Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
པར་བྱ་བའི་ཆོས་མེད་ན་མེད་པར་འགྱུར་བ་ལ་ཡོད་ན་ཡོད་པར་འགྱུར་བའི་བསྒྲུབ་བྱ་མི་རྟོགས་ན་གཏན་ཚིགས་དོན་མེད་དོ། །འོན་ཏེ་རིགས་པ་དང་འགལ་བར་མ་གྱུར་ཅིག་སྙམ་ན་དམིགས་པ་ལོག་པས་གནོད་པ་ལྡོག་པར་འདོད་པར་མི་བྱའོ། །དེ་ལ་དམིགས་པ་ལོག་
ཀྱང་ཞེས་བྱ་བ་སྨོས་ཏེ། གནོད་པ་ཡོད་པ་མི་ལྡོག་པར་འདོད་པ་ནི་གཏན་ཚིགས་ནུས་པ་མེད་པ་གང་ཡིན་པ་དེའི་གནས་སྐབས་སུ་གནོད་པ་དམིགས་པ་གང་ཡིན་པ་སོ་ན་འདུག་པས་གཏན་ཚིགས་སྦྱོར་བ་མ་ཡིན་ནོ། །གང་ཞིག་གནོད་པ་མེད་པའི་ཡུལ་ཅན་གྱི་ཚུལ་གཞན་དུ་འགྱུར།
འདི་དག་ཉིད་ཀྱི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གཏན་ཚིགས་ཀྱི་ཁྱབ་པ་ནི་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་ཁས་མ་བླངས་ན། ཁྱབ་པ་ཕྱི་རོལ་པ་ནི་དགའ་བས་གཏན་ཚིགས་ཀྱི་སྦྱོར་བས་དོན་མེད་པར་འཐོབ་པོ། །དེའི་ཕྱིར་རང་

གི་བསྒྲུབ་པར་བྱ་བ་ཡོད་པ་དང་མེད་པ་དག་ལས་ཡིན་གྱི་གཞན་དུ་ཡང་ཡིན་ན་ནི་རང་གི་བསྒྲུབ་བྱ་ཡོད་ཀྱང་མེད་ལ་མེད་ཀྱང་ཡོད་པས་སོ། །གཏན་ཚིགས་ཆོས་ཅན་ལ་ཅུང་ཟད་ཅིག་ཀྱང་བསྒྲུབ་པར་བྱ་བར་མི་འགྱུར་ལ་སྒྲུབ་པར་བྱེད་པར་ཡང་མི་འགྱུར་རོ། །
འགོག་པར་ཡང་མི་བྱེད་པ་ནི་དེ་ལས་བཟློག་པ་འགོག་པར་མི་བྱེད་པའོ། །དེས་ན་སྒྲུབ་པ་དང་དགག་པར་བྱེད་པ་དག་སྤངས་པ་ཡིན་ན་སྦྱོར་བར་མི་ནུས་སོ། །རང་གི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་གཏན་ཚིགས་ཀྱི་སྦྱོར་བ་གདོན་མི་ཟ་བར་གཏན་ཚིགས་ཐམས་ཅད་ཁས་བླངས་
པར་འདོད་པར་བྱའོ། །དེ་ཡང་གགས་བྱེད་པའི་རྒྱུ་མཚན་གྱིས་མཐོང་བ་དང་མ་མཐོང་བ་ལ་རག་ལས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་སྔར་ཇི་སྐད་བཤད་པ་བཞིན་དུ་གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བར་གྲུབ་པོ་ཞེས་བྱ་བའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ནི་དེ་ལས་ཁྱད་པར་གཞན་པའི་དངོས་པོར་གནས་ན་མཚན་ཉིད་མཛད་པས་ཀྱང་ངོ་བོ་གཞན་ཞིག་སྨོས་པར་འོས་པར་འགྱུར་ན་གང་ཞིག་ཁྱད་པར་ཡོད་བཞིན་དུ་ཡང་གང་ཞིག་དུ་འགྱུར་ཏེ། གང་ལས་ཁྱད་པར་གྱི་གཞི་དང་ཁྱད་པར་ཡོད་པ་དག་འཁྲུལ་པ་སྲིད་ཀྱི་འབའ་
ཞིག་པ་ཁོ་ན་ལ་མི་སྲིད་དོ། །དཔེ་སྨོས་པ་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉན་བྱ་ལ་སོགས་པ་ཆོས་ཅན་དང་འབྲེལ་པ་ཡོད་ཀྱང་མཐུན་པའི་ཕྱོགས་ལ་མེད་པའོ། །མིག་གིས་གཟུང་བྱ་ལ་སོགས་པ་མཐུན་པའི་ཕྱོགས་ཡོད་དུ་ཟིན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་
ལ་མེད་པའོ། །དེས་ན་གང་ཞིག་ཁྱད་པར་གྱི་གཞི་ལ་ཁྱབ་པ་ཡོད་པ་གང་ཡིན་པ་ལ་འཁྲུལ་པ་སྲིད་ཀྱི་མཚན་ཉིད་ཀྱིས་མ་བསྟན་ཏོ། །གལ་ཏེ་འདིར་ཡང་དེ་འབྱུང་བར་འགྱུར་བ་ཡིན་ནོ་ཞེ་ན། འདི་དག་འདི་ནི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །མེད་ན་མི་འབྱུང་བ་ཡོད་པ་ལ་གནོད་པ་
སྲིད་པ་ཡིན་ནོ། །མེད་ན་མི་འབྱུང་བ་ལ་གནོད་པ་མེད་པ་ཡོད་དེ། ཡོད་པར་གྱུར་བས་འཁྲུལ་པ་མི་སྲིད་དོ། །གང་གིས་ན་ཁྱད་པར་གྱི་གཞི་དང་ཁྱད་པར་ཡོད་པ་མཚན་ཉིད་གཞན་དུ་བསྟན་པར་འོས་པ་མ་ཡིན། བསྒྲུབ་བྱ་དང་མེད་ན་མི་འབྱུང་བའི་གཏན་ཚིགས་དང་འགལ་

བ་ནི་བསྒྲུབ་བྱ་དང་བཟློག་པ་མ་ཡིན་ན། མེད་ན་མི་འབྱུང་བའི་ཡུལ་ལ་གནོད་པ་མི་སྲིད་དོ། །བཤད་ཟིན་པའི་རྣམ་པས་ཡང་དག་པའི་གཏན་ཚིགས་ཉིད་ལས་བཟློག་པ་ཡུལ་མེད་པ་ལ་སྦྱོར་བ་ནི་གཏན་ཚིགས་ལྟར་སྣང་བར་བརྗོད་དོ། །གང་གི་ཕྱིར་དེ་ལྟར་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་
རོ། །དེ་མེད་པ་ནི་གནོད་པ་སྤངས་པའོ། །ལོགས་ཤིག་ཏུ་ནི་མེད་ན་མི་འབྱུང་བ་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་ཀྱི་གཏན་ཚིགས་དང་འགལ་པ་འདི་གཉིས་ཀྱི་མཚན་ཉིད་གཞན་དུ་བརྗོད་པར་མི་བྱ་སྟེ། མ་འཁྲུལ་པའི་ངོ་བོ་གཞན་མི་རིགས་པའི་ཕྱིར་རོ། །གང་
གི་ཕྱིར་མེད་ན་མི་འབྱུང་བ་ཡོད་པ་ལ་གནོད་པ་མི་སྲིད་པ་དེའི་ཕྱིར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ལ་གོ་བར་བྱ་བའི་དོན་དམ་བཅས་པའི་ཉེས་པ་མངོན་སུམ་དང་འགལ་བ་ལ་སོགས་པ་རྣམས་ཀྱང་མི་སྲིད་དོ། །དེ་ཇི་ལྟར་གནོད་པ་སྤངས་པའི་གཏན་
ཚིགས་ཀྱི་ཚུལ་གཞན་བརྗོད་པ་ཡིན། གལ་ཏེ་མི་སྲིད་ཀྱང་དེ་དག་བརྗོད་ན་ནི་འབྲས་བུ་མེད་པ་ག་ལ་ཡིན། འབའ་ཞིག་པའི་སྦྱོར་བ་སྲིད་པ་ཡིན་ནོ་ཞེ་ན། དམ་བཅའ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ཀྱི་སྦྱོར་བ་ལ་དམ་བཅའ་བ་འབའ་ཞིག་ལ་སྦྱོར་བ་མེད་དོ། །
གཏན་ཚིགས་ཀྱི་ཡུལ་ཉིད་དུ་ཁས་བླངས་པས་ཡུལ་མེད་ན་གཏན་ཚིགས་དེ་ཡོད་པ་མི་རིགས་པའི་ཕྱིར་རོ། །དེས་ན་བསྟན་བཅོས་མཛད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་མངོན་སུམ་དང་འགལ་བ་ལ་སོགས་པ་དམ་བཅའ་བའི་སྐྱོན་གསུངས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་
དང་བསྒྲུབ་པར་བྱ་བ་ལས་བཟློག་པ་ལོག་པར་རྟོགས་པ་མཐོང་བས་སྦྱོར་བ་མི་འོས་སུ་ཟིན་ཀྱང་ཕྱོགས་ཀྱི་མཚན་ཉིད་བརྗོད་པའི་རིགས་པ་འཐོབ་པ་ཉིད་དོ། ཕྱོགས་ཉིད་ལ་བསལ་བའི་ཚིག་གིས་ཚད་མ་དང་འགལ་བ་བཤད་དོ། །ཧ་ཅང་ཐལ་བར་འགྱུར་བས་ཕྱོགས་ཀྱི་མཚན་ཉིད་
རྣམ་པར་གཅད་པར་མི་བྱ་སྟེ་ཐེ་ཚོམ་གྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཚད་མས་གནོད་པར་བྱ་བ་དང་གནོད་པར་བྱེད་པ་མི་འཇུག་པའི་ཕྱིར་དེ་ཁོ་ན་གནོད་པ་མེད་པའི་ཡུལ་ཅན་ཡིན་ཏེ་ཚུལ་གཞན་ནི་བསལ་བར་བྱ་བ་སེལ་བར་བྱེད་པ་ནི་འདིས་ཀྱང་ཞེས་བྱ་བ་སྨོས་ཏེ། མེད་ན་མི་

འབྱུང་བར་གྱུར་པ་གནོད་པ་མེད་པ་བསྟན་པས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་འགལ་བ་མི་འཁྲུལ་པའི་སྐྱོན་གྱི་མི་མཐུན་པའི་ཕྱོགས་བརྗོད་པ་བསལ་ཅིང་སྔངས་པ་ཡིན་ནོ། །གཞན་གྱིས་དྲིས་པ་ཇི་ལྟ་བུ་ཞེ་ན། རྣམ་པ་གང་གིས་ཇི་ལྟ་
བུའི་མེད་ན་མི་འབྱུང་བ་དང་ལྷན་ཅིག་མི་གནས་པའི་རྣམ་པ་དེ་ལྟ་བུ་གཏན་ཚིགས་ཀྱི་ཟླ་བོ་དང་མེད་ན་མི་འབྱུང་བ་དག་ཀྱང་ཡིན། གང་གིས་བརྗོད་པར་འདོད་པའི་གྲངས་གཅིག་པ་དང་ལྡན་པ་བསལ་བ་ཡིན་ཞེ་ན། གྲུབ་མཐའ་སྨྲ་བས་ཡང་དག་པར་བསྟན་པ་ནི་གཅིག་གི་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། གཏན་ཚིགས་གཅིག་གི་མཚན་ཉིད་རིགས་ཏེ། གལ་ཏེ་རང་གི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ནས་ཡོད་པའི་ཕྱིར་རང་གི་བསྒྲུབ་བྱ་ལ་འཁྲུལ་པར་ཇི་ལྟར་འགྱུར། དེ་ལྟ་མ་ཡིན་ན་མེད་ན་མི་འབྱུང་བའི་མཚན་ཉིད་ཉམས་པར་འགྱུར་རོ། །ཆོས་ཅན་གང་
ལ་མཚན་ཉིད་གཅིག་ཡོད་པར་གྱུར་པ་ཆོས་ཅན་དེ་ཁོ་ན་ཡིན་པ་ལ་ཡིན་པ་དེའི་ཕྱིར་འགྲན་ཟླའི་གཏན་ཚིགས་གཞན་ཡང་འགལ་བ་ཡིན་པ་དེས་ན་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པར་ཇི་ལྟར་འགྱུར། གཏན་ཚིགས་གཅིག་གི་བདག་ཉིད་ཀྱི་བསྒྲུབ་པར་བྱ་བ་དེ་ལ་གནོད་པར་
བྱེད་པ་ནི་དེ་དང་འགལ་བའི་ཆོས་གཞན་ཡོད་པ་ཁོ་ན་སྟེ་མེད་ཀྱང་ཡོད་པའི་ཕྱིར་མེད་ན་མི་འབྱུང་བ་མ་ཡིན་པས་གནོད་པ་དང་མཚུངས་སོ། །གནོད་པ་མི་སྲིད་པ་མཚུངས་པས་གཏན་ཚིགས་ཀྱི་ཟླ་བོས་བསལ་བ་ཁོ་ནས་བསལ་ཏོ། །འདིར་ཡང་སྐྱོན་གཞན་བརྗོད་པར་འདོད་ནས་རྣམ་
པར་རྟོག་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་དོན་དམ་པ་སྟེ་གཏན་ཚིགས་ཀྱི་ཟླ་བོ་གང་ཡིན་པ་དེ་ནི་མི་སྲིད་པ་ཅི་འདི་ཡང་དག་པའི་ཤེས་པའམ། བཟློག་པ་ཉེ་བར་བཀོད་པའམ། བསྒྲུབ་པར་བྱ་བའམ་དེ་ལས་ཟློག་པའི་ཤེས་པ་གཏན་ཚིགས་སུ་འདོད།
གང་ལས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་གྱི་མཚན་ཉིད་དུ་བརྗོད། ཡང་ན་འདི་གཏན་ཚིགས་ཀྱི་ཟླ་བོ་དེ་བསྒྲུབ་པར་བྱ་བ་དང་། བཟློག་པ་སྒྲུབ་པར་བྱེད་པ་མ་བསྟན་པ་ཞིག་ཡིན། དོན་དམ་པར་ཡོད་པ་ཡིན་ཡང་སྐྱོན་གཞན་མ་མཐོང་ངོ་སྙམ་ནས་ཅིར་འགྱུར་ཞེས་

