Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 184
Văn bản gốc(Tây Tạng)
Trang 14 / 17 (50.000 ký tự/trang)
ས་པའོ། །ཡང་ ན་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ཏེ་བྱས་པའོ། །ཐ་སྙད་ཐམས་ཅད་བྱས་ཞེས་བྱ་བ་ལ། འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་དམ་རྟགས་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པའི་ཐ་སྙད་བྱས་པ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་དེ་ལྟར་ཡིན་ པ་དེས་ནའོ། །རྗེས་སུ་དཔག་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་མཐོང་བ་དོར་བ་མ་ཡིན་པ་དེའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནས། ཅི་བཞིན་ནོ་ཞེས་བྱ་བའི་བར་དེ་གསལ་བ་ཡིན་ནོ། །མཐོང་བ་ནི་མེ་ཏོག་ཕྲེང་དང་ཙན་དན་ལ་སོགས་པའོ། །མ་མཐོང་བ་ནི་འཇིག་ རྟེན་ཕ་རོལ་ལ་སོགས་པའོ། །རྨོངས་པ་ནི་ཡོད་པར་ལྟ་བའོ། །གལ་ཏེ་མངོན་སུམ་ལས་ཤེས་པ་དང་དོན་དག་གི་རྣམ་པར་དབྱེ་བར་མི་འགྱུར་མོད། སྤང་བྱ་དང་དོར་བྱ་ཉིད་ཀྱིས་ཐ་དད་པ་ནི་དེ་ལས་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་བཤད་པ་ནི། བླང་དང་དོར་བྱ་ཞེས་བྱའོ། ། བླང་བྱ་དང་དོར་བྱའི་ཁྱད་པར་ཡང་མངོན་སུམ་ལས་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བླང་བྱ་དང་དོར་བྱ་ནི་མངོན་སུམ་གྱིས་རྟོགས་པར་བྱ་བའི་རང་བཞིན་ལས་གཞན་མ་ཡིན་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་མངོན་སུམ་གྱིས་མི་རྟོགས་སྙམ་དུ་དོགས་ལ་བསུ་ནས། འདི་ནི་ཞེས་བྱ་བ་གསུངས་སོ། །སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་འབྲས་བུ་ལ་བརྟེན་པའི་རང་བཞིན་ནོ། །རང་གི་ངོ་བོ་ཙམ་འཛིན་པའི་མངོན་སུམ་གྱིས་གང་ལ་རྟོགས་ཏེ་མི་རྟོགས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་དེ་ལས་གཞན་བདེ་བའི་སྒྲུབ་པར་བྱེད་པ་བླང་བྱ་ཡང་མི་རྟོགས་སོ་ ཞེས་བརྗོད་པ་ནི་མིན་ནོ་ཞེས་བྱ་བ་སྟེ་སྤང་བྱའོ། །མངོན་སུམ་ཙམ་གྱིས་ག་ལ་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །ཅི་ལྟར་འབྲས་བུའི་མཐར་ཐུག་པའི་རང་བཞིན་ལ་མངོན་སུམ་མི་འཇུག་པ་དེ་ལྟར་རྒྱས་པར་བསྟན་པའི་ཕྱིར་རྣམ་པར་རྟོག་པར་མཛད་པ་ནི་བླང་བྱ་ཉིད་ནི་ཞེས་བྱ་བའོ། ། བླང་བྱ་ཉིད་དུ་རྣམ་པར་གཞག་པ་ནི་བདེ་བའི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རམ། སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་དོར་བར་བྱ་བ་ཉིད་བཀག་པ་ལས་ཡིན་ཞེས་རྣམ་པར་རྟོག་པ་རྣམ་པ་གཉིས་སོ། །དོར་བྱ་ཉིད་དུ་རྣམ་པར་གཞག་པ་ཡང་། བླང་བྱ་ཉིད་དུ་རྣམ་པར་གཞག་པ་ལས་ ཟློག་པས་ཡིན་ཏེ། སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རམ། བདེ་བའི་སྒྲུབ་པར་བྱེད་པ་བཀག་པ་ལས་སོ་ཞེས་སྨྲས་པ་ནི་དོར་བྱ་ཉིད་ནི་ཞེས་བྱ་བ་རྣམ་པར་གཞག་པ་ནི་ཞེས་འབྲེལ་ཏོ། །བཟློག་པ་ལས་ཞེས་བྱ་བ་ནི་བླང་བྱ་ཉིད་དུ་རྣམ་པར་གཞག་པ་ལས་བཟློག་པ་ ལས་སོ། །དེ་ལ་རེ་ཞིག་བདེ་བ་མངོན་སུམ་ཉིད་མ་ཡིན་པར་ནི་དངོས་པོ་ལ་བདེ་བའི་སྒྲུབ་པར་བྱེད་པ་ཉིད་མངོན་སུམ་གྱིས་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། དོན་བྱེད་དོན་དུ་ཞེས་བྱའོ། །དོན་སྲེག་པ་ལ་སོགས་པ་དོགས་པའོ། །བྱ་བ་སྟེ་བྱེད་པ་པོ་ཉིད་ནི་ནའོ། །བླང་བྱ་ནི་དེ་ཉིད་ཡིན་ ན་དེ་ནི་ཉེ་བའི་རང་བཞིན་འཛིན་པའི་མངོན་སུམ་གྱིས་མི་མཐོང་ངོ་མངོན་སུམ་དེ་ལས་འཇུག་པར་བྱེད་འདོད་པ་རྣམས་སོ། །མ་མཐོང་བ་དེས་ན་བླང་བྱའི་དངོས་པོ་ཉིད་རིག་མ་ཡིན་ཞེས་འབྲེལ་ཏོ། །ཅི་ལྟར་མངོན་སུམ་གྱིས་མ་མཐོང་སྙམ་ན། མངོན་སུམ་འབྱུང་འགྱུར་ཞེས་གསུངས་སོ། །འདིས་ ནི་བླང་བྱ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཕྱོགས་གསལ་བ་ཡིན་ནོ། །དོར་བྱ་ཉིད་ནི་བཀག་པ་ལས་ཞེས་བྱ་བའི་ཕྱོགས་འགོག་པ་ནི། སྤང་བྱ་ཞེས་བྱ་བའོ། །སྤང་བྱ་ཉིད་བཀག་པ་ག་ལ་ཡོད་དེ་མ་ཡིན་པ་ཉིད་དོ། །སྤང་བྱ་དབང་པོ་ལས་འདས་ཕྱིར་ཏེ། སྡུག་བསྔལ་སྒྲུབ་པར་བྱེད་པ་ནི་ མངོན་སུམ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དོར་བྱ་མངོན་སུམ་མ་ཡིན་པ་དེས་ན་བླང་བྱ་འདི་ལ་སྤང་བྱའི་དངོས་པོ་མེད་དོ་ཞེས་རྟོགས་པ་འདི་ནི་མངོན་སུམ་ལས་མ་ཡིན་ཏེ། དབང་པོའི་བྱེད་པའི་རྗེས་སུ་འབྲང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དོར་བྱ་བཟློག་པ་ལས་ཉིད་ རྣམ་པར་གཞག་པ་ཡང་མེད་དོ་ཞེས་རྟོགས་པར་བྱ་བའོ། །བཤད་ཟིན་མ་ཐག་པའི་ཚུལ་དུ་རང་གི་དུས་ན་ཡོད་པ་ཙམ་འཛིན་པའི་མཚན་ཉིད་ལས་ན། རིམ་གྱིས་འབྱུང་བའི་མངོན་སུམ་གཉི་གས་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ བླང་དང་ཞེས་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མངོན་སུམ་དག་ལའོ། །རིགས་པ་ནི་རང་གི་དུས་ན་ཡོད་པ་ཙམ་འཛིན་པའི་མཚན་ཉིད་དོ། །བཟློག་ནས་འཇུག་པ་ནི་བསྐྱར་ནས་འཇུག་པའོ། །ཤིན་ཏུ་གོམས་པ་ལས་མངོན་སུམ་གྱི་བླང་བྱ་ལ་སོགས་ པ་ཐམས་ཅད་འཛིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །མ་རྟོགས་པ་ལ་ཞེས་བྱ་བ་ནི་ལན་ཏེ། གང་གི་ཕྱིར་བླང་བྱ་ལ་སོགས་པ་མ་རྟོགས་པ་ལ་གོམས་པ་མེད་པ་དེས་ན་ཕན་ཚུན་བསྟེན་པ་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི། ཅི་སྲིད་ཅེས་བྱ་བའོ། །དོན་བྱ་བ་དང་ སྒྲུབ་པར་བྱེད་པ་ལ་དམིགས་པ་རིམ་གྱིས་འབྱུང་བ་དག་ནི་ཕན་ཚུན་རིག་པ་མེད་པས་ན་རུང་བ་ཉིད་དུ་མ་མྱོང་བའི་ཕྱིར། ཕན་ཚུན་བསྟེན་པར་གསལ་བ་ཡིན་ནོ་ཞེས་དགོངས་པའོ། །མངོན་སུམ་ནི་རུང་བ་ཉིད་ཀྱི་ཡུལ་ཅན་ཏེ། དེ་གོམས་པ་གང་ལས་འབྱུང་བའི་གོམས་པ་དེ་ནི་ གོམས་པ་མངོན་སུམ་འབྱུང་བ་སྟེ་དེ་མེད་དོ། །དོར་བྱ་དང་བླང་བྱ་ནི་མཐོང་བར་བྱ་བ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་སྡུད་པ་ནི། གལ་ཏེ་མངོན་སུམ་ཙམ་ཞེས་བྱ་བའོ། །ཙམ་སྨོས་པ་ནི་མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་བསལ་བའི་དོན་དུའོ། ། གལ་ཏེ་དོར་བྱའམ་བླང་བྱ་མངོན་སུམ་གྱི་ཡུལ་མ་ཡིན་ན། འོ་ན་ཡུལ་གང་ཡིན་སྙམ་ན། དེ་ནི་ཞེས་གསུངས་ཏེ་མངོན་སུམ་དེ་ནིའོ། །རང་གི་ངོ་བོ་ཙམ་ཞེས་བྱ་བ་ནི། མངོན་སུམ་རྣམ་པར་ཤེས་པའི་རང་བཞིན་ཡིན་ཡང་བསྒྲུབ་བྱའི་ཤེས་པའི་མཐར་ཐུག་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ ཙམ་སྨོས་སོ། །དེས་ཞེས་བྱ་བ་ནི་རང་གི་ངོ་བོ་ཙམ་རིག་པ་དེའི་ཕྱིར་རོ། །འོ་ན་གང་ལས་སྤང་བྱ་ལ་སོགས་པ་སྙམ་ན། རྗེས་སུ་དཔག་པ་ཞེས་གསུངས་ཏེ། དེའི་རང་བཞིན་མཐོང་བ་ལས་དེའི་དོན་བྱ་བ་རྗེས་སུ་དཔོག་པ་ལ་སྟེ། དེ་ལ་བརྟེན་ནས་སོ། །གལ་ཏེ་གཉི་ག་མི་རིག་པའི་མངོན་སུམ་ནི་ འབྲེལ་བ་འཛིན་པར་བྱེད་པ་ཉིད་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། མངོན་སུམ་གཉིས་ལས་བྱུང་བའི་རྣམ་པར་རྟོག་པའི་འབྲེལ་པ་གྲུབ་པ་ནི་མངོན་སུམ་གྱིས་གྲུབ་པ་ཁོ་ན་སྟེ། ཐ་སྙད་པ་རྣམས་དེ་ལྟར་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་བཤད་པ་ནི་དོན་ཞེས་བྱ་བ་སྟེ་གཉིས་ཀྱི་འབྲེལ་ པ་ཉིད་དོ། །ཐ་སྙད་ནི་རྣམ་པར་རྟོག་པ་སྟེ་དེས་གྲུབ་པ་ཡིན་པས། གཞན་ཞེས་བྱ་བ་མཆོག་ཏུ་གྱུར་པ་ནི་ཡོངས་སུ་ཚོལ་བར་མི་བྱེད་དེ་མེད་པའི་ཕྱིར་དང་། ཐ་སྙད་པ་རྣམས་དེ་ཙམ་གྱིས་ཡོངས་སུ་ཚིམ་པའི་ཕྱིར་རོ། །གལ་ཏེ་དོར་བྱ་ལ་སོགས་པ་ནི་མངོན་སུམ་གྱི་མཐོང་བ་མ་ ཡིན་ཏེ། དེས་ནི་རང་གི་ངོ་བོ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྒྲུབ་པར་བྱེད་པ་གཞན་མེད་པ་ལྐོག་ཏུ་གྱུར་པ་མ་ཡིན་ལ། ཐ་དད་པ་མེད་པའི་རང་བཞིན་ལ་བསམས་ན། གང་དག་མཐོང་བའི་དོན་སྤངས་ནས་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་ཕ་རོལ་ སྤངས་པ་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་འཇིག་རྟེན་འདི་ཉིད་ཀྱང་སྤོང་བར་བྱེད་པ་ལ་རག་སྟེ་གྱིས་ཤིག །གང་གི་ཕྱིར་འདི་ཙམ་གྱིས་ཏེ། འཇིག་རྟེན་ཕ་རོལ་བཟློག་པ་ཙམ་ཁོ་ནས་སོ། །འདི་ནི་ཞེས་བྱ་བ་རང་རིག་པའི་མངོན་སུམ་ རྣམ་པར་གནས་པ་མ་ཡིན་གྱིས། འོན་ཀྱང་གཉི་ག་ཡང་དགག་པར་བྱ་བ་ཡིན་ནོ། །འཇིག་རྟེན་ཀྱང་ཕན་པ་འགའ་ཞིག་གཉི་ག་ཡང་མེད་དོ་ཞེས་བརྗོད་པ་ན། འཇིག་རྟེན་འདི་ཡང་ཡོད་མིན་ནི། །ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ལན་ནོ། །ཐར་པ་ཁས་བླངས་པའི་ཕྱིར་རོ་སྙམ་དུ་དགོངས་ པའོ། །གལ་ཏེ་འཇིག་རྟེན་གཉི་ག་ལ་བསྙོན་འདེབས་པ་ནི་ཤིན་ཏུ་ཡང་ཆད་པར་ལྟ་བ་མ་ཡིན་ནམ། དེས་ན་མེད་པ་པ་ཡང་མེད་ཅེས་ཅི་ལྟར་བརྗོད་སྙམ་ན། དེ་ལྟ་ཡིན་ན་ཞེས་བྱ་བས་ཏེ། འཇིག་རྟེན་འདི་ཡང་བཀག་པ་ནའོ། །བླང་བྱ་དང་དོར་བྱ་ཐམས་ཅད་སྤངས་པ་སྟེ་བྱ་བ་ བཟློག་པའི་ཕྱིར་ཏེ། གཏན་ཚིགས་དེའི་ཕྱིར་རང་རིག་པའི་གནས་སྐབས་ན་སེམས་ནི་གྲོལ་བ་ཉིད་དེ་ཐར་པ་ཉིད་དུ་འགྱུར་རོ། །དེ་སྐད་སྨྲ་བ་ན་ནི་མེད་པ་པར་མི་འགྱུར་ཏེ། སྐྱེས་བུའི་དོན་གྱི་གཙོ་བོ་ལ་སྐུར་པ་བཏབ་པ་མེད་པའི་ཕྱིར་རོ། །དེ་ལ་སྐུར་ན་དེ་སྐད་བརྗོད་པའི་ཕྱིར་རོ་ཞེས་ བྱ་བའི་དོན་ཏོ། །གལ་ཏེ་འདི་ནི་བདེན་ཏེ་རང་རིག་པའི་མངོན་སུམ་གྱིས་ནི་འཇིག་རྟེན་ཕ་རོལ་སྒྲུབ་པར་མི་བྱེད་ལ། འཇིག་རྟེན་འདི་ཡང་སྒྲུབ་པ་མ་ཡིན་ནའོ། །ས་ལ་སོགས་པ་དེ་ཁོ་ན་ཉིད་བཞིར་བརྗོད་པ་ནི་དཔེར་བསྟན་པའི་དོན་ཏེ། འདི་ལྟར་རྣམ་པར་དཔྱད་ན་ཤིན་ཏུ་གྲགས་པའི་ས་ལ་ སོགས་པ་ཡང་དེ་ཁོ་ན་མ་ཡིན་ན། འཇིག་རྟེན་ཕ་རོལ་ལ་སོགས་པ་ལྟ་ཅི་སྨོས། འདི་ཙམ་གྱིས་ནི་ཐར་པ་སྐྱེས་བུའི་དོན་དུ་འགྱུར་བ་མ་ཡིན་ཏེ། རང་རིག་པ་བཞིན་དུ་འཇིག་རྟེན་འདིའི་ཡུལ་ཅན་གྱིས་རྣམ་པར་རྟོག་པ་ཡང་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ ཞེས་བྱ་བའོ། །རྨོངས་པ་གཞན་དག་ཅེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་གཞན་ཏེ། རབ་ཏུ་མ་གྲུབ་པ་ཉིད་ཀྱིས་འདོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨོངས་པ་འདི་ཉིད་ཅེས་བྱ་བ་ནི་ལན་ནོ། །འཇིག་རྟེན་འདིའི་ཡུལ་ཅན་ག་ལས་ ཞེས་བྱ་བ་ནི་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་སྟེ། གལ་ཏེ་རང་རིག་པའི་རང་བཞིན་གྱི་ཐར་པ་གནོད་བྱེད་དུ་མི་འགྱུར་ནའོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་ངེས་པར་གང་ཉིད་ཀྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ། སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ ཡིན། །ཞེས་བྱ་བའི་ཚུལ་གྱིས། གང་གི་ཚེ་རྣམ་པར་རྟོག་པ་ཐོག་མ་དང་ཐ་མ་མེད་པ་ཉིད་དང་། རང་གི་རིགས་མཐུན་པ་ཙམ་ལས་བྱུང་བར་གྲུབ་པ་དེའི་ཚེ་འཇིག་རྟེན་ཕ་རོལ་གྲུབ་པ་ཁོ་ན་སྟེ། ཐོག་མ་དང་ཐ་མ་མེད་པ་ཉིད་ལ་དེ་སྐད་བརྗོད་པའི་ཕྱིར་ཞེས་བརྗོད་ པ་ནི། གལ་ཏེ་ཐོག་མཐའ་ཞེས་བྱ་བའོ། །མང་དུ་སྨྲ་བ་གཞན་གྱིས་ཅི་ཞིག་བྱ་སྟེ། དོན་མེད་པ་ཡིན་པའི་ཕྱིར་རོ། །རྒྱུ་དང་བཅས་པ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་བཅས་པའི་ཕྱོགས་ལ་ཉེས་པ་བརྗོད་ནས། རྒྱུ་མེད་པའི་ཕྱོགས་ཀྱི་དོགས་ པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་སྔ་མ་སྔ་མའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྗེས་སུ་བྱེད་པ་ཡིན་ཡང་། རྣམ་པར་རྟོག་པ་དེས་བསྐྱེད་པར་བྱ་བ་མ་ཡིན་ན། འབྱུང་བའི་བསྐྱེད་པར་བྱ་བ་ལྟར་འགྱུར་རེ་ཡང་སྐན་ཏེ། དེ་ཁྱད་པར་མེད་ཀྱང་ཁྱད་པར་དུ་འགྱུར་བའི་ ཕྱིར་རོ། །དེས་ན་འདི་རྒྱུ་མེད་པ་ཅན་ཡིན་ན་འབྲས་བུ་ཐམས་ཅད་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། འདི་ལ་རྒྱུ་མེད་པས་ཞེས་བཤད་པས་སོ། །ཡང་ན་རྒྱུ་མ་ཡིན་པར་འགྱུར་རོ། །རྒྱུ་མེད་པ་ནི་རྒྱུ་མ་ཡིན་ཏེ། རང་གི་དོན་ལ་ཀ་ནོའི་རྐྱེན་བརྗོད་པའི་ཕྱིར་ན་རྒྱུ་མེད་པ་ཡིན་ནོ། །དེ་ལྟར་ལན་འདེབས་ པ་ནི་ཐམས་ཅད་རྒྱུ་མེད་ཅེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ཐམས་ཅད་རྒྱུ་མེད་པ་ཡིན་ནའོ། །མེད་པ་པ་ཁྱོད་ཀྱིས་སྨྲས་པའི་དོན་མེད་པར་འགྱུར་ཏེ། ཁྱོད་ཀྱིས་སྨྲས་ཀྱང་གཞན་རྟོགས་བྱའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བརྗོད་པ་ནི་གལ་ཏེ་འགར་ཡང་ཞེས་བྱ་ བའོ། །ཅི་དོན་ཉིད་དེ་སྨྲས་པ་ནི་དགོས་པ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཁྱོད་ཀྱི་དོན་དུ་གཉེར་བ་གང་དུ་ཡིན་ཏེ་ཁྱོད་ཀྱིས་སྨྲས་པ་ལ་དགོས་པ་ཅི་ཡོད་སྙམ་དུ་དགོངས་པའོ། །འོན་ཏེ་འདི་ལ་ཞེས་བྱ་བ་ནི་བརྗོད་པ་འདི་ལའོ། །དོན་ནི་དགོས་པའོ། ། འདིར་དེ་ཉིད་ཀྱི་ཞེས་བྱ་བ་ནི་ལན་ནོ་འདིར་ཞེས་བྱ་བ་ནི་འབྲས་བུ་ལའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་གཞན་ལ་བརྒལ་ཞིང་བརྟག་པའོ། །གལ་ཏེ་བརྒལ་ཞིང་བརྟག་པ་ལ་བསྒྲུབ་པར་བྱ་བ་ཅི་ཡང་མེད་མོད་ཀྱི་འོན་ཀྱང་ དེ་ནི་མ་རིག་པ་ལས་བྱུང་བ་ཡིན་ནོ་སྙམ་ན་ནི་གལ་ཏེ་འདི་ནི་ཞེས་བྱ་བའོ། །དེ་ལྟ་ན་ཡང་དོན་མེད་པར་སྨྲ་བ་ཙམ་ཡིན་པའི་དེ་བཞིན་ཁོ་ནར་ཉེས་པར་འགྱུར་རོ་སྙམ་ན། སུ་ཡིས་ལན་ཞེས་སྨྲས་ཏེ། དགོས་པ་མེད་པའི་ཕྱིར་མ་རིག་པ་ཉིད་ཀྱིས་ཉེས་པ་ཡིན་གྱི། ངེད་ཀྱིས་གོ་ཅི་ ལན་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །ལན་དུ་གལ་ཏེ་བསྟན་པར་བྱ་བའི་མ་རིག་པ་ཆད་པ་མ་ཡིན་ན་དེའི་ཚེ་དོན་མེད་ཉིད་དེ། དགོས་པ་མེད་པར་སྨྲས་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་དེ་དོགས་པ་བསུ་ནས་དེ་གཅོད་པར་བྱེད་པའི་ཚིག་ནི་རྒྱུ་ཉིད་ཡིན་པའི་ཕྱིར་ཅི་ ལྟར་རྒྱུ་མེད་པར་སྨྲ་ཞེས་ལན་ལྡོན་པ་ནི། འོན་ཏེ་མི་རིག་ཆད་ན་ཡང་། །ཞེས་བྱ་བའོ། །བརྒལ་ཞིང་བརྟག་པ་མ་རིག་པའི་རྒྱུ་ཅན་ཡིན་ན། འཇིག་རྟེན་གཞན་འབད་མི་དགོས་པར་གྲུབ་པོ་ཞེས་བརྗོད་པ་ནི། མ་རིག་རྒྱུ་དང་ལྡན་ཉིད་ན། །ཞེས་བྱ་བའོ། །ཅི་ལྟར་ན་མ་རིག་པ་ཐོག་མ་མེད་པར་ གྲུབ་པས་འཁོར་བ་ཉིད་གྲུབ་སྙམ་ན། མ་རིག་རྣམ་རྟོག་ལས་གཞན་མིན། །ཞེས་སྨོས་སོ། །དེ་ལྟར་ཐལ་བར་འགྱུར་བའི་ཞར་ལ་འོངས་པ་རྫོགས་པར་བྱས་ནས་མཇུག་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་ལུས་ཀྱི་རྒྱུ་ཅན་དུ་མི་འཐད་པའི་རྒྱུ་དེའི་ཕྱིར་རོ། །ཐོག་མ་མེད་པ་ ཡང་དེ་ཡིན་ལ། བག་ཆགས་ཀྱང་ཡིན་པ་སྟེ། དེ་ཡོངས་སུ་སྨིན་པ་སད་པ་དེས་བྱ་བ་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་བདེ་བ་ལ་སོགས་པ་རྣམས་གོམས་པ་ཡིན་པར་མཇུག་བསྡུས་པའོ། །གལ་ཏེ་རྒྱུ་མེད་པར་སྐྱེ་བ་འགལ་བའི་ཕྱིར་གོམས་པས་སྡུག་བསྔལ་བསྐྱེད་པ་ཞེས་ བྱ་བ་ནི་མི་འཐད་དེ། རྟག་པ་རྒྱུ་མེད་པ་ཅན་ཉིད་གོམས་པ་ལས་མངོན་པར་བསལ་བའི་ཕྱིར་རོ་སྙམ་ན། དེ་ནི་རེས་འགའ་དམིགས་པའི་ཕྱིར་རོ་ཞེས་གསུངས་སོ། །དམིགས་པར་བྱ་བ་མ་ཡིན་དམིགས་པར་བྱ་བ་ཉིད་དུ་འགྱུར་བ་ཡང་སྔར་མེད་པ་ཁོ་ན་ཡིན་ཏེ། ཡོད་པ་ཡང་དེ་ཉིད་ཡིན་ནོ། ། གལ་ཏེ་བདེ་བ་ལ་སོགས་པ་རེས་འགའ་དམིགས་པས་མི་རྟག་པ་ཡིན་མོད། སྡུག་བསྔལ་གོ་ཅི་ལྟར་མི་རྟག་པ་ཞེས་བྱ་བ་ཙམ་ནི་མི་མཐུན་པར་འགྱུར་བའི་སྡུག་བསྔལ་མ་ཡིན་ཏེ། ཟག་པ་མེད་པ་རྣམས་ཀྱང་མི་རྟག་པ་ཉིད་དེ་ལྟར་ཐལ་བའི་ཕྱིར་སྙམ་ན་བཤད་པ། བདག་ཏུ་འཛིན་ པ་དང་ཆགས་པ་ལ་སོགས་པ་གོམས་པ་ལས་བྱུང་བ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་རྟེན་ཕྱིར་ཏེ། རྟེན་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་བདག་དང་བདག་གིར་འཛིན་པ་ཡིན་གྱི་རྒྱུ་ཙམ་ནི་མ་ཡིན་ཏེ། སྔ་མ་བཞིན་དུ་ ཐལ་བའི་ཕྱིར་རོ། །དེའི་དབང་ནི་དེ་ལ་རག་ལས་པའོ། །དེའི་དངོས་པོ་ནི་ཉིད་དེ་དེའི་ཕྱིར་རོ། །རྒྱུ་དབང་ཕྱིར་ན་སྡུག་བསྔལ་ཡང་། །ཞེས་ཡང་གི་སྒྲ་རིམ་པ་གཞན་དུ་སྦྱར་རོ། །བཤད་པ་ལས་ནི་གོམས་པ་ལས་བྱུང་བ་ཉིད་བསྡུ་བའི་དོན་དུ་ཡང་གི་སྒྲ་ཡིན་ནོ་ཞེས་སོ། །ཇི་ལྟར་བདག་ཏུ་འཛིན་ པ་ལ་སོགས་པ་འདོད་པ་ལ་རག་ལས་པས་གོམས་པ་ལས་བྱུང་བ་དག་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་གོམས་པར་མ་བྱས་པ་ཉིད་མཆོག་ཡིན་ལ། དེ་ལས་བཟློག་པ་ནི་མི་མཐུན་པའི་ཕྱིར་ན་གོམས་པ་ཉིད་མཆོག་ཡིན་ནོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ང་ཞེས་བདག་ཏུ་འཛིན་པ་རྒྱུ་མ་ཡིན་ ནམ། འདི་ནི་གོམས་པ་ལས་བྱུང་བ་མ་ཡིན་པ་ཡང་མ་ཡིན་ཏེ། ལུས་དང་དབང་པོ་ལ་སོགས་པ་ལས་ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །སེམས་པ་ལ་སོགས་པའི་གནས་སྐབས་སུ་ནི་དབང་པོ་བྱེད་པ་མེད་པ་ཅན་ལུས་དམིགས་པར་མ་གྱུར་པ་ཡིན་ཡང་། ངའི་ཞེས་བདག་ ཏུ་འཛིན་པར་ཉམས་སུ་མྱོང་བ་ཡིན་ཏེ། དེ་སྐད་དུ་ཡང་ལུས་མ་དམིགས་ཀྱང་བདག་ལ་དེ་འདི་ལྟར་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བདག་མིན་ཞེས་གསུངས་སོ། །བདག་ནི་དམིགས་པ་ཡང་མ་ཡིན་ནོ། །རེ་ཞིག་རང་རིག་པ་ནི་ཡུལ་ དང་དུས་ལ་སོགས་པ་མ་བཅད་པར་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། ཉེ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ལྷག་པར་ཞེན་པ་ཡང་མ་ཡིན་ཏེ། མཐོང་བའི་རྗེས་སུ་འབྲངས་པ་ན་མཐོང་བའི་ལུས་ལ་སོགས་པ་ཕྱི་རོལ་ལས་ཐ་དད་པ་ལ་ཡུལ་དང་དུས་རྣམ་པར་ཆད་པར་འཛིན་པའི་ཕྱིར་རོ། ། དེས་ན་ལུས་ལས་ཐ་དད་པའི་དངོས་པོ་རྣམ་པར་མ་ཆད་པའི་ཡོད་པ་ཅན་ཅི་ལྟར་འགྲུབ་བདེན་ཏེ། བདག་མངོན་སུམ་ནི་མ་ཡིན་ཏེ། ཉེ་བར་གནས་པ་ཙམ་ཡིན་པས་སྐད་ཅིག་མ་ཉིད་དུ་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་ལྟར་འདོད་པ་དང་ སྡང་བ་དང་འབད་རྩོལ་དང་། བདེ་བ་དང་སྡུག་བསྔལ་གྱི་ཤེས་པ་འབྲས་བུར་གྱུར་པ་རྣམས་ནི་རྟེན་དུ་གྱུར་པའི་རྒྱུ་བདག་ཅེས་བྱ་བ་རྟོགས་པར་བྱེད་པ་ཡིན་ནོ། །ཉམས་སུ་མྱོང་བ་དང་དྲན་པ་དང་འདོད་པ་ལ་སོགས་པ་དུས་ཐ་དད་པ་ཅན་རྣམས་ནི་དེའི་དུས་ན་ཡོད་པའི་དངོས་པོ་མེད་པར་འབྱུང་ བ་མ་ཡིན་ཏེ། གཞན་གྱི་དྲན་པ་དང་ལོངས་སྤྱོད་ལ་སོགས་པར་ཐལ་བའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་ནས་བཤད་པ། འདོད་པ་ལ་སོགས་པ་ནི་རྟེན་དུ་གྱུར་པའི་བདག་གིས་བྱིན་གྱིས་བརླབས་པའང་མ་ཡིན་ཏེ། བརྟེན་པ་ཉིད་དུ་མ་དམིགས་པའི་ཕྱིར་ཏེ། ཉམས་སུ་མྱོང་བའི་བག་ཆགས་ ཙམ་གྱིས་འབྱུང་བའི་ཕྱིར་རོ། །བཤད་པ་ནི། བདག་མིན་བྱིན་གྱིས་བརླབས་པ་མིན། །ཞེས་སྡུག་བསྔལ་དང་གཞི་མཐུན་པར་བྱས་ཏེ། སྔ་མ་དང་འབྲེལ་བའི་ཕྱིར་རོ། །བག་ཆགས་ལས་བྱུང་བ་ནི། གཞན་དུ་ཡང་འཐད་པར་བརྗོད་པ་ནི་རྒྱུ་མིན་ཞེས་བྱ་བའོ། །དེ་ལ་བརྟེན་པ་ཉིད་དུ་མ་དམིགས་ པར་བརྗོད་པ་ནི་རྟག་པའང་ཅི་ལྟར་ཞེས་བྱ་བའོ། །ཁས་བླངས་ནས་ཀྱང་རྟག་པ་ཉིད་ཀྱིས་མི་སྟོང་པའི་ཕྱིར་རིམ་གྱིས་བྱེད་པ་ཉིད་དང་འགལ་ལོ་ཞེས་བརྗོད་པ་ནི། དེའི་ཕྱིར་གཅིག་ལས་ཞེས་བྱ་བའོ། །དགོངས་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་ བཞི་བསྟན་ཏོ་ཞེས་བརྗོད་པ་ནི། མི་རྟག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བཤད་པ་འཛིན་ཏོ། །གལ་ཏེ་རྟག་པ་ཉིད་ལ་གོམས་པའི་དབང་གིས་དམིགས་པར་བྱ་བ་ཉིད་གཞན་འབྱུང་བ་ཡིན་ལ། རང་བཞིན་ནི་རྟག་པ་ཉིད་དོ་སྙམ་ ན། དམིགས་པར་བྱ་བ་ཉིད་ནི་ཞེས་གསུངས་སོ། །རྟག་པ་ཉིད་ཀྱིས་ན་མ་དམིགས་པའི་དུས་ན་ཡང་དམིགས་པར་བྱ་བ་ཉིད་ཡོད་སྙམ་དུ་དོགས་པ་བསུ་ནས་ཐམས་ཅད་ཀྱི་ཚེ་ཞེས་གསུངས་སོ། །དེ་ལྟ་ན་ཡང་རྟག་པ་ལ་ཆད་པ་ཅི་ཡོད་སྙམ་ན། རིམ་གྱིས་དམིགས་པ་ནི་ཞེས་གསུངས་ སོ། །གང་རིམ་གྱིས་དམིགས་པ་དེ་ནི་རྟག་པ་ཉིད་དོ། །ཅིའི་ཕྱིར་སྙམ་ན། གཅིག་ལ་ནི་ཞེས་གསུངས་སོ། །གང་གི་རྟག་པ་ཉིད་ལ་རིམ་མི་སྲིད་པ་དེའི་ཕྱིར་དེ་ལས་ལྡོག་པ་ན་མི་རྟག་པ་ཉིད་ལ་གནས་པས་དེས་ཁྱབ་པ་ཡིན་ནོ་ཞེས་དགོངས་པའོ། །གང་གིས་འདི་དེས་ཁྱབ་པོ་ཞེས་ བརྗོད་པ་ཅི་ལྟར་དེ་ལ་མི་སྲིད་པར་རྟོགས་སྙམ་ན། རིམ་པ་དང་ལྡན་པ་ནི་ཞེས་གསུངས་སོ། །འོ་ན་རྗེས་སུ་དཔག་པར་རིམ་པ་དང་ལྡན་པ་གཅིག་པ་ཉིད་དུ་རྟོགས་སོ་སྙམ་ན། དེ་མེད་ན་ཞེས་གསུངས་ཏེ། མངོན་སུམ་དེ་མེད་ནའོ། །ཅི་ལྟར་སྙམ་ན། མངོན་སུམ་སྔོན་ དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ་རག་མོད་དེ་ལྟ་ན་ཡང་རྗེས་སུ་དཔག་པ་མེད་པར་ཅི་ལྟར་འགྱུར་སྙམ་དུ་དོགས་པ་བསུ་ནས་རྗེས་སུ་དཔག་པ་ཞེས་གསུངས་སོ། །དེ་ཕྱིར་ཞེས་བྱ་བ་ནི་རིམ་གྱིས་དམིགས་པར་བྱ་བ་ཡིན་ པའི་ཕྱིར་རོ། །འདིས་ནི་མི་རྟག་པ་ཉིད་ཅེས་བྱ་བའི་རྣམ་པ་བརྗོད་པ་ཡིན་ནོ། །སྡུག་བསྔལ་ཉིད་ཅེས་བྱ་བ་ནི་རྣམ་པ་བཤད་པའི་དོན་དུ་བཤད་པ། སྡུག་བསྔལ་ཉིད་ནི་ཞེས་བྱ་བ་ནི་འཁོར་བ་ཅན་གྱི་ཕུང་པོའི་ཞེས་འབྲེལ་ཏོ། །ཅིའི་ཕྱིར་སྙམ་ན། ཆགས་པ་ལ་སོགས་པ་ཞེས་ གསུངས་སོ། །མི་རྟག་པ་ཙམ་ནི་སྡུག་བསྔལ་ཉིད་མ་ཡིན་ཏེ། ཟག་པ་མེད་པ་རྣམས་ཀྱང་དེར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཟག་པ་དང་བཅས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །རྒྱུ་ནི་བདག་དང་བདག་གིར་འཛིན་པའོ། །འབྲེལ་པའི་ཕྱིར་ནི་རག་ལས་པའི་ཕྱིར་ སྡུག་བསྔལ་ཡིན་གྱི་རྒྱུ་ཙམ་དང་འབྲེལ་པའི་ཕྱིར་ནི་མ་ཡིན། སྔ་མ་བཞིན་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དབང་ཞེས་བྱ་བ་ནི་བདག་དང་བདག་གིར་འཛིན་པའི་རྒྱུའི་དབང་ངོ་། །ཡང་གི་སྒྲ་ནི་ཞེས་བྱ་བ་ནི་མ་བཤད་པ་སྡུད་པའི་དོན་ཅན་ནིའོ། །གོམས་པ་ ཙམ་ལ་བརྟེན་པའི་ཕྱིར། འཁོར་བའི་ཕུང་པོ་རྣམས་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །སྟོང་པ་ཉིད་དང་བདག་མེད་པ་ཉིད་ཅེས་བྱ་བ་ནི་རྣམ་པ་གཉིས་གོ་རིམས་སུ་བརྗོད་པ་ནི། བདག་གི་རང་བཞིན་མ་ཡིན་ལ། །ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་བདག་གིས་ བྱིན་གྱིས་མ་བརླབས་སྙམ་པའི་དོགས་པ་སྤོང་བས། རྒྱུ་མིན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་རྒྱུ་མ་ཡིན་པ་ནི་ཞེས་བྱ་བའོ། །དེ་ལྟ་ན་ཡང་བྱིན་གྱིས་རློབ་པ་པོ་རྒྱུར་ཅི་ལྟར་འགྱུར་སྙམ་ན། ཕན་འདོགས་པའི་རྒྱུ་ཡང་ཞེས་བྱ་བའོ། །དེ་ལྟར་ན་བདག་གི་རང་བཞིན་མ་ཡིན་སྙམ་པའི་ དོགས་པ་སེལ་བས་རྟག་པའང་ཅི་ལྟར་སྐྱེད་བྱེད་ཡིན་ཞེས་བྱ་བ་དེ་འཆད་པ་ནི། གལ་ཏེ་ཕུང་པོ་རྣམས་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། རྟག་པ་ཉིད་དུ་འགྱུར་རོ་ཞེས་སྦྱར་རོ། །རྟག་པ་ཡིན་མོད་ཅི་སྐྱོན་སྙམ་ན། རྟག་པ་ནི་ཞེས་གསུངས་སོ། །སྐྱེད་བྱེད་མ་ཡིན་ན་ཡང་དངོས་པོ་ ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། སྐྱེད་པར་བྱེད་པ་མ་ཡིན་པ་ཡང་ཞེས་བྱ་བ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ཕུང་པོ་རྣམས་བདག་གི་རང་བཞིན་དུ་ཁས་ལེན་ན། དེའི་ཚེ་ཤེས་པ་དུས་ཐ་དད་པ་ཞེས་པ་ལ་སོགས་པ་ཡིན་ནོ། ། བྱིན་གྱིས་བརླབས་པའང་མིན་ཞེས་བྱ་བ་འདི་ལ་མི་དམིགས་པའི་ཚད་མ་བརྗོད་པ་ནི་བདག་གིས་བྱིན་གྱིས་ཞེས་བྱ་བའོ། །བདག་མིན་ཞེས་བྱ་བ་དེ་ལ་ཡང་འདི་ཉིད་བརྗོད་པ་ནི་ཕུང་པོ་རྣམས་ཀྱིས་ཞེས་བྱ་བའོ། །བྱིན་གྱིས་རློབ་པ་པོ་དབང་པོ་ལས་འདས་སྨྲ་བ་དག་གིས་སྨྲས་པ་ནི་གལ་ཏེ་ཞེས་བྱ་ བའོ། །གྲུབ་པའི་མཐར་ནི་སེམས་མི་རྟག་པ་བྱིན་གྱིས་བརླབས་པ་ཡིན་ཡང་འཐད་པའི་ཕྱིར། རྟག་པའི་སེམས་ཀྱིས་བྱིན་གྱིས་བརླབས་པར་མ་གྲུབ་པོ་ཞེས་སྨྲས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྫོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་འཇུག་པ་ཞེས་བྱ་བ་སྐབས་ཡིན་ནོ། །གལ་ཏེ་ཅི་ལྟར་ན་མི་རྟག་ པའི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཙམ་གྱིས་རྫོགས་པར་འགྱུར་ཏེ། འཇིག་རྟེན་ཕ་རོལ་མ་གྲུབ་པའི་ཕྱིར་རོ་སྙམ་ན། སེམས་པ་ཡང་ཞེས་གསུངས་སོ། །གལ་ཏེ་ཡང་འབྲས་བུ་ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བ་ཡིན་མོད། དེ་ལྟ་ན་ཡང་འདིར་གཞན་རྗེས་སུ་འབྲེལ་པ་མ་ ཡིན་ནོ་ཞེས་བྱ་བ་ག་ལས་ཡིན་ཏེ། དབང་པོ་ལས་འདས་པ་སྤོང་བར་བྱེད་པ་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དབང་པོ་ལས་འདས་པ་ནི་མི་སྤོང་གི་འོན་ཀྱང་གཞན་རྒྱུ་ཡིན་ན། མཐོང་བ་ཙམ་ལས་བྱུང་བའི་འབྲས་བུའི་ཁྱད་པར་བྱེད་པ་དང་འགལ་བ་ཡིན་ནོ་ཞེས་མཇུག་བསྡུ་བས་ སྟོན་པ་ནི། དེས་ན་ཞེས་བྱ་བ་སྟེ། གཞན་གྱི་རྒྱུ་ཅན་ལ་ནི་དེ་ཙམ་ལས་མི་འབྱུང་བས་ཁྱབ་ལ། མི་འབྱུང་བ་དང་འགལ་བ་ཡང་འབྱུང་བ་ཡིན་ཏེ། དེས་ན་འབྱུང་བའི་མཚན་ཉིད་ལ་ཁྱབ་པར་བྱེད་པ་མེད་ན། ཡོད་པ་ཡིན་ཡང་ཁྱབ་པར་བྱ་བ་ནུས་སྲིད་པར་ཅི་ལྟར་འགྱུར་ཞེས་བྱ་ བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་སྐྱེ་བ་མེད་པའི་རྒྱུ་རྟག་པ་རྣམས་ལའོ། །དེ་ལྟར་འདིར་ནི་འབྲས་བུ་སྐྱེ་བ་མེད་པ་མ་མཐོང་ངོ་། །ཅིའི་ཕྱིར་ཞེ་ན། མཚུངས་པ་ཞེས་གསུངས་སོ། །རུང་བའི་ཁྱད་པར་ནི་བག་ཆགས་ཀྱི་ཁྱད་པར་རོ། །གང་གིས་དེ་མེད་ པས་ཞེས་བྱ་བ་ནི་རྟག་པ་མེད་པས་འབྲས་བུ་མེད་པར་རོ། །དེས་ན་ཁྱད་པར་བྱེད་པ་དེ་ཙམ་ལས་མི་འབྱུང་བ་མེད་པ་ཡིན་ནོ། །ཁྱབ་པར་བྱེད་པ་མེད་ཀྱང་ཁྱབ་པར་བྱ་བ་ཡོད་པར་སྲིད་ན་ནི་རྒྱུ་རྣམས་ཀྱི་ཚད་མ་ངེས་པར་འགྱུར་རོ་ཞེས་བརྗོད་པ་ནི་རྗེས་སུ་འགྲོ་བ་ཙམ་གྱིས་ཞེས་བྱ་བའོ། །ནམ་མཁའ་ ལ་སྲེག་པ་དེ་དག་ནི་རྒྱུ་རྣམས་ཞེས་བྱ་བ་ནི་དབང་པོ་རྣམས་སོ། །འོན་ཏེ་ནམ་མཁའ་ལ་སོགས་པ་ཁྱབ་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དེ་དག་ཀྱང་ཞེས་གསུངས་སོ། །མི་མཚུངས་པར་དོགས་པ་བསུ་བ་ནི། དེ་དག་ནི་ཞེས་བྱ་བ་སྟེ་ནམ་མཁའ་ལ་སོགས་པ་དག་གོ། །ཁྱབ་པ་ དང་ཞེས་བྱ་བ་ནི་ལན་ནོ། །དེ་ཉིད་ཅེས་བྱ་བ་ནི་བྱིན་གྱིས་རློབ་པར་བྱེད་པ་པོ་མ་ཡིན་པ་ཉིད་དོ། །ཡུལ་ཁྱབ་པ་ཉིད་མེད་པའི་ཕྱིར་ན། དེ་ལ་ནི་མེད་པས་མེད་པ་ཡིན་ཏེ། དེས་ན་གཞན་གྱི་རྒྱུ་ཅན་གྱི་ཁྱབ་པ་བྱར་མེད་པ་ཡོད་པས་ན། དེའི་ནུས་པ་སྲིད་པ་ཁོ་ནའོ་སྙམ་དུ་དོགས་པ་བསུ་ནས་བཤད་ པ་ནི། རྟག་པ་ཁྱབ་བྱེད་ཅེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་འབྲས་བུ་ལའོ། །འོན་ཏེ་མ་ཁྱབ་པས་རྒྱང་རིང་པོ་ན་གནས་པ་རྣམས་ཅི་ལྟར་རྒྱུ་ཡིན་སྙམ་ན། ཉེ་བ་ཉིད་ཀྱིས་ཞེས་གསུངས་སོ། །ཅིའི་ཕྱིར་དེ་ལྟར་རྒྱུ་མ་ཡིན་སྙམ་ན། རིང་བ་ཡིན་ཡང་རྒྱུར་ཞེས་གསུངས་སོ། །གང་ གིས་མ་ཁྱབ་པའི་རྟག་པ་དེ་ལྟར་འགྱུར་བ་རྣམ་པ་དེ་ལྟ་བུའི་རྒྱུར་མཐོང་བ་གང་ཡིན་སྙམ་དུ་དོགས་པ་བསུ་ནས་སྒྲ་སོགས་ཞེས་གསུངས་སོ། །དེའི་ཕྱིར་རྟག་པ་ཉིད་ཐམས་ཅད་དུ་རྒྱུ་ཉིད་ཡིན་ཏེ། རྟག་པ་ཉིད་ཀྱིས་སྐྱེད་བྱེད་དུ་རང་བཞིན་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། དེས་ན་སྐད་ཅིག་མ་ཡང་ཅིའི་ཕྱིར་ཐམས་ཅད་ཀྱི་སྐྱེད་བྱེད་མ་ཡིན་ཞེས་བྱ་བའི་ཐལ་བ་མེད་དོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་སྡུག་བསྔལ་དེ་རྟག་པ་མ་ཡིན་ཏེ་རེས་འགའ་བ་ཡིན་པ་དེས་ན་གྲུབ་པ་ལ་བག་ཆགས་ལ་སོགས་པ་རྒྱུར་བྱེད་པ་ཡིན་ཏེ། རྗེས་སུ་ འགྲོ་བ་དང་ལྡོག་པ་དང་ལྡན་པའི་ཕྱིར་རོ། །རྟག་པ་ལྟར་མི་རྟག་པ་ཡང་ཅི་ལྟར་རྒྱུ་ཡིན་ཞེས་བྱ་བ་ནི་མི་འཐད་དོ་ཞེས་བརྗོད་པ་ནི། རེས་འགའ་བ་ཉིད་ཡིན་པས་ན་ཞེས་བྱ་བའོ། །རྒྱུ་དང་བཅས་པ་ཉིད་མ་ཡིན་ན། རེས་འགའ་བ་ཉིད་དུ་མི་འཐད་དོ་ཞེས་བརྗོད་པ་ནི། རྒྱུ་མེད་གཞན་ལ་མི་ལྟོས་ ཕྱིར། །ཞེས་བྱ་བའོ། །འདི་རང་གྲུབ་པར་བྱ་བའི་དོན་དུ། མེད་པ་གཞན་ལ་ལྟོས་པ་ན་ཕྱིས་ཀྱང་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེ་བཞིན་དུ་ཡོད་པ་ཡང་རང་བཞིན་སྔ་མ་ཁོ་ནར་ཡོད་པའི་ཕྱིར་དང་རང་གི་ངོ་བོ་མི་འགྱུར་བའི་ཕྱིར་ན། ལྟོས་པ་མེད་པ་ཉིད་དོ་ཞེས་བརྗོད་པ་ནི་གཞན་ལ་མི་ལྟོས་ཕྱིར་ རོ་ཞེས་བྱ་བ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་ན་ཀུན་འབྱུང་གི་བདེན་པ་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ནི་ཀུན་འབྱུང་གི་བདེན་པ་ཡང་ཞེས་བྱ་བའོ། །སྡུག་བསྔལ་ལ་རྒྱུ་མེད་དོ་ཞེས་བྱ་བ་དགག་པའི་ཕྱིར་རྒྱུ་ཉིད་ཅེས་བྱ་བ་ནི་རྣམ་པ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ལ་རྒྱུ་ནི་ཞེས་བྱ་བའོ། །རྒྱུ་གཅིག་ ཉིད་ནི་གཙོ་བོ་ལ་སོགས་པ་སྟེ། དེ་ཡོངས་སུ་སྤངས་པས་སོ། །གཙོ་བོ་ལ་སོགས་པ་ལྟར་སྲེད་པ་ལ་ནུས་པ་མེད་པ་ཡིན་ནོ་སྙམ་ན། རབ་ཏུ་སྐྱེ་བ་ནི་ཞེས་བྱ་བ་སྨོས་སོ། །གཙོ་བོ་ནི་ཉེ་བར་ལེན་པ་ཉིད་དེ་དེ་སྤངས་པས་སོ། །དེ་ལ་རེས་འགའ་བ་ཉིད་ཡིན་པས་ན་ཞེས་བྱ་བ་ནི་ཚིགས་སུ་བཅད་ པས་ནི་རྣམ་པ་དང་པོ་སྒྲུབ་པ་གཙོར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི་སྡུག་བསྔལ་གྱི་ནི་ཞེས་བྱ་བའོ། །དེ་ལྟར་ཅི་སྟེ་བསྟན་སྙམ་ན། །གཞན་ནི་ཞེས་གསུངས་སོ། །གཞན་ནི་རྒྱུ་མེད་པའོ། །འོ་ན་ཅི་ལྟར་རེས་འགའ་བ་ཡིན་སྙམ་ན། རྒྱུ་ལྡན་ལ་ནི་ཞེས་གསུངས་སོ། །འོ་ན་རྒྱུ་མེད་པ་ལ་ཅི་ཞིག་ འཐད་སྙམ་ན། རྒྱུ་མེད་པའི་ཞེས་གསུངས་སོ། །ཡང་ན་གཞན་ཉིད་འགྱུར་ཞེས་བྱ་བ་ནི་མེད་པ་ཉིད་དུའོ། །ཅི་གང་གིས་དེ་སྐད་བརྗོད་པ། རྒྱུ་མེད་པ་འགའ་ཞིག་དེ་ལྟར་མཐོང་བ་ཡོད་དམ་སྙམ་ན། དཔེར་ན་རབ་རིབ་ཅན་གྱི་སྒྲ་ལ་སོགས་པའི་ཤེས་པ་ཡུལ་གྱི་རྒྱུ་དང་བྲལ་བ་མིག་བྱེ་བ་ ཙམ་ལས་བྱུང་བ་ཐམས་ཅད་དུ་འབྱུང་བ་སྡུག་བསྔལ་ཡང་རྒྱུ་དང་བྲལ་ན་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པ་ནི་ཅི་ལྟ་ཞེས་བྱ་བའོ། །སྐྲ་ལ་སོགས་པ་ཞེས་བྱ་བ་འདི་ཉིད་དུ་བཅད་དོ། །ཅི་ལྟར་རྟག་པར་འགྱུར་སྙམ་ན། ཡུལ་མེད་ན་ཡང་ཞེས་གསུངས་སོ། །ཡང་ན་རྒྱུ་མ་ངེས་པ་ཉིད་ ཀྱིས་རྒྱུ་མེད་པའི་ཕྱིར་ཏེ། དཔེར་ན་ཆོས་ཀྱི་དབྱིངས་རྟག་ཏུ་ཡོད་པ་དེ་བཞིན་དུ་སྡུག་བསྔལ་ཡང་འགྱུར་རོ་ཞེས་བརྗོད་པ་ནི། རང་རིག་པས་ནི་རྟོགས་བྱ་བ། །ཞེས་བྱ་བའོ། །རང་རིག་པས་ཞེས་བྱ་བས་ནི་ཚད་མ་བརྗོད་དོ། །དེས་ན་ཞེས་པ་ནི་སྟོང་པ་ལ་ དམིགས་པ་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། རྨི་ལམ་བཞིན་ནོ། །རང་གི་ངོ་བོ་ནི་རྨི་ལམ་ན་ཡང་ཚད་མ་ཅན་ཡིན་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་དང་བྲལ་བའི་མཚན་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་དེས་རྟོགས་པར་བྱ་བ་ཡིན་ནོ། །དེ་ཡང་མ་ངེས་པ་ཉིད་ཀྱིས་རྒྱུ་མེད་ པ་ཅན་དང་བྱུང་བ་འབྱུང་བར་འགྱུར་བ་དང་། ད་ལྟར་བའི་དུས་ཁྱབ་པས་ན་རྟག་ཏུ་ཡོད་པ་ཡིན་ནོ། །དེ་ཉིད་ཀྱིས་རེས་འགའ་བ་མ་ཡིན་པ་ཡིན་ནོ། །ཅི་ལྟར་མི་རྟག་པ་ཉིད་རྒྱུ་ངེས་པ་མེད་པས་རྒྱུ་མེད་པ་ཅན་ཡིན་པ་དང་རེས་འགའ་བ་མ་ཡིན་པ་བཞིན་ནོ། །མེད་པར་འགྱུར་ཞེས་བྱ་བ་ནི་འཆད་ པ་ནི་མོ་གཤམ་བུ་སོགས་ཞེས་བྱ་བའོ། །གལ་ཏེ་རེས་འགའ་བ་ཉིད་ཀྱིས་སྡུག་བསྔལ་ལ་རྒྱུ་ཡོད་མོད་དེ་ནི་འབྱུང་བ་ཆེན་པོའི་བདག་ཉིད་ཁོ་ན་ཡིན་གྱི། མ་རིག་པ་དང་སྲེད་པ་དང་ལས་ལ་སོགས་པའི་རང་བཞིན་ནམ། དབང་ཕྱུག་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །འབྱུང་བ་ ཆེན་པོ་རྒྱུ་ཡིན་པ་ཉིད་ན། འཇིག་རྟེན་ཕ་རོལ་གྲུབ་པ་བཀག་པ་ཡང་མ་ཡིན་ཏེ། སྲེད་པ་དང་པོའི་སེམས་འདུ་བྱེད་ཀྱི་རྗེས་སུ་བྱེད་པ་ཉིད་ཀྱིས་སེམས་གཞན་གོ་བར་བྱེད་པ་ཡིན་པའི་ཕྱིར་སེམས་ཀྱི་རང་བཞིན་གྱི་འཇིག་རྟེན་གཞན་གྲུབ་ཀྱང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་ བཞིན་གྱི་གནས་སྐབས་རྣམས་འབྱུང་བ་ཆེན་པོ་ཙམ་གྱི་རྒྱུ་ཙམ་དུ་གྲུབ་པས་ན། ལས་ལ་སོགས་པའི་སེམས་པའི་རྒྱུ་ཅན་དུ་མི་འགྲུབ་པོ་ཞེས་རྩོད་པར་བྱེད་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་ཆོས་ཅན་སྐྱེད་པར་བྱེད་པའི་འབྱུང་བ་ཙམ་ལས་སྐྱེས་པའི་ཕྱིར་སེམས་དང་ལྡན་པའི་ རྒྱུ་མེད་པ་དེ་བཞིན་དུ་སྲིད་པའི་ཕྱིར་རང་བཞིན་འཇིག་རྟེན་གཞན་ན་ཡོད་པའི་སེམས་ཅན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཁྱད་པར་དུ་རྟོགས་པ་འདི་དག་ཀྱང་རྒྱུ་མེད་འགྱུར་ཏེ། སེམས་པ་དང་ལྡན་པའི་རྒྱུ་ཡོད་པ་མ་ཡིན་པར་འགྱུར་རོ་ཞེས་ནི་ཁ་ཅིག་སྟེ། རྒྱུ་མེད་པར་ སྨྲ་བ་རབ་ཏུ་བརྗོད་དོ། །རང་བཞིན་ཉིད་ཀྱིས་བྱ་བ་ལ་སོགས་པ་ནི་འཕང་མདུང་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏོ། །དེ་ལ་ཁྱད་པར་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་མགར་བ་ལ་སོགས་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པར་རྣམ་པར་འགྲེལ་ཏོ། །དེ་ལ་དོན་ནི་འདི་ཡིན་ཏེ། འབྱུང་བ་ཆེན་པོའི་རང་བཞིན་ནི་འབྱུང་བ་ཆེན་པོ་ཉིད་ལས་བྱུང་བའི་ཕྱིར་སེམས་པ་དང་ལྡན་པས་མི་བྱེད་དོ། །འོན་ཀྱང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་ཁྱད་པར་འབའ་ཞིག་བྱེད་པ་ཡིན་ནོ། །ཚོར་བའི་རྣོ་བ་ལ་སོགས་པའི་རང་བཞིན་དེ་དག་ཀྱང་ཆོས་ཅན་གྱི་རྒྱུས་བསྐྱེད་ པར་བྱ་བ་ཉིད་དུ་མཐོང་ངོ་ཞེས་བྱ་བའོ། །སེམས་འཆི་བ་ཞེས་བྱ་བའི་དོན་གང་ཡིན་པ་དང་། སྐྱེ་བ་གཞན་ཡོངས་སུ་འཛིན་པའི་སྐྱེ་བ་རྣམས་སོ། །མཚུངས་པ་དེ་མ་ཐག་པའི་ཤེས་པའི་བདག་ཉིད་དབང་པོ་དྲུག་པོ་ནི་ཡོད་དོ། །དེ་ཙམ་ལ་བརྟེན་པའི་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ སྟེ། མིག་ལ་སོགས་པ་ལ་མི་རྟེན་པའི་ཕྱིར་ན། རྣམ་པར་རྟོག་པ་དང་ལྡན་པའི་རྒྱུ་མེད་ཀྱང་། རྣོ་བ་ཡོད་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །གང་གི་ཚེ་ཞེས་དགོས་ན། ཁྱད་པར་མགར་བ་ལ་སོགས་པ་མེད་ཀྱང་ཞེས་བྱ་བའོ། །ཡང་ན་མགར་བ་ལ་སོགས་པ་མེད་ན་རྣོ་བ་ ཡོད་པའི་ཕྱིར་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་འབྲེལ་ཏོ། །གང་གི་ཚེ་ཞེ་ན་དེ་མེད་ཀྱང་ཞེས་བྱ་བ་འཕང་མདུང་ལ་སོགས་པ་མེད་ཀྱང་ངོ་། །གལ་ཏེ་དེ་ནི་མགར་བའི་ཡང་འབྲས་བུ་ཡིན་ནོ་ཞེ་ན། རྒྱུ་ངེས་པ་མེད་པ་ཅན་འདི་ཉིད་ཅེས་གསུངས་སོ། །གང་ལ་རྒྱུ་ངེས་པ་མེད་པ་ཡོད་པ་དེ་ནི་རྒྱུ་ མེད་པ་ཅན་ནོ། །གལ་ཏེ་དེ་ལྟར་རྒྱུ་མེད་པར་འགྱུར་བས་རྒྱུ་མེད་པ་ཅན་དུ་ཅི་ལྟར་འགྱུར་སྙམ་ན་མ་ཡིན་ཏེ། རྒྱུ་ངེས་པ་མེད་པ་ཅན་ནི་དེའི་རྒྱུ་ཅན་གྱི་དུས་ན་གཞན་གྱི་རྒྱུ་ཅན་ཉིད་ཡོད་པ་ཡིན་ལ། གཞན་གྱི་རྒྱུ་ཅན་གྱི་དུས་ན་ཡང་དེའི་རྒྱུ་ཅན་ཡོད་པ་ཡིན་ནོ། །དེས་ ན་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་རོ། །དོན་ལ་སྦྱོར་བ་ནི་དེ་བཞིན་དུ་ཞེས་བྱ་བའོ། །དཔེ་གང་གི་སྟོབས་ཀྱིས་སྡུག་བསྔལ་རྒྱུ་མེད་པ་ཅན་དུ་འགྱུར་བ་དེ་ཉིད་སུན་འབྱིན་པ་ནི་གང་ཡོད་ཉིད་ན་ཞེས་བྱའོ། །དེ་ནི་ཞེས་བྱ་བ་ནི་རང་གི་རྒྱུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་ སུ་བྱེད་པའོ། །དེ་རྣམས་ལ་ཞེས་བྱ་བ་ནི་ཚེར་མའི་རྣོ་བ་ལ་སོགས་པ་དག་ལའོ། །གལ་ཏེ་དེ་ལྟ་ན་ཡང་གང་གིས་སྡུག་བསྔལ་རྒྱུ་དང་བཅས་པར་འགྱུར་བ་ཚོར་བ་ལ་སོགས་པ་རྒྱུ་དང་བཅས་པར་ཅི་ལྟར་འགྱུར་སྙམ་ན། འདི་ལ་བསམ་པ་ནི་ཞེས་བྱ་བའོ། ། དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་ཁྱད་པར་དེ་དག་ནི་ཞེས་སྦྱར་བར་བྱའོ། །ཇི་ལྟར་རྒྱུ་མེད་པར་འགྱུར་ཞེ་ན། རྒྱ་ཤུག་གི་ཞེས་བྱ་བ་སྨོས་སོ། །རྒྱུ་ངེས་པ་མེད་པའི་ཕྱིར་རྒྱུ་མེད་པ་ཅན་དུ་དོགས་པ་བསུ་བ་ནི། འོན་ཏེ་མགར་བས་ཀྱང་ཞེས་བྱ་བའོ། །དེས་ན་ནི་མགར་བས་བྱེད་པས་ནའོ། །དེ་ སྐད་ཅེས་བྱ་བ་ནི་རྒྱུ་མེད་པ་ཉིད་དུའོ། །ལས་ཀྱི་རང་གི་སེམས་པས་བསྐྱེད་པར་བསམས་ནས་ལན་འདེབས་པ་ནི་བློ་སྔོན་བྱེད་པ་ཞེས་བྱ་བའོ། །གལ་ཏེ་རྒྱ་ཤུག་གི་ཚེར་མ་ལ་སོགས་པ་མགར་བས་བྱས་པའི་རྣོ་བ་ལས་ཁྱད་པར་མེད་པ་ཡིན་ན་དེ་བཞིན་དུ་དེ་ཡང་བློ་དང་ལྡན་པའི་རྒྱུར་ འགྱུར་བ་ཡིན་ལ། དེ་ལྟ་ན་ཡང་དབང་ཕྱུག་བྱེད་པ་པོ་ཉིད་དུ་འགྱུར་ལ། དབང་ཕྱུག་ཀྱང་སེམས་པའི་རང་བཞིན་ལས་ཐ་མི་དད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་གཏན་ཚིགས་དེའི་ཕྱིར་རྒྱ་ཤུག་གི་ཚེར་མ་ལ་སོགས་པ་རྒྱུ་མེད་པ་མ་ཡིན་ནོ། །དཔེ་དེ་ཉིད་ལས་ཞེས་བྱ་བ་ ནི་མགར་བས་བྱས་པའི་རྣོ་བ་ལས་སོ། །འོན་ཏེ་ཐ་དད་པའི་ཞེས་དོགས་པ་བསུ་བ་ནི་ཁྱད་པར་ཞེས་བྱ་བའོ། །ལྕགས་དང་རྒྱ་ཤུག་གི་རྣོ་བ་གཉིས་ལ། ཁྱད་པར་རྟོག་པ་དེས་ན་བློ་དང་ལྡན་པ་རྒྱུ་ཉིད་ནི་ཞེ་ན། ལན་དུ་ཁྱད་པར་ཡོད་མོད་ཅེས་བྱ་བའོ། །ལྕགས་ དང་རྒྱ་ཤུག་གི་ཚེར་མའི་རྣོ་བ་ལ་ཡོད་པའི་ཁྱད་པར་རྒྱུ་དང་བཅས་པ་ཉིད་ཡིན་གྱི། རྒྱུ་མ་ངེས་པ་ནི་མ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་འགའ་ཞིག་ཅེས་བྱ་བའོ། །འབྲས་བུ་གང་ཞིག་རྒྱ་ཤུག་གི་ས་བོན་ལས་སྐྱེ་བ་དེ་ཉིད་ནི་མགར་བ་ལ་སོགས་པ་ལས་མ་ཡིན་ཏེ། དེས་ ན་རྒྱུ་ངེས་པ་མེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྩིས་བསྒྱུར་བའི་གསེར་བྱས་པ་ཡིན་ཡང་མ་བྱས་པ་བཞིན་དུ་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་ལྕགས་དང་རྒྱ་ཤུག་གི་ཚེར་མ་དག་གི་ཁྱད་པར་མི་མཐོང་བ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། བདེན་ པར་སྣང་བར་འདོད་པ་ཡང་མི་བདེན་པར་འགྱུར་ཏེ། མི་བདེན་པ་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ཁྱད་པར་མེད་པ་ཁོ་ནར་ཟད་ཅེས་བྱ་བའོ། །ཇི་ལྟར་ཁྱད་པར་མི་སྲིད་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །མཐོང་བ་ཙམ་གྱིས་ཞེས་བྱ་བ་ནི་ རང་བཞིན་གསལ་བ་ཙམ་གྱིས་སོ། །དེ་ལྟ་ན་ཡང་ཁྱད་པར་མེད་པ་སྣང་བ་ཙམ་ནི་གཉིས་སུ་མེད་པར་འགྱུར་ཞེས་བརྗོད་པ་ནི། གཉིས་མེད་དེ་ཉིད་ཅེས་བྱ་བ་སྟེ། སྔར་བཤད་ཟིན་པ་གང་ཡིན་པའོ། །གང་ཞིག་སྔར་བརྗོད་ཟིན་པ་དེ་ཉིད་རྒྱུ་མེད་པ་ཡིན་པར་འགྱུར་རོ། །འོ་ན་ ཇི་ལྟར་རྒྱུ་དང་བཅས་པར་འགྱུར་སྙམ་དུ་དོགས་ན། དེའི་ཕྱིར་གང་ལས་ཞེས་བྱ་བའོ། །འདི་གང་ལས་སྙམ་ན། འདི་ལྟར་ཞེས་བྱ་བའོ། །འདི་ཉིད་གསལ་འདེབས་པ་ནི་དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ནི་ཁྱད་པར་མེད་པ་ཡིན་ནའོ། །བཟློག་པ་ནི་རྒྱུ་མེད་པ་ཉིད་དོ། །རྒྱུ་ཉིད་བསྒྲུབ་པའི་ ཕྱིར། སྒྲུབ་པར་བྱེད་པ་བརྗོད་པ་གང་ཡིན་པ་དེ་ལ་མ་ངེས་པ་ཉིད་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །མེད་པའི་ཕྱིར་རོ་ནི་སྐབས་ཀྱིས་ན་མཐོང་བའོ། །འདི་ལ་ནི་རྒྱུ་ཉིད་ཀྱི་སྒྲུབ་བྱེད་དུ་གྱུར་པའི་ལྡོག་པ་མེད་དོ་ཞེས་རེ་ཞིག་རང་ཉིད་ལན་འདེབས་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱའོ། ། དེས་ན་ཞེས་བྱ་བ་ནི་རྣམ་དབྱེ་མེད་པས་ནའོ། །ཇི་ལྟར་འདི་གཉིས་དབྱེ་བ་མེད་ན་གང་གིས་དེ་མེད་ན་མི་མཐོང་བའི་ཕྱིར་མི་འགྱུར་སྙམ་དུ་དོགས་པ་བསུ་ནས་དེར་ནི་ཞེས་སྨོས་སོ། །དེས་ན་དེ་མེད་པར་མཐོང་བ་མི་སྲིད་པ་ཡིན་གྱི་རེག་པ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དགོངས་ པའོ། །ཅི་སྟེ་གཟུགས་ཡོད་ཀྱང་རེག་པ་མེད་པར་མཐོང་བ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བཤད་པ། གལ་ཏེ་གཟུགས་ན་ནི་ཞེས་བྱ་བ་ནི་རེག་པ་མེད་པར་ཞེས་བྱ་བ་དང་འབྲེལ་ཏོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། མཐོང་བར་འགྱུར་བ་ཁོ་ནའོ་ཞེས་སྦྱར་རོ། །གཟུགས་མེད་ ན་རླུང་ལ་མིག་གི་རྣམ་པར་ཤེས་པ་མི་འབྱུང་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཅི་སྟེ་འདི་ལྟ་བུར་གྱུར་པའི་ལྡོག་པ་ཡང་རྒྱུ་ཉིད་ཀྱི་རྒྱུ་མཚན་དུ་འགྱུར་རོ་སྙམ་ན། རྣམ་པ་འདི་ལྟ་བུའི་ལྡོག་པ་ལས་ནི་ཞེས་གསུངས་སོ། །རྒྱུར་ཞེས་བྱ་བ་ནི་རེག་པ་མཐོང་བ་ལ་ལྟོས་ནས་ཞེས་བྱ་བ་ ནི་སྐབས་ཡིན་ནོ། །འོ་ན་ཇི་ལྟར་རྒྱུ་ཡིན་སྙམ་ན། འོན་ཀྱང་ཞེས་སྨོས་སོ། །དེ་ལྟར་བསྟན་པར་ནུས་ན་ནི་དེའི་ཚེ་རེག་པ་རྒྱུ་ཉིད་དུ་འགྱུར་རོ། །དེ་ལྟར་ནི་ནུས་པ་མ་ཡིན་ཏེ། །དེས་ན་རྒྱུ་མ་ཡིན་ནོ། །ཡང་ན་བརྒྱུད་ནས་རྒྱུ་ཡིན་པ་ ཉིད་དོ་ཞེས་རྩ་བས་ལན་འདེབས་པ་ནི་ཡང་ན་ཞེས་བྱ་བའོ། །ཅི་གང་གིས་མཐོང་བའི་རྒྱུ་མཚན་དུ་འགྱུར་བ། ཇི་ལྟར་རེག་པ་གཟུགས་ཀྱི་རྒྱུ་ཉིད་ཡིན་སྙམ་དུ་དོགས་པ་བསུ་ནས་བརྗོད་པ་ནི་ཕན་ཚུན་མི་འབྲལ་ཉིད་ཀྱིས་ཞེས་བྱ་བའོ། །ལྷན་ཅིག་འབྱུང་བའི་རྒྱུ་ཁས་བླངས་ནས་དེ་ སྐད་བརྗོད་པར་རྟོགས་པར་བྱའོ། །ཡང་ན་སྔ་ཕྱིར་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི་བརྟེན་པའི་རང་བཞིན་གཟུགས་ཀྱི་ཞེས་བྱ་བ་སྟེ། ལུང་གི་སྐད་ཀྱིས་འབྱུང་བ་ལས་གྱུར་པའི་གཟུགས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རེག་པའི་གཟུགས་ཀྱི་རྒྱུ་ཡིན་པའི་གཏན་ཚིགས་ དེས་ནའོ། །གཏན་ཚིགས་ནི། གང་ཡོད་ཉིད་ན་གང་སྐྱེ་བ། ཞེས་བྱ་བ་དེའོ། །དེའི་ཕྱིར་ཅི་ལྟར་ཚེར་མ་ལ་སོགས་པ་རྒྱུ་དང་བཅས་པ་ཡིན་པ་དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ཡིན་ནོ་ཞེས་བྱ་བ་གནས་སོ། །དེ་ལྟར་རྣམ་པ་དང་པོ་བསྒྲུབས་ནས་མཇུག་སྡུད་པ་ནི་དེ་ལྟར་ ན་རེ་ཞིག་ཅེས་བྱ་བའོ། །གཉིས་པ་ཞེས་བྱ་བ་ནི་རྒྱུ་གཅིག་ཉིད་བཀག་པའོ། །རྒྱུ་དང་བཅས་པ་ཡིན་ཡང་ཞེས་བྱ་བ་ནི་རྣམ་པ་དང་པོ་དང་བཅས་པ་ཡིན་ཡང་ངོ་། །རྒྱུ་གཅིག་ཉིད་དུ་མི་འདོད་དེ་དེས་ན་དེ་དགག་པའི་ཕྱིར་རྣམ་པ་གཉིས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྟག་ པ་གཅིག་པུ་རྒྱུ་ཡིན་པ་བཀག་ཅེ་ན། གལ་ཏེ་ཞེས་བྱ་བའོ། །གཅིག་ཅེས་བྱ་བ་ནི་གལ་ཏེ་སྔ་མ་དང་ཕྱི་མར་གཅིག་པའི་རྒྱུ་རང་བཞིན་རྒྱུ་ཡིན་ན། དེའི་ཚེ་རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཐམས་ཅད་ཀྱི་ཚེ་འབྲས་བུ་ཐམས་ཅད་འགྱུར་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་བྱེད་ པ་ལ་ལྟོས་ནས་རིམ་གྱིས་བྱེད་དོ་སྙམ་ན། ལྟོས་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ཉིད་གང་ལས་ཤེ་ན། རྟག་པ་ནི་ཞེས་གསུངས་སོ། །ཅིག་ཅར་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་གཙོ་བོ་ལ་སོགས་པ་ཞེས་བྱ་བའོ། །འགོག་པའི་རྒྱུ་མཚན་རིམ་དང་རིམ་གྱིས་མ་ཡིན་པ་ དང་བྲལ་བ་འདི་ཡང་། དེ་ག་ལས་ཤེ་ན་ཞེས་བྱ་བའི་རྩོད་པ་སྔོན་དུ་འགྲོ་བ་ཅན་གྱིས་གསལ་བར་བྱེད་པ་ནི་ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་དབང་ཕྱུག་ལ་སོགས་པ་ནི་རབ་ཏུ་སྐྱེ་བ་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། རྣམ་པ་གསུམ་པ་རབ་ཏུ་སྐྱེ་བ་ ཉིད་མ་ཡིན་ནོ་ཞེས་བྱ་བའོ། །འོ་ན་དེ་སུའི་ཡིན་སྙམ་ན། རྣམ་པ་འདི་ནི་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་རབ་ཏུ་སྐྱེ་བ་སྲེད་པ་ཉིད་ཀྱི་ཡིན་པའོ། །རྟག་པ་རྣམས་ནི་ནུས་པ་མེད་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །གང་གི་ཕྱིར་རྟག་པ་རྣམས་ནུས་པ་མེད་པའི་ཕྱིར་རབ་ ཏུ་སྐྱེ་བ་ཉིད་མ་ཡིན་པ་དེའི་ཕྱིར་སྲིད་པའི་འདོད་པ་ཉིད་སྐྱེ་བ་ཡོངས་སུ་འཛིན་པའི་མཚན་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །འདི་ག་ལས་སྙམ་ན་གང་གི་ཕྱིར། འཇིག་རྟེན་རྣམས་ཀྱི་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་པ་བདག་གིར་བྱེད་པ་ནི་ཡུལ་གྱི་ཁྱབ་པར་འདོད་པས་བྱས་པར་མཐོང་ བ་ཡིན་ནོ། །ལས་དང་ལུས་མ་རིག་པ་ལ་སོགས་པ་ནི་རྒྱུ་ཡིན་ཡང་ཡུལ་གྱི་ཁྱད་པར་དུ་ཕྱིན་པ་ནི་སྲིད་པ་ཉིད་ཀྱིས་བྱ་བ་ཡིན་ནོ་ཞེས་བཤད་པ་ནི་རྒྱུ་གཞན་ནམ་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི་ལས་སམ་ཞེས་བྱ་བའི་གཏན་ཚིགས་བརྗོད་པ་ནི་སྲེད་པ་མེད་ན་ཞེས་བྱ་ བའོ། །ཡོངས་སུ་འཛིན་པ་དེས་བྱ་བ་ཡིན་ཡང་སྐྱེ་བ་ཐོབ་པ་དེ་ལྟར་ཅི་སྟེ་འགྱུར་སྙམ་ན། ཡོངས་སུ་འཛིན་པ་དེ་ཡང་ཞེས་བྱ་བའོ། །གང་གི་ཕྱིར་སྐྱེ་བ་རྗེས་སུ་འབྲེལ་པ་ཡོངས་སུ་འཛིན་པ་ལས། གཞན་མ་ཡིན་པ་དེས་ན་སྐྱེ་བ་རྗེས་སུ་འབྲེལ་པ་འདི་རབ་ཏུ་སྐྱེ་བ་ནི་སྲིད་པ་ཁོ་ན་ཡིན་ ནོ། །ཕྱིན་པར་བྱེད་པའི་བྱ་བ་ཅན་ཡིན་པའི་ཕྱིར་ན་སྲེད་པ་ཉིད་རབ་ཏུ་སྐྱེ་བ་ཡིན་མོད། སྲེད་པ་འདོད་གོ་ཇི་ལྟར་ཡིན་སྙམ་ན་དེ་ནི་དེ་ཉིད་ཡིན་ནོ་ཞེས་བརྗོད་པས་ནི་སྲེད་འདོད་ནི་ཞེས་བྱ་བའོ། །གལ་ཏེ་སྲེད་པ་ཙམ་ནི་ཀུན་འབྱུང་མ་ཡིན་ཏེ། མདོ་ལས་འདོད་པའི་སྲེད་པ་ལ་སོགས་པ་གསུམ་ ཀུན་འབྱུང་དུ་བསྟན་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ཡུལ་གྱི་ཞེས་བྱ་བའོ། །སྲེད་པ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བོ་དོན་དུ་གཉེར་བའི་རྣམ་པའོ། །དེ་ཉིད་ཀྱི་ཕྱིར་ཡང་སྲེད་པའི་དགོས་པ་ཅན་ཡིན་པའི་ཕྱིར་ཡང་འབྱུང་བ་ཅན་ནོ། །དགའ་བ་དང་འདོད་ཆགས་ དེ་གཉིས་དང་ལྡན་པའི་འདྲེས་པ་སྟེ། སྐྱེ་བ་དང་འཆི་བའི་རྒྱུན་གྱིས་འཆོལ་མར་སྐྱེ་བའི་ཕྱིར་ཡིན་གྱི་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ཏེ། འདོད་ཆགས་གཉིས་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །དེ་ལ་དགའ་བ་ནི་ད་ལྟར་བའི་དོན་ལ་དམིགས་པ་ ཉོན་མོངས་པ་ཅན་གྱི་རྟོགས་པའོ། །འདོད་ཆགས་ད་ལྟར་བའི་དོན་ལ་དམིགས་པའི་མངོན་པར་ཞེན་པ་ཉིད་དོ། །འདི་སྐད་བརྗོད་པར་འགྱུར་ཏེ། གང་གི་ད་ལྟར་གྱི་ཚེའི་དངོས་པོ་ལ་ཉོན་མོངས་པ་ཅན་གྱི་རྟོག་པ་དང་མངོན་པར་ཞེན་པ་རབ་ཏུ་སྐྱེ་བ་དེས་ན། །དེ་ལྟ་བུར་ གྱུར་པའམ། དེ་ལས་ཁྱད་པར་འཕགས་པའི་མ་འོངས་པ་ལ་ཡང་འདོད་པ་ཡིན་ནོ། །གང་དག་ད་ལྟར་བའི་དངོས་པོ་ཉིད་ལ་དགའ་བ་དང་འདོད་ཆགས་ལས་གྲོལ་བ་དེ་དག་ཇི་ལྟར་མ་འོངས་པའི་དངོས་པོ་དོན་དུ་གཉེར་བར་བྱེད། དེ་དང་དེར་མངོན་པར་དགའ་བ་ཅན་ཞེས་བྱ་ བ་ནི་སྲིད་པ་དང་ལོངས་སྤྱོད་པ་ལ་སོགས་པ་ཐམས་ཅད་ལ་དོན་དུ་གཉེར་བའི་རྣམ་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདོད་པའི་ཁམས་དོན་དུ་གཉེར་བའི་རྣམ་པ་ནི་འདོད་པའི་སྲེད་པའོ། །འདོད་པར་བྱས་པས་ན་འདོད་པས་དེ་གཟུགས་ལ་སོགས་པའོ། །དེ་ལ་དོན་མེད་ པ་མང་པོ་དང་ལྡན་ཞིང་སྙིང་པོ་མེད་པ་རྣམས་ལ་སྙིང་པོར་འདུ་ཤེས་པ་རྣམས་སྲིད་པ་བརྒྱུད་པ་ཐོག་མ་མེད་པ་ནས་གོམས་པས་བསྐྱེད་པ་བདེ་བར་སྲེད་པ་སྐྱེ་བ་ནི་འདོད་པའི་སྲེད་པ་ཞེས་བརྗོད་དོ། །གཟུགས་དང་གཟུགས་མེད་པ་དོན་དུ་གཉེར་བ་ནི་སྲིད་པའི་སྲེད་པའོ། ། སྡུག་བསྔལ་དང་བྲལ་བར་འདོད་པ་ནི་འཇིག་པའི་སྲེད་པའོ། །གང་ལས་ཞེས་བྱ་བའི་ཡང་གི་སྒྲ་ནི་སྡུད་པའི་དོན་ཅན་ནི་འབྲེལ་པའི་ཕྱིར་ན་དེ་ཡང་ཞེས་བྱ་བར་འགྱུར་རོ། །སྲིད་པའི་སྲེད་པ་འབའ་ཞིག་ནི་སྲིད་འདོད་མ་ཡིན་གྱི་འོན་ཀྱང་དེ་ཡང་ཡིན་ནོ། །དེ་ཞེས་བྱ་བ་ གང་ཡིན་ཞེ་ན། འདོད་པ་གང་ལས་སྲོག་ཆགས་ཤེས་རབ་དང་བྲལ་བ་འཇུག་པའི་ཇི་ལྟར་འཇུག་སྙམ་ན། བདེ་བ་དང་སྡུག་བསྔལ་དང་འབྲེལ་པ་ཐོབ་དང་དོར་བར་འདོད་པས་སོ། །འདིར་ནི་ཉེ་བར་མཁོ་བ་ལ་སོགས་པའི་ཡུལ་ཅན་གྱི་སྲེད་པ་འཇུག་པའི་རྒྱུར་བརྗོད་པ་ཡིན་ནོ། ། བདེ་བ་དང་སྡུག་བསྔལ་ཐོབ་པ་དང་དོར་བར་འདོད་པ་དེ་དག་ཉིད་ལ་མདོ་ལས་རྣམ་པར་ཕྱེ་ནས་འདོད་པའི་སྲིད་པ་དང་འཇིག་པའི་སྲེད་པའི་སྒྲས་བརྗོད་དོ་ཞེས་བཤད་པ་ནི། འདོད་པ་དང་འཇིག་པའི་འདོད་པ་དེ་དག་ཉིད་ཡིན་ནོ་ཞེས་བྱ་བའོ། །དེ་ཇི་ལྟར་ན་དེའང་སྲིད་འདོད་ཡིན་ སྙམ་ན། གང་འདི་ཞེས་གསུངས་སོ། །སོགས་པའི་སྒྲས་ནི་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བ་དག་གཟུང་ངོ་། །དོན་འདི་ཡིན་ཏེ་སྲིད་པའི་སྒྲས་ནི་འཁོར་བའི་རྣམ་གྲངས་སུ་ཡིན་ལ། འཁོར་བ་དང་གནས་དང་ཉེ་བར་མཁོ་བ་དང་། བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་བྲལ་བའོ། །དེ་ལ་འདོད་པ་ཡང་རྣམ་པ་གསུམ་འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །སྲིད་པའི་འདོད་པ་དེ་ནི་ཐམས་ཅད་ཉིད་ཡིན་ཏེ། གཅིག་ཁོ་ན་ནི་མ་ཡིན་ནོ། །འདི་ཉིད་རྣམ་པར་དབྱེ་བ་ནི་འདོད་པའི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་ཕྱེ་བ་ཉིད་ངེས་པར་ སྟོན་པ་ནི་གང་ཞིག་ཅེས་བྱ་བའོ། །སོགས་པའི་སྒྲས་ནི་ཉེ་བར་མཁོ་བ་རྟོགས་པར་བྱེད་དོ། །གང་ལ་འགལ་བ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་འབྱུང་བའི་བདེན་པ་བསྟན་པ་ནི་སྲིད་འདོད་ཅེས་བྱ་བར་རོ། །དེའི་ཕྱིར