུ་འགྱུར་བར་མི་འོས་ཏེ། ཧ་ཅང་ ཐལ་བའི་ཕྱིར་རོ། །དེས་ན་ཞིག་པར་གྱུར་པ་གང་ཞིག་ཐོབ་པར་བྱེད་པ་པོ་གང་ཡིན་པ་དེ་ཡང་། དུས་ཕྱིས་ཐོབ་པའི་རང་བཞིན་ནི་མ་ཡིན་ནོ། །དེས་ན་ཐོབ་པར་བྱེད་པའི་ནུས་པའི་དོན་ཐོབ་པར་བྱེད་པ་པོའི་ཚད་མ་ཉིད་ནི་ཤེས་པའི་རང་བཞིན་ཉིད་ཡིན་པར་བལྟ་བར་བྱའོ། །དོན་ཐོབ་ པའི་ནུས་པ་དེ་ཡང་རྒྱུ་མཚན་མེད་པ་ཅན་དུ་ནི་རིགས་པ་མ་ཡིན་ཏེ། ཐམས་ཅད་ཀྱང་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱིས་ཀྱི་ཐོབ་པའི་ཤེས་པས་བྱས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ནུས་པ་ནི་རང་བཞིན་ལས་ཐ་དད་པ་མ་ཡིན་ནོ། །རྒྱུ་ཡང་བརྟགས་ན་ཐོབ་པར་བྱ་བའི་དོན་དེ་ ཉིད་ཡིན་ཏེ། གང་གིས་དེ་ལས་སྐྱེས་པ་དེའི་ཕྱིར་ན་ངེས་པར་དེ་ཐོབ་པར་བྱེད་པ་ཡིན་ནོ། །ཡང་གང་ཞིག་ཞེན་པར་བྱས་པའི་དོན་ལས་མ་སྐྱེས་པ་དེ་ནི་དེ་དང་མ་འབྲེལ་པའི་ཕྱིར་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ལས་སྐྱེས་པའི་རྒྱུ་མཚན་ཅན་གྱི་དེ་ཐོབ་པའི་ནུས་པ་དེ་ནི་གང་གིས་འཇུག་ པར་བྱེད་པ་མ་ཡིན་པ་དེ་ལ་ཡང་དགག་པ་མེད་པས་ན་དེ་ཡང་ཚད་མ་ཉིད་དོ། །གལ་ཏེ་དེ་མ་ཐག་པའི་རྒྱུ་ཉིད་ནུས་པ་ཡིན་པ་དེ་ལྟ་ན་ཡང་དངོས་པོ་གཞན་བཟློག་པ་ལ་ཕྱོགས་པའི་ངག་ལ། འདི་ཉིད་ལྷན་ཅིག་བྱེད་པ་དག་གིས་བོགས་ཕྱུང་བས་ནུས་པ་ཡིན་གྱི། བུམ་པ་ནི་མ་ཡིན་ནོ་ ཞེས་སྦྱང་ནང་ན་གནས་པའི་ས་བོན་མྱུ་གུའི་རྒྱུ་ཡིན་པར་བརྗོད་པ་དེ་བཞིན་དུ་ལོག་པའི་ཤེས་པའི་འཇུག་པ་ནི་བརྒྱུད་པས་ཀྱང་ནུས་པ་མེད་པར་བསྟན་པའི་ཕྱིར་བརྒྱུད་པས་ཐོབ་པར་བྱེད་པ་པོ་ཡང་དག་པའི་ཤེས་པ་ཉིད་ཡིན་པར་བརྗོད་དོ། །གང་གི་ཕྱིར་དོན་དུ་གཉེར་བར་འདོད་པ་ལ་འཇུག་ པར་བྱེད་པ་དེ་ནི་འདིར་འཐོབ་པར་བྱེད་པ་ཡིན་ལ། གཞན་ནི་རྣམ་པར་དཔྱད་ནས་རྣམ་པར་གཞག་གོ། །དོན་བྱེད་པར་སྣང་བའི་ཤེས་པ་ལས་བསམས་པའི་དོན་གྲུབ་པ་ནི་འགའ་ཡང་འཇུག་པ་མེད་དེ། གང་གི་ཕྱིར་དེ་ཉིད་དགོས་པར་འདོད་པ་ཡིན་གྱི། ཐོབ་པར་བྱ་བ་གཞན་ནི་ཡོད་ པ་མ་ཡིན་པ་དེའི་ཕྱིར། ཤེས་པ་དེའང་སྐད་ཅིག་མ་ནི་ཚུ་རོལ་མཐོང་བས་དཔྱད་པར་འོས་པ་མ་ཡིན་ནོ། །ལྷག་མར་གྱུར་པས་འདི་དཔྱོད་པར་བྱེད་པ་ནི་འཇུག་པར་བྱེད་པ་ཉིད་ཡིན་ནོ། །དེ་ཉིད་བརྒྱུད་པས་མ་ངེས་པར་རྒྱུར་གནས་པའི་ཕྱིར་དེ་ཉིད་ནི་ཚད་མ་ཡིན་ཏེ་གཞན་མེད་པའི་ཕྱིར་རོ། ། ཅི་སྟེ་དེ་ལས་སྐྱེས་པས་བྱས་པའི་དེ་ཐོབ་པར་ནུས་པ་ཇི་ལྟར་ངེས་པར་བཟུང་ཞེ་ན། རེ་ཞིག་རྗེས་སུ་དཔག་པ་དང་དོན་བྱེད་པའི་ཤེས་པའི་མངོན་སུམ་ནི་རང་བཞིན་མཐོང་བ་ཉིད་ལས་སོ། །གང་གི་ཕྱིར་ཡོད་པ་ནི་དོན་བྱེད་པར་ནུས་པ་ཉིད་ཡིན་པས་དེ་བཟུང་ན། དོན་དུ་གཉེར་བར་བྱ་བའི་ དངོས་པོ་གཞན་ཅི་ཡོད་དེ། དེའི་ཕྱིར་དེ་ནི་རང་ཁོ་ནས་དོན་ཡོད་པར་ངེས་པ་ཡིན་ནོ། །ཡང་དོན་བྱེད་པ་མེད་པར་དངོས་པོ་འཛིན་པའི་མངོན་སུམ་བདག་ཉིད་ཀྱི་ཡུལ་བསྒྲུབ་པར་བྱ་བས་དོན་དུ་གཉེར་བ་ཡུལ་ལ་འཇུག་པར་བྱེད་པ་གང་ཡིན་པ་དེ་ནི་ཅུང་ཟད་ནི་གཞན་ལས་ཚད་མ་ ཡིན་ཏེ། གང་ཞིག་དངོས་པོ་འཛིན་པ་ཉིད་དུ་ནི་ངེས་ལ་ཁྱད་པར་འཛིན་པ་ཉིད་དུ་མ་ཡིན་ནོ། །དཔེར་ན་ཐག་རིང་པོ་ནས་དམར་ལམ་མེ་བའི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་པས་ན་ཅི་འདི་པ་ལ་ཤའི་མེ་ཏོག་གི་དོག་པའི་ཚོགས་སམ། འོན་ཏེ་མེའི་ཕུང་པོ་བཞིན་ཞེས་ཁྱད་པར་ལ་ ཐེ་ཚོམ་ཟ་ཡང་། དམར་ལམ་མེ་བའི་རང་བཞིན་གཟུང་བར་ངེས་ལ། ཁྱད་པར་གཟུང་བ་ཉིད་དུ་ནི་མ་ཡིན་པ་ལྟ་བུའོ། །དམར་ལམ་མེ་བ་ཙམ་ལ་ནི་དངོས་པོར་འཛིན་པ་ངེས་པ་དང་འཇུག་པར་བྱེད་པ་ཡང་ཡིན་ནོ། །ཁྱད་པར་ལ་ངེས་པ་ནི་དུ་བ་ལ་སོགས་པའི་འབྲེལ་པ་མཐོང་བ་ ལས་སམ། དྲུང་ན་འདུག་པའི་མངོན་སུམ་ཉིད་ཀྱིས་ཡིན་ནོ། །ཡུལ་དེ་ལ་ཐོབ་པར་བྱེད་པ་ནི་སྔ་མ་དེ་ཉིད་ཡིན་པར་འདོད་དོ། །འདི་ལྟར་རྗེས་སུ་དཔོག་པ་ནི་མེད་ན་མི་འབྱུང་བ་དང་ལྡན་པ་ངེས་པ་ལས་དངོས་པོ་ངེས་པར་བྱེད་པའི་ཚད་མ་ཡིན་ནོ། །མངོན་སུམ་ནི་བཟུང་བའི་རྣམ་པ་ངེས་པར་བྱེད་པ་ ལས་ཡིན་གྱི། མེད་ན་མི་འབྱུང་བ་མཐོང་བ་ལས་ནི་མ་ཡིན་ནོ། །འདིར་ནི་དོན་བྱེད་པ་ལ་ཉེ་བར་མཁོ་བའི་དམར་ལམ་མེ་བ་གང་ཡིན་པ་དེ་ཉིད་ཀྱི་ཡུལ་དང་དུས་དང་རྣམ་པ་ངེས་པ་ཤེས་པ་སྔ་མ་དེ་ལ་སྣང་བར་རྣམ་པར་གནས་པ་ཡིན་ཏེ། གཞན་དུ་ན་དངོས་པོ་དེའི་ཡུལ་ལ་བརྟེན་པའི་ཐེ་ཚོམ་ཉིད་དུ་ མི་འགྱུར་བའི་ཕྱིར་རོ། །དེ་ཙམ་གྱིས་ཀྱང་དངོས་པོ་ལ་མངོན་སུམ་གྱི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་ཕྱིས་རྒྱུ་ཁ་ཅིག་ལས་མཐོང་ཞིང་ངེས་པའི་དོན་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་ཞིང་། དངོས་པོ་ལ་ཡང་རེག་པར་འགྱུར་བ་ཡིན་ནོ། །དེ་ངེས་པར་འགྱུར་ན་ནི་མཐོང་ཞིང་ངེས་པའི་དངོས་པོ་ལ་ཐེ་ ཚོམ་ཡང་མི་གནས་པར་འགྱུར་རོ། །དེའི་ཕྱིར་ཤེས་པ་གཞན་ལས་ནི་ཤེས་པའི་བདག་ཉིད་ཀྱི་མེད་ན་མི་འབྱུང་བའི་མཚན་ཉིད་ཚད་མ་དེ་ཉིད་སྔར་མ་ངེས་པ་ངེས་པར་བྱ་བ་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ། །སྔར་གྱི་མཐོང་བའི་འདུ་བྱེད་མ་ཉམས་པ་དེ་ལ་ཞེན་པར་བྱེད་པ་ཞེན་པ་ནི་དྲན་པ་ཡིན་ནོ། ། དངོས་པོ་ཐ་དད་པ་འཛིན་ན་ནི་རང་གི་ཡུལ་ལ་ཚད་མ་ཉིད་དེ། དཔེར་ན་ལྷན་ཅིག་སྤྱོད་པའི་རེག་པ་འཛིན་པ་བཞིན་ནོ། །གང་གིས་འཛིན་པར་བྱེད་པ་ཉིད་ལ། མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བར་གཞན་ལ་ངེས་པར་བྱ་བར་འགྱུར་བ་སྐད་ཅིག་མ་ཉིད་ནི་དེ་ལྟར་བཟུང་ཞིང་ངེས་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་དེ་ཉིད་ཤེས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་སྨིག་རྒྱུ་ལ་ཆུར་སྒྲོ་བཏགས་པ་མེད་པར་མ་ངེས་པའི་ཕྱིར་དེའི་རང་གི་མཚན་ཉིད་འཛིན་པའི་ཤེས་པ་དེ་ལ་ཚད་མ་མ་ཡིན་པ་དེ་བཞིན་དུ་སྐད་ཅིག་མ་ཉིད་དམ། གཞན་ནི་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་མངོན་སུམ་ནི་མ་ཡིན་ ནོ། །གལ་ཏེ་བར་དུ་ངེས་པར་བྱེད་པའི་ཤེས་པ་གཞན་མ་བྱུང་ན་ནི་དོན་བྱེད་པའི་ཤེས་པ་ལས་ཀྱང་ཡིན་ནོ། །དེས་ན་ཇི་ལྟར་བདེན་པའི་ཁྱད་པར་ལ་གཞན་ལས་ཚད་མ་ཡིན་པ་དེ་བཞིན་དུ་དངོས་པོ་ཙམ་དུ་འཛིན་པ་ཡང་ཡུལ་གྱི་ཁྱད་པར་ལ་ལྟོས་ནས་དེ་ཁོ་ན་ལྟར་ཚད་མར་ངེས་པ་ཡིན་ནོ། ། ཁྱད་པར་ཉིད་དུ་ཐེ་ཚོམ་ཟ་བ་རྣམ་པ་གཉིས་གང་ཡིན་པ་དེ་ཡང་གཞན་ལས་དེའི་རང་བཞིན་ངེས་པར་བྱེད་དེ། དཔེར་ན་མེར་སྣང་བའི་ཤེས་པ་འདིར་བདག་ལ་སྐྱེས་པར་ཚོར་ན་ཅི་སྐྱེས་སམ་ཞེས་བྱ་བ་དང་། ཡང་ན་གང་གི་ཚེ་མེར་སྣང་བའི་ཤེས་པ་ཉམས་སུ་མྱོང་བ་ཐེ་ཚོམ་ཡང་མི་ཟའི། ཅི་འདི་དོན་མེད་པ་ཅན་ཡིན་ ནམ་སྙམ་པ་དེའི་ཚེ་འཇུག་པའི་ཡུལ་ནི་ཐམས་ཅད་དུ་སྣང་བ་ཉིད་ཡིན་ལ། འཇུག་པའི་ཡུལ་རྣམ་པར་འཇོག་པ་ཡིན་པ་ན་ཚད་མ་ཡང་སྔ་མ་ཉིད་ཡིན་ནོ། །འགའ་ཞིག་ནི་རང་ཉིད་ཁོ་ན་ལས་ཚད་མ་ཡིན་ཏེ། འབྲེལ་བ་ཅན་གྱི་ཁྱད་པར་དུ་འགྱུར་བའི་དངོས་པོ་འཛིན་པའོ། །གང་གི་ཕྱིར་ འཁྲུལ་པའི་ཤེས་པ་ནི་ཡུལ་དང་དུས་དང་གསལ་བྱེད་དང་། རྒྱུ་ངེས་པ་དང་ལྡན་པར་སྐྱེ་བ་ཡིན་ཏེ། མྱ་ངམ་དང་ཆུང་ངུ་ལ་ཆེན་པོར་འཁྲུལ་པ་དང་། ཐག་རིང་ན་འདྲེས་པར་སྣང་ངོ་། །ཉི་མ་གུང་ལ་ཚད་པས་ཉམས་པའི་ཤེས་པ་མི་གསལ་བའི་ཕྱིར་སྨིག་རྒྱུ་ལ་ཆུར་ངེས་པ་དང་། མར་མེས་ གསལ་བར་བྱས་པ་ན་ཨུཏྤ་ལ་སྔོན་པོ་ལ་སོགས་པ་ལ་དམར་པོར་འཛིན་པ་དང་། རབ་རིབ་ཀྱིས་ཉེ་བར་བསླད་པས་ཟླ་བ་གཉིས་སུ་འཛིན་པ་ལྟ་བུ་སྟེ། འཁྲུལ་པ་འདི་ཐམས་ཅད་ནི་དངོས་པོ་ངེས་པས་བསྐྱེད་པ་ཡིན་ནོ། །དེའི་ཕྱིར་ཡུལ་ཉེ་བ་དང་། དུས་ཀྱི་ཁྱད་པར་ཅན་དང་། གསལ་བྱེད་ ཁྱད་པར་ཅན་དང་། དབང་པོ་མ་ཉམས་པ་དང་། བདག་ཉིད་གཉིད་ལ་སོགས་པས་མ་གདུངས་པས་ཡུལ་ངེས་པ་ལ་སོགས་པའི་གནས་སྐབས་ཅན་གྱི་འཛིན་པར་བྱེད་པ་དང་ལྡན་པའི་དངོས་པོ་མཐོང་བ་ལས་ན་འཛིན་པར་བྱེད་པ་དོན་མི་འབྱུང་བར་ཤེས་པར་འགྱུར་རོ། །འདི་ལྟར་དེ་ ལྟ་བུར་གྱུར་པའི་རྣམ་པར་ཤེས་པ་ལན་ཅིག་མ་ཡིན་པར་དོན་འཛིན་པ་ཉམས་སུ་མྱོང་བའི་ཐ་སྙད་གོམས་པ་ལས་དེའི་རང་བཞིན་རིག་པར་འགྱུར་བ་ཡིན་ནོ། །རྟོགས་པར་བྱེད་པ་པོ་ཉམས་སུ་མྱོང་བ་ཁོ་ནས་དེའི་བདག་ཉིད་ངེས་པར་བྱེད་དོ། །གང་ཡང་རྣམ་པར་མཚུངས་པའི་ཕྱིར་སྐྱེས་ པའི་དུས་སུ་ནི་མངོན་སུམ་དང་དེར་སྣང་བ་དག་ལ་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ནི་མི་བདེན་ཏེ། འབྲེལ་པ་ཅན་གྱི་ཁྱད་པར་གཟུང་བས་ངེས་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཡུལ་ལ་སོགས་པ་ཉིད་དུ་ཐེ་ཚོམ་ཟའམ། ཕྱིན་ཅི་ལོག་ཏུ་འགྱུར་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། ། གཞན་དུ་ན་དུ་བ་མངོན་སུམ་ཉིད་ཀྱིས་རྣམ་པར་འབྱེད་པ་སྟོན་པ་ཇི་ལྟར་འགྱུར་ཏེ། འཁྲུལ་པའི་རྒྱུ་ནི་ཡོད་པ་ཉིད་དོ། །དེ་ནི་མངོན་སུམ་ཉིད་ཀྱིས་དེའི་འབྲས་བུར་ངེས་ལ། ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་ཡང་ གོམས་པས་ཡང་ཐ་སྙད་དུ་དགོངས་ནས་བཤད་པ་ཡིན་གྱི། དོན་བྱེད་པའི་ཤེས་པ་ཁོ་ནར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་ནི་རྗེས་སུ་དཔག་པ་ལས་ཚད་མ་ཉིད་མ་ཡིན་ནོ། །སྔར་གོམས་པ་ལས་འདིའི་དོན་ངེས་པ་ན་རྗེས་སུ་དཔག་པར་བྱ་བ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་དུ་བ་ ཡང་རྗེས་སུ་དཔག་པར་ཐལ་ལོ། །འདི་ལྟར་དེ་ནི་སྔར་མེའི་འབྲས་བུ་ཉིད་དུ་ངེས་ཤིང་ཕྱིས་ནི་མཐོང་བ་ཉིད་ལས་དེ་ནི་འདི་ཡིན་ནོ་ཞེས་དྲན་པར་བྱེད་པ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །གང་ཡང་འཇིག་རྟེན་རྒྱང་པན་པའི་དབང་དུ་མཛད་ནས་དེ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་ སོ་ཞེས་གསུངས་པ་དེར་ནི་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་དབང་པོའི་ཤེས་པའི་གསལ་བ་ཐམས་ཅད་ལ་དོན་ཐོབ་པའི་ནུས་པ་རྗེས་སུ་དཔོག་པར་བྱ་བ་ཡིན་གྱི་ཉམས་སུ་མྱོང་བ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉམས་སུ་མྱོང་བའི་ཡུལ་ཅན་མ་རྟོགས་པ་ཞེས་གསུངས་སོ། །དེའི་ ཕྱིར་འདིར་ནི་དོན་མེད་ན་མི་འབྱུང་བ་ཉམས་སུ་མྱོང་བ་ཡིན་ནོ། །རྣམ་པ་འགའ་ཞིག་གི་གཏན་ཚིགས་ཀྱི་ཕྱིར་དེའི་ཐོབ་པའི་ནུས་པ་རྗེས་སུ་དཔོག་གི་ཉམས་སུ་མྱོང་བའི་ཤེས་པའི་གསལ་བ་ལ་ནི་མ་ཡིན་པའི་ཕྱིར་མི་མཚུངས་སོ། །གང་ཡང་ཉེ་བའི་ཡུལ་ལ་ཤེས་པ་དོན་ལ་མི་ སླུ་བར་མཐོང་ནས། དེ་ལས་དབང་པོ་མ་ཉམས་པར་ཤེས་ཏེ་ཡུལ་ཉེ་བ་མ་ཡིན་པ་ལ་ཡང་དེའི་རང་བཞིན་དུ་རྟོགས་པར་བྱེད་དོ་ཞེས་ཟེར་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ཟླ་བ་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཇི་སྙེད་པ་ཡང་ཉེ་བའི་ནམ་མཁའི་ངོགས་དྲི་མ་མེད་པ་ སྣང་བ་ལ་མི་སླུ་བར་མཐོང་བའི་ཕྱིར་རོ། །ཤེས་པ་དེ་དག་ཉིད་ཐ་དད་པ་ཉིད་དོ་ཞེས་བྱ་བ་ཡང་མནའ་ཆུ་བཏུང་བ་བསྟེན་པར་བྱ་བ་ཡིན་ནོ། །ཐ་དད་པ་ཡིན་དུ་ཆུག་པ་དེ་ལྟ་བུ་ཡིད་བརྟན་དུ་མེད་དེ། བདེན་པ་དང་མི་བདེན་པ་དག་ཅིག་ཅར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་སྔར་བཤད་པའི་འབྲེལ་ པའི་ཁྱད་པར་ཅན་གྱི་དངོས་པོའི་ཡུལ་ཅན་ཐ་སྙད་གོམས་པའི་མངོན་སུམ་གྱི་ཤེས་པ་ཐམས་ཅད་ནི་དེ་མེད་ན་མི་འབྱུང་བར་ངེས་པ་ནི་རྟག་ཏུ་རང་ཁོ་ན་ལས་ཚད་མ་ཡིན་ནོ། །ཁྱད་པར་ལ་ཐེ་ཚོམ་ཟ་བ་ནི་ཐག་རིང་པོའི་ཡུལ་ཅན་ནི་རྟག་ཏུ་གཞན་ལས་སོ། །དངོས་པོའི་རང་བཞིན་སྤྱི་ཙམ་ལ་ནི་རང་ཁོ་ན་ ལས་སོ། །ཁྱད་པར་བཟུང་བ་ཉིད་དུ་ཐེ་ཚོམ་ཟ་བ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཡང་གཞན་ཁོ་ན་ལས་སོ། །མངོན་སུམ་གྱི་རྣམ་པ་དངོས་པོ་ཞེས་བྱ་བའམ་ཤིང་ཞེས་བྱ་བར་ནི་ངེས་ལ་ཁྱད་པར་ངེས་པར་མ་རྟོགས་པའམ་མེར་ངེས་པ་ལ་བདེན་པར་ཐེ་ཚོམ་ཟ་བ་ནི་གཞན་ལས་ངེས་པ་ཡིན་ནོ། །གང་ གི་ཕྱིར་ཐེ་ཚོམ་སྐྱེས་པའི་སྔོན་དུ་འཇུག་པའི་ཡུལ་ཤེས་པའི་ཕྱིར་རོ། །དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཡིན་གྱི་ཕྱིས་ཀྱི་ཐེ་ཚོམ་ནི་མ་ཡིན་ཏེ། དེའི་རྣམ་པ་ལ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་ཐེ་ཚོམ་ལས་ཀྱང་མི་འཇུག་ན་ནི་ཐེ་ཚོམ་སྐྱེས་པ་ན་འཇུག་པར་མི་བྱ་བར་འགྱུར་རོ། །དེའི་ཕྱིར་ ཚད་མ་གཞན་ལས་ཚད་མ་ཡིན་གྱིས་ཐེ་ཚོམ་ལས་འཇུག་པ་ནི་མ་ཡིན་ནོ། །འཇུག་པའི་ཐོག་མ་ཉིད་དུ་འགལ་བའི་རང་བཞིན་དུ་ལྷག་པར་ངེས་ན་ནི། མངོན་སུམ་གྱི་རྣམ་པར་འཇུག་པའི་གཞི་མ་ཡིན་ཏེ། དཔེར་ན་སྨིག་རྒྱུ་འཛིན་པ་ལྟ་བུའོ། །རྣམ་པར་རྟོག་པའི་ཤེས་པ་ལ་རྣམ་པ་སྣང་བས་ ན་འཇུག་པའི་ཡུལ་ཤེས་པ་མ་ཡིན་ལ། ལྷག་པར་ངེས་པ་ཡང་མེད་ན་མི་འབྱུང་བ་མ་མཐོང་ན་ཐེ་ཚོམ་ཟའོ། །དེས་ན་ཐེ་ཚོམ་དེ་ཉིད་ལ་འཇུག་པ་ཡིན་ནོ། །གང་ལན་ཅིག་ཐ་དད་པ་མ་རྟོགས་པའི་མངོན་སུམ་གྱི་ཡུལ་དོན་གཞན་དང་འདྲ་བའི་དངོས་པོ་དེ་ནི་ལན་གསུམ་མམ། བཞི་མཐོང་ བའི་དུས་སུ་ཐ་དད་པར་རྣམ་པར་མ་ཕྱེད་ཀྱང་། གོམས་པའི་དབང་གིས་ཐ་དད་པ་ཉིད་མངོན་སུམ་དུ་འགའ་ཞིག་གིས་བྱེད་པ་ཡིན་ཏེ། དཔེར་ན་དངུལ་དང་ནོར་བུ་མཁན་ལ་སོགས་པས་དེའི་རང་བཞིན་རིག་པ་བཞིན་ནོ། །དེ་བཞིན་དུ་མངོན་སུམ་དུ་ཤེས་པ་ཡང་ངོ་། །གཏན་ཚིགས་མ་ གྲུབ་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་རང་རིག་པ་ཉིད་དོ། །ཐ་དད་པ་མ་ངེས་ཀྱང་ཡུལ་དང་དུས་དང་གསལ་བྱེད་དང་འཛིན་པར་བྱེད་པའི་ཁྱད་པར་ཅན་དོན་མེད་ན་མི་འབྱུང་བའི་ཤེས་པ་ལ་མི་འཁྲུལ་བ་དག་ནི་མཚོན་པར་ནུས་པའི་ཕྱིར་ལན་ཅིག་མཐོང་བ་ཐ་དད་པ་མ་ངེས་པར་ཕྱིས་ཐ་དད་ པ་མངོན་སུམ་དུ་བྱེད་པའི་རྒྱུ་མཚན་ནི་འདི་ཙམ་དུ་ཟད་ལ། དེ་ཡང་འདི་ལ་ཡོད་པ་ཡིན་ནོ། །མངོན་སུམ་དུ་མི་བྱེད་ན་ནི། རྒྱུ་མཚན་གཞན་ལ་ལྟོས་པས་ཁྱབ་ལ། དེ་ཙམ་གྱི་རྒྱུ་མཚན་ཅན་ཉིད་དང་འགལ་བ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་མ་ཚང་བ་མེད་པ་ཉིད་འགལ་བ་ དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་མཐུན་པའི་ཕྱོགས་ཉིད་གྲུབ་པའི་རང་བཞིན་ནོ། །ཤིང་གི་སྤྱི་ངེས་པ་ནི་དེ་དང་ཐ་མི་དད་པའི་དང་བ་ལ་སོགས་པའི་ཡུལ་ཡིན་ནོ། །དེ་ལ་འཇུག་པར་བྱེད་པ་ནི་སྔར་གྱི་མངོན་སུམ་ཉིད་དོ། །སྔ་མ་དེ་ཁྱད་པར་འཛིན་པར་བྱེད་པ་ཉིད་དུ་ནི་ རང་ལས་མ་ངེས་ཀྱི་ཕྱིས་གཞན་ལས་ངེས་པར་འགྱུར་རོ། །དེ་ལྟར་ཤེས་པ་ཁྱད་པར་འཛིན་པར་བྱེད་པ་ལ་ནི་ཐེ་ཚོམ་ཟ་བར་བལྟའོ། །དེ་ཙམ་གྱིས་ནི་ཕན་ཚུན་བསྟེན་པར་འགྱུར་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཐེ་ཚོམ་ལས་ཀྱང་འཇུག་པ་མཐོང་བའི་ཕྱིར་རོ། །དོན་བྱེད་མི་སླུ་བ་ ཡིན་ཏེ། །དེ་ནུས་ཐོབ་བྱེད་ཚད་མར་འདོད། །དེ་ནི་གལ་ཏེ་གཞལ་བྱ་ལ། །ལྟོས་པར་འདོད་ན་ཀུན་གྱི་མིན། །དེས་ན་དེ་ལས་གཞན་མིན་ཏེ། །དེ་ལྡན་ཉིད་ནི་རྟོགས་པ་ཡིན། །ཐོབ་པའི་འབྲས་ཅན་འཇུག་པ་ལ། །དེ་གཙོ་ཡིན་ཕྱིར་རྣམ་གཉིས་འདོད། །ཐ་དད་རང་དབང་དང་ལྡན་པར། །ཡུལ་ འཇོག་ཕྱིར་ན་ཤེས་པ་ལ། །ཐོབ་པར་བྱེད་པ་ཉིད་དུ་འདོད། །དེ་ཕྱིར་དེ་ཉིད་ཚད་མ་ཡིན། །ངེས་པར་འཇུག་པའི་ཡུལ་དང་ནི། །ཐོབ་བྱའང་གཞན་དུ་མི་འཇུག་དང་། །ཐོབ་པའང་གཞན་དུ་མེད་ཕྱིར་རོ། །འཇུག་པར་བྱེད་པའང་ངེས་པ་སྟེ། །ཡུལ་ཤེས་མེད་པ་གཞན་མ་ཡིན། །དེ་ནི་ཚད་མར་རབ་ཏུ་ གྲགས། །འཇུག་ཡུལ་ལ་ལྟོས་དེ་ཉིད་དེ། །དེ་ནི་དངོས་ལ་རྣམ་པ་གཉིས། །འབྲས་བུ་འདོད་པས་རབ་སྐྱེད་ཅིང་། །དེ་ཡི་ཉེར་ལེན་སྤྱོད་ཡུལ་ཅན། །ཡེ་ཤེས་དངོས་པོའི་མཐར་ཐུག་པའི། །བྱ་བ་འཇུག་པའི་རབ་ཏུ་བརྗོད། །རང་གི་ཡུལ་ཅན་ཤེས་པ་ཡི། །ཡོད་མེད་རྗེས་འཇུག་གཅིག་ཡིན་ གྱི། །རྣམ་ཤེས་གཞན་དང་འབྲེལ་མིན་ཏེ། །གཞན་ངེས་གཞན་མེད་ཐོབ་ཕྱིར་རོ། །གཅིག་ཏུ་ཉེར་མཁོ་རབ་ཤེས་ཤིང་། །ལེན་འདོད་གཅིག་གིས་གཟུང་བྱ་བ། །ཐ་དད་མེད་པའི་ངེས་འགྱུར་ནི། །དུ་མའང་འཇུག་པ་གཅིག་གི་ཡུལ། །འཇུག་པ་གཅིག་གི་ཡུལ་ཉིད་ཀྱང་། །ཚད་མ་ གཅིག་གི་སྤྱོད་ཡུལ་ཡིན། །གཞན་ལ་དོན་གནས་མེད་པའི་ཕྱིར། །གཅིག་པ་དེ་ཉིད་ཐོབ་བྱེད་ཡིན། །ཡུལ་དང་དུས་དང་གསལ་བྱེད་དང་། །རྨུགས་མེད་འཛིན་པར་བྱེད་པ་དང་། །འབྲེལ་བ་དག་གི་ཁྱད་པར་ལས། །རང་ཉིད་ལས་ཀྱང་འདི་ངེས་འགྱུར། །གཞན་ལས་ཚད་མ་ཡིན་ན་ ཡང་། །ཕན་ཚུན་བསྟེན་པ་ཡོད་མིན་ཏེ། །གང་ཕྱིར་འཇིག་རྟེན་དོན་གཉེར་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ང་རྒྱལ་གྱིས་ཁེངས་སེམས་དང་མཁས་ལ་སྡང་བ་ཁོ་བོས་མི་ཤེས་པ་ཡིན་ལ། །གཞུང་གི་མདུད་པ་བཀྲོལ་བས་དགའ་བའང་རྙེད་པར་དཀའ་བ་མི་ཤེས་པ་ཡིན་ ཏེ། །འོན་ཀྱང་སྣང་བ་ཉིད་ལ་གླང་ཆེན་ལྟ་བས་བལྟས་ཏེ་གཞན་དུ་སྲིད་བྱས་ནས། །མངོན་པར་འདོད་ཅིང་དགའ་བའི་ཡུལ་ལ་འཇིག་རྟེན་འདི་ནི་འཇུག་པར་མི་བྱེད་མིན། །ཚད་མའི་སྒྲ་བསྟན་སློབ་དཔོན་ཉིད་ཀྱིས་ནི། །རེ་རེ་བ་དང་མཐའ་དག་དངོས་བསྡུས་ལས། །དགེ་བ་ཐོབ་པ་ གང་དེས་ཆོས་མཆོག་བདག །འགྲོ་བ་ཀུན་གྱི་དོན་གྲུབ་འགྱུར་བར་ཤོག །ཚད་མ་བརྟག་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་པ་རཱི་ཀྵ། བོད་སྐད་དུ། ཚད་མ་བརྟག་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གི་ཆེ་བ་རྣམས་ཀྱིས་ཤེས་པར་མ་གྱུར་པ། །སྡུག་བསྔལ་བརྒྱུད་པ་ཞི་བའི་གོ་འཕང་ཆེན་པོ་ནི། །རབ་ཏུ་བསྟན་ནས་དོན་གཉེར་ཚོགས་ཀྱིས་ཐོབ་མཛད་པའི། །ཚད་མར་གྱུར་པ་དེ་ལ་བདག་ནི་རབ་ ཏུ་འདུད། །ཚད་མ་ནི་མི་སླུ་བར་བྱེད་པའི་ཤེས་པའོ། །མི་སླུ་བར་བྱེད་པ་ནི་དོན་བྱེད་ནུས་པའི་དངོས་པོར་རབ་ཏུ་བསྟན་པ་ཐོབ་པར་བྱེད་པའོ། །ཐོབ་པར་བྱེད་པ་ཉིད་ནི་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཉིད་ཀྱིས་འཇུག་པར་བྱེད་པའོ། །དེས་ན་ཚད་མའི་བྱ་བ་ནི་ཐོབ་པར་བྱེད་པ་ཉིད་ ཀྱིས་ཡན་ལག་ཏུ་གྱུར་པ་རབ་ཏུ་སྟོན་པར་བྱེད་པ་ཉིད་དེ། མཐོང་བ་ཉིད་དུ་ལྷག་པར་ཞེན་པའི་མངོན་སུམ་གྱིས་དོན་རབ་ཏུ་བསྟན་པ་ཡིན་ལ། མ་མཐོང་བ་འཁྲུལ་པ་མེད་པའི་རྟགས་ཀྱིས་ངེས་པ་ནི་རྗེས་སུ་དཔག་པས་བསྟན་པ་ཡིན་ནོ། །ཅི་སྟེ་ཚད་མ་ཞེས་བྱ་བ་འདི་ཅི་ཞིག །གང་གིས་ འཇལ་བར་བྱེད་པ་དེ་ཡིན་ནོ་ཞེ་ན་ནི་ཚད་མ་ཐམས་ཅད་ཤེས་པར་འགྱུར་རོ། །ཅི་སྟེ་གང་གིས་དངོས་པོ་འཛིན་པ་དེ་ཚད་མ་ཡིན་ན། ཅི་དངོས་པོ་འཛིན་པ་དེ་ཡང་ཕྱོགས་སུ་ལྷུང་བས་རྣམ་པར་དཔྱད་པར་བྱ་བའམ། འོན་ཏེ་ཉེ་བར་མཁོ་བ་ཉིད་ཀྱིས་ཡིན། དེ་ལ་རེ་ཞིག་དངོས་པོ་ འཛིན་པ་ནི་རྟོག་པ་དང་ལྡན་པ་དོན་བྱ་བ་དོན་དུ་གཉེར་བ་ལ་མཁོ་བ་མ་ཡིན་ཏེ། དེ་ལས་དོན་བྱ་བ་ལས་མི་འགྲུབ་པའི་ཕྱིར་རོ། །དོན་བྱ་བ་བསྒྲུབ་པའི་ཐབས་ཡིན་ནོ་ཞེ་ན། གཟུང་བའི་སྐད་ཅིག་མ་གང་ཡིན་པ་དེ་མི་འཐོབ་པ་ཡིན་ནམ། ཞེན་པར་བྱས་པའི་རྒྱུན་ཐོབ་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ ན་ནི་རྒྱུན་གྱི་ཡུལ་ཅན་གྱི་ཞེན་པ་ཐོབ་པར་བྱེད་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །དེས་ན་འདི་ལྟར་རྣམ་པར་རྟོག་པ་ཅན་གྱི་རྗེས་སུ་དཔག་པ་གང་ཡིན་པ་དེ་ཡང་ཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དོན་བྱ་བ་ནུས་པ་རྟོགས་པ་ཚད་མ་ཡིན་ནོ་ཞེ་ན། རྟོགས་པས་ཀྱང་དོན་བྱ་བ་དོན་དུ་གཉེར་བ་ལ་ མཁོ་བ་མེད་པ་མ་ཡིན་ནམ། དེ་ལས་དོན་བྱ་བ་མི་འགྲུབ་པའི་ཕྱིར་རོ། །དོན་བྱ་བར་ནུས་པ་ཐོབ་པའི་ཐབས་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་དོན་བྱ་བར་ནུས་པ་ཐོབ་པར་བྱེད་པ་ཉིད་རྟོགས་པ་དང་ལྡན་པ་དོན་དུ་གཉེར་བར་བྱ་བའི་ཕྱིར་དེ་ཉིད་བསྟན་བཅོས་ལས་རྣམ་པར་དཔྱད་པར་འོས་ཀྱི། དོན་བྱ་བར་ནུས་པ་ རྟོགས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་བྱ་བར་ནུས་པའི་རྟོགས་པ་ཡོད་དུ་ཟིན་ཀྱང་ཤེས་པ་ལ་དོན་དུ་གཉེར་བར་བྱ་བའི་དོན་དུ་གཉེར་བ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་ནི་མ་ཡིན་གྱི་འོན་ཀྱང་ཤེས་པའི་རང་བཞིན་དོན་བྱ་བར་ནུས་པའི་ཐོབ་པར་བྱེད་པ་ཉིད་ཀྱི་ཚེ་རྗེས་སུ་ཚོལ་བར་བྱེད་པ་ཡིན་ནོ། །གང་གི་ ཕྱིར་གལ་ཏེ་ཡང་རྟོགས་པ་ཉིད་ཐོབ་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་རྟོགས་པའི་བདག་ཉིད་ཀྱིས་ནི་ཤེས་པ་དོན་དུ་གཉེར་བར་བྱ་བ་མ་ཡིན་གྱི། འོན་ཀྱང་དོན་ཐོབ་པར་བྱེད་པའོ། །དེའི་ཕྱིར་དོན་བྱ་བར་ནུས་པ་ལ་མི་སླུ་བ་ཉིད་ཚད་མ་ཡིན་གྱི་དོན་བྱ་བར་རྟོགས་པ་ན་ནི་མ་ཡིན་ནོ། །སྒྲའི་དོན་གྱི་རྗེས་ སུ་ཡང་འབྲང་བར་བྱ་བ་མ་ཡིན་ནམ། གལ་ཏེ་མི་སླུ་བར་བྱེད་པ་ཉིད་ཚད་མ་ཡིན་ན་ནི་སྒྲའི་དོན་བཏང་བ་ཡིན་ནོ་ཞེ་ན། བཏང་བ་མ་ཡིན་ཏེ། གང་གི་ཕྱིར་མི་སླུ་བར་བྱེད་པ་ཉིད་ནི་རབ་ཏུ་བསྟན་པ་ཐོབ་པས་བྱེད་པ་ལ་བརྗོད་ལ་དེ་ཡང་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ལ་བརྗོད་པ་ཡིན་ནོ་ ཞེས་འཆད་པར་འགྱུར་རོ། །དེ་ལྟ་ན་ཡང་ཤེས་པས་གཞལ་བ་གང་ཡིན་པ་དེ་ཐོབ་པར་བྱེད་པ་ཚད་མ་ཡིན་པའི་ཕྱིར་དེ་ཐོབ་པའི་ཡན་ལག་ཏུ་འགྱུར་བའི་འཇལ་བའི་ཚད་མ་ཡིན་གྱི་འབའ་ཞིག་པ་ནི་མ་ཡིན་ནོ། །དཔེར་ན་རྫ་མཁན་གྱི་སྒྲ་འཇུག་པའི་རྒྱུ་མཚན་ནི་རྫ་མཁན་གྱི་རིགས་ཀྱི་ཁྱད་པར་ཡིན་པ་ དེ་བཞིན་དུ་ཚད་མའི་སྒྲ་འཇུག་པའི་རྒྱུ་ཡང་ཐོབ་པའི་ཡན་ལག་གི་འཇལ་བྱེད་ཡིན་ནོ། །ཐོབ་པའི་ཡན་ལག་ཏུ་འགྱུར་བའི་འཇལ་བར་བྱེད་པ་ལ་ཡང་སླུ་བ་མེད་པ་ཅན་གྱི་ཤེས་པར་ལྟའོ། །དེ་ཉིད་ཀྱི་ཕྱིར། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བྱ་བ་དང་། བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་ པ་ཡིན་ཡང་ཚད་མ་ཉིད། །ཅེས་བྱ་བ་དང་འདི་གཉིས་ཀྱི་དོན་ཡོངས་སུ་གཅད་ནས་འཇུག་པ་ན་དོན་བྱ་བ་ལ་སླུ་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཏན་ཚིགས་ཐིགས་པ་ལས་ཀྱང་རྣམ་པར་རྟོག་པ་དེ་ལས་ཀྱང་དེར་ལྷག་པར་ཞེན་པས་འཇུག་ལ། ཞུགས་པ་ན་ཡང་རྣམ་པར་ རྟོག་པ་མངོན་སུམ་དུ་གྲུབ་པ་ཐ་མི་དད་པའི་ཕྱིར་རོ་ཞེས་འཇུག་པ་སྔོན་དུ་འགྲོ་བ་ཅན་གྱི་དངོས་པོ་ཉིད་ཐོབ་པར་བྱེད་པ་ཉིད་ལ་ཚད་མར་བཤད་དོ། །མི་སླུ་བའི་རྣམ་གྲངས་ཡིན་པའི་ཕྱིར་ཚད་མའི་སྒྲ་ཉིད་ཀྱིས་རབ་ཏུ་བསྟན་པ་ཐོབ་པར་བྱེད་པའི་དོན་ཐོབ་པོ། །དེ་ལྟ་ན་ཡང་མ་རྟོགས་པའི་ཡུལ་ ཅན་ཚད་མ་ཡིན་ནོ་ཞེས་བྱ་བ་ཡང་རང་གི་མཚན་ཉིད་མ་རྟོགས་པ་ཞེས་ཁྱད་པར་དུ་བྱའོ་ཞེས་བྱ་བ་འདི་ཡང་ཚད་མའི་སྒྲ་ཉིད་ཀྱིས་མི་སླུ་བ་ཉིད་ཐོབ་པ་ན་རང་གི་མཚན་ཉིད་རྟོགས་པ་ཞེས་གཉི་ག་ཚད་མའི་སྒྲའི་ཤུགས་ཀྱིས་རྣམ་པར་གནས་སོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་མི་སླུ་བར་ བྱེད་པ་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ནི་ཚད་མ་ཉིད་ཡིན་པར་དགོངས་སོ། །འཇིག་རྟེན་ནི་དམ་བཅས་པ་ཐོབ་པར་བྱེད་པ་མི་སླུ་བར་བྱེད་པའི་ཚད་མ་ཡིན་ནམ་ཞེས་བརྗོད་པ་དེ་བཞིན་དུ་ཤེས་པ་ཡང་རབ་ཏུ་སྟོན་པ་ཐོབ་པར་བྱེད་པས་མི་སླུ་བར་གྱུར་པ་ནི་ཚད་མར་བརྗོད་པའི་ཕྱིར་ཚད་མའི་སྒྲའི་ དོན་མི་སླུ་བ་ཡིན་པ་ནི་འཇིག་རྟེན་པ་ཉིད་དོ། །ཤེས་པ་སྐད་ཅིག་མ་ཇི་ལྟར་དོན་ཐོབ་པར་བྱེད་པ་ཡིན་ཞེ་ན། ཀྱེ་དོན་གྱི་ཡུལ་དུ་སྐྱེས་བུ་སྐྱེལ་བའམ། སྐྱེས་བུའི་ཡུལ་དུ་དོན་འགུགས་པ་ཐོབ་པར་བྱེད་པའི་ཚད་མ་ཡིན་ནམ། ཅི་ནས་གང་གིས་སྐད་ཅིག་མ་ཡིན་པའི་ཕྱིར་ཐོབ་པར་བྱེད་པར་ མི་འགྱུར་རོ། །འོ་ན་ཇི་ལྟ་ཞེ་ན་ཐོབ་པར་བྱེད་པ་ཉིད་ནི་ཐོབ་པར་བྱ་བའི་ཡུལ་ལ་འཇུག་པར་བྱེད་པ་ཉིད་ཡིན་ནོ། །དེས་ན་ཚད་མའི་ཐོབ་པར་བྱེད་པ་ཉིད་ནི་འཇུག་པར་བྱེད་པ་ཉིད་མ་ཡིན་ནོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ཉིད་དེ། གང་གི་ ཚེ་འདིས་འཇུག་པའི་ཡུལ་རབ་ཏུ་བསྟན་པ་དེའི་ཚེ་སྐྱེས་བུ་རབ་ཏུ་འཇུག་ཅིང་དོན་ཀྱང་ཐོབ་པའི་ཕྱིར་ཚད་མའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་རབ་ཏུ་སྟོན་པར་བྱེད་པ་ཉིད་ཚད་མའི་བྱ་བ་ཡིན་ནོ། །འོ་ན་མི་སླུ་བ་ཉིད་ནི་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་བྱ་བ་ཡིན་ནམ། མི་སླུ་བ་ནི་རབ་ཏུ་བསྟན་པ་ཐོབ་པར་བྱེད་ཅེས་ཅིའི་ཕྱིར་བརྗོད། རབ་ཏུ་སྟོན་པར་བྱེད་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེ་ན་ནི་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ཞེས་བརྗོད་པ་ན་རབ་ཏུ་བསྟན་པ་ཐོབ་པར་བྱེད་པའི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་རྟོགས་པར་འགྱུར་ན། དེ་ལྟ་ན་ནི་རིགས་ཤིང་ དོན་འབྲེལ་པ་མ་ཡིན་ནོ་ཞེ་ན། དཔེའི་རབ་ཏུ་སྟོན་པར་བྱེད་པ་ཉིད་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཐོབ་པར་བྱེད་པ་ཉིད་དོ། །འོན་ཀྱང་ཅི་ཞིག་བྱས་པས་ཐོབ་པར་བྱེད་པ་ཡིན་ཞེས་འདྲི་བ་ན་རབ་ཏུ་སྟོན་པར་བྱེད་པས་ན་འཇུག་པར་བྱེད་པ་ཡིན་ནོ་ཞེས་འཇུག་པར་བྱེད་པའི་རྒྱུ་ཉིད་རབ་ཏུ་སྟོན་ པར་བྱེད་པར་བརྗོད་པ་ཡིན་ལ། རབ་ཏུ་སྟོན་པར་བྱེད་པའི་ཐབས་ཀྱིས་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རེ་ཞིག་ཐོབ་པར་བྱེད་པའི་རྒྱུ་མཚན་ཉིད་ཀྱིས་སྟོན་པར་བྱེད་པ་ཚད་མ་ཡིན་གྱི། འབའ་ཞིག་པ་ནི་མ་ཡིན་ནོ། ། དེས་ན་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ཉིད་ཚད་མར་བརྗོད་དེ། འདི་ལ་དེ་ཁོ་ནའི་དོན་ནི་འདི་ཡིན་ཏེ། ཤེས་པ་འབའ་ཞིག་གིས་དོན་ཐོབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཚོགས་པ་མང་པོས་ཡིན་ནོ། །དེ་དག་ལས་འགའ་ཞིག་ནི་རྣམ་པ་ཇི་ཞིག་ལྟར་ཐོབ་པ་ལ་ཉེ་བར་སྦྱོར་བ་ཡིན་ནོ། ། ཤེས་པ་ནི་འཇུག་པའི་ཡུལ་སྟོན་པ་ཉིད་ཀྱིས་ཐོབ་པ་ལས་ཉེ་བར་སྦྱོར་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ། །དཔེར་ན་གསད་པར་བྱ་བ་གཅིག་ལ་མངའ་བདག་དང་། དབང་པོ་དང་ཡི་གེ་དང་། རིགས་ངན་རྣམས་ལས་འགའ་ཞིག་ནི་རྣམ་པ་ཅི་ཞིག་ལྟར་གསོད་པར་བྱེད་པ་ཡིན་ལ། བདག་པོ་ ནི་བཀའ་བསྒོ་བ་ཉིད་ཀྱིས་གསོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་གསོད་པར་ལུང་བསྒོ་བ་ཉིད་ཀྱིས་གསོད་པར་བྱེད་པ་ནི་བདག་པོ་ཡིན་པར་བརྗོད་དོ། །འདི་ལ་གསོད་པའི་ཡན་ལག་མ་ཡིན་པར་གསོད་པར་ལུང་བསྒོ་བ་ལ་གསོད་བྱེད་དུ་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་གསོད་པའི་ཡན་ལག་ ཁོ་ནའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་འཇུག་པར་བྱེད་པ་ཉིད་ཀྱིས་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་དོན་དུ་སྟོན་པར་བྱེད་པ་ལ་ཐོབ་པར་བརྗོད་དོ། །འདིར་ཐོབ་པའི་ཡན་ལག་མ་ཡིན་པ་རབ་ཏུ་སྟོན་པར་བྱེད་པར་ཚད་མར་བྱེད་པ་ལ་ཚད་མར་བརྗོད་པ་ནི་མ་ཡིན་ནོ། །དེས་ན་རབ་ཏུ་སྟོན་པ་ཐོབ་ པར་བྱེད་པ་ཚད་མ་མ་ཡིན་གྱི་སྟོན་པར་བྱེད་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པར་བརྗོད་པ་ཡིན་ནོ། །གལ་ཏེ་མངོན་སུམ་པ་ནི་བསྟན་པའི་དངོས་པོ་ཐོབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་ལས་ཕན་ཆད་དུ་མེད་པའི་ཕྱིར་ཅི་ཞིག་ཐོབ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྗེས་སུ་དཔག་པས་ གཟུང་བ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་པའི་ཕྱིར་དང་། མ་བཟུང་བ་ཡང་མི་ཐོབ་པའི་ཕྱིར་རོ་ཞེ་ན། ཤེས་པ་རྣམས་ཀྱི་ཡུལ་ཡང་རྣམ་པ་གཉིས་ཏེ། གཟུང་བ་དང་ལྷག་པར་ཞེན་པའོ། །གཟུང་བ་ནི་གང་དངོས་པོའམ་དངོས་པོ་མེད་པ་གཟུང་བའོ། །ལྷག་པར་ཞེན་པ་ནི་འདི་ནི་འདིའི་ཚེ་འདི་ནའོ་ ཞེས་ལྷག་པར་ཞེན་པར་བྱས་པའོ། །དེ་ལ་སྐད་ཅིག་མ་ཉིད་བཞིན་དུ་བཟུང་བ་ཞེན་པར་མ་བྱས་པ་ནི་འཇུག་པའི་ཡུལ་མ་ཡིན་ནོ། །འདི་འཇུག་པའི་ཡུལ་མ་ཡིན་པ་ཡང་ཇི་ལྟ་ཞེ་ན། གང་ཞིག་ཡུལ་དང་དུས་དང་རྣམ་པ་ངེས་པ་ངེས་པར་ཐ་སྙད་བྱར་མི་ནུས་པ་དེ་ལ་ཇི་ལྟར་འཇུག་པ་མ་ངེས་པ་དེ་ནི་ཐ་ སྙད་དུ་བྱ་བ་མ་ཡིན་པས་ན་འཇུག་པའི་ཡུལ་མ་ཡིན་པ་ནི་ཐོབ་པར་ནུས་པ་མ་ཡིན་ནོ། །མངོན་སུམ་གྱི་གཟུང་བ་སྐད་ཅིག་མ་ནི་ཐོབ་པར་ནུས་པ་མ་ཡིན་ལ། རྗེས་སུ་དཔག་པའི་གཟུང་བ་ཡང་དངོས་པོ་མེད་པ་ཡིན་ལ། དངོས་པོ་ཡང་མ་བཟུང་བ་དེའི་ཕྱིར་ཇི་ལྟར་ཐོབ་པར་འགྱུར། དེའི་ཕྱིར་ཐ་སྙད་ དུ་བྱ་བ་མ་ཡིན་པའི་ཕྱིར་དང་། སྐད་ཅིག་མ་ཉིད་ཀྱིས་ཐོབ་པའི་དུས་ན་རྗེས་སུ་འཇུག་པ་མེད་པའི་ཕྱིར་གཟུང་བ་མ་ངེས་པའི་ཐོབ་པར་བྱེད་པ་ནི་མངོན་སུམ་མ་ཡིན་ནོ། །དངོས་པོ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡང་གཟུང་བའི་ཐོབ་པར་བྱེད་པ་མ་ཡིན་ནོ། །གང་ཞིག་ཡུལ་དང་དུས་དང་རྣམ་པ་ ངེས་པར་བྱས་པ་ཐ་སྙད་དུ་ནུས་པ་དེ་འཇུག་པའི་ཡུལ་དུ་འགྱུར་བ་ཐོབ་པར་ནུས་པ་ཡིན་ནོ། །མངོན་སུམ་གྱི་གཟུང་བ་ནི་སྐད་ཅིག་གཅིག་གི་ཆ་ཤས་དངོས་པོའི་རྒྱུན་ངེས་པར་བྱེད་ལ། དེ་ཡང་སྐད་ཅིག་བརྒྱུད་པ་དཔག་ཏུ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཐོབ་པའི་དུས་རྗེས་སུ་ འཇུག་པའི་ཕྱིར་ཐོབ་པར་ནུས་པ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་གལ་ཏེ་ཡང་བཟུང་བ་གང་ཡིན་པ་དེ་དངོས་པོ་མ་ཡིན་པ་དེ་ལྟ་ན་ཡང་དེའི་རང་བཞིན་མ་ཡིན་པ་ལས་འདོགས་པར་སྒྲོ་བཏགས་པས་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པས་ན་ངེས་པས་ཕྱི་རོལ་ངེས་པར་འགྱུར་བ་ཡིན་ལ། དེ་ཡང་འཇུག་ པའི་ཡུལ་ཡིན་པའི་ཕྱིར་ཐོབ་པར་ནུས་པ་ཡིན་ནོ། །དེའི་ཕྱིར་ཚད་མ་ནི་གཟུང་བ་ཐོབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ངེས་པ་ཐོབ་པར་བྱེད་པ་ཡིན་ནོ། །དེས་ན་སྟོན་པར་བྱེད་པ་ནི་ཞེན་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། གཟུང་བའི་ཡུལ་ཐ་དད་པ་དོན་གྱི་དབྱེ་བ་བཤད་ཀྱི་ ཚད་མའི་བྱ་བའི་ཡུལ་ཐ་དད་པ་ནི་མ་ཡིན་ནོ་ཞེས་བཤད་པ་དང་། ཐོབ་པའི་ཡན་ལག་ཏུ་འགྱུར་བའི་ཞེན་པར་བྱེད་པ་ནི་ཚད་མའི་བྱ་བ་ཡིན་གྱི། འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་དང་། ཞེན་པར་བྱས་པ་ཐོབ་པར་བྱེད་པ་ཚད་མ་ཡིན་པར་ངེས་པར་བཟུང་ནས་དངོས་པོའི་ཡུལ་ཅན་ཚད་མ་ཉིད་ཅེས་བྱ་བ་དང་། འདི་གཉིས་ཀྱི་དོན་ཡོངས་སུ་བཅད་ནས་ཞེས་ཀྱང་བཤད་དོ། །ཡོངས་སུ་བཅད་པ་ནི་ཞེན་པ་ཡིན་གྱི་བཟུང་བ་ནི་མ་ཡིན་ནོ། །བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་བ་ཡིན་ཡང་ཚད་མ་ཉིད། །ཅེས་གང་བཤད་པ་བསམ་པ་ནི་མངོན་པར་འདོད་པར་བྱ་བ་སྟེ། ཞེན་པ་ཉིད་ལ་བརྗོད་དོ། ། དེ་ལྟ་ན་ཡང་ཞེན་པར་བྱས་པའི་ཐོབ་པ་ནི་མི་སླུ་བ་ཡིན་ནོ། །གང་གི་ཕྱིར་ཞེན་པ་ཉིད་ཚད་མའི་བྱ་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་འདི་ནི་གདོན་མི་ཟ་བར་བྱ་བ་ཡིན་ནོ། །གང་བྱས་པས་ཤེས་པ་ཚད་མར་འགྱུར་བ་དེ་ནི་གདོན་མི་ཟ་བར་བྱ་བ་ཡིན་ལ། དེ་གདོན་མི་ཟ་བར་བྱ་བ་གང་ཡིན་པ་དེ་ཡང་ འབྲས་བུར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཚད་མ་ནི་ཞེན་པར་བྱས་པའི་འབྲས་བུ་ཅན་ཡིན་ནོ། །ཚད་མ་ངེས་པའི་འབྲས་བུ་ཅན་ཞེས་གང་བཤད་པ་ལ་ངེས་པ་ཞེས་བྱ་བ་ནི་གཏན་ལ་འབེབས་པ་སྟེ་ཞེན་པ་ལ་བརྗོད་དོ། །འདི་ལ་ཞེན་པ་ནི་ཐོབ་པའི་ཡན་ལག་ལ་བརྗོད་དོ་ཞེས་ འཇུག་པའི་འབྲས་བུ་ཅན་ཞེས་ཀྱང་གསུངས་ཏེ། འཇུག་པའི་ཡན་ལག་ཏུ་གྱུར་པས་ན་ཐོབ་པའི་ཡན་ལག་གི་ཞེན་པ་ནི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཇུག་པའི་རྒྱུ་ཡིན་པས་ཐོབ་པའི་ཡན་ལག་ཞེན་པ་ཉིད་ཡིན་པ་དེའི་ཕྱིར་ཚད་མ་ནི་མ་རྟོགས་པའི་ཡུལ་ཅན་ཡིན་ནོ། །གལ་ཏེ་ རྟོགས་པར་བྱེད་པ་ལས་ཐོབ་པར་བྱེད་པ་གཞན་ཡིན་ན་ནི་རྟོགས་པའི་དངོས་པོ་གང་ཡིན་པ་ལ་ཤེས་པ་གཞན་ཡང་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རྟོགས་ཟིན་པའི་ཡུལ་ཅན་ཡང་ཚད་མར་འགྱུར་བ་ཡིན་ན། གང་གི་ཕྱིར་ཞེན་པ་ཉིད་ཐོབ་པར་བྱེད་པ་ཡིན་པ་དེའི་ཕྱིར་གང་གི་དངོས་པོ་དེ་རྟོགས་པ་ དེ་ཉིད་ཀྱི་སྐྱེས་བུ་བཅུག་ཅིང་དོན་ཐོབ་པར་བྱེད་པ་དེའི་ཕྱིར་གཉིས་པའམ་གསུམ་པ་གཞན་ལ་སྔ་མ་མེད་པའི་ཐོབ་པར་བྱེད་པ་ཉིད་མེད་པའི་ཕྱིར་ཚད་མ་མ་ཡིན་ནོ། །གལ་ཏེ་ཐོབ་པའི་ཡན་ལག་གི་ཞེན་པ་ཚད་མའི་བྱ་བ་ཡིན་ན། འོ་ན་ནི་མངོན་སུམ་ཚད་མར་མི་འགྱུར་ཏེ། གང་གི་ཕྱིར་དེ་ལ་ ནི་ཚད་མའི་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་ལས་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་འབྱུང་བ་ནི་དེའི་བྱ་བ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་ཚད་མ་ལས་བྱ་བ་ཐ་དད་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་བྱ་བ་ཉིད་ནི་འབྲས་བུ་ཡིན་ལ་དེ་ལྟ་ན་ཡང་འབྲས་བུ་ཐ་ དད་པར་སྨྲ་བ་ཡོངས་སུ་གཟུང་བ་མི་འདོད་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་ན་མངོན་སུམ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཆུང་བར་སྨྲ་བ་ཡིན་ཏེ། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་འགྱུར་རོ། །གང་གི་ཕྱིར་ཚད་མའི་བྱ་བ་ནི་ཐོབ་པའི་ཡན་ལག་ཏུ་གྱུར་པའི་ཞེས་པ་ཡིན་ལ་རྗེས་ སུ་དཔག་པ་ནི་སྐད་ཅིག་ལས་ཕན་ཆད་དུ་མི་གནས་པས་དེའི་བདག་ཉིད་དུ་གྱུར་པའི་ཞེན་པ་ལྡོག་པ་ན་རྗེས་སུ་དཔག་པ་ལ་ཐོབ་པའི་ཡན་ལག་གི་ཞེན་པ་སྲིད་པར་ཇི་ལྟར་འགྱུར། ཇི་སྟེ་རྗེས་སུ་དཔག་པ་ལས་གཞན་གྱི་རྣམ་པར་རྟོག་པ་སྐྱེ་བ་ན་གང་གིས་ཐོབ་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ འོ་ན་ཐོབ་པའི་དེ་མ་ཐག་པའི་མཐར་ཐུག་པའི་རྗེས་སུ་དཔག་པ་ལ་སོགས་པའི་ཚོགས་ཚད་མར་འགྱུར་བའམ། ཡང་ན་ཐོབ་པའི་དེ་མ་ཐག་པའི་རྣམ་པར་རྟོག་པ་འབའ་ཞིག་ཚད་མར་འགྱུར་གྱི་རྗེས་སུ་དཔག་པ་ནི་མ་ཡིན་པར་འགྱུར་རོ། །འདིས་ནི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པ་ཡང་ བཤད་པ་ཡིན་ནོ། །དེའི་ཕྱིར་འདིར་ནི་འདི་ལྟར་རྣམ་པར་གནས་ཏེ། ཆོས་ཅན་ལ་ཁྱབ་པར་བྱ་བ་ཤེས་པ་ན་ཁྱབ་པར་བྱེད་པ་གདོན་མི་ཟ་བར་ངེས་པ་ནི་རྗེས་སུ་དཔག་བས་བྱ་བ་ཡིན་ལ་རྣམ་པར་རྟོག་པ་གཞན་གྱི་བྱ་བ་ནི་སྤྱོད་པ་ཙམ་ཡིན་ནོ། །འདི་ལྟར་དབང་པོའི་རྣམ་པར་ཤེས་ པ་མཐའ་དག་འགགས་པ་ན་རྣམ་པར་དཔྱོད་པ་དེའི་ཚེ་བདག་ནི་རྣམ་པར་དཔྱོད་པར་བྱེད་ཀྱི་མཐོང་བའམ་ཆོས་ཅན་ལ་ཁྱབ་པར་བྱ་བ་མཐོང་བས་འབྲེལ་བ་ཅན་གྱི་ཆོས་ཅན་ཆོས་གཞན་ལ་ངེས་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་ཉམས་སུ་མྱོང་བ་ལས་རྣམ་པར་རྟོག་པའི་བྱ་བ་ནི་དཔྱོད་པ་ཙམ་ཡིན་ནོ་ཞེས་ངེས་སོ། ། དེ་ན་འདི་དག་གི་རང་གི་བྱེད་པ་ལས་བློ་ལྷག་པར་སྣང་བ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཤེས་པ་གཞན་གྱིས་བྱས་པ་ཡིན་པར་བལྟ་བར་བྱའོ། །བདག་གིས་མཐོང་ངོ་ཞེས་མཐོང་བ་ཉིད་དུ་ངེས་པ་ཡང་རྟོག་པ་ལ་བླ་ལྷག་པ་ཡིན་ནོ། །རྣམ་པར་རྟོག་པས་ནི་དོན་དེ་མཐོང་ བ་མ་ཡིན་གྱི་འོན་ཀྱང་དཔྱོད་པ་ཡིན་ནོ། །དེའི་ཕྱིར་རྟོག་པ་ནི་རང་གི་བྱ་བ་ལ་དཔྱོད་པ་ཡང་སྤངས་ནས་ལྟ་བའི་བྱ་བའི་མཐོང་བའི་རྗེས་སུ་བྱེད་པ་ཡིན་ཏེ། དེས་ན་ནི་ཇི་སྲིད་མངོན་སུམ་གྱི་བྱ་བ་མཐོང་བ་ཉིད་ཡོད་པ་དེ་སྲིད་དུ་ཡུལ་རྣམ་པར་འཇོག་པར་བྱེད་པ་མངོན་སུམ་ཉིད་ཡིན་ལ། ཇི་སྲིད་དུ་ འབྲེལ་པ་གཞན་མཐོང་བ་ན་འབྲེལ་པ་ཅན་གཞན་རྟོག་པ་དེ་སྲིད་དུ་རྗེས་སུ་དཔག་པའི་བྱེད་པ་ཡིན་ནོ། །ཇི་སྲིད་དུ་འདི་ཡོད་པ་དེ་སྲིད་དུ་རྗེས་སུ་དཔག་པ་ཉིད་རབ་ཏུ་སྟོན་པར་བྱེད་པ་ཡིན་ཏེ། འབྲེལ་པ་གཞན་མཐོང་བ་ལས་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ནི་རྣམ་པར་རྟོག་པ་གཞན་ གྱིས་བྱ་བར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ལྟ་བའི་བྱ་བ་དང་ལྡན་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་འདུ་བྱེད་མ་ཉམས་པ་ཅན་གྱི་མཐོང་བ་རབ་ཏུ་སྟོན་པའི་ཚད་མ་ཡིན་ལ། རྗེས་སུ་དཔག་པའི་བྱ་བ་དང་ལྡན་པའི་ཇི་སྙེད་པ་དེ་ལ་ནི་འདུ་བྱེད་པ་ཉམས་པ་མེད་པ་ཅན་གྱི་རྗེས་སུ་ དཔག་པ་ཚད་མ་ཡིན་ནོ། །དེས་ན་ཐོབ་པར་བྱེད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ཉིད་ཡིན་ནོ། །དེ་ལྟ་ན་དཔེར་ན་རྗེས་སུ་དཔག་པ་རང་གི་བྱ་བ་ཐོབ་པ་དང་མཐུན་པའི་ངེས་པར་བྱེད་པ་ཉིད་རྟོག་པ་གཞན་དང་གཞན་ལ་འཇོག་པ་དེ་བཞིན་དུ་མངོན་སུམ་ལ་ཡང་ཤེས་པར་བྱའོ། །འདི་ནི་རིག་ པ་ཡང་ཡིན་ཏེ། གང་གི་ཕྱིར་འཇུག་པའི་ཡུལ་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ལ་འཇུག་པའི་ཡུལ་སྟོན་པར་བྱེད་པ་གང་ཡང་འཇུག་པའི་ཡུལ་བསྟན་པར་ཤེས་པ་དེ་ཉིད་ཡིན་ནོ། །དེ་བཞིན་དུ་གང་བསྟན་པ་ནི་འཇུག་པའི་ཡུལ་ཡིན་ཞིང་བསྟན་པ་ནི་གང་བསྟན་པར་ཤེས་པ་དེ་ ཡིན་ནོ། །གང་ཞིག་བསྟན་པར་མི་ཤེས་པ་དེ་ནི་གཟུང་དུ་ཟིན་ཀྱང་མ་བཟུང་བ་དང་འདྲ་བའི་སྐད་ཅིག་མ་ཉིད་བཞིན་དུ་འཇུག་པའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་སྟོན་པར་བྱེད་པ་ནི་སྟོན་པར་བྱེད་པ་ཉིད་དུ་མ་ཤེས་པ་གང་ཡིན་པ་དེ་ཡིན་ལ། སྟོན་པར་བྱེད་པ་ཉིད་དུ་མ་ཤེས་པ་གང་ཡིན་པ་དེ་ནི་ཡོད་དུ་ ཟིན་ཀྱང་གསལ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་མངོན་སུམ་ལ་བརྟེན་པའི་རྣམ་པར་རྟོག་པ་རྣམས་ལ་སྟོན་པར་བྱེད་པ་ནི་མངོན་སུམ་ཉིད་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མཐོང་བ་ཉིད་དུ་རྣམ་པར་རྟོག་གི་རྣམ་པར་དཔྱོད་པ་ཉིད་དུ་ནི་མ་ཡིན་ནོ། །མཐོང་ བ་ཡང་མངོན་སུམ་གྱི་བྱེད་པ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པ་རྣམས་ལ་སྟོན་པར་བྱེད་པ་ནི་མངོན་སུམ་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི་ཞེན་པ་སྐྱེད་པར་བྱེད་པས་ཡུལ་ངེས་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་རྟོག་པ་འབྱུང་བ་སྔར་གྱི་མངོན་ སུམ་དེ་ཉིད་ངེས་པའི་བདག་ཏུ་སྐྱེས་པ་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པ་ནི་དེའི་ཚེ་དངོས་པོ་མཐོང་བར་ཞེན་པ་ཡིན་ནོ། །དེས་ན་སྔར་གྱི་ལྟ་བ་ཉིད་ཞེན་པར་འགྱུར་བ་ཡིན་ཏེ། རྣམ་པར་རྟོག་པ་ལ་རང་གི་བྱ་བ་ཐོབ་པའི་ཡན་ལག་འཇོག་པའི་ཕྱིར་རོ། །ཞེན་པ་ཡང་ལྟ་བ་ཉིད་དུ་གྱུར་ པ་ཡིན་ཏེ། རང་གི་བྱ་བ་དཔྱོད་པ་སྤངས་ནས་ལྟ་བའི་བྱ་བ་མཐོང་བ་འཛིན་པའི་ཕྱིར་རོ། །དེའི་ཕྱིར་མངོན་སུམ་ནི་རྣམ་པར་རྟོག་པའི་ཤིང་རྟ་ལ་ཞོན་ནས་ངེས་པར་བྱེད་པར་ཤེས་པར་བྱའི་རང་ཉིད་རྣམ་པར་མི་རྟོག་པའི་ཕྱིར་ངེས་པར་བྱེད་པ་ནི་མ་ཡིན་ནོ། །ཞེན་པའི་སྟོན་པར་བྱེད་པ་ནི་མངོན་སུམ་ཡིན་གྱི། རྣམ་པར་རྟོག་པ་ནི་མངོན་སུམ་ལས་ལོགས་སུ་ནི་ངེས་པར་བྱེད་པ་མ་ཡིན་ལ། མངོན་སུམ་ཞེན་པའི་བདག་ཉིད་ཀྱིས་ཞེན་པར་བྱེད་པ་ཡིན་པར་མི་ལྟའི་འོན་ཀྱང་སྔར་བཤད་པའི་ཚུལ་གྱིས་སོ། །དེའི་ཕྱིར་མངོན་སུམ་ཉིད་ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་ཐོབ་ པར་བྱ་བ་འཇུག་པའི་ཡུལ་གྱི་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པ་ཡང་རྣམ་པར་རྟོག་པ་གཞན་ལ་འཇོག་པས་ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་ཐོབ་པར་བྱ་བའི་ཐོབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་ པའི་བྱ་བ་དང་ལྡན་པའི་རྣམ་པར་རྟོག་པ་ནི་མངོན་སུམ་དང་རྗེས་སུ་དཔག་པས་བྱས་པ་ཡིན་ནོ། །འདིར་དེ་ཁོ་ན་ཉིད་འདི་ཡིན་ཏེ། རྣམ་པར་རྟོག་པ་ནི་ཚད་མའི་བྱ་བ་འཇུག་པའི་ཡུལ་སྟོན་པའི་བྱེད་མཁན་ནི་མ་ཡིན་གྱི་འོན་ཀྱང་ཐ་སྙད་བྱེད་པ་པོ་ཡིན་ནོ། །སྟོན་པར་བྱེད་པ་འདིའི་སྒོ་ནས་ཐ་སྙད་དུ་བྱེད་ པའི་སྟོན་པ་པོ་མངོན་སུམ་མམ་རྗེས་སུ་དཔག་པ་དེ་གང་ཡིན་པ་དེ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞལ་བྱ་ནི་སྔོན་པོའི་སྔོན་པོ་ཉིད་ལ་སོགས་པ་ཐ་དད་དུ་བྱས་པའི་ཆ་གང་ཡིན་པ་དེ་ཁོ་ན་ཉིད་ཡིན་གྱི། གཞན་ཐ་དད་དུ་མ་བྱས་པའི་སྐད་ཅིག་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། ཐ་སྙད་དུ་མ་བྱས་ པ་ནི་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་ནི་ཐོབ་པར་བྱེད་པའི་ཡན་ལག་གི་ཞེན་པར་བྱེད་པ་ཡིན་པས་བསྟན་པ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ། །གལ་ཏེ་དོན་ཐོབ་པར་ནུས་པའི་ཚད་མར་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་དོན་དེ་ནི་རབ་ཏུ་བསྟན་པ་ཉིད་ཐོབ་པར་བྱེད་པ་བཞིན་ཡིན་གྱི་འབའ་ཞིག་ལ་ནི་མ་ཡིན་ལ་ཚད་མའི་ཐོབ་པར་བྱེད་པ་ཉིད་ཀྱང་ཐོབ་པའི་ནུས་པ་ཉིད་ཡིན་ནོ། །དེས་ན་བསྟན་པ་ཐོབ་པར་བྱེད་པའི་སྒྲ་ནི་ཐོབ་པར་ནུས་པ་གསལ་བར་བྱེད་པ་ཡིན་ནོ། །ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ ཉིད་ཀྱིས་ནི་ཤེས་པ་ཐོབ་པར་ནུས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཐོབ་པའི་ཡན་ལག་གིས་ཞེན་པའི་རང་བཞིན་ཉིད་དོན་ཐོབ་པའི་ནུས་པ་ཡིན་པའི་ཕྱིར་ནུས་པ་ཞེས་བྱ་བས་ཐོབ་པའི་ཡན་ལག་གི་ཞེན་པ་ཉིད་ཀྱི་དོན་བསྟན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ཡང་ དོན་མེད་ན་མི་འབྱུང་བའི་ཕྱིར་ཚད་མ་ཞེས་བརྗོད་པ་དེ་ལ་དོན་འདི་ཡིན་ཏེ། ཤེས་པའི་དོན་ཐོབ་པའི་ཡན་ལག་གི་ཞེན་པའི་དོན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། དོན་གྱི་འབྲས་བུ་མ་ཡིན་པ་དེ་ལ་ནི་ཐོབ་པའི་ཡན་ལག་གི་ཞེན་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །ཅི་སྟེ་འདི་དག་ལས་གཞན་པའི་ ཤེས་པ་ཇི་ལྟར་ཐོབ་པར་བྱེད་པ་མ་ཡིན་ཞེ་ན། ཉོན་ཅིག་གང་ཡུལ་ཐོབ་པར་ནུས་པ་དེ་ནི་ཐོབ་པར་བྱེད་པའི་ཡན་ལག་ཡིན་ལ། གཞན་ནི་ཐོབ་པར་ནུས་པ་མ་ཡིན་ནོ། །རེ་ཞིག་ལོག་པའི་ཤེས་པ་ནི་བསྟན་པ་ཐོབ་པར་ནུས་པ་མ་ཡིན་ཏེ། དངོས་པོ་མེད་པས་ཐོབ་པར་ནུས་པ་མ་ཡིན་ པའི་ཕྱིར་རོ། །དངོས་པོ་ཡིན་ན་ཡང་ལོག་པའི་ཤེས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཐེ་ཚོམ་ཡང་ཡོད་པའམ་མེད་པ་མ་ངེས་པར་དངོས་པོ་འཇོག་པར་བྱེད་པ་ཡིན་ནོ། །མ་ངེས་པ་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་ཡོད་པ་ཉིད་དུ་ངེས་པའམ། མེད་པ་མ་ཡིན་གྱི་ཡོད་པ་དང་མེད་པ་མ་ ངེས་པ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་ནི་ཐོབ་པར་བྱེད་པ་མ་ཡིན་ནོ། །གང་ཡང་ཁུང་ན་ཆུ་ཡོད་དོ་ཞེས་གཅིག་ཏུ་ངེས་པ་ནི་དངོས་པོའི་རང་བཞིན་སྣང་བ་མ་ཡིན་ལ། མེད་ན་མི་འབྱུང་བ་མཐོང་བའི་རྒྱུ་མཚན་ཡང་མ་ཡིན་ཏེ། དེས་ན་ངེས་པར་འཇོག་པའི་ནུས་པ་མེད་པས་དེ་ནི་ཐེ་ཚོམ་ཉིད་ དོ། །གང་གི་ཕྱིར་དེ་ནི་བདག་གིས་དངོས་པོའི་རང་བཞིན་ནམ་དེ་དང་འབྲེལ་པ་མཐོང་བ་ནི་མ་ཡིན་ནོ་ཞེས་མ་རྟོགས་པ་མ་ཡིན་ནོ། །དངོས་པོའམ་འབྲེལ་པ་ཡང་མ་མཐོང་བར་ཆ་ཡོད་བཞིན་དུ་ངེས་པ་གང་ཡིན་པ་དེ་ནི་གཅིག་ཏུ་མ་ངེས་པར་ངེས་པ་ཉིད་དུ་ཡིན་པ་དེ་བས་ན་ཐེ་ཚོམ་ཁོ་ནའོ། ། གང་གི་ཚེ་ཐག་རིང་པོ་ནས་སྦྲང་བུའི་ཚོགས་ལ་དུ་བར་བསམས་ནས་བདེན་པ་མེ་ཉིད་དུ་རྟོག་པ་དེའི་ཚེ། དུ་བའི་རང་བཞིན་གྱི་ངེས་པ་བདག་ཉིད་ཀྱི་རང་བཞིན་མ་ཤེས་པར་དུ་བའི་རང་བཞིན་ངེས་པར་རྟོགས་པ་མ་ཡིན་ནོ། །རང་བཞིན་ངེས་པ་མེད་པའི་དུ་བ་སྔོན་དུ་སོང་བའི་མི་ཤེས་ པ་ནི་ཐེ་ཚོམ་ཡིན་པའི་ཕྱིར་ཐོབ་པར་བྱེད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ནི་འབྲེལ་བའི་དངོས་པོ་མཐོང་བ་ཡོད་པའམ་མེད་པའི་དངོས་པོ་ངེས་པར་འཇོག་པའི་ཕྱིར་ཐོབ་པར་བྱེད་པ་ཡིན་ལ། མངོན་སུམ་ཡང་སྣང་བའི་རང་བཞིན་ངེས་པ་འཇོག་པས་ཐོབ་པར་བྱེད་པ་ཡིན་ནོ། ། གལ་ཏེ་བདག་ཅག་མངོན་སུམ་ལ་ཐེ་ཚོམ་སྐྱེས་སོ་ཞེ་ན་བདེན་ཏེ། མངོན་སུམ་ལ་སྣང་བའི་དོན་འདི་ཡང་དག་པ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟའོ། །འདི་སྣང་ངམ་མི་སྣང་སྙམ་དུ་ནི་མ་ཡིན་ཏེ། དེ་ལ་ནི་སྣང་བ་མེ་ཉིད་དུ་འཇོག་པར་བྱེད་པས་མངོན་སུམ་འཇུག་པའི་ཡུལ་དུ་ མེད་པ་ཡིན་ནོ། །ཕྱིས་ཀྱི་ཡང་དག་པའི་དོན་གྱི་ཡུལ་ཅན་གྱི་ཐེ་ཚོམ་ཟ་བས་ནི་མངོན་སུམ་གྱི་བྱ་བ་མི་གནོད་དོ། །མངོན་སུམ་གྱི་བྱ་བ་ནི་ངེས་པར་སྣང་བ་ལ་ཞེན་པར་བྱེད་པ་ཡིན་ལ་དེ་ཡང་དེས་བྱས་པའི་ཕྱིར་དེ་ལ་ཐེ་ཚོམ་གྱིས་ཅི་བྱར་ཡོད། སྣང་བ་ནི་དོན་སྣང་ བར་ངེས་པར་མ་ངེས་པར་མི་སྣང་སྟེ། དེས་ན་རྣམ་པར་རྟོག་པ་ཐེ་ཚོམ་གྱི་ཡུལ་ལ་ལྟོས་སམ། མ་ངེས་པ་མངོན་སུམ་གྱི་དོན་མ་ཡིན་ནོ། །ངེས་པ་ནི་རྣམ་པར་རྟོག་པའི་དོན་ཡིན་ལ་སྣང་བ་ནི་མངོན་སུམ་གྱི་དོན་ཡིན་ནོ། །བར་ཏི་ཀ་ལས་མངོན་སུམ་གྱི་དོན་སྣང་བའི་དབང་གིས་ རྣམ་པར་གཞག་པ་ཡིན་ལ་རྣམ་པར་རྟོག་པ་ནི་ཞེན་པས་སོ་ཞེ་ན། གང་དུ་ཕྱིན་ཅི་ལོག་ཏུ་ངེས་པར་བྱས་པ་དེ་ལ་ནི་མངོན་སུམ་ཚད་མ་མ་ཡིན་ཏེ། དཔེར་ན་ཆུར་ངེས་པར་བྱེད་པ་ནི་སྨིག་རྒྱུའི་རང་གི་མཚན་ཉིད་དུ་འཛིན་པ་མངོན་སུམ་ཚད་མ་མ་ཡིན་པ་བཞིན་ནོ། །གང་གི་ཕྱིར་འཇུག་ པའི་ཡུལ་ནི་ངེས་པ་ཡིན་ལ་ཆུ་ཡང་ངེས་པ་ཡིན་ན་དེ་མི་འཐོབ་བོ། །སྨིག་རྒྱུའི་རང་གི་མཚན་ཉིད་ནི་མངོན་སུམ་གྱིས་མ་ངེས་པ་དེས་ན་དེ་ནི་འཇུག་པའི་ཡུལ་མ་ཡིན་པ་དེའི་ཕྱིར་དབང་པོ་ལ་བརྟེན་པའོ། །ཕྱིན་ཅི་ལོག་གི་ཞེན་པའི་བཟུང་བ་ཡིན་ལ་རྗེས་སུ་མཐུན་པའི་ཞེན་པས་གནོད་ པ་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཅི་ཞིག་ཐེ་ཚོམ་ཟ། གང་ཡང་དེ་ལྟ་ན་ཐེ་ཚོམ་གྱིས་ཟིན་པའི་མངོན་སུམ་སྐྱེས་པ་དེ་ཇི་ལྟར་ཞེ་ན། དེ་ཡང་ཚད་མ་ཡིན་ནོ། །གང་གི་ཕྱིར་འདི་མེའམ་མེ་ཏོག་གི་ཚོགས་ཡིན། ཡང་དག་པའམ་ཡང་དག་པ་མ་ཡིན་ཞེས་ཁྱད་པར་རམ། དངོས་པོ་དང་དངོས་པོ་མ་ ཡིན་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལ་མེ་ཉིད་དུ་མ་ཞེན་ན་ནི་གཉིས་ལ་དམིགས་པའི་ཐེ་ཚོམ་ཉིད་དུ་མི་འགྱུར་རོ། །མེ་ཉིད་དུ་ཞེན་ན་ནི་ཐེ་ཚོམ་གྱིས་བྱས་པ་ཆ་གཞན་ཞེན་པ་མངོན་སུམ་གྱི་བྱ་བ་ལས་བླ་ལྷག་པ་ཡིན་པའི་ཕྱིར་མངོན་སུམ་གྱི་བྱ་བ་ལ་གནོད་པ་མ་ཡིན་ནོ། །འདི་སྙམ་དུ་མངོན་ སུམ་གྱི་བྱ་བ་ནི་མཐའ་གཅིག་ཏུ་ངེས་པ་ཡིན་ནོ་སྙམ་ན་དེ་ནི་མི་རིགས་ཏེ། འཇུག་པའི་ཡུལ་ནི་མངོན་སུམ་དུ་སྣང་བ་ཡིན་གྱི་ཐེ་ཚོམ་ནི་བཟུང་བ་མ་ཡིན་ལ། དེ་ཡང་ངེས་པ་ཡིན་གྱི་མ་ངེས་པ་ནི་མ་ཡིན་ནོ། །དེ་ངེས་པར་འགྱུར་ན་མ་ངེས་པའི་ཞེན་པས་ཡུལ་དུ་བྱས་ཀྱང་ངེས་པ་ཉིད་དུ་གནས་པ་དེས་ན་དེ་ ལ་མཐའ་གཅིག་ཏུ་ངེས་པར་ཅི་ཞིག་བྱ། གལ་ཏེ་ཞེན་པའི་སྣང་བ་འཇུག་པའི་ཡུལ་ཡིན་ན་ནི་མཐའ་གཅིག་ཏུ་ངེས་པ་ཉིད་མངོན་སུམ་གྱི་འབྲས་བུར་འགྱུར་ཏེ། མཐའ་གཅིག་ཏུ་མ་ངེས་པའི་ཞེན་པའི་ཡུལ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །འཇུག་པའི་ཡུལ་ནི་མངོན་སུམ་གྱི་རྣམ་པ་ཡིན་ ཏེ། གང་གི་ཕྱིར་དེ་མཐོང་བར་ཞེན་པ་ཡིན་གྱི་སྤྱོད་པ་ནི་མ་ཡིན་ནོ། །མཐོང་བ་ཡང་མངོན་སུམ་ལ་གནས་པ་ཡིན་ཏེ། དེས་ན་དེས་མཐོང་བའི་མེ་དེ་ཉིད་ངེས་པ་ཡིན་པའི་ཕྱིར་ན་འཇུག་པའི་ཡུལ་ཡིན་ནོ། །འཇུག་པར་བྱེད་པའི་མངོན་སུམ་ཡིན་གྱི་ཐེ་ཚོམ་ནི་མ་ཡིན་ནོ། །དེའི་རྣམ་པར་ འཇུག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་ཡང་ཐེ་ཚོམ་གྱི་རྣམ་པ་གཞན་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་ཚད་མ་གཞན་གྱིས་སེལ་བར་བྱེད་དོ། །གལ་ཏེ་འཇིག་རྟེན་ཐེ་ཚོམ་ལས་ཀྱང་འཇུག་པར་མི་འགྱུར་ན་ནི་ཐེ་ཚོམ་ཟ་ན་ལྡོག་པར་བྱ་བ་ཡིན་ན་གང་གི་ཕྱིར་འཇུག་པ་ཡིན་པ་དེས་ན་ཐེ་ ཚོམ་ལྡོག་པར་བྱེད་པ་མ་ཡིན་ནོ། །འགལ་བའི་རང་བཞིན་དུ་ངེས་པར་བྱས་པ་མཐོང་བ་ཙམ་ནི་རབ་ཏུ་བསྟན་པ་མ་ཡིན་པ་དེས་ན་འཇུག་པའི་ཡུལ་མ་ཡིན་པས་མངོན་སུམ་འཇུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་འགལ་བའི་རང་བཞིན་དེས་ན་ནི་ཚད་མ་མ་ཡིན་པར་འགྱུར་གྱི་ཐེ་ཚོམ་གྱིས་ནི་ མ་ཡིན་ནོ། །དེས་ན་འཇུག་པར་བྱེད་པ་མ་ཡིན་པའི་ཞེན་པ་ལ་མཐའ་གཅིག་པར་ཅི་ཞིག་བྱ། གང་དུ་ཞེན་པ་ཉིད་འཇུག་པར་བྱེད་པ་དེར་ནི་མཐའ་གཅིག་པ་ཉིད་ཚོལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ལ་ནི་རྗེས་སུ་དཔག་པ་ཚད་མ་ཡིན་ཏེ། ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་། ཡུལ་ངེས་པ་ཡོད་པ་དང་མེད་པ་ཡང་ཐོབ་པར་ནུས་པའི་ཕྱིར་རོ། །གཞན་ཡང་མངོན་སུམ་ཐམས་ཅད་ཀྱི་འཇུག་པའི་ཡུལ་ནི་སྣང་ཞིང་ངེས་པའི་དངོས་པོའི་རྒྱུན་ཡིན་གྱི་རྟགས་ནི་མ་ཡིན་ནོ། །སྣང་བའི་ངེས་པ་རྣམ་པར་འཇོག་པ་པོ་ཡང་མངོན་ སུམ་ཡིན་གྱི་ཞེན་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཇུག་པའི་ཡུལ་ངེས་པའི་རྣམ་པར་འཇོག་པ་པོ་ནི་ལྟ་བ་ཉིད་ཡིན་ལ། མ་ངེས་པར་འཇོག་པ་པོ་ནི་ཐེ་ཚོམ་ཞེས་བྱ་བའི་ཞེན་པ་ཡིན་གྱི་ལྟ་བ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་ཐོབ་པའི་ཡན་ལག་གི་ཞེན་པ་མངོན་སུམ་གྱི་བྱ་བར་བརྗོད་པ་མ་ཡིན་ ནམ་ཞེ་ན་བདེན་ཏེ། མཐོང་བར་ཞེན་པ་ཡིན་གྱི་ཞེན་པ་ཙམ་ནི་མ་ཡིན་ནོ། །མངོན་སུམ་གྱི་བྱ་བ་ནི་མཐོང་བར་ཞེན་པ་ཡིན་ཏེ། མ་ཞེན་ན་ནི་སྐད་ཅིག་མ་ཉིད་བཞིན་དུ་ཡུལ་དང་དུས་དང་རྣམ་པར་ངེས་པ་ཐ་སྙད་དུ་བྱ་བར་མི་ནུས་པའི་དངོས་པོ་འཇུག་པའི་ཡུལ་མ་ཡིན་ནོ། ། དེ་ལྟར་ན་ཐེ་ཚོམ་གྱིས་མཐོང་བ་ཉིད་དུ་ངེས་ན་ཡང་ཡུལ་དང་དུས་དང་རྣམ་པར་ངེས་པའི་དངོས་པོ་སྣང་ཞིང་ངེས་པ་ཐ་སྙད་དུ་བྱས་པ་ཡིན་ནོ། །གལ་ཏེ་ཐེ་ཚོམ་གྱིས་ཞེན་པར་བྱས་པའི་སྔོན་པོ་མ་ངེས་པ་ཡིན་ལ་གཞན་དུ་ནི་ཐོབ་པར་ནུས་པའི་ཕྱིར་འཇུག་པའི་ཡུལ་ནི་མ་ངེས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ནི་བདེན་ན་མ་ངེས་པ་ནི་ཞེན་པར་བྱས་པ་ཡིན་ལ་སྣང་བ་ནི་མ་ངེས་པ་ཡིན་ཏེ། དེས་ན་སྣང་བ་ངེས་པ་ལྟ་བ་ལ་རག་ལས་པ་ཡིན་གྱི། འོན་ཀྱང་ཞེན་པ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོའི་ངེས་པ་ཞེན་པར་མ་བྱས་པས་སྐད་ཅིག་མ་ཡང་དེ་ལྟར་འཇུག་པའི་ཡུལ་མ་ཡིན་ ནམ་ཞེ་ན། ཐེ་ཚོམ་གྱིས་ནི་ཅི་འདི་སྔོན་པོ་ཉིད་དམ། འོན་ཏེ་དངོས་པོ་མ་ཡིན་པ་ཉིད་ཅེས་ངེས་པ་ཉིད་ཞེན་པར་བྱས་པ་ཡིན་གྱི། གང་གི་ཕྱིར་ངེས་པ་ཞེན་པར་མ་བྱས་པར་འགྱུར་བ་འདི་ནི་སྔོན་པོ་ཡང་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ། །དེའི་ཕྱིར་ངེས་པའི་འཇུག་པའི་ ཡུལ་ནི་མཐོང་བ་ཉིད་དུ་ཞེན་པར་བྱས་པ་ཡིན་ལ་དེ་ནི་ཐེ་ཚོམ་གྱིས་ཀྱང་མཐོང་བ་ཉིད་ཐ་སྙད་དུ་བྱ་བ་ཡིན་ནོ། །འོན་ཀྱང་ཐེ་ཚོམ་ནི་རང་བཞིན་གཅིག་ཏུ་མི་གནས་ལ་མཐོང་བ་ནི་གནས་པ་འབའ་ཞིག་ཏུ་ཟད་དོ། །ཐེ་ཚོམ་ནི་མི་གནས་པ་ཡིན་ལ། མཐོང་བ་ནི་གནས་པ་ཡིན་ནོ་ཞེས་འཇིག་ རྟེན་ན་ཡང་ཤེས་པ་ཡིན་ནོ། །དེའི་ཕྱིར་མཐོང་བའི་བྱ་བའི་རྗེས་སུ་བྱེད་པའི་ཐེ་ཚོམ་དང་མཐའ་གཅིག་ཏུ་ངེས་པར་སྣང་བའི་ཐ་སྙད་དུ་བྱ་བར་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས་ཞེས་བྱ་བ་ལ་སོགས་པ་སྒྲོ་བཏགས་པ་ཉིད་མངོན་སུམ་གྱི་གནོད་ པར་བརྗོད་ཀྱི་ཐེ་ཚོམ་ནི་མ་ཡིན་ནོ། །གང་ཡང་དངོས་པོའི་རང་བཞིན་ལམ་རེག་པའི་ཐེ་ཚོམ་ནི་དཔེར་ན་ཆུ་དམར་པོ་ལ་ཅི་འོན་ཏེ་མེའམ་འོན་ཏེ་པ་ལ་ཤའི་མེ་ཏོག་གི་ཚོགས་ཡིན་ཞེས་བྱ་བ་ལྟ་བུ་དངོས་པོའི་ཆ་སྤངས་པ་སྟེ། སྒྲོ་བཏགས་དང་འདྲ་བར་མངོན་སུམ་ལ་གནོད་པ་ཡིན་ནོ། ། མངོན་སུམ་མི་སྣང་བ་ངེས་པ་ཞེན་པ་གང་ཡིན་པ་དེ་ནི་ཐོབ་པར་ནུས་པའི་ཕྱིར་ན་དེ་ཉིད་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་གནས་སོ། །འབྲེལ་བ་ལས་ནི་ཐོབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་རྗེས་སུ་དཔག་པ་ཇི་ལྟར་ངེས་པར་བྱས་པ་དེ་ཡང་འབྲེལ་པ་ཡིན་ལ་ཤེས་པ་གཞན་ཇི་ལྟར་ ངེས་པར་བྱ་བ་དེ་དང་མ་འབྲེལ་བ་ཡིན་ཏེ་དེས་ན་ཐོབ་པར་བྱེད་པ་མ་ཡིན་གྱི་འདིར་ངེས་པ་ལ་མི་ལྟོས་པའི་ཕྱིར་འབྲེལ་པ་འདོད་པ་ནི་ཤེས་པར་མི་བྱའོ། །གལ་ཏེ་དེས་ངེས་པར་འཇུག་པའི་ཡུལ་ཡིན་ན་ནི་ངེས་པར་རྟོག་པ་དང་ངེས་པ་མཐོང་བ་ཞེན་པ་ཚད་མའི་བྱ་བ་རྫོགས་པ་ཡིན་ནོ། །ཅི་སྟེ་དངོས་པོ་གང་ ཞིག་ངེས་པ་ན་གང་འཇུག་པའི་ཡུལ་དུ་མི་འགྱུར་བ་ངེས་པར་མ་བྱས་པ་ཞེས་བྱ་བ་གང་ཞེ་ན། འདི་ལ་བརྗོད་པར་བྱ་བ་ཅི་ཡོད་ངེས་པར་རྟོགས་པ་གང་ཡིན་པ་དེ་ལས་གཞན་དུ་ངེས་པ་གང་ཡིན་པའོ། །དེ་ཡང་གང་ཞེ་ན། ཡུལ་དང་དུས་དང་རྣམ་པ་འགའ་ཞིག་མ་ངེས་པ་འགལ་བའི་ཆོས་ དང་ལྡན་པ་གང་ཡིན་པའོ། །ཡུལ་དང་དུས་དང་རྣམ་པ་ཐ་དད་པ་ཡང་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཐ་དད་པར་བྱེད་པ་མ་ཡིན་པ་ནི་སྣ་ཚོགས་གཅིག་ཏུ་ཐལ་བའི་ཕྱིར་རོ། །འདི་ཙམ་ཉིད་འགལ་བའི་ཆོས་དང་འབྲེལ་བ་མ་ཡིན་ཏེ། འདིར་ནི་ཉེ་བར་མཚོན་པའི་དོན་དུ་ཇི་ཙམ་ཞིག་ རྗོད་པར་བྱེད་པར་འོས་པ་དེ་ཙམ་ཞིག་བཤད་དོ། །དེ་ལ་དངོས་པོ་ནི་མཐོང་བ་དེ་ཉིད་ཡིན་ནོ། །ཡུལ་གཞན་དང་འབྲེལ་བ་ཡིན་ན་ནི་ཚད་མའི་ཡུལ་མ་ཡིན་ནོ། །དཔེར་ན་སྒོ་ལེབ་ཀྱི་བུ་གར་ནོར་བུ་ངེས་པ་ཁང་བའི་ནང་ན་གནས་པའི་ནོར་བུ་ལས་ངེས་པ་བཞིན་ནོ། །འདིར་རེ་ཞིག་ནོར་བུ་ ཙམ་ངེས་པ་ཡིན་ནམ་ཞེ་ན། ཡུལ་དང་དུས་དང་རྣམ་པའི་ཁྱད་པར་དང་ལྡན་པའི་ནོར་བུ་མ་ངེས་པ་ཡིན་ནོ། །ནོར་བུ་ཙམ་དོན་དུ་གཉེར་བའི་ཕྱིར་ནི་ཐོབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ངེས་པ་ལས་ཡིན་ལ་ངེས་པ་ཡང་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་གོང་བུ་ཙམ་ནི་ཐོབ་པར་བྱ་ བ་མ་ཡིན་ནོ། །འབྲས་བུ་འདོད་པས་སྐྱེད་པ་དེ་སྒྲུབ་པར་བྱེད་པའི་དོན་ཆེད་ཀྱི་བྱ་བ་འཇུག་པ་ཡིན་ནོ། །དེ་ཡང་ལུས་དང་ངག་དང་ལྷན་ཅིག་པའི་བློ་འཇུག་པར་བྱེད་པའི་ཤེས་པའི་བྱ་བ་ལྟ་བུ་དང་རྟོག་པའི་རྗེས་སུ་འགྲོ་བ་ཅན་དེ་ཉིད་ཀྱིས་ཉེ་བར་བསྟན་པ་ཡུལ་དང་དུས་དང་རྣམ་པ་ ངེས་པའི་དངོས་པོ་ཐོབ་པར་འདོད་པ་འཇུག་པར་བྱེད་པའི་ཤེས་པས་བརྩམས་པ་རབ་ཏུ་བསྟན་པའི་དངོས་པོའི་མཐར་ཐུག་པ་ནི་གཅིག་ཡིན་པར་བལྟའོ། །དངོས་པོའི་ཡུལ་ཅན་ནི་གཞན་ཡིན་ནོ། །སྐབས་སུ་བབ་པའི་དོན་བྱ་བ་ལ་ཉེ་བར་སྦྱོར་བ་མ་ངེས་པར་ ཤེས་པ་གང་ཡིན་པ་དེ་ནི་དུ་མ་ཡིན་ཡང་འཇུག་པ་གཅིག་གི་ཡུལ་ཡིན་ནོ། །འཇུག་པ་གཅིག་གི་ཡུལ་ཡང་ཚད་མ་གཅིག་གི་ཡུལ་ཡིན་ནོ། །ཉེ་བར་སྦྱོར་བ་གང་ཡིན་པར་ཤེས་པ་དེ་ནི་ངེས་པ་མེད་དོ། །རེས་འགའ་ནི་ཚད་མ་གཅིག་གི་ཡུལ་ཡིན་ལ། རེས་འགའ་ནི་ཚད་མ་དུ་མའི་ ཡུལ་ཡིན་ནོ། །དེ་ལ་མངོན་སུམ་ནི་སྐད་ཅིག་ཐ་དད་པ་ལ་ཉེ་བར་སྦྱོར་བ་ངེས་པ་མེད་པར་ཞེན་པར་བྱེད་ཀྱི་ཚོགས་པ་ཐ་དད་པས་ནི་མ་ཡིན་ནོ། །གང་གི་ཕྱིར་མཐོང་བའི་བུམ་པ་རྣམས་ལ་ནི་གལ་ཏེ་ནུས་པ་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་གཅིག་གམ་དུ་མ་ཅུང་ཟད་ཅིག་དགོས་ལ་དེའི་ཚེ་བུམ་ པ་རྣམས་ཉེ་བར་སྦྱོར་བ་ཐ་དད་པ་རྣམས་ཁོ་ནར་ཤེས་པ་ཡིན་ནོ། །ཡང་གང་གི་ཚེ་བུམ་པ་གཅིག་གི་བསྒྲུབ་པར་བྱ་བ་དགོས་པ་དེའི་ཚེ་མཐོང་བའི་མདོ་ཁོ་ན་ལ་ངེས་པ་གཅིག་ལེན་པར་འདོད་པ་ཡིན་ནོ། །བླང་བར་འདོད་པ་ཉིད་ཀྱང་མ་ཡིན་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་ངེས་པར་བླང་བར་ འདོད་པ་ནི་ངེས་པར་སྦྱོར་བར་ངེས་པ་ཡིན་པ་དེའི་ཕྱིར་འཇུག་པའི་ཡུལ་ཐ་དད་པར་ངེས་པ་ཡིན་ནོ། །རྗེས་སུ་དཔག་པའི་ཚོགས་ཐ་དད་པ་ལ་མ་ངེས་པར་ཞེན་པས་བྱེད་པ་དཔེར་ན་རྩིག་པ་བཞིས་བསྐོར་བའི་ཁྱིམ་གྱི་དང་རར་དུ་བ་མཐོང་ནས་མེ་མ་ཡིན་པ་ལས་ལོག་པའི་མེ་ཙམ་ངེས་པར་བྱེད་པ་ ན་ཇི་སྙེད་ཡོད་པ་དེ་ཐམས་ཅད་རྗེས་སུ་དཔག་ཅིང་གང་གི་ཕྱིར་ཐམས་ཅད་ཀྱང་ཉེ་བར་སྦྱོར་བ་ངེས་པ་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་ཁྱིམ་གྱི་དང་ར་དེ་ཉིད་དུ་དུ་བ་གཞན་མཐོང་བས་མེར་ངེས་པ་དེ་ལ་ནི་ཤེས་པ་ཚད་མ་ཡིན་གྱི། འོན་ཀྱང་དྲན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་དང་ར་ ན་གནས་པའི་མེ་མ་ཡིན་པ་ལས་ལྡོག་པའི་རང་བཞིན་དོན་བྱ་བའི་ཉེ་བར་མཁོ་བ་ནི་སྔ་མ་བཞིན་དུ་བཟུང་བ་ཡིན་ནོ། །གང་གི་ཚེ་ཉེ་བར་སྦྱོར་བ་ཐ་དད་པ་དེའི་ཚེ་ནི་དུ་བ་གཞན་དང་གཞན་གྱིས་གཞན་ལ་ཡང་དོན་བྱ་བ་བྱེད་པའི་ཕྱིར་ན་དེའི་ཡུལ་ཅན་རྣམས་ཚད་མ་ཐ་དད་པ་ཁོ་ནའོ། །ཡང་གང་ གི་ཚེ་ཕྱོགས་བཞིར་དུ་བ་བཞི་ལས་མེ་རྗེས་སུ་དཔག་པ་ལ་དོན་བྱེད་པ་ལ། གཅིག་ཉེ་བར་མཁོ་བ་དེའི་ཚེ་ཡང་རྗེས་སུ་དཔག་པའི་མོད་ཁོ་ན་ལ་ངེས་པར་ཞེན་པར་འདོད་ལ། གང་བླང་བར་བྱ་བ་འདོད་པ་དེ་ཉིད་ཀྱིས་ཉེ་བར་མཁོ་བ་ཡིན་པའི་ཕྱིར་དེ་དག་ཉེ་བར་སྦྱོར་བ་ཐ་དད་པས་ཚད་མ་ཐ་དད་ པའི་གཟུང་བ་ཡིན་ནོ། །འདི་ཐམས་ཅད་བརྗོད་པའི་དོན་དུ་དུ་བ་གཞན་དང་གཞན་གྱིས་བཅད་པའི་མེ་ཉེ་བ་བཞིན་ནོ་ཞེས་བཤད་དོ། །དེའི་ཕྱིར་ངེས་པའི་དབང་གིས་ཐོབ་པར་བྱ་བ་ཡིན་གྱི་དོན་དུ་གཉེར་བའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །དུས་ཐ་དད་པས་ཀྱང་ དངོས་པོ་ཐ་དད་པའི་ཕྱིར་ཏེ། མཚན་མོ་བུ་འོངས་པ་མཐོང་ན་མཐོང་ནས་ཉིན་མོ་བུ་འོངས་པ་དེ་ལྟ་ན་ཡང་མཚན་མོ་བུ་མཐོང་བ་ནི་ཚད་མ་མ་ཡིན་ཏེ། ནམ་ཕྱེད་ཀྱི་ཁྱད་པར་ཅན་གྱི་བུ་འོངས་པ་མེད་པའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ནི་དོན་བྱེད་པར་བཟོད་པའི་རང་བཞིན་ལ་བརྗོད་དོ། །དོན་ དེ་ལ་ནི་ཁ་དོག་དོན་དམ་པ་ཡིན་གྱི་དབྱིབས་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་ནི་རིང་བ་ལ་སོགས་པ་མེད་པའི་ཕྱིར་དང་། རྡུལ་ཕྲ་རབ་མ་གཏོགས་པའི་གཟུགས་ཀྱང་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་ནི་ཁ་དོག་ཡིན་ལ། དབྱིབས་ནི་ཡོད་དུ་ཟིན་ཀྱང་ཁ་དོག་གི་རྡུལ་ཕྲ་རབ་རྣམས་ལས་ཐ་དད་པ་ མ་ཡིན་ནོ། །དེས་ན་དཔེར་ན་སྐད་ཅིག་མ་ཉིད་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ལ་སྔོན་པོ་ལ་སོགས་པ་མ་བཟུང་ན་ནི་དེའི་ངོ་བོར་གྱུར་པའི་དངོས་པོ་ཉིད་མ་ཡིན་པ་དེ་བཞིན་དུ་དབྱིབས་ཀྱང་ངོ་། །སྤྱིའི་ཆོས་རྣམས་ནི་ཁྱད་པར་གྱི་རང་བཞིན་དུ་ཡོད་པ་ཡིན་ལ། ཁྱད་པར་མ་བཟུང་ན་ནི་ མི་ཟིན་ལ། ཁྱད་པར་གཟུང་བ་ན་ནི་བཟུང་བ་ཡིན་ཞིང་མ་ངེས་ན་ནི་ཚད་མ་གཞན་གྱིས་ངེས་པར་བྱེད་དོ། །གང་གི་ཚེ་སྨིག་རྒྱུ་ལ་ཆུར་འཁྲུལ་དུ་ཆུག་ཀྱང་དངོས་པོ་ཉིད་ཙམ་ལ་ནི་མ་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ཆུ་ལ་འཁྲུལ་པ་ན་ཆུ་ཡོད་པ་ལ་ངེས་པར་འཁྲུལ་བ་ཡིན་ ལ་གཞན་གྱི་ཡོད་པ་ཡང་གཞན་གྱི་ཁྱད་པར་བཞིན་དུ་གཟུང་བ་དེའི་ཕྱིར་གང་ཞིག་ལ་འཁྲུལ་པ་མེད། དེ་བཞིན་དུ་དུང་གི་དཀར་པོ་བཏང་ན་དེའི་རང་བཞིན་དུ་འགྱུར་བའི་དབྱིབས་བཏང་ན་སེར་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འགྱུར་ན་དེའི་རང་བཞིན་དུ་གྱུར་པའི་དབྱིབས་ཕྱིན་ཅི་ལོག་ ཡིན་པའི་ཕྱིར་དུང་ལ་སེར་པོར་ཤེས་པ་ལ་ནི་མི་སླུ་བའི་ཞད་ཙམ་ཡང་ཡོད་པ་མ་ཡིན་ཏེ། དཀར་པོ་དང་སེར་པོ་དག་ཐ་དད་པའི་ཕྱིར་རོ། །དེས་ན་རྣམ་པ་ཐ་དད་པའི་ཕྱིར་སེར་པོ་ལས་ནི་དུང་དཀར་པོ་ཐོབ་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་སེར་པོ་ཤེས་པ་ལས་ ཞུགས་པ་ལས་དུང་དཀར་པོ་ཐོབ་ཅེ་ན། ཤེས་པ་གཞན་ལས་ཡིན་པར་སྨྲའོ། །དཀར་པོ་དང་སེར་པོ་སྣང་བ་དག་འབྲེལ་པ་གཟུང་བ་ཡོད་ན་ནི་རྗེས་སུ་དཔག་པ་ཡིན་ཏེ། དཔེར་ན་རལ་གུའི་ནང་ན་གནས་པའི་ལུས་རྗེས་སུ་དཔག་པ་བཞིན་ནོ། །ཡང་དཔེར་ན་ཆུའི་ཤེས་པ་ལས་ནི་སྨིག་ རྒྱུ་ཐོབ་པ་མ་ཡིན་གྱི་ཤེས་པ་གཞན་ལས་ཡིན་པ་དེ་བཞིན་དུའམ། ཐེ་ཚོམ་ལས་ཞུགས་པས་ཤེས་པ་གཞན་ལས་དོན་ཐོབ་པར་བྱེད་པ་དེ་བཞིན་དུ་ཐོབ་པ་ནི་ཐ་ན་རེག་བྱའི་ཤེས་པ་ལས་ཡིན་ནོ། །སྒོ་གསེབ་ཀྱི་བུ་གར་གནས་པའི་མཐོང་བའི་མིག་གི་རྣམ་པར་ཤེས་པ་ལས་ནི་ཁང་ ཕུགས་ན་གནས་པའི་ནོར་བུའི་གནས་འཛིན་པར་བྱེད་པ་ཡིན་པས་ན་ནོར་བུ་ཐོབ་པོ་ཞེས་སྨྲའོ། །དེའི་ཕྱིར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ངེས་པ་ལས་གང་ཤིན་ཏུ་མ་ངེས་པ་ཡིན་པའི་ཕྱིར་ན་ཡུལ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྐད་ཅིག་མ་མ་ཡིན་པ་ཉིད་དང་། རགས་པ་དང་། ཚད་ཆུང་བ་དང་། མི་གསལ་བ་དང་འདྲེས་པས་ཐག་རིང་པོ་ན་གནས་པ་རྣམས་ངེས་པ་ན་ཇི་ལྟར་སྐད་ཅིག་མ་དང་ཕྲ་མོ་དང་གསལ་བ་དང་། ཚད་ཆེ་བ་དང་། མ་འདྲེས་པའི་ཤིང་ལ་སོགས་པའི་ཚད་མས་ཐོབ་ཅེ་ན། རིགས་པ་ཉོན་ཅིག །འདི་ལ་དངོས་པོ་དབྱིབས་ དང་ལྡན་པ་ངེས་པར་དོན་བྱ་བའི་རང་བཞིན་ནི་མངོན་སུམ་མ་ཡིན་ནོ། །སྔོན་པོ་དེ་ཡང་སྐད་ཅིག་མ་ཉིད་དང་སྐད་ཅིག་མ་མ་ཡིན་པའི་ཐུན་མོང་གི་ཚོགས་ཡིན་ཏེ། སྣང་བའི་སྔོན་པོ་ལ་ནི་ཡུན་རིང་བ་མི་འགལ་བའམ་མྱུར་དུ་ཡང་རུང་སྟེ། གང་ཡང་ངེས་པ་ཡོད་པ་མ་ཡིན་ནོ། ། དེའི་ཕྱིར་གལ་ཏེ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལ་ཐུན་མོང་གི་རང་བཞིན་དུ་ངེས་པ་ལ་སྐད་ཅིག་མ་མ་ཡིན་པར་སྒྲོ་འདོགས་ཀྱང་དེ་ཙམ་གྱིས་སྐད་ཅིག་མ་ཡིན་པ་ཉིད་དུ་ངེས་པར་འགྱུར་རམ། སྐད་ཅིག་མ་ཉིད་དང་འགལ་བའི་རང་བཞིན་བཟུང་ན་ནི་སྣ་ཚོགས་སྐད་ཅིག་མ་ནི་མ་ཡིན་པར་ རུང་སྟེ། ངེས་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་ཐུན་མོང་དུ་ཡོད་པ་ཡིན་ཏེ། དེའི་ཕྱིར་སྐད་ཅིག་མ་ཡིན་པ་ནི་དུས་ཕྱིས་འཁྲུལ་པས་སྒྲོ་བཏགས་པ་ཡིན་ནོ་ཞེས་བྱ་བར་གཟུང་ངོ་། །དེ་བཞིན་དུ་གཅིག་གི་རང་བཞིན་ཕྲ་མོ་ཡིན་ལ། དུ་མ་ནི་རགས་པ་ཡིན་ནོ། །དེ་ལ་གལ་ཏེ་རགས་པ་གཅིག་ མཐོང་ན་ནི་འགལ་བ་མཐོང་བར་འགྱུར་བ་ཡིན་ན། གང་གི་ཚེ་དུ་མ་མཐོང་བ་དེའི་ཚེ་གཅིག་ནི་ཕྲ་མོ་ཡིན་ལ་དུ་མ་ཉིད་ནི་རགས་པའི་ཕྱིར་འགལ་བ་ཅི་ཡོད། གང་ཡང་མ་མཐོང་བ་ཉིད་ནི་ཕྲ་མོའི་ཚོགས་པ་ཡིན་པར་བསྒྲུབ་པར་ནུས་པའི་ཕྱིར་མི་འགལ་ལོ། །གང་ཡང་གསལ་བ་ཡང་རྒྱང་ རིང་པོ་ནས་མི་གསལ་བར་སྣང་བ་དེ་ཡང་རྡུལ་དང་འདྲས་བ་ཡིན་ཏེ། རྡུལ་དང་འདྲེས་པ་ཡང་མཐོང་བ་དང་མི་གསལ་བ་ཡིན་ནོ། །དེའི་ཕྱིར་འདྲེས་པ་འཛིན་པ་མི་གསལ་བར་འཛིན་པ་ཡིན་གྱི། གཅིག་ལ་འགལ་བར་གཟུང་བ་ནི་མ་ཡིན་ནོ། །རྟ་རྨིག་གིས་སྣད་པའི་ལམ་ནས་ལངས་པའི་རྡུལ་ གྱིས་བར་དུ་ཆོད་པའི་སྣམ་བུ་སྔོན་པོ་བཟུང་བ་ཡིན་ནོ། །རྡུལ་ཡང་བསགས་པ་ན་སྣང་བར་འགྱུར་རོ། །ཇི་སྲིད་ཐག་རིང་པོ་ན་དེ་སྲིད་དུ་སྣང་བར་འགྱུར་ལ། ཇི་སྲིད་དུ་ཉེ་བར་འགྱུར་བ་དེ་སྲིད་དུ་མི་སྣང་བར་འགྱུར་ཏེ། མ་བསགས་པའི་ཕྱིར་རོ། །དཔེར་ན་རྡུལ་གྱི་ཆ་ཅུང་ཟད་དང་དམར་པོའི་ རང་བཞིན་གྱི་སེར་པོ་ཉམས་པར་དམིགས་ཀྱི་རྡུལ་ལོགས་སུ་མི་སྣང་བ་བཞིན་ནོ། །དེ་ནི་རྫས་གཞན་ཉིད་སྐྱེས་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། ཡང་མཁས་པས་དེ་དག་སོ་སོར་བྱེད་པ་མཐོང་བའི་ཕྱིར་ཏེ། ཉེ་བར་ལེན་པ་གཅིག་ལ་རང་བཞིན་ཐ་དད་པ་དག་སྐྱེ་བ་མི་འཐད་པའི་ཕྱིར་རོ། ། དེ་བཞིན་དུ་རྡུལ་ནི་མི་དམིགས་པ་དེ་དག་འདྲེས་པའི་ཁ་དོག་གཞན་མི་གསལ་བར་དམིགས་པའི་ཕྱིར་གཉིས་ཀ་མི་གསལ་བས་བཟུང་བ་ཡིན་གྱི། གཅིག་ལ་གསལ་བ་དང་མི་གསལ་བ་ཉིད་དུ་བཟུང་བ་ནི་མ་ཡིན་པའི་ཕྱིར་ཅི་ཞིག་འགལ། ཆེན་པོ་ལ་ཆུང་ངུར་ངེས་པ་ཞེས་བརྗོད་པ་གང་ཡིན་པ་ དེ་ལ་ཡང་། དབྱིབས་ཞེས་བྱ་བ་ནི་སྣང་བའི་ཆོས་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེས་བརྗོད་དོ། །ཚད་ཀྱང་དབྱིབས་ཀྱི་ཆོས་ཡིན་ཏེ། དེའི་ཕྱིར་དབྱིབས་སྔོན་པོ་མ་ཡིན་ན་ཚད་ཀྱང་དངོས་པོའི་ཆོས་སུ་མི་འགྱུར་བས་དེ་ལ་འཁྲུལ་ཀྱང་དངོས་པོ་ལས་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ ན་ནི་མྱ་ངམ་ན་ཆུང་ངུ་ལ་ཆེན་པོར་འཛིན་པར་འཁྲུལ་པ་ཇི་ལྟར་ཞེ་ན། ཉོན་ཅིག་དེ་ལ་ཡུལ་དེ་དང་དེ་མ་ཡིན་པའི་རྒྱུ་མཚན་ཅན་གྱི་འགལ་བ་ཡོད་པ་ཡིན་ཏེ། གང་གི་ཕྱིར་ན་ཆུང་ངུ་ནི་ཡུལ་གཞན་ལ་གནས་པ་ཡིན་ལ། ཆེན་པོ་ནི་རྒྱ་ཆེན་པོའི་གོ་སྐབས་ཀྱི་ཡུལ་ཁྱད་པར་མཐོང་བ་ ཡིན་པ་དེའི་ཕྱིར་ཡུལ་དེ་ན་གནས་པ་དང་། དེའི་ཡུལ་ན་མི་གནས་པའི་རྒྱུ་མཚན་ཅན་གྱི་འགལ་བ་ཡོད་པ་ཡིན་ཏེ། དཔེར་ན་མགལ་མེའི་འཁོར་ལོར་སྣང་བའི་ཤེས་པ་དབྱིབས་འཁྲུལ་པ་ནི་ཡུལ་དེ་ན་མི་གནས་པའི་ཡུལ་དེ་ན་གནས་པ་ཉིད་དེའི་ཡུལ་འགལ་བར་འཛིན་པ་དེ་བཞིན་ནོ། །རྣམ་ པ་དེ་ཉིད་ཀྱིས་ཆུང་ངུ་ལ་ཆེན་པོར་འཛིན་པ་ཡུལ་འགལ་བ་ཡོད་པ་ཡིན་ནོ་ཞེས་འདོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་དེའི་སོ་མཚམས་གང་དང་ལྡན་པར་མཐོང་བས་སོ། །མཚམས་དེ་ཉིད་ལ་མ་འཁྲུལ་བ་ཐག་རིང་པོ་ན་ཆུང་ངུར་སྣང་བ་ཡིན་ལ་ཆུང་ངུ་ལ་ཆེན་པོར་སྣང་བ་གང་ཡིན་པ་དེ་ནི་ དངོས་པོའི་སོ་མཚམས་ལས་འདས་ནས་ནམ་མཁའི་ཆ་ཁྱབ་པར་སྣང་བའི་ཕྱིར་ཆེན་པོ་ལ་ཆུང་ངུར་སྣང་བ་འཁྲུལ་པ་ཡིན་ལ་ཆུང་ངུ་ཆེན་པོར་སྣང་བ་ནི་མ་འཁྲུལ་པ་ཡིན་ནོ། །གང་ཡང་ཤིང་ལ་སོགས་པ་མ་འདྲེས་པ་ལ་འདྲེས་པར་འཛིན་པ་དེ་ནི་བར་ཆད་ཅེས་བྱ་བའི་དངོས་པོ་གཞན་མ་བཟུང་ བར་དེ་སྟོང་པའི་དངོས་པོ་ཉིད་བཟུང་བ་དེའི་ཚེ་བར་མ་ཆད་པར་བཟུང་བར་འགྱུར་གྱི། ཡུལ་དང་དུས་དང་རྣམ་པ་ལ་སོགས་པ་ལ་འཁྲུལ་བ་ཡོད་པ་ནི་མ་ཡིན་པ་དེས་ན་འགལ་བ་མེད་དོ། །འདི་སྙམ་དུ་བར་ཆད་དང་བཅས་པ་དང་བར་ཆད་མེད་པ་འགལ་ལོ་སྙམ་ན་དེ་ནི་མི་རིགས་ཏེ། གང་ གི་ཕྱིར་འདིར་དངོས་པོའི་རང་བཞིན་ལ་ནི་འགལ་པ་འགའ་ཡང་མེད་ཀྱི། འོན་ཀྱང་བར་ཆད་ཅེས་བྱ་བ་ནི་དངོས་པོ་གཞན་མ་བཟུང་བ་ཡིན་ནོ། །དེས་ན་བར་ཆད་དང་བཅས་པ་ཞེས་བྱ་བ་ནི་བར་ཆད་ཅེས་བྱ་བའི་དངོས་པོ་ཡོད་པར་བརྗོད་པ་ཡིན་ནོ། །བར་ཆད་མེད་པ་ཞེས་བྱ་བ་ནི་དེ་མ་བཟུང་ བར་བརྗོད་པ་ཡིན་གྱི། མེད་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་དངོས་པོ་ཉིད་དམ་འཛིན་པ་འབའ་ཞིག་བར་ཆོད་པ་དང་བཅས་པའམ་བར་ཆད་མེད་པར་སྨྲ་ན། དེའི་ཚེ་འགལ་བར་འགྱུར་བ་ཡིན་ན། གང་གི་ཚེ་དངོས་པོའི་བར་ཆད་དང་བཅས་པ་གཟུང་གི་བར་ཆད་མེད་པ་ དེའི་ཚེ་བར་ཆད་དང་བཅས་པ་དང་བར་ཆད་མེད་པ་དག་ཡུལ་ཐ་དད་པའི་ཕྱིར་ཅི་ཞིག་འགལ། དེའི་དོན་ནི་འདི་ཡིན་ཏེ། འདི་ནི་ངེས་པ་ལས་གཞན་ཐོབ་པ་མ་ཡིན་གྱི། འོན་ཀྱང་སྐད་ཅིག་མ་མ་ཡིན་པ་ཉིད་དམ་མི་གསལ་བ་ཉིད་དམ། མི་རིགས་པ་ཉིད་དམ་གཞན་ཡང་རུང་སྟེ། ངེས་པར་ བྱས་ཤིང་ཐམས་ཅད་མི་ཐོབ་པར་ཟད་དོ། །འདི་ལྟར་སྔོན་པོའི་རང་བཞིན་གྱི་སྐད་ཅིག་མ་ཉིད་ནི་མཐོང་བའི་སྔོན་པོའི་རང་བཞིན་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་དང་འགལ་བ་སྔ་ན་མེད་པ་ནི་ཅི་ཞིག་ཐོབ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ནི་འགལ་བར་འགྱུར་ བ་ཡིན་ན་སྐད་ཅིག་མ་ཉིད་ནི་སྔོན་པོ་སྤངས་ཏེ་གནས་པ་མ་ཡིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ངེས་པའི་སྐད་ཅིག་མ་མ་ཡིན་པ་ཉིད་དང་ནི་སྔོན་པོའི་རང་བཞིན་དུ་ཞེན་པའི་སྐད་ཅིག་མ་འགལ་བ་ཡིན་ནོ། །སྐད་ཅིག་མ་མ་ཡིན་པ་ཉིད་ནི་ཐོབ་པ་ཡིན་ན་གང་གིས་ན་འགལ་བར་འགྱུར། ཐོབ་པ་ནི་སྔོན་པོ་ཡིན་ལ་དེ་ལ་ནི་འགལ་བ་ཡིན་ནོ། །གང་ཡང་ཡུལ་གཞན་ན་གནས་པའི་ནོར་བུའི་རང་བཞིན་ནི་དེ་ན་གནས་པའི་རང་བཞིན་ཡོངས་སུ་སྤངས་ནས་གནས་པ་ཡིན་ལ་དཀར་པོ་ཡང་སེར་པོའི་རང་བཞིན་ཡོངས་སུ་སྤངས་ཏེ་གནས་པ་དེས་ན། དེ་ལ་ནི་ངེས་པ་ལས་གཞན་ཐོབ་ བ་ཡིན་ནོ། །དེའི་ཕྱིར་ཁང་པའི་ནང་ན་གནས་པའི་ནོར་བུ་དང་དུང་དཀར་པོ་ནི་སྒོ་གསེབ་ན་གནས་པའི་ནོར་བུ་འཛིན་པ་དང་། དུང་སེར་པོར་འཛིན་པའི་ཤེས་པའི་བྱ་བ་མ་ཡིན་པའི་ཕྱིར་ངེས་པ་དང་མ་ངེས་པ་དང་འགལ་བ་ཐོབ་པ་ཡིན་ནོ། །གལ་ཏེ་འོ་ན་ནི་སྐད་ཅིག་མ་ཐོབ་ཀྱང་གཞན་ཐོབ་ པར་མི་འགྱུར་གྱི། མངོན་སུམ་མ་ངེས་པར་ཐོབ་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་ཚད་མའི་བྱ་བ་ནི་ངེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ཉམས་སོ་ཞེ་ན། ཉམས་པ་མེད་དེ་དེ་ལྟར་ཡོད་པར་མཐོང་བའི་སྔོན་པོ་དེ་ཉིད་སྐད་ཅིག་མའི་རང་བཞིན་ཡིན་གྱི། གཞན་ནི་མ་ཡིན་ཏེ། དེས་ན་ ཅིའི་ཕྱིར་མ་ངེས་པ་ཐོབ་པ་ཡིན། །གང་གི་ཕྱིར་སྔོན་པོ་དེ་སྐད་ཅིག་མར་མ་ངེས་པའི་ཕྱིར་མངོན་སུམ་ནི་སྔོན་པོ་འབའ་ཞིག་ཐོབ་པར་བྱེད་པ་ཡིན་ནོ། །དོན་དམ་པའམ་སྐད་ཅིག་མའི་དངོས་པོ་ཐོབ་ཀྱང་དེའི་སྐད་ཅིག་མ་ཉིད་ཀྱིས་ནི་ཐོབ་པ་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །འོ་ན་གང་ གི་ཚེ་ཐག་རིང་པོ་ནས་ཤིང་ལ་ཤིང་ཉིད་དུ་ངེས་ཤིང་ཤིང་ཤ་པར་ནི་མ་ངེས་པ་དེའི་ཚེ་ཤིང་ཤ་པ་ཉིད་གང་ལས་ཐོབ་པ་ཡིན་ཞེ་ན། ཉོན་ཅིག་མཐོང་བའི་ཤིང་གང་ཡིན་པ་དེ་ཉིད་ནི་དོན་བྱེད་ནུས་པ་ཡིན་ནོ། །དོན་བྱེད་ནུས་པ་ཡང་སྤྱིའི་ཤིང་ཉིད་མ་ཡིན་གྱི། འོན་ཀྱང་ཁྱད་པར་ཤིང་ ཤ་པ་ལ་སོགས་པའི་དོན་བྱེད་ནུས་པ་ཡིན་ནོ། །དེས་ན་ཤ་པ་ཤིང་ཉིད་དུ་ངེས་པར་བྱས་པ་འབྲས་བུ་ལ་ངེས་པར་སྦྱོར་བའི་ཤིང་ཤ་པ་ཉིད་ཚད་མས་ཐོབ་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྤྱིར་ངེས་པ་ནི་ཁྱད་པར་གྱི་མཐར་ཐུག་པ་ཡིན་པའི་ཕྱིར་སྤྱིའི་ཡུལ་ཅན་གྱི་ངེས་པ་ནི་ཁྱད་པར་གྱི་ཐོབ་ པར་བྱེད་པ་ཡིན་ནོ། །ཁྱད་པར་གྱི་ངེས་པ་ནི་སྤྱིའི་མཐར་ཐུག་པ་མ་ཡིན་ཏེ། གང་གི་ཕྱིར་དོན་བྱ་བར་ནི་ཁྱད་པར་དང་འབྲེལ་པ་ཡིན་གྱི། སྤྱི་ལ་རག་ལས་པ་ནི་མ་ཡིན་ནོ། །ཁྱད་པར་ཡང་མཐོང་བ་ཡིན་ཏེ། དེའི་ཕྱིར་དེ་ལ་ནི་སྤྱི་ལ་ལྟོས་པ་འགའ་ཡང་མེད་དོ། །གལ་ཏེ་སྤྱི་མ་ངེས་ན་ནི་ ཚད་མ་གཞན་ལས་ངེས་པར་བྱའོ། །ཅི་སྟེ་ངེས་ན་ནི་དོན་བྱ་བ་བྱེད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཚད་མ་དེ་ཡང་ཁྱད་པར་གྱི་མཐར་ཐུག་པ་ཉིད་དོ། །གལ་ཏེ་དེར་ཚད་མ་ནི་མངོན་སུམ་ཉིད་ཡིན་པ་ཚད་མའི་བྱ་བ་ནི་ངེས་པར་བྱེད་པ་ཡིན་ནོ། །མངོན་སུམ་སྔོན་པོ་ངེས་པར་བྱེད་པ་ལྟར་སྐད་ཅིག་ མ་མ་ཡིན་པ་དང་། རྡུལ་ཕྲ་རབ་མ་ཡིན་པ་ཉིད་དུ་ངེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་གལ་ཏེ་སྐད་ཅིག་མ་ཡིན་པ་ཉིད་ལ་ཚད་མ་མ་ཡིན་ན། །དེ་སྔོན་པོ་ཉིད་ལ་དེ་ཇི་ལྟར་ཚད་མ་ཡིན། ཅི་ཤེས་པ་གཅིག་ཉིད་ཁོ་ན་ཚད་མ་ཡིན་ལ། གཞན་ཚད་མ་མ་ཡིན་ནམ་ཞེ་ན། ཉོན་ཅིག་ ཚད་མའི་བྱ་བ་ནི་ངེས་པར་བྱེད་པ་ཡིན་ལ། ངེས་པ་ཡང་དངོས་པོའི་རང་བཞིན་འཛིན་པར་ནུས་པ་མ་ཡིན་ཏེ། ཕན་ཚུན་ལོག་པས་སྒྲོ་བཏགས་པའི་མཐར་ཐུག་པ་ཡིན་ཏེ། དེ་དང་དེ་ལས་ལྡོག་པའི་བརྟེན་ནས་དངོས་པོ་གཞན་ལས་ལྡོག་པའི་མཐར་ཐུག་པར་རང་བཞིན་དུ་རྟོགས་པར་བྱེད་ དོ། །དེའི་ཕྱིར་ངེས་པའི་ཡུལ་ནི་ལྡོག་པ་གཅིག་གི་མཐར་ཐུག་པའི་རང་བཞིན་ཡིན་ནོ། །ངེས་པ་ཡང་ཚད་མའི་བྱ་བ་ཡིན་པའི་ཕྱིར་ལྡོག་པ་གཅིག་ཚད