བྱ་བ་སྨོས་སོ། །གལ་ཏེ་སྔ་མའི་རྣམ་པར་རྟོག་པའམ་ཕྱི་མ་དེ་ལ་ཉེས་པ་ཅི་ཞིག་ཡོད་སྙམ་པའོ། །གྲུབ་པའི་མཐའ་སྨྲ་བས་གལ་ཏེ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པས་ཡང་དག་པའི་ཤེས་པ་ལ་སོགས་པའི་གཏན་ཚིགས་སུ་འདོད་ན་དེའི་ཚེ་འདི་མཚན་ཉིད་མ་ཡིན་པ་ནི་བརྗོད་པར་
འདོད་པའི་གྲངས་གཅིག་པའོ། །ཅིའི་ཕྱིར་ཞེ་ན། ངེས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །གང་གི་དངོས་པོ་ལ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པ་ཉིད་དུ་དེ་བཞིན་དུ་བཤད་དོ། །གཞན་གྱི་འདོད་པ་ལ་ལྟོས་ནས་འདི་དག་བརྗོད་པ་ཡིན་གྱི། གཞན་དག་གིས་མཐོང་བ་
དང་མ་མཐོང་བ་དག་ལས་འབྲེལ་པ་མེད་ཀྱང་མེད་ན་མི་འབྱུང་བ་འདོད་པ་དེའི་ཕྱིར། དེའི་གཏན་ཚིགས་ཀྱི་ཟླ་བོ་རྣམ་པ་དེ་ལྟ་བུ་ཡོད་པ་སྲིད་པ་ཡིན་ཏེ། དེ་ཡང་མི་དམིགས་ཀྱང་རེས་འགའ་ཞིག་འབྱུང་བས་དངོས་པོ་ཉིད་ལ་དེ་མེད་པར་མ་ངེས་པ་ཡིན་ཏེ། འབྲེལ་པའི་རྒྱུ་མཚན་
གྱིས་མེད་ན་མི་འབྱུང་བར་སྨྲ་བ་ཁོ་བོ་ཅག་ལ་ནི་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་དོ། །ཤིན་ཏུ་ངེས་པ་ཁོ་ན་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཚད་མས་གྲུབ་པའི་མེད་ན་མི་འབྱུང་བའི་རྒྱུ་མཚན་ཅན་གྱི་གཏན་ཚིགས་གཅིག་གིས་རང་གི་བསྒྲུབ་པར་བྱ་བ་
སྒྲུབ་པར་བྱེད་པས་སླར་ཡང་དེ་ཉིད་ཀྱི་ཆོས་ཅན་ལ་དེའི་མཚན་ཉིད་དེ་དང་འགལ་བ་སྒྲུབ་པར་བྱེད་པའི་འགྲན་ཟླའི་གཏན་ཚིགས་མི་སྲིད་པར་ནུས་སོ། །དངོས་པོ་རྣམས་ལ་འགལ་བའི་རང་བཞིན་གཉིས་མི་རིགས་པས་འགལ་བའི་ཆོས་གནས་ན་མཚན་ཉིད་ཐ་དད་པའི་ཕྱིར་དང་། འགལ་
བའི་ཆོས་སྒྲུབ་པར་བྱེད་པ་སྲིད་ན་དེ་ཉིད་ཀྱི་རང་གི་བསྒྲུབ་པར་བྱ་བ་ལ་མེད་ན་མི་འབྱུང་བར་ཐོག་མར་དེ་ལ་ཚད་མས་ཡོད་པར་སྒྲུབ་པར་མི་རིགས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་གཏན་ཚིགས་ཀྱི་ཟླ་བོ་མེད་པར་ངེས་པར་ཁོ་བོ་ཅག་གིས་ངེས་པར་མི་ནུས་ཀྱི་དེ་ལྟ་ན་ཡང་གཏན་ཚིགས་ཀྱི་
ཟླ་བོ་མི་སྲིད་པས་བརྗོད་པར་འདོད་པའི་གྲངས་གཅིག་པ་བསྟན་ན་གཏན་ཚིགས་ཀྱི་མཚན་ཉིད་དུ་འདོད་པར་གྱུར་པ་ཅིའི་ཕྱིར་མ་ཡིན་ཞེ་ན། སྒྲུབ་པར་བྱེད་པའི་ཆོས་མ་ངེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བྱེད་པའི་ཆོས་ཀྱི་གཏན་ཚིགས་དེ་མ་ངེས་པའི་ངོ་བོ་

ཡིན་ན་ནི་གང་གི་ཕྱིར་དེའི་མཚན་ཉིད་ནི་སྒྲུབ་པར་བྱེད་པའི་ཆོས་སུ་མི་འགྱུར་ཏེ། དཔེར་ན་ཕྱོགས་ཀྱི་ཆོས་ཐེ་ཚོམ་ཅན་བཞིན་ནོ། །ཐེ་ཚོམ་ཅན་གྱི་མཚན་ཉིད་གང་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་པ་འགལ་ཡང་གཏན་ཚིགས་སུ་མི་འགྱུར་རོ། །གང་
ཡང་གཏན་ཚིགས་ཀྱི་ཟླ་བོ་མ་མཐོང་བ་དེ་དངོས་པོ་ཁོ་ན་ལ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པའི་ཕྱིར་རོ། །དངོས་པོ་དེ་ལ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པར་དོགས་ན་ནི་གནོད་པར་བྱེད་པའི་ཤེས་པ་མེད་ན་གནོད་པར་དོགས་པ་ནི་མི་རིགས་པའི་ཕྱིར་རོ། །དེ་སྐད་དུ། གནོད་པའི་ཤེས་པ་
མ་སྐྱེས་པས། །དོགས་པ་ཚད་མ་མེད་ན་མིན། །ཞེས་བཤད་དོ་ཞེ་ན། མཚན་ཉིད་མཚུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ཀྱི་ཟླ་བོ་ལ་དོགས་པ་ནི་མཐོང་བ་དང་མ་མཐོང་བའི་རྒྱུ་མཚན་གྱི་མཚན་ཉིད་མཚུངས་ཀྱི་མེད་ན་མི་འབྱུང་བ་དེ་ལ་མཐོང་བ་ན་འགྲན་ཟླའི་གཏན་
ཚིགས་ལ་གནོད་པ་སྲིད་པའོ། །གང་གི་ཕྱིར་དེ་དག་ཀྱང་མཚན་ཉིད་མཚུངས་པ་རྣམས་ནི་འགྲན་ཟླ་མ་མཐོང་བ་དེ་རྣམས་ལ་ཡང་གཏན་ཚིགས་ཀྱི་ཟླ་བོ་སྲིད་པའི་ཡུལ་དོགས་པ་སྐྱེད་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཟླ་བོ་སྲིད་པ་མཐོང་བ་དང་ཟླ་བོ་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །
འདི་དང་ཅིག་ཤོས་ལ་ཁྱད་པར་འགའ་ཡང་མེད་པ་གང་ཡིན་པ་དེ་ལས་སྲིད་པར་དོགས་པར་མི་བྱའོ། །སྐྱེས་བུའི་ནུས་པ་མ་ཚང་བ་ལ་སོགས་པས་དེ་མཐོང་བ་སྲིད་པ་ཡིན་ཞེ་ན། དེས་ཅི་ཞིག །བརྗོད་དོགས་ཚད་མ་མེད་ན་མིན། །ཞེས་བྱའོ། །ཡང་ན་ཁྱད་པར་ནི་འབྲེལ་པའི་མཚན་ཉིད་
མེད་ན་མི་འབྱུང་བར་ངེས་པར་མཐོང་བས་གཏན་ཚིགས་ཀྱི་ཟླ་བོ་མ་མཐོང་ངོ་ཞེས་བྱ་བར་འདོད་ན་ནི་གང་གི་ཚེ་འགྲན་ཟླ་སྲིད་པར་དོགས་པ་ཁས་བླངས་པ་ཉམས་པ་ཡིན་པ་དེའི་ཚེ་ཁྱད་པར་ཡོད་ན་ནི་དེ་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེས་གཏན་ཚིགས་
ཀྱི་ཁྱད་པར་གྱིས་མི་མཐུན་པའི་ཕྱོགས་ཆ་གཅིག་ཏུ་སེལ་བ་རྣམ་པ་དེ་ལྟ་བུའི་གཏན་ཚིགས་སྲིད་པས་རང་གི་བསྒྲུབ་པར་བྱ་བ་ངེས་པར་བྱེད་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུར་མི་འགྱུར་བ་དེ་ནི་ཁྱད་པར་སྤངས་པའི་གཏན་ཚིགས་ཀྱི་ཟླ་བོ་ལ་མ་མཐོང་བ་གང་ཡིན་པ་དེ་མཚན་ཉིད་ཅན་

ལ་མ་ཡིན་པ་གཏན་ཚིགས་སུ་མི་འགྱུར་རོ། །དེ་ལྟ་ན་ཡང་གལ་ཏེ་གཏན་ཚིགས་དང་ཟླ་བོའི་གཏན་ཚིགས་མཐོང་བའི་རྒྱུས་ཅི་ཞིག་ཏུ་གྱུར་ན་གང་གིས་དེ་ལྡོག་པ་དེ་ལ་བརྗོད་པར་འདོད་པ་གྲངས་གཅིག་པ་ཅན་དུ་བྱེད་དེ། ཇི་སྐད་བཤད་པ་མེད་ན་མི་འབྱུང་བར་བརྗོད་པ་ཁོ་ནས་དེ་ལྡོག་
པར་འགྱུར་རོ་ཞེ་ན། དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་དེའི་ཁྱད་པར་དང་འབྲེལ་པ་ལ་ཟླ་བོའི་གཏན་ཚིགས་སྲིད་པར་གྱུར་ན་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་དགོས་པ་མེད་དོ། །ཇི་སྲིད་བཤད་པའི་ཁྱད་པར་ཁས་བླང་བ་མཚན་ཉིད་ཀྱི་གཏན་ཚིགས་མི་སྲིད་
པས་གང་ཞིག་བརྗོད་པར་འདོད་པའི་གྲངས་གཅིག་པ་རྣམ་པར་གཅོད་པར་བྱེད་པ་ཡིན། གང་གིས་འདི་དོན་དང་བཅས་པ་ཉིད་དུ་འགྱུར་བ་ནི་འགལ་བ་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་ལྟར་སྣང་བར་རྣམ་པར་གཅོད་པའི་ཕྱིར། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་གཏན་
ཚིགས་ཀྱི་མཚན་ཉིད་དུ་བྱེད་པ་ཡིན་ན། དངོས་པོ་ལ་འགྲན་ཟླའི་གཏན་ཚིགས་མེད་པས་གཏན་ཚིགས་སུ་གྲུབ་པ་ནི་འབྲེལ་པ་མཚན་ཉིད་ཅན་གྱི་ཁྱད་པར་གྱི་གཏན་ཚིགས་འདོད་པ་ན་འགལ་བ་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་ལྟར་སྣང་བ་སྲིད་པར་མི་འགྱུར་ཏེ། དེ་ལས་རྣམ་པར་
བཅད་པ་མེད་པས་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་དུ་ཅི་སྟེ་འགྱུར་སྙམ་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འབྲེལ་པའི་མཚན་ཉིད་ཀྱི་ཁྱད་པར་ཁས་བླངས་པས་འགལ་བ་མི་འཁྲུལ་བའི་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་གང་ཡིན་པ་ཉམས་པར་འགྱུར་ཏེ་
མི་སྲིད་པའི་ཕྱིར་རོ། །ཡང་འགལ་བ་མི་འཁྲུལ་པའི་མཚན་ཉིད་ཅི་ཞིག་ཡིན་ཞེ་ན། རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ཀྱི་བདག་ཉིད་ནི་མཚན་ཉིད་གང་ཡིན་པ་དེ་དང་ལྡན་པའི་གཏན་ཚིགས་དག་ཆོས་ཅན་གཅིག་ལ་འགལ་བ་བསྒྲུབ་པར་བྱ་བ་
དང་། སྒྲུབ་པར་བྱེད་པ་ཕན་ཚུན་འགལ་བ་འདུ་བ་ན་འགལ་བ་འཁྲུལ་པ་མེད་པ་ཞེས་བྱའོ། །འགལ་བ་མི་འཁྲུལ་བའི་མཚན་ཉིད་རྣམས་ནི་དེ་དང་འབྲེལ་པ་ཁས་བླང་བར་འགྱུར་ན་མི་སྲིད་དོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་རང་གི་བསྒྲུབ་པར་བྱ་བ་དང་འབྲེལ་པ་དང་

ལྡན་པ་གཏན་ཚིགས་གཅིག་ནི་ཆོས་ཅན་འགའ་ཞིག་ལ་སྲིད་པ་ཡིན་གྱི། གཉིས་པ་དེའི་མཚན་ཉིད་དང་ལྡན་པ་དེ་ཉིད་ལ་གཏན་ཚིགས་མི་སྲིད་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་ལ་འགལ་བ་རྣམ་པ་གཉིས་མི་སྲིད་པའི་ཕྱིར་རོ། །ཆོས་འགལ་བ་
གནས་ན་མཚན་ཉིད་ཐ་དད་པའི་ཕྱིར་དེ་ལ་མི་འཁྲུལ་པའི་གཏན་ཚིགས་གཉིས་པ་དེ་ལ་སྲིད་པའི་གོ་སྐབས་སུ་ག་ལ་འགྱུར། །འོ་ན་ནི་གལ་ཏེ་རྣམ་པ་དེ་ལྟ་བུ་ཁྱད་པར་ཡོད་པར་གྱུར་ན་ནི་འགལ་བ་མི་འཁྲུལ་པ་ཉམས་པར་འགྱུར་ན། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་
མེད་དོ། །དེ་ལྟ་ན་ཡང་གཏན་ཚིགས་མེད་པར་ཐལ་བར་མི་འགྱུར་ན་གཏན་ཚིགས་མེད་པར་དེས་བཤད་པས་ཅི་ཞིག་བྱ་ཞེ་ན། ཁྱད་པར་དེའི་ངོ་བོ་ཡང་ཞེས་བྱ་བ་སྨོས་ཏེ། འབྲེལ་པའི་མཚན་ཉིད་ནི་གང་གི་ཕྱིར་དངོས་པོ་ལ་འགྲན་ཟླའི་གཏན་ཚིགས་མི་སྲིད་པས་དེའི་བདག་ཉིད་དང་
དེ་ལས་བྱུང་བའི་མཚན་ཉིད་ངེས་པའི་ངོ་བོར་ཁྱོད་ཀྱིས་མ་བསྟན་གྱི། ཁོ་བོ་ཅག་གིས་ནི་ཇི་ལྟ་བ་བསྟན་ཏོ། །གང་ཞིག་གང་གི་ངོ་བོར་རྟོགས་ནས་ཟླ་བོ་ནི་མི་རྟོགས་པས་སྲིད་དམ་མི་སྲིད་པ་དག་བལྟ་བར་བྱའོ། །གང་ལ་ཁྱད་པར་དང་བཅས་པ་མེད་པ་དེ་ལ་འགྲན་ཟླ་སྲིད་པ་དེ་ཡིན་ཏེ།
ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་རྟོགས་པར་བྱེད་དོ། །གང་ལ་ཁྱད་པར་དང་བཅས་པ་ཡོད་པའི་དངོས་པོ་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དེ་ལ་སྦྱོར་བའི་ཟླ་བོ་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་བས་ན་དངོས་པོ་ལ་ཁྱད་པར་མེད་པ་ཁོ་ནས་ཁྱེད་རྣམས་ཤེས་པར་བྱེད་པ་ལ་
ཡང་ཁྱད་པར་མེད་པ་ཁོ་ན་ཡིན་པས་སོ། །དེའི་ཕྱིར་ཐམས་ཅད་དུ་གང་ལ་ཡང་སྦྱོར་བའི་ཟླ་བོ་མ་མཐོང་། དེ་ལ་ཡང་སྦྱོར་བའི་ཟླ་བོའི་ཡུལ་ལ་དོགས་པ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་དོགས་པ་བསྟན་པར་བྱེད་པ་ནི་ཟླ་བོའི་གཏན་ཚིགས་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གང་ཡང་ཟླ་བོའི་གཏན་ཚིགས་མཐོང་བ་དེ་ཡང་དང་པོར་འགྲན་ཟླ་མཐོང་བ་དང་ཅིག་ཤོས་དུས་ཐམས་ཅད་དུ་ཟླ་བོ་མ་མཐོང་བས་ཁྱད་པར་ཅུང་ཟད་ཀྱང་མི་རྟོགས་སོ། །གང་མཐོང་བ་ལས་ཤེས་པ་དེ་ལ་འགྲན་ཟླ་སྲིད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །མཐོང་བ་དང་མ་མཐོང་བ་ཙམ་གྱི་རྒྱུ་

མཚན་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཐམས་ཅད་དུ་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཕྱི་ནས་དེ་ལ་འགྲན་ཟླའི་སྦྱོར་བ་མཐོང་བར་གྱུར་ན་ཐམས་ཅད་དུ་དེའི་མཚན་ཉིད་མཚུངས་པར་འགྲན་ཟླ་ཡོད་པར་དོགས་པར་ལྡོག་པར་མི་འགྱུར་རོ། །གལ་ཏེ་གང་དག་འགྲན་ཟླ་སྲིད་པ་དེ་
རྣམས་ལ་གདོན་མི་ཟ་བར་རེས་འགའ་ཞིག་འདི་དམིགས་པར་འགྱུར་རོ། །ཡང་ན་སྐྱེས་བུའི་ཆོས་ཀྱང་དེ་དག་དམིགས་པར་མི་འགྱུར་རོ། །གལ་ཏེ་དེ་རྣམས་ལ་འདི་མེད་པ་ཉིད་དེས་ན་རྣམ་པ་དེ་ལྟ་བུ་གཏན་ཚིགས་དེ་འབྱུང་བ་ཡིན་ན་དེ་ཇི་ལྟར་གཏན་ཚིགས་དེ་ཁོ་བོ་ཅག་ལ་མེད་པ་ཡིན་ཞེ་ན།
གང་ཟླ་བོའི་གཏན་ཚིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལ་འགྲན་ཟླའི་གཏན་ཚིགས་སྲིད་པ་དེ་རྣམས་ལ་ཡང་ཐམས་ཅད་དུ་དེའི་ཟླ་བོའི་གཏན་ཚིགས་རྟོགས་པར་བྱེད་པ་རྣམས་ཀྱིས་དམིགས་པ་མ་ཡིན་ནོ། །ཐམས་ཅད་གཟིགས་པའི་དམིགས་པས་ནི་དངོས་པོ་ཡོད་པ་
ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། འབྲེལ་པ་མ་ཚང་བ་མི་དམིགས་པའི་ཕྱིར་རོ། །འོ་ན་ནི་གང་ལ་ཐམས་ཅད་དུ་རྟོགས་པར་བྱེད་པས་འགྲན་ཟླ་མ་མཐོང་བ་དེ་ལ་དེའི་ཚེ་དོགས་པ་ཇི་ལྟར་ཡིན། དེ་སྐད་དུ་ཡང་། གནོད་པའི་ཤེས་པ་མ་སྐྱེས་ན། །དོགས་པ་ཚད་མ་མེད་ན་མིན། །ཞེས་
བཤད་དོ། །དེ་བཞིན་དུ་འང་ཕ་རོལ་གྱིས། །ཉེ་བར་བརྟགས་ལ་རྨོངས་པས་ན། །གནོད་པར་བྱེད་པའང་མ་སྐྱེས་ན། །ཐ་སྙད་བྱ་བ་ཐམས་ཅད་ལ། །ཐེ་ཚོམ་ཟད་བདག་རྗེས་འབྲང་འགྱུར། །ཞེས་སྨྲའོ། །ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ལྟ་ན་འཇལ་བར་བྱེད་པ་ཁ་ཅིག་རྩྭ་ཀུ་ཤའི་རྩེ་མོ་ལྟ་བུ་ཤིན་ཏུ་ཕུལ་དུ་བྱུང་བའི་ཤེས་རབ་དང་ལྡན་པས་གཏན་ཚིགས་ཀྱི་ཟླ་བོ་བརྟགས་ན་ཁོ་བོ་ཅག་གིས་མཐོང་སྟེ། དཔེར་ན་རིག་བྱེད་ཀྱི་བྱེད་པ་པོ་སེལ་བའི་གཏན་ཚིགས་བདེ་བར་གཤེགས་པ་སློབ་མ་དང་ཡང་སློབ་བརྒྱུད་པས་གཞོན་ནུ་
མ་ལེན་སྐྱེས་པའི་སྔ་རོལ་འགྲན་ཟླའི་སྦྱོར་བ་རྣམས་ཉེ་བར་དགོད་པ་མ་མཐོང་བ་དེ་ཉིད་ཤེས་རབ་ཕུལ་དུ་བྱུང་བར་སྦྱར་བས་གཏན་ཚིགས་ཀྱི་ཟླ་བོ་བརྟགས་ན། དེ་དང་དེ་མཐོང་བས་ཇི་སྲིད་འཚོའི་བར་དུ་ཟླ་བོའི་གཏན་ཚིགས་མཐོང་བས་དེའི་དོགས་པ་ནམ་ཡང་ལྡོག་པར་མི་འགྱུར་རོ། །

དེས་ན་ཇི་ལྟར་དོགས་པ་ཚད་མ་མེད་པ་ཅན་ཡིན་ཞེས་བརྗོད། མཚན་ཉིད་མཚུངས་པ་ཞེས་བྱ་བ་ལ་སོགས་པ་ཡང་འགྲན་ཟླ་སྲིད་པའི་དོགས་པའི་རྒྱུ་བཤད་ཟིན་པ་ཉིད་དེ། ཟླ་བོ་སྲིད་པར་དོགས་པ་ལ་དེའི་རྒྱུ་མཚན་སྲིད་པས་རྟོགས་པ་ལ་སོགས་པས་བལྟས་
པ་ཙམ་གྱིས་བཟློག་པར་མི་ནུས་སོ། །དེས་འགྲན་ཟླའི་སྦྱོར་བ་འདི་ཁྱད་དུ་བསད་པའི་རྒྱུ་ཅུང་ཟད་ཅིག་བརྗོད་པར་བྱ་དགོས་ཏེ། དཔེར་ན་ཁོ་བོ་ཅག་གིས་རང་བཞིན་གྱི་གཏན་ཚིགས་སུ་བརྗོད་པ་ལ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའི་དབང་གིས་དེའི་བདག་ཉིད་དུ་ངེས་པའི་རྗེས་སུ་
འགྲོ་བ་དང་ལྡོག་པ་ཡོད་པ་གཏན་ལ་ཕབ་པ་དང་། འབྲས་བུའི་གཏན་ཚིགས་ལ་ཇི་སྐད་བཤད་པའི་མངོན་སུམ་དང་མི་དམིགས་པས་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པར་ངེས་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་ཐམས་ཅད་ལ་འགྲན་ཟླའི་དོགས་པ་བཟློག་པར་མི་ནུས་སོ། །ཁྱོད་ཀྱིས་
མཐོང་བ་དེའི་རྒྱུས་ནི་མ་ངེས་པ་ཡིན་ཏེ། ཟླ་བོ་སྲིད་དང་མི་སྲིད་པ་དག་ནི་འདིར་ཟླ་བོ་སྲིད་པ་ཡིན་ནོ་ཞེས་དེ་ལྟ་བུའི་ངོ་བོ་ངེས་པ་ཡིན་པ་དེའི་ཕྱིར་དངོས་པོ་ལ་གཏན་ཚིགས་ཀྱི་འགྲན་ཟླ་མི་སྲིད་པ་གང་ཡིན་པ་དེ་གཏན་ཚིགས་ཀྱི་མཚན་ཉིད་དེ་ནི་མ་ངེས་པའི་ཕྱིར། བརྗོད་པར་འདོད་
པའི་གྲངས་གཅིག་པར་སྨྲ་བ་རྣམས་ལ་ཅུང་ཟད་ཅིག་ཀྱང་གཏན་ཚིགས་སུ་མི་འགྱུར་རོ། །མ་ངེས་པ་ནི་གཏན་ཚིགས་ཀྱི་མཚན་ཉིད་དུ་མི་འགྱུར་བའི་མཇུག་བསྡུ་བ་ནི་དེས་ན་དེ་ལྟར་ན་ཅི་འདོད་པ་ལ་མི་སྲིད་པའི་གཏན་ཚིགས་ཟླ་བོ་གང་ཡིན་པ་དེ་ནི་ཡང་དག་པའི་ཤེས་པའི་གཏན་
ཚིགས་ལས་བཟློག་པར་འདོད་པ་ཡིན་ནོ། །རང་གི་རྣམ་པར་རྟོག་པ་བསལ་ནས་རྣམ་པར་རྟོག་པ་གཉིས་པ་བསལ་བར་འདོད་ནས་འོན་ཏེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པའི་ཤེས་པ་ལས་བཟློག་པའི་གཏན་ཚིགས་
སུ་འདོད་པའོ་ཞེས་བྱ་བར་སྦྱར་རོ། །འདིའི་ཕྱོགས་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་བཞེད་པ་ཡིན་པར་གཞན་གྱིས་བསྟན་པ་ནི་འདི་སྐད་དུ་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཅི་ཞིག་བཤད་ཅེ་ན་འོ་ན་ནི་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉན་

པར་བྱ་བའི་མཚན་ཉིད་ཕྱོགས་ཀྱི་ཆོས་ཀྱི་གཏན་ཚིགས་ཉིད་དུ་འགྱུར་ཏེ། སྒྲ་ནི་རྟག་པ་ཡིན་ཏེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་བཞིན་ནོ་ཞེས་དེ་སྐད་དུ་གཞན་གྱིས་བཤད་པར་གྱུར་པ་ལ་སློབ་དཔོན་གྱིས་སྒྲར་བཤད་པའི་ཆོས་ཅན་གང་དང་གང་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་
བྱས་པ་ཉིད་དང་རྩོལ་བ་ལས་བྱུང་བ་ལ་སོགས་པའི་མཚན་ཉིད་འགའ་ཞིག་བྱེ་བྲག་པ་ལ་སོགས་པ་མི་སྟོན་པ་དེའི་ཚེ་ཁྱེད་ཀྱི་གཏན་ཚིགས་འདི་འགྲན་ཟླ་ཉིད་མ་བསྟན་པར་གྱུར་ན་ཞེས་བྱ་བ་བཤད་པ་ལྟ་བུའོ་ཞེ་ན། དེ་སྐད་དུ་དེ་སློབ་དཔོན་གྱི་ཞལ་སྔ་ནས་དབང་པོ་ཡིན་པས་
ཕྱག་བརྐྱང་ནས་བསྟན་བཅོས་མཛད་པས་སྔོན་མཛད་པ་ཡིན་ཏེ། འདི་ནི་དེ་ནི་ཞེས་བྱ་བ་ལ་གང་གི་ཚེ་སློབ་དཔོན་ཡང་དེ་བཞེད་པ་ཡིན་ནོ་ཞེས་འགའ་ཞིག་འཆད་པ་དེ་དང་དེ་དག་ནི་ཆེས་ཤིན་ཏུ་ཉོན་མོངས་པར་གྱུར་པ་ཇི་ལྟ་བར་བྱས་པའི་ཕྱིར་བསྒྲགས་སུ་མི་རུང་བའོ། །བླ་མའི་སྐྱོན་
བསྒྲགས་སུ་མི་རུང་བ་དང་རིགས་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་བཅབ་ཏུ་མི་རུང་བ་སྟེ་སྦ་བར་མི་རུང་བའོ། །དེས་ན་ཅི་བླ་མའི་སྐྱོན་བརྗོད་དམ་ཡང་ན་རིགས་པ་ལ་ལྟོས་པར་བྱ་བ་ཡང་ཡིན། དེས་གཉི་ག་ཡང་མི་ནུས་པའི་ཕྱིར་ཆེས་ཤིན་ཏུ་ཉོན་མོངས་པར་གྱུར་པ་ཇི་ལྟར་རྒལ་
བར་ནུས་པ་ཡིན་ཏེ་རེས་འགའ་ཡང་མ་ཡིན་ནོ། །འདི་ལ་ཉེས་པ་ཅི་ཞིག་ཡོད། གང་གིས་ན་འདི་ཤིན་ཏུ་ཉོན་མོངས་པ་ཡིན། རེ་ཞིག་གཏན་ཚིགས་འདི་ཞེས་བྱ་བ་སྨོས་ཏེ། མཉན་པར་བྱ་བ་ཉིད་ལ་སོགས་པ་གཏན་ཚིགས་ཀྱི་མཚན་ཉིད་དོ། །དངོས་པོ་ནི་སྒྲ་ལ་སོགས་པའོ། །
རང་གི་བསྒྲུབ་པར་བྱ་བའི་དེ་ཉིད་ནི་རྟག་པའོ། །དེའི་རང་བཞིན་ནི་དེའི་བདག་ཉིད་དུ་བྱས་པའོ། །དེ་མཉན་བྱ་ཉིད་ལ་ཚད་མ་ཅན་གང་དག་གིས་སོ། །སྐྱེས་བུ་རྣམས་ནི་དཔྱོད་པ་དང་བྱཱ་ཀ་ར་ཎ་བ་ལ་སོགས་པ་རྣམས་སོ། །དེས་མངོན་པར་མཐོ་བ་ནི་མཐོ་རིས་སོ། །ངེས་པར་ལེགས་པ་
ནི་བྱང་གྲོལ་ལ་སྦྱོར་བར་བྱེད་དེ། དེ་ལྟ་ན་དངོས་པོའི་དེ་ཁོ་ན་ཉིད་བསྒོམས་པས་ཉོན་མོངས་པ་མ་སྤངས་ན་ནི་རེ་ཞིག་མཐོ་རིས་སུ་སྐྱེ་བར་བྱེད་དོ། །ཉོན་མོངས་པ་སྤངས་པ་ཡིན་ན་ནི་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་བྱོན་པར་འགྱུར་རོ། །ཡང་ན་སྒྲ་རྟག་པ་ཉིད་དུ་རྟོགས་པའི་རིག་བྱེད་

ཚད་མར་བྱེད་པས་མེ་ལ་མཆོད་སྦྱིན་ལ་སོགས་པས་མཐོ་རིས་སྒྲུབ་པར་བྱེད་ལ་རིག་བྱེད་ཀྱི་མཐའ་བསྟེན་པ་ལས་བྱང་གྲོལ་ཡིན་ནོ། །ཁྱེད་ཤེས་རབ་ཀྱི་རིགས་ཀྱིས་བྱེ་བྲག་པ་ལ་སོགས་པ་སྐྱེས་བུས་མ་བྱས་པ་ལས་གཞན་པའི་གཏན་ཚིགས་འགྲན་ཟླའི་
གཏན་ཚིགས་བསྟན་པ་ནི་གང་འདིར་རྟག་པ་ཉིད་སྒྲུབ་པར་བྱེད་པའི་གཞུང་འཇུག་པ་ནི་གཏན་ཚིགས་འགྲན་ཟླ་མ་བསྟན་ན་ནི་འགྲུབ་བོ། །དེ་ཉེ་བར་བསྟན་ན་དེ་བས་ལ་བ་ཡིན་ནོ། །དངོས་པོ་དེ་དག་དང་ནི་རྟག་པ་ཉིད་ཀྱི་ཕུན་སུམ་ཚོགས་པ་ལས་ཉམས་པས་དེ་ཚད་མར་བྱེད་པའི་
སྐྱེས་བུ་རྣམས་མཐོ་རིས་དང་བྱང་གྲོལ་ཕུན་སུམ་ཚོགས་པ་ཉམས་པའི་མཉན་བྱའི་མཚན་ཉིད་ཀྱི་གཏན་ཚིགས་ནུས་པ་མ་ཚང་བས་སྐྱོབ་པར་བྱེད་མི་ནུས་པ་ནི་རྒྱལ་སྲིད་ཤོར་བ་ལྟར་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བ་སྟེ། རང་ཉིད་ཉེས་པར་བརྗོད་པས་འདིར་ཁྱེད་ཀྱིས་ཇི་སྐད་དུ་སྨྲ་བར་
བྱ། དེ་ཉིད་བཞད་གད་དུ་བྱེད་པའི་དེའི་ཕྱོགས་ལ་སྐྱོན་བསྟན་པ་ནི་སྒྲུབ་པ་ཉིད་སྐྱེས་བུས་སྤོབས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འགྲན་ཟླ་གཏན་ཚིགས་མ་བསྟན་པ་གཏན་ཚིགས་སུ་འདོད་པ་དེའི་ཚེ་སྐྱེས་བུའི་སྤོབས་པས་བྱས་པའི་སྒྲུབ་པར་བྱེད་པར་ཁས་བླངས་བར་
འགྱུར་རོ། །དེས་ཀྱང་དངོས་པོ་ལས་ཅུང་ཟད་ཅིག་སྒྲུབ་པ་དང་སྒྲུབ་པ་མ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་གཏན་ཚིགས་ཀྱི་འགྲན་ཟླ་མ་བསྟན་པ་དེའི་ཚེ་སྒྲུབ་པར་བྱེད་པའོ། །གང་གི་ཚེ་བསྟན་པ་དེའི་ཚེ་སྒྲུབ་པ་མ་ཡིན་པས་སྐྱེས་བུའི་སྤོབས་པས་བྱས་པའི་སྒྲུབ་པར་བྱེད་པར་འགྱུར་རོ། །
གཞན་ཡང་འགྲན་ཟླའི་གཏན་ཚིགས་མ་བསྟན་པའི་གཏན་ཚིགས་དེ་གཏན་ཚིགས་སུ་ཁས་ལེན་པར་བྱེད་ན་རྣམ་པར་རྟོག་པ་གཉིས་ཏེ་ཅི་དོན་དམ་པར་ན་གཏན་ཚིགས་དེའི་ཆོས་ཡོད་པའམ་ཡང་ན་དེ་མ་ཡིན་པའི་ཆོས་ཡོད་པ་ཡིན། དེ་ལ་རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས་
གཏན་ཚིགས་དེ་ཡང་ཞེས་བྱ་བ་སྨོས་ཏེ། ཐོག་མའི་ཁྱད་པར་དེ་ནི་གང་གི་ངོ་བོ་ཉིད་ཁོ་ན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པར་གྱུར་ན་དེ་ལྟ་བུའི་རང་བཞིན་ལས་མངོན་པར་འདོད་པའི་འབྲེལ་པ་གང་ཡིན་པ་འདོད་ན་དེའི་ཚེ་ཇི་ལྟར་གཞན་དུ་བྱེད་པར་འགྱུར། གཏན་ཚིགས་གཞན་

དེ་མ་ཡིན་པའི་ཆོས་ཡོད་པར་ཇི་ལྟར་བྱེད་པར་འགྱུར། རྣམ་པ་འགའ་ཞིག་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ནི་གཏན་ཚིགས་ཀྱི་མཚན་ཉིད་གང་གི་ངོ་བོ་ཡོད་པ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཡོད་པའི་བདག་ཉིད་དེ་ལས་གཞན་དུ་གྱུར་པ་ནི་དེ་ལས་བཟློག་
པ་སྟེ་མེད་པའི་ཕྱིར་རོ། །རང་གི་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བའི་རང་བཞིན་ཁོ་ན་ཆོས་ཅན་གཅིག་ལ་དངོས་པོ་གཉིས་འགལ་བས་གཉི་གའི་རང་བཞིན་གཅིག་ཏུ་གྱུར་པའོ། །གཅིག་ལ་འགལ་བ་གཉིས་ཀྱི་ངོ་བོ་ཉིད་མི་སྲིད་དོ། །འགལ་བའི་ཆོས་གནས་
པ་དེའི་གཅིག་པ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་རྣམ་པར་རྟོག་པ་གཉིས་པ་ཡིན་པ་དེའི་ཚེ་དེ་མ་ཡིན་པའི་ཆོས་ཡོད་པ་ཅན་མེད་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ཀྱི་ངང་ཚུལ་ཅན་དང་འབྲེལ་པར་ཁས་བླངས་པའི་ཕྱིར་རོ། །ཇི་ལྟར་གཞན་ལས་ཀྱང་
འགྲན་ཟླའི་གཏན་ཚིགས་མ་བསྟན་པར་གནས་སྐབས་སུ་ཡང་འགའ་ཞིག་གིས་སྒྲུབ་པར་བྱེད་པ་ཡིན། དེ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ་གཏན་ཚིགས་བསྟན་པའི་གནས་སྐབས་འབའ་ཞིག་ནི་མ་ཡིན་ནོ། །མཇུག་བསྡུ་བ་ནི་དེ་ལྟ་བས་ན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་དངོས་པོ་རྣམས་ཀྱི་རང་བཞིན་ནི་གཞན་དུ་བྱ་བར་མི་ནུས་པས་འགལ་བ་གཉིས་ཀྱི་ངོ་བོ་ཡང་གཅིག་ལ་མི་སྲིད་པས་དེའི་ཕྱིར་དོན་དམ་པར་ན་རང་རང་གི་བསྒྲུབ་པར་བྱ་བ་ལ་མེད་ན་མི་འབྱུང་བར་ཇི་སྐད་བཤད་པའི་མཚན་ཉིད་ཀྱིས་རང་
བཞིན་དང་འབྲས་བུའི་གཏན་ཚིགས་དེའི་མཚན་ཉིད་ཀྱི་རང་བཞིན་དང་འབྲས་བུའི་མཚན་ཉིད་ལ་འགྲན་ཟླའི་གཏན་ཚིགས་མི་སྲིད་པའི་ཕྱིར་རྗོད་པར་འདོད་པའི་གྲངས་གཅིག་པ་ནི་མཚན་ཉིད་མ་ཡིན་པས་རྗོད་པར་འདོད་པའི་གྲངས་གཅིག་པ་ཅན་གྱི་མཚན་ཉིད་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། རྣམ་པར་གཅད་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་པར་འདོད་པའི་གྲངས་གཅིག་པས་འགྲན་ཟླའི་གཏན་ཚིགས་རྣམ་པར་གཅད་པར་བྱ་བར་བརྗོད་དོ། །ཡང་ན་འགྲན་ཟླའི་གཏན་ཚིགས་སུ་རིགས་ཀྱི་འབྲས་བུ་དང་རང་བཞིན་མ་ཡིན་

པའི་ཕྱིར་ཇི་ལྟར་གཏན་ཚིགས་ཀྱི་མཚན་ཉིད་དུ་འགྱུར། དེ་ལྟར་ན་འདིས་ཚུལ་གཉིས་པ་སྲིད་པ་ནི་ཇི་སྐད་བཤད་པའི་མེད་ན་མི་འབྱུང་བ་སྲིད་པ་ལས་ཚུལ་གཞན་ཁས་བླངས་པ་ཡང་གཏན་ཚིགས་ལྟར་སྣང་བ་ཉིད་དེ། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་བྱ་བ་དེའི་
དོན་གྱི་འགྲེལ་པ་ཡིན་ནོ། །ཤེས་པ་ཉིད་བསལ་བར་བྱ་བ་ནི་ཡང་ཤེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པ་མེད་པའི་ཡུལ་ཅན་དང་རྗོད་པར་འདོད་པའི་གྲངས་གཅིག་པ་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཉིད་མེད་ན་མི་འབྱུང་བར་འགྱུར་བ་ལ་གནོད་
པ་མེད་པའི་འགྲན་ཟླའི་གཏན་ཚིགས་མི་སྲིད་པའི་ཕྱིར་རོ། །རྣམ་པར་གཅད་པར་བྱ་བ་མེད་པར་གྱུར་པ་ལ་ཡང་རྟགས་ཀྱིས་ཆོས་ཀྱི་མཚན་ཉིད་དུ་མི་འགྱུར་རོ་ཞེས་བཤད་དོ། །ཤེས་པ་ནི་ཤེས་པ་ཉིད་དོ། །དེ་ཉིད་ནི་ཤེས་པ་ཡོད་པར་བརྗོད་པས་སོ། །དེ་ལྟ་ན་ཤེས་
པའི་སྒྲ་འཇུག་པའི་རྒྱུ་མཚན་ནི་ཤེས་པ་ཉིད་དུ་བརྗོད་དོ། །དེ་ཡང་ཤེས་པ་ཁོ་ན་སྐྱེད་པར་གྱུར་པ་ལ་ཤེས་པ་ཉིད་ཅེས་ཐ་སྙད་དུ་བྱེད་དོ། །རྟགས་ཀྱི་ངོ་བོ་ནི་མ་ཡིན་ན་ཇི་ལྟར་རྟགས་ཀྱི་མཚན་ཉིད་དུ་འགྱུར། གལ་ཏེ་ཡང་རྣམ་པར་རྟོག་པའི་སྣང་བ་སྤྱིའི་རྣམ་པའི་རྟགས་སུ་
རྣམ་པར་གཞག་པ་དེ་ལྟ་ན་ཡང་ཤེས་པ་ནི་རྟགས་ཀྱི་ཆོས་མ་ཡིན་ནོ། །འདིར་རང་དགའ་བ་ནི་རྟགས་མ་ཡིན་ཏེ། དེ་སྐད་དུ་རྣམ་རྟོག་ཐ་དད་པ་རང་དགའ་བ་ནི་དོན་གྱི་རྟེན་མ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་ཁོང་དུ་ཆུད་པ་ནི་དོན་མེད་པ་ལ་དམིགས་པ་མེད་པ་ཁོ་ནར་འགྱུར་
རོ་ཞེས་བཤད་དོ། །དེའི་ཕྱིར་ཕྱི་རོལ་གྱི་དངོས་པོ་ལ་བརྟེན་པ་ཁོ་ན་རྟགས་སུ་རྣམ་པར་གཞག་པར་བྱའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྟོག་པ་ནི་དངོས་པོ་མཐོང་བ་ལས་ཉམས་པས་ན། རང་གི་མཚན་ཉིད་ལ་ནི་རྗེས་སུ་འགྲོ་བ་འགའ་ཡང་མེད་དོ། །དེའི་
ཆོས་དེ་ཉིད་ཀྱི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་དུ་མ་ལས་ལྡོག་པ་ནི་དངོས་པོ་ཡོད་པ་མཐོང་བའི་བརྒྱུད་པ་དང་འབྲེལ་བས་མི་སླུ་བར་བྱེད་པ་མ་ཡིན་ཏེ། འབྲས་བུ་ལ་སོགས་པའི་རྟགས་སུ་བསྟན་པའི་རྒྱུ་མཚན་བཤད་ཟིན་ཏོ། །དེ་འབྲས་བུ་ལ་སོགས་པའི་བདག་ཉིད་

ཀྱི་ངོ་བོ་ཤེས་པའི་རྣམ་པར་རྟོག་པ་ལ་སྣང་བ་སྤྱིའི་རྣམ་པ་རྣམ་པར་རྟོག་པའི་བདག་ཉིད་དུ་གྱུར་པ་ནི་མ་ཡིན་ཏེ། དེ་ངོ་བོ་མེད་པ་དངོས་པོའི་ངོ་བོ་འགལ་བའི་ཕྱིར་དང་། དེའི་ངོ་བོ་ནི་རྣམ་པར་རྟོག་པའི་གཟུགས་བརྙན་སྤྱིའི་བདག་ཉིད་ནི་སྤངས་པའི་ཕྱིར་རོ། །གང་གི་ཕྱིར་
ཕྱི་རོལ་དུ་མ་གྱུར་ཀྱང་ཕྱི་རོལ་དུ་མངོན་པར་ཤེས་པ་ནི་རྗེས་སུ་མི་འགྲོ་བ་ཡང་རྗེས་སུ་འགྲོ་བས་སྤྱིའི་བདག་ཉིད་དོ། །དེ་ལྟ་ན་རྣམ་པར་རྟོག་པའི་ངོ་བོར་བཤད་པ་ནི་མ་ཡིན་ནོ། །ཇི་སྐད་དུ། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་
བཤད་པའོ། །རྣལ་མའི་དོན་བསམ་པར་བྱ་སྟེ། རྟོག་པར་བྱེད་པའི་སྐྱེས་བུ་གང་མི་སླུ་བར་བྱེད་པའི་རྟགས་དེའི་རང་གི་ངོ་བོ་བརྗོད་པར་བྱ་བ་བསྟན་བཅོས་བྱེད་པས་དེ་མཐོང་བའི་ངོ་བོ་འདི་རྟོགས་པར་བྱེད་པ་གང་ལ་དེའི་ངོ་བོ་སྲིད་པ་དེའི་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་
མ་ཚང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་རྣམ་པར་གཞག་པར་བྱའོ། །དེ་ལ་སྒྲུབ་པར་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་འདོད་པའི་དོན་དང་ཉེ་བར་འཇོག་པར་བྱེད་པ་ལ་ཡིད་ཆེས་ནས་འཇུག་པའི་དམིགས་པ་ཡིན་ནོ། །དེ་ལ་དེ་ནི་རིགས་པས་རྣམ་པར་གཞག་
པའོ། །འདི་རྟགས་ཀྱི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་དེའི་མཚན་ཉིད་དུ་འགྱུར་བས་འོས་པ་ཡིན་ཏེ། ཕྱོགས་ཀྱི་མཚན་ཉིད་བཞིན་ནོ། །གཞན་གྱི་ངོ་བོ་མ་ཡིན་ནོ། །འདི་ཤེས་པ་རྟགས་སུ་སྒྲུབ་པར་བྱེད་པ་ནི་རིགས་པ་ཉིད་དེ་བསྒྲུབ་བྱ་སྒྲུབ་པ་ལ་ཉེ་བར་སྦྱོར་བ་རྟགས་ཀྱི་
མཚན་ཉིད་ཡིན་ནོ་ཞེ་ན། རྟོག་པ་སྐྱེ་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྗེས་སུ་དཔག་པར་བྱ་བ་རྟོག་པ་སྐྱེ་བ་ལ་ཉེ་བར་སྦྱོར་བས་དེ་ཙམ་གྱིས་རྟགས་ཀྱི་མཚན་ཉིད་དུ་འདོད་ན་ནི་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་བ་ཡིན་ནོ། །དེ་ཉིད་ནི་དེ་ལྟ་ན་ནི་རྟོག་པ་སྐྱེ་བ་ལ་ཉེ་བར་
སྦྱོར་བ་ཙམ་རྟགས་ཀྱི་མཚན་ཉིད་ཡིན་ན་གཞལ་བྱ་དོན་དང་སྐྱེས་བུ་འཇལ་བར་བྱེད་པ་པོ་དང་སོགས་པའི་སྒྲས་ལྡན་པ་དང་འདུ་བ་ལ་སོགས་པ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྟགས་ཀྱི་མཚན་ཉིད་དུ་འགྱུར་རོ། །འདིར་རྒྱུ་ནི་དེ་དག་མེད་པར་ཞེས་བྱ་བ་སྨོས་ཏེ།

གཞལ་བྱ་ལ་སོགས་པ་མེད་པར་ནི་རྟགས་ཅན་ལ་ཤེས་པ་སྐྱེ་བར་མི་འགྱུར་བར་བྱས་སོ། །འདིར་གཞན་དག་མི་འདོད་པར་བརྗོད་པ་ནི་འོ་ན་ནི་ངེས་པ་སྨོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་གྱི་ངོ་བོ་ཉིད་ཤེས་པ་རྟགས་ཀྱི་
མཚན་ཉིད་མ་ཡིན་ན་དེའི་ཚེ་སློབ་དཔོན་གྱིས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་པ་ལ་མེད་པར། །ངེས་པ་ནི་ཞེས་བྱ་བ་གང་ཡིན་པ་འདི་དག་མཛད་པའི་ངེས་པ་སྨོས་པར་ཁྱེད་འདོད་པས་དེ་ནི་མི་མཛད་པ་ཁོ་ནར་འགྱུར་རོ་ཞེ་ན། དེའི་ངེས་པ་སྨོས་པ་ནི་རྟགས་
ཀྱི་ངོ་བོ་བསྟན་པས་དོན་གཞན་ཡིན་པའི་ཕྱིར་རོ། །དེ་ཉིད་དོན་གཞན་ཡིན་པ་བསྟན་པ་ནི། མཐུན་ཕྱོགས་མི་མཐུན་ཕྱོགས་དག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱིས་མཐུན་པའི་ཕྱོགས་མཐོང་བ་ཙམ་དང་མི་མཐུན་པའི་ཕྱོགས་མཐོང་བ་ཙམ་གོ་བར་
བྱེད་པའི་གཏན་ཚིགས་སུ་འདོད་པས་དེ་དག་མཐོང་བ་དང་མ་མཐོང་བ་བསྒྲུབ་བྱ་སྒྲུབ་པར་ནུས་པའི་གཏན་ཚིགས་སུ་མི་འགྱུར་བ་ཁོ་ནས་ཤེས་པར་འདོད་པའི་དོན་ངེས་པ་སྨོས་པ་མཛད་པ་ཡིན་ནོ། །གང་གི་ཕྱིར་དེ་དག་མཐོང་དང་མ་མཐོང་བ་ཡོད་བཞིན་ཤེས་པར་བྱེད་པའི་གཏན་
ཚིགས་མ་ཡིན་པར་མཐོང་བའི་ཕྱིར་དེ་སྔོ་བསངས་ཡིན་ཏེ་སྔོ་བསངས་ཀྱི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་རྒྱུ་དེས་ན་མཐུན་པའི་ཕྱོགས་ལ་ཡོད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པར་ཁྱད་པར་དུ་བྱེད་པས་ན། མཐུན་པའི་
ཕྱོགས་མ་ཡིན་པ་ཐམས་ཅད་ལ་མེད་པ་མཐུན་པའི་ཕྱོགས་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཡོད་པ་ཁྱད་པར་ཅན་ནི་གོ་བར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་དོན་ཤེས་པའི་ཕྱིར་མཚན་ཉིད་གསུངས་པས་ངེས་པ་སྨོས་པ་མཛད་དོ་ཞེས་ཁོང་དུ་ཆུད་པར་
བྱའོ། །འདི་སྐད་སྟོན་པ་ཡིན་ཏེ་གང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པའི་འབྲེལ་པ་སྒྲུབ་པའི་ཚད་མ་འཇུག་པར་ངེས་པ་དེ་དག་ཉིད་ཀྱིས་གཏན་ཚིགས་གོ་བར་བྱེད་པར་འགྱུར་གྱི། རེས་འགའ་ཞིག་མཐོང་བ་དང་མ་མཐོང་བ་ཙམ་གྱིས་འདི་དོན་ཤེས་

པར་བྱ་བར་ངེས་པ་སྨོས་པར་མཛད་པ་ནི་མ་ཡིན་ནོ། །རྣལ་མའི་དོན་གྱི་མཇུག་བསྡུ་བ་ནི་དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཡོད་པ་དང་མེད་པ་ཁྱད་པར་ཅན་དག་བསྟན་པའི་ཆེད་དུ་ངེས་པ་སྨོས་པ་མཛད་དོ། །ཚུལ་གཞན་བརྗོད་པ་མ་ཡིན་ཏེ་བདག་ཉིད་མ་ཡིན་པའི་ཚུལ་ནི་མཚན་ཉིད་དུ་
མི་རུང་ངོ་། །དེས་ན་གཞན་གྱི་ཚུལ་ནི་རྟགས་ཀྱི་མཚན་ཉིད་མ་ཡིན་ཏེ། གང་གི་ཕྱིར་དེས་ན་ཤེས་པ་ལ་སོགས་པ་ཚུལ་གཞན་གྱིས་རྟགས་ཀྱི་ཚུལ་འགའ་ཞིག་ལ་ཁྱད་པར་མི་སྟོན་པའི་ཕྱིར་རོ། །འོ་ན་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉིས་གོ་བར་བྱེད་པའི་གཏན་
ཚིགས་སུ་གཞན་དག་འདོད་དེ་མཐོང་བ་དང་མ་མཐོང་བ་དེ་དག་ཉིད་སྒྲུབ་པར་བྱེད་པར་དེ་ཅིས་ན་དོན་ངེས་པ་ལ་སྨོས་པ་ཞེ་ན། དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་བཞིན་དག་ཡོད་པ་དང་མེད་པ་དག་གོ་བར་བྱེད་པའི་གཏན་ཚིགས་སུ་འདོད་དོ། །དེ་ལྟ་ན་ཡང་མཐུན་པའི་ཕྱོགས་ཁོ་ན་ལ་
ཡོད་པས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དོ་ཞེས་ཡོད་པ་དང་མེད་པ་མཐོང་བ་དང་མ་མཐོང་བ་ཙམ་གྱིས་རྣམ་པར་གཞག་པ་ཡིན་ཏེ། དེ་དེ་ལས་རྣམ་པ་དེ་ལྟ་བུ་མི་འགྲུབ་སྟེ་འབྲེལ་པ་ཉིད་མེད་པར་བྱེད་པའི་ཚད་མས་དེའི་བདག་ཉིད་དང་དེ་ལས་བྱུང་བས་སྒྲུབ་པར་བྱེད་པའི་ཡུལ་འཇུག་པར་ཁོང་
དུ་ཆུད་པར་བྱ་སྟེ། དེ་ལས་ཐབས་གཞན་མེད་པའི་ཕྱིར་རོ། །དེ་ཁས་མ་བླངས་པའི་གཏན་ཚིགས་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་གཏན་ཚིགས་སུ་འདོད་པ་ཐམས་ཅད་ལ་གནོད་པ་གཞན་མེད་པའི་རྒྱུ་དེས་ན་ཡོད་པ་དང་མེད་པའི་ཁྱད་པར་འདི་གཉིས་བསྟན་པས། ངེས་པ་ཞེས་བྱ་བའི་སྒྲ་སྦྱར་བ་
ཡིན། མཚན་ཉིད་ནི་མཚན་ཉིད་མཛད་པས་སོ། །འོ་ན་ནི་ཡོད་པ་དང་མེད་པ་བརྗོད་པ་ཙམ་ཁོ་ནས་ཚད་མ་ལས་ངེས་པ་འཐོབ་ན་གཞན་དུ་ན་དེ་དག་ཡོད་པ་མི་འགྲུབ་བོ་ཞེ་ན། དེས་ན་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་པ་ལ་མེད་པར། །ཞེས་
བརྗོད་པ་ཙམ་གྱིས་ཀྱང་ངེས་པ་སྨོས་པ་ལ་མི་ལྟོས་པས་ཡོད་པ་དང་མེད་པ་དེ་གཉིས་ལ་སྒྲུབ་པའི་ཚད་མ་གང་ཡིན་པ་དེ་འཇུག་ན་བརྒྱ་ལ་འཕེལ་བར་འགྱུར་རོ། །ཇི་ལྟར་ངེས་པ་མ་སྨོས་པས་ཡོད་པ་དང་མེད་པ་བརྗོད་པ་ཙམ་གྱིས་དེ་ལ་འཇུག་པ་འཕངས་པ་མ་ཡིན་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ།

གལ་ཏེ་དེ་སྒྲུབ་པའི་ཚད་མ་འཇུག་པས་འཕངས་པ་ཡིན་པ་དེའི་ཚེ་དེ་དག་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ལ་ཡོད་པ་དང་མེད་པ་དག་གིས་ཡོད་པར་རང་གི་ངོ་བོར་རྣམ་པར་གཞག་པ་གང་ཡིན་པ་དེ་མི་འགྲུབ་བོ། །ཅིའི་ཕྱིར་མི་འགྲུབ་ཅེ་ན། ཤེས་པར་
བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་དམིགས་སུ་ཡོད་པ་ལས་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཤེས་བྱ་ཡོད་པ་དང་མེད་པའི་མཚན་ཉིད་ཡོད་པར་རྣམ་པར་འཇོག་པ་ནི་རང་གི་ངོ་བོ་རྣམ་པར་གནས་པ་ཡིན་ནོ། །དམིགས་པའི་རྒྱུ་མཚན་མེད་ན་རང་ཉིད་ཀྱིས་དོན་འགྲུབ་པ་ནི་མེད་དེ་ཐམས་ཅད་
ལས་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདིའི་ངོ་བོ་ནི་འདི་ལྟ་བུ་ཡིན་ནོ། །འདི་ལྟ་བུ་མ་ཡིན་ཞེས་བྱ་བ་དེའི་རྣམ་པར་ཤེས་པ་སྐྱེད་པ་ཉིད་དུ་རྣམ་པར་གཞག་པར་བྱའོ། །གང་གི་ཕྱིར་དེ་ལྟར་དེའི་ཕྱིར་ཐམས་ཅད་ནི་བསྟན་བཅོས་དང་འཇིག་རྟེན་པ་ཉིད་ཀྱི་ཞེས་བྱའོ། །ཡོད་
པར་རྣམ་པར་གཞག་པ་ཉིད་ནི་ངེས་པ་སྨོས་པ་མེད་ཀྱང་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་འདྲེན་ཅིང་འཕེན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་བྱེད་པ་ནི་གཞན་གྱི་དོན་ཡིན་པའི་ཕྱིར་དེས་དེ་སྒྲུབ་པར་བྱེད་པའི་ཚད་མ་འདྲེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ཅི་འདྲ་བ་ཞིག་བསྟན་བཅོས་བྱེད་
པ་གཞན་གྱི་དོན་ངོ་བོར་གང་རང་ཉིད་རྣམ་པར་འཇོག་ཅིང་ཤེས་བྱ་ཡོད་པར་སྒྲུབ་པའི་ཚད་མ་འཕེན་པ་ཡང་ཡིན་ཞེ་ན། ཚུལ་གསུམ་པའི་རྟགས་ཞེས་བྱ་བ་སྨོས་ཏེ། མི་སླུ་བར་བྱེད་པ་ནི་ཐོབ་པར་བྱེད་པར་འདོད་པ་དེའི་དོན་ལ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་ངོ་བོ་བསྟན་བཅོས་བྱེད་པ་གཞན་གྱི་དོན་ཡིན་
པ་དེ་ལྟ་ན་ཡང་ཇི་ལྟར་དེ་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པ་འཕེན་པ་ཡིན་ཞེ་ན། གང་དག་ཚུལ་དེ་ཞེས་བྱ་བ་སྨོས་ཏེ། ཚུལ་གསུམ་པོའི་རྟགས་ཀྱི་ཚུལ་གྱི་ངོ་བོ་རང་བཞིན་ཏེ། བསྟན་བཅོས་ལས་བཤད་པ་རྟོགས་པར་བྱེད་པ་པོས་མི་ཤེས་པ་དེ་དག་ནི་དེས་ཏེ་ཚུལ་གསུམ་པའི་རྟགས་བསྟན་
བཅོས་ནས་བཤད་པ་འདོད་པའི་དོན་ལ་འཇུག་པར་མི་འགྱུར་རོ། །ཤེས་པ་ཉིད་ཀྱི་དོན་ནི་ཤེས་པར་བྱེད་པ་རང་ཡོད་པ་ཙམ་གྱིས་འཇུག་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ན་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་གཞན་མཚོན་པར་བྱེད་པའི་ཕྱིར་ནི་གཞན་དག་གིས་ཤེས་པར་བྱེད་པར་ཚུལ་

གསུམ་པའི་རྟགས་ཤེས་པར་གྲུབ་མོད་ཀྱི། གལ་ཏེ་ཡང་ངེས་པ་ཞེས་བྱ་བ་སྨོས་པ་ལྷག་མ་ཡིན་ཏེ། འོན་ཀྱང་ཁྱེད་ཅག་རྟགས་ཀྱི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པའི་ཁྱད་པར་བསྟན་བཅོས་བྱེད་པས་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དང་མི་མཐུན་
པའི་ཕྱོགས་ལ་མེད་པ་ཁོ་ན་ཞེས་བྱ་བ་ལ། དེ་ལྟར་རིགས་པ་ཅན་ལ་སོགས་པ་གཞན་དག་མཐོང་བ་དང་མ་མཐོང་བ་ཙམ་གྱིས་གང་མཐོང་བ་དང་མ་མཐོང་བའི་འབྲེལ་པ་སྒྲུབ་པར་བྱེད་པར་ཁྱོད་ཀྱིས་དེ་ཙམ་གྱིས་རྣམ་པར་འཇོག་པ་ཡིན་ཏེ། གང་གི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རྒོལ་བ་དེ་དག་
དགག་པའི་ཕྱིར་མཚན་ཉིད་མཛད་པས་ངེས་པའི་སྒྲ་སློབ་དཔོན་གྱིས་རབ་ཏུ་སྦྱར་བ་ནི་ཁོ་བོ་ཅག་ཁས་ལེན་པ་ཡིན་གྱི། གང་གཞན་ལ་ལོག་པར་རྟོགས་པ་མེད་ན་དེའི་ཚེ་འདི་རབ་ཏུ་སྦྱོར་བ་མ་ཡིན་ནོ། །འོན་ཀྱང་ཡང་མཐོང་བ་དང་མ་མཐོང་བ་དག་གིས་ཡོད་པ་དང་མེད་པའི་ཡུལ་དག་གིས་མཐུན་
པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དུ་བྱེད་དོ། །ཡོད་པ་དང་མེད་པ་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅིས་ན་མི་འདོད་ཅེ་ན། ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལ་ལར་མཐུན་པའི་ཕྱོགས་ལ་ཡོད་པ་མཐོང་བའི་གཏན་ཚིགས་ལ་ལར་མི་མཐུན་པའི་ཕྱོགས་ལ་
མེད་པ་མཐོང་བ་ཡོད་དུ་ཟིན་ཀྱང་དེ་ནི་སྔོ་བསངས་ཡིན་ཏེ། སྔོ་བསངས་ཀྱི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཞིན་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟ་ན་རྗེས་སུ་འགྲོ་བ་ནི་ཐམས་ཅད་དུ་བསྒྲུབ་བྱ་ཡོད་པ་ཉིད་ཀྱི་གཏན་ཚིགས་ཡོད་པ་ལ་ཁྱབ་པའམ་བསྒྲུབ་བྱ་
མེད་ན་གཏན་ཚིགས་མེད་པའི་ལྡོག་པ་ནི་ལ་ལར་བསྒྲུབ་བྱ་དང་གཏན་ཚིགས་ཡོད་པ་མཐོང་བ་ཙམ་གྱིས་མ་ཡིན་ཏེ་ཐམས་ཅད་ལ་ཡོད་པ་དང་མེད་པ་ནི་འབྲེལ་པ་མེད་པའི་ངོ་བོ་རྣམས་ལྷན་ཅིག་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟར་ལ་ལར་བསྒྲུབ་པར་བྱ་བར་མངོན་པར་འདོད་པ་དེ་མེད་
པར་གྱུར་པ་ལས་མེད་པར་མཐོང་བའི་གཏན་ཚིགས་ཀྱང་ཐམས་ཅད་དུ་དེ་མེད་ན་གདོན་མི་ཟ་བར་མེད་པ་དེ་ནི་འབད་པ་མེད་པར་དེ་ལྡོག་པར་ངེས་པས་ལྡོག་པར་འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་ཉིད་ཇི་སྐད་བཤད་པའི་མཐུན་པའི་ཕྱོགས་དང་མི་

མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གྲུབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ལོག་པར་རྟོགས་པ་བསལ་བའི་ཆེད་དུ་ངེས་པ་སྨོས་པ་མཛད་པ་ཡིན་ནོ་ཞེས་བསྟན་པ་ནི་གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོས་ཞེས་བྱ་བ་ནི་སློབ་དཔོན་གྱིས་ངེས་པ་སྨོས་པ་མཛད་
པ་ནི་གཞན་དུ་ཁོ་བོ་ཅག་མངོན་པར་འདོད་པའི་ཕྱིར་ཁོ་བོས་ཞེས་བྱའོ། །དེས་ན་དེ་ལྟར་ལོག་པར་རྟོགས་པ་བསལ་བའི་ཕྱིར་ངེས་པའི་སྨོས་པ་མེད་ཀྱང་ལོག་པར་རྟོགས་པར་མི་བྱའོ་ཞེས་བསྟན་པ་དེ་ཉིད་ཀྱི་རིགས་པས་ཤེས་པ་ཉིད་ཚུལ་གཞན་མ་ཡིན་པར་བསྟན་པ་ནི་གང་གི་ཕྱིར་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཐ་དད་པར་གྱུར་པས་ནི་ཕྱོགས་ཀྱི་ཆོས་ལ་སོགས་པ་ནི་ཚུལ་གསུམ་པ་ལས་སོ། །གང་ལས་ཤེ་ན། ཚུལ་གསུམ་པ་དེ་ཉིད་ཀྱི་ཚིག་གིས་དེ་སྒྲུབ་པར་བྱེད་པའི་ཚད་མ་འཕེན་པར་རྟོགས་པའི་ཕྱིར་རོ། །ཅི་འདྲ་བའི་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་ལས་ཉེ་བར་གཏོད་པའི་དོན་
བཞིན་ནོ། །དཔེར་ན་ཕྱོགས་ཀྱི་ཆོས་བརྗོད་པ་ཁོ་ན་གཏན་ཚིགས་ཉེ་བར་གཏོད་པའི་དོན་རྟོགས་པ་དེ་ཉིད་ཀྱིས་ཆོས་ཅན་ལ་གཏན་ཚིགས་ཡོད་པར་གྱུར་པར་བསྟན་པའི་བདག་ཉིད་ཡིན་པའི་ཕྱིར་དང་། ཕྱོགས་ཀྱི་ཆོས་བརྗོད་པ་དེའི་ཚུལ་ཡིན་པའི་ཕྱིར་རོ། །དེས་ན་ཐ་དད་པ་ཉེ་བར་གཏད་པ་ཚུལ་གཞན་
དུ་ནི་མི་འགྱུར་ཏེ། དེ་ལྟར་ཚུལ་གསུམ་པའི་ཚིག་དེ་ཉིད་བརྗོད་པའི་ཕྱིར་རོ། །འདིར་གཞན་དག་མི་འདོད་པས་སྤོང་བ་ནི། འོ་ན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཚུལ་གསུམ་པའི་ཚིག་གིས་ཡང་དག་པའི་ཤེས་པ་སྐྱེད་པ་ཞེས་བྱ་བ་དེས་ན་དེ་ལས་ཐ་
དད་པར་བརྗོད་པར་མི་བྱ་བ་དེ་ལྟ་ན་ནི་རྗེས་སུ་འགྲོ་བ་ལས་ཐ་དད་པའི་ལྡོག་པ་བརྗོད་པར་མི་བྱ་བ་ལ་ལྡོག་པ་ལས་ཐ་དད་པའི་རྗེས་སུ་འགྲོ་བ་ཡང་ངོ་། །ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བའམ་ལྡོག་པ་གཅིག་གི་སྦྱོར་བས་གཉི་ག་རྟོགས་པའི་ཕྱིར་རོ། །དེ་གཉིས་ཚིག་ཐ་དད་པ་ནི་བྱས་པ་དེ་
བཞིན་དུ་ཤེས་པ་ཉིད་ཀྱང་ཚུལ་གསུམ་པའི་གོ་བར་བྱ་བ་ལས་ཀྱང་ཐ་དད་པར་བརྗོད་པར་བྱའོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཐ་དད་པ་ནི་མེད་ཀྱི་འོན་ཀྱང་ཚུལ་ཐ་དད་པ་ཉིད་དོ། །དེ་ལྟ་ན་རྗེས་སུ་འགྲོ་བས་མཐུན་པའི་ཕྱོགས་

ལ་ཡོད་པར་བརྗོད་དོ། །ཡང་ལྡོག་པས་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་དེ་དག་ནི་ཕན་ཚུན་ལྟོས་པས་སོ། །ཕན་ཚུན་ནང་དུ་འདུ་བ་ཡིན་ཏེ། སྒྲུབ་པ་དང་དགག་པའི་ཚུལ་ཐ་དད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གང་དང་གང་ཐ་དད་པའི་ངོ་བོ་དེ་དང་དེའི་ནང་དུ་འདུ་བར་འགྱུར་བ་མི་རིགས་སོ། །
འོ་ན་ནི་གང་རྗེས་སུ་འགྲོ་བ་དང་ལྡོག་པ་ངོ་བོ་ཐ་དད་པ་དེ་ལྟ་ན་ཇི་ལྟར་ཚུལ་གསུམ་དུ་བརྗོད་པར་བྱ། ཕན་ཚུན་ཐ་དད་པའི་བདག་ཉིད་ནི་གཅིག་པ་ཉིད་དུ་མི་རུང་ངོ་ཞེ་ན། ངོ་བོ་ཉིད་ཐ་དད་པས་མཚན་ཉིད་ཐ་དད་པའི་ཕྱིར་དངོས་པོ་ཐ་དད་པ་ལ་ཉེས་པ་འདི་མེད་དོ། །གང་གི་ཕྱིར་ཇི་ལྟ་བའི་
རྗེས་སུ་འགྲོ་བ་དང་ལྡོག་པ་རྣམ་པ་རྣམ་པར་གཞག་པར་བྱ་བ་དེ་ལྟ་བུ་འདིས་ནང་དུ་འདུ་བར་བརྗོད་དེ། གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་འདི་དག་རྣམ་པར་གཞག་ཅེ་ན། ལྡོག་པས་བྱས་པ་ཐ་དད་པ་ལ་བརྟེན་པའི་དེ་ལྟ་ན་ཡང་ཚུལ་ཐ་དད་པ་འདི་ཉིད་ནི་ལྡོག་པ་ཐ་དད་པ་ཡིན་དུ་ཟིན་ཀྱང་དོན་
དམ་པར་ཐ་དད་པ་མེད་དེ་རྟགས་གཅིག་ལ་ཚུལ་གསུམ་དུ་བརྗོད་དོ། །འོ་ན་ནི་འདི་ནི་དོན་ལ་ཐ་དད་པ་འགའ་ཞིག་ཀྱང་མེད་ཀྱི་གཞན་དུ་སྦྱོར་བ་ཐ་དད་པ་ཡིན་ནོ་ཞེས་སྔར་བཤད་པ་ཇི་ལྟར་ཡིན་ཞེ་ན། ཚིག་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་
སྒོ་ནས་རབ་ཏུ་སྦྱོར་བ་ན་ཚིག་གཅིག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་ཐ་དད་པའི་མཚན་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་ཁོ་བོ་ཅག་བརྗོད་ལ། དོན་གཅིག་ལ་རང་བཞིན་གཉིས་མེད་དོ་ཞེས་བརྗོད་དོ། །ཕན་ཚུན་ཐ་དད་པ་ཉིད་དག་གི་དོན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །འདིར་གཞན་དག་ན་རེ། འོ་ན་ནི་དེ་ཁོ་
ན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་པ་ནི་འདི་ཡིན་ཏེ། མཚན་ཉིད་གསུམ་པས་བསྟན་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཕན་ཚུན་ནང་དུ་འདུ་བར་བཤད་པ་ནི་དེར་ཡང་རིག་པར་བྱ་བ་ཁོ་ན་སྟེ། དེ་ལྟ་ན་དེ་ཁོ་ན་ལ་ཡོད་དོ་ཞེས་བྱ་བ་མཚན་ཉིད་ཀྱི་ངག་དེའི་ཤུགས་ཀྱིས་དེ་མེད་པ་ལ་
མེད་པར་རྟོགས་སོ། །དེ་མེད་པ་ལ་གདོན་མི་ཟ་བ་མེད་དོ་ཞེས་བྱ་བ་འདིས་ཀྱང་དེ་ཡོད་པ་ཡིན་ནོ། །འབྲེལ་པ་མེད་ན་ནི་མ་ཡིན་ཏེ། གཅིག་མེད་པས་གཞན་མེད་པ་ནི་འབྲེལ་པ་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་དེ་ཡོད་ན་ཡོད་པའི་ངོ་བོ་ཁོ་ནའོ། །དེས་ཀྱང་མཐུན་པའི་ཕྱོགས་སམ་མི་མཐུན་

པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་གཅིག་རྟོགས་པར་བྱེད་པས་འབྲེལ་པ་ཁྱད་པར་ཅན་གྱི་མཚན་ཉིད་ཀྱི་ཚིག་གིས་གཉི་ག་རྟོགས་པར་མ་བརྗོད་པར་མི་བྱའོ་སྙམ་ན། དེ་ལྟ་ན་ཚིག་གཅིག་གི་དོན་གྱི་ནང་དུ་འདུས་པས་ཐ་དད་པའི་ངོ་བོ་ཡང་འདིར་རྙེད་པར་
དཀའོ། །དེས་ཀྱང་ཇི་སྐད་དུ་བཤད་པའི་རྗེས་སུ་འགྲོ་བ་དག་ཀྱང་འོན་ཏེ་ལོགས་ཤིག་ཏུ་མི་བྱ་སྟེ། དེ་དང་དེའི་གནས་སྐབས་ཁོ་ན་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་ཚིག་འདིས་ནི་ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་ལ་སོགས་པ་གཉི་ག་ཡང་འཕེན་པ་ནི་རབ་ཏུ་བསྟན་
པའོ། །ག་ལས་ཤེ་ན། ཤུས་ཀྱིས་གཉི་ག་བསྟན་པར་ནུས་པའི་ཕྱིར་རོ། །གལ་ཏེ་ཇི་ལྟ་བུ་ཡིན་ཞེ་ན། གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ངག་ཅི་འདྲ་བ་ཞིག །ངེས་པར་བསྟན་པ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པ་ཁོ་ནས་ཐུན་མོང་དུ་
གཉིས་པ་འཕེན་པ་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །རེ་ཞིག་ཚིག་གཅིག་ཏུ་བསྟན་པ་ཙམ་གྱིས་གཉི་ག་གཅིག་གི་ངོ་བོ་དང་ཐ་དད་པའི་ངོ་བོའི་དོན་རྣམས་ཀྱི་ངག་གཅིག་གིས་བསྟན་པར་མི་བྱ་བའི་ཕྱིར་རོ། །མཚན་ཉིད་ཀྱི་ཚིག་གཅིག་གིས་གཉི་ག་རྟོགས་ཀྱང་ཐ་དད་པར་བརྗོད་པ་
གང་ཡིན་པ་དེ་ནི་སྦྱོར་བ་ངེས་པའི་ཕྱིར་ཆོས་མཐུན་པའི་སྦྱོར་བ་ལ་མི་མཐུན་པ་བརྗོད་པར་མི་བྱ་བ་དང་། ཆོས་མི་མཐུན་པའི་སྦྱོར་བ་ལ་ཡང་ཆོས་མཐུན་པ་མི་བརྗོད་དོ། །ཡང་གཅིག་རྗོད་པར་བྱེད་པས་ཚུལ་གཞན་བསྟན་པའི་དོན་མི་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཚུལ་གསུམ་པ་བརྗོད་པ་
ནི་ཤེས་པ་དང་རྗེས་སུ་འབྲེལ་པས་ཤེས་བྱ་ལ་ཡོད་པར་རྣམ་པར་གཞག་པར་མི་བྱའོ། །བསྟན་བཅོས་བྱེད་པ་ལ་བརྟེན་ནས་གཞན་གྱིས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་ཤེས་པ་ཉིད་ནི་ཚུལ་གསུམ་པ་བསྟན་པས་གོ་ན། ཤེས་པ་ཡང་བརྗོད་པ་ནི་དགོས་པ་ཅུང་ཟད་ཅིག་ཀྱང་ཡོད་པ་མ་ཡིན་ནོ། །འདི་ཐ་
དད་པར་བརྗོད་པར་མི་རིགས་པའི་ཕྱིར་རོ། །འོན་ཏེ་འབའ་ཞིག་པ་ཡང་ཚིག་གཅིག་གི་དོན་གྱི་ནང་དུ་འདུ་བར་འགྱུར་བ་ཕན་ཚུན་ཐ་མི་དད་པའི་རང་བཞིན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཚིག་གཅིག་གི་དོན་གྱི་ནང་དུ་འདུས་པ་ཡིན་པར་འདོད་དོ་ཞེ་ན། ཡོད་པ་དང་མེད་པ་ཞེས་བྱ་བ་སྨོས་ཏེ། ངག་གཅིག་

པའི་དོན་ལ་མི་ལྟོས་པར་དེའི་ནང་དུ་འདུས་པ་ཙམ་གྱིས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་མ་ཡིན་པ་དག་གི་ཡོད་པ་དང་མེད་པ་དག་ཕན་ཚུན་འཕེན་པའི་ནང་དུ་འདུ་བར་འགྱུར་བའི་ཐ་དད་པའི་ངོ་བོའི་དོན་རྣམས་ཀྱང་ཚིག་གཅིག་གི་དོན་གྱི་ནང་དུ་འདུ་བར་མ་མཐོང་བའི་ཕྱིར་རོ། །འོ་ན་ནི་ངེས་པ་དང་ལྡན་པའི་
ཡོད་པ་དང་། མེད་པ་འབའ་ཞིག་པ་ཉིད་དེ་དག་ཀྱང་ཕན་ཚུན་འཕངས་པས་འབའ་ཞིག་པ་ཡང་དེར་ཐལ་བར་འགྱུར་རོ་ཞེ་ན། ངེས་པ་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། དེ་ངེས་པར་གཟུང་བའི་ངག་ཏུ་བསྟན་པས་འབའ་ཞིག་ནི་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་པ་ཉིད་ཀྱིས་སོ། །གང་ལས་ཤེ་ན་ངེས་པ་
ན་ངེས་པར་གཟུང་བའི་ངག་ནི་གཉི་གའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་ཐུན་མོང་དུ་བརྗོད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་འབའ་ཞིག་བརྗོད་པས་དེའི་ནང་དུ་འདུ་བས་གཉི་ག་རྟོགས་པ་ཡིན་ནོ། །འོན་ཀྱང་ཕན་ཚུན་ནང་དུ་འདུ་བར་གྱུར་པ་ཉིད་ལྷན་ཅིག་ཏུ་ཚིག་གཅིག་གིས་བརྗོད་པ་ཡིན་ནོ་ཞེས་མཇུག་
བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བ་སྨོས་སོ་དེ་ཉིད་ལ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་བྱ་བ་འདིས་མཐུན་པའི་ཕྱོགས་ལ་ཡོད་པ་བརྗོད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་ལྟ་ན་མཐུན་པའི་ཕྱོགས་མེད་པ་ཡང་ཡིན་ནམ་དེ་བཞིན་ཅིག་ཤོས་ཀྱིས་ཀྱང་སྟེ། མཐུན་པའི་ཕྱོགས་ལ་མེད་པ་ཁོ་ན་ཞེས་བྱ་བའི་ཚིག་གིས་མེད་པ་ཉིད་འབའ་
ཞིག་བརྗོད་པ་ནི་མ་ཡིན་ནོ། །འོན་ཀྱང་མཐུན་པའི་ཕྱོགས་ལ་ཡོད་པས་ཀྱང་ཡིན་ཏེ། གང་གིས་འབའ་ཞིག་པ་ཚིག་གིས་ཡོད་པའམ་མེད་པ་དེའི་བདག་ཉིད་ཀྱི་གཉིས་པ་འཕེན་པས་སོ། །གང་གི་ཕྱིར་འདིས་ཐ་དད་པར་བརྗོད་པར་མི་འགྱུར་བ་དེའི་ཕྱིར་གང་གི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པའམ་མེད་པ་ཐ་དད་པའི་ངོ་བོ་ཡིན་
པའི་ཕྱིར་ཇི་ལྟར་དེ་ལས་ལོགས་ཤིག་པ་ཉིད་ཡིན། འོན་ཏེ་ངེས་པ་དང་ལྡན་པའི་ཚིག་གིས་བྱས་པའི་དེའི་ངག་གཅིག་པ་ཉིད་ཀྱིས་གཉི་ག་རྟོགས་པ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །དེ་བྱས་ཀྱང་མ་རྟོགས་པ་རྟོགས་པ་མེད་དེ། འོན་ཀྱང་སྦྱོར་བ་ངེས་པའི་དོན་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་ཇི་ལྟ་བའི་རྗེས་སུ་
འགྲོ་བའམ་ལྡོག་པའི་ཡོད་པའི་མཚན་ཉིད་ཕན་ཚུན་བདག་ཉིད་མ་ཡིན་པ་དང་། དེས་དེ་གཉིས་ཕན་ཚུན་ཚུལ་གཞན་ཡིན་པ་དེ་བཞིན་དུ། བསྟན་བཅོས་བྱེད་པ་ནི་གཞན་གྱིས་ཤེས་པར་བྱེད་པ་ཡིན་པས་ཤེས་པ་ཉིད་ནི་མཚན་ཉིད་གསུམ་ལས་ཐ་དད་དོ། །དེའི་ནང་དུ་འདུ་བར་འགྱུར་བ་མ་ཡིན་པ་དེའི་ཕྱིར་ཚུལ་གཞན་དུ་འགྱུར་

རོ་ཞེ་ན། ཤེས་པ་ནི་དེ་ལྟར་ཞེས་བྱ་བ་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་ཡོད་པ་དང་མེད་པའི་མཚན་ཉིད་ཕན་ཚུན་ནང་དུ་འདུ་བར་འགྱུར་བ་དེ་བཞིན་དུ་ཤེས་པ་ནི་མ་ཡིན་ཏེ། གཞན་གྱིས་ཤེས་པར་བྱེད་པའི་བསྟན་བཅོས་བཤད་པའི་མཚན་ཉིད་གསུམ་གྱི་ནང་དུ་མ་འདུས་པ་ཡིན་ཏེ། གཞན་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །
གཞན་གྱིས་ཤེས་པར་བྱེད་པའི་ཚུལ་གསུམ་པའི་ཡུལ་རྟོགས་པའི་འབྲས་བུ་ཡིན། བསྟན་བཅོས་དེ་ལས་གང་གིས་ཚུལ་གསུམ་པ་རྟོགས་པ་གང་ཡིན་པས་ཤེས་པ་ནི་མ་བཟུང་ངོ་། །དེའི་ཕྱིར་ཐ་མི་དད་པའི་ཤེས་པ་ནི་མ་བཟུང་བས་མཚན་ཉིད་གསུམ་གྱི་ནང་དུ་འདུས་སོ་ཞེས་བྱ་བའི་དོན་ཏོ། །བས་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་མཚན་ཉིད་གསུམ་
ལས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཉིད་ཤེས་པའི་སྒྲ་འཇུག་པའི་རྒྱུ་མཚན་དུ་བཤད་པའི་རྣམ་པ་ཁོ་ནར་བརྗོད་དོ། །དེའི་ཚེ་དེའི་རྟགས་ཀྱི་བདག་ཉིད་མ་གྱུར་པས་དེའི་མཚན་ཉིད་མ་ཡིན་ནོ། །ཡང་ན་ཤེས་པ་ལ་ལྟོས་པའི་ལས་སུ་བྱ་བ་ཤེས་པ་ཉིད་དུ་བརྗོད་ན་དེའི་ཚེ་ཡང་ཤེས་བྱ་ཡོད་པར་རྣམ་པར་འཇོག་
པའི་རྒྱུ་མཚན་ནི་ཤེས་པ་ཡོད་པ་ཡིན་པའི་ཕྱིར་ཚུལ་གསུམ་རྣམ་པར་གཞག་པ་ཁོ་ནས་དེ་ཡོད་པར་འཇོག་པར་བྱེད་པའི་ཤེས་པ་རྣམས་ཀྱང་འཕེན་པ་ཡིན་ནོ། །དེའི་ཕྱིར་དེ་ལ་ལྟོས་ཀྱང་ལས་བྱ་བའི་ཡོད་པ་ནི་མ་བརྗོད་ཀྱང་གྲུབ་པས་དེའི་ཚིག་གིས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །དེ་ལྟར་བསྟན་བཅོས་ནི་གཞན་གྱིས་ཤེས་
པར་བྱེད་པའི་ཕྱིར་བཤད་པས་མ་བཟུང་བའི་ཤེས་པ་ནི་མཚན་ཉིད་གསུམ་ལས་ཐ་མི་དད་པའི་ཕྱིར་རོ། །དེ་ཉིད་གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པ་ཡིན་པའི་ཕྱིར་ཚུལ་གསུམ་བསལ་བའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་གཏན་ཚིགས་མཚན་ཉིད་དྲུག་མ་ཡིན་པར་ཞེས་སྨོས་སོ། །དེ་ལྟ་ན་མཚན་ཉིད་གསུམ་ཁོ་ན་ཡིན་ནོ་ཞེས་
བྱའོ། །གཏན་ཚིགས་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ་ལས་མཚན་ཉིད་དྲུག་བཤད་པ་སྟེ་བཞི་པའོ།། །།ཐུབ་པ་ཉི་མའི་གསུང་གི་རིགས་པའི་སྒྲོན་མ་ཡིས། །རྟོག་གེ་ངན་པ་མ་ལུས་ལམ་ནི་ཟད་མཛད་པའི། །འགྲེལ་པ་འདི་ཡིས་བསོད་ནམས་བསགས་པ་གང་ཡིན་དེས། །འགྲོ་བ་གཞན་དག་རྣམ་པར་དག་
པར་བྱེད་གྱུར་ཅིག །གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ་རྫོགས་སོ།། །།འཛམ་གླིང་སྙིང་པོ་ཁ་ཆེའི་གྲོང་ཁྱེར་དུ། །མཁས་པའི་སྙིང་པོ་ཆོས་ཀྱི་གྲགས་པའི་འགྲེལ། །དམ་ཆོས་སྙིང་པོ་ཚད་མ་བསྒྱུར་བ་ལས། །སྙིང་པོ་མེད་པ་རྣམས་ཀྱི་སྙིང་པོར་ཤོག། །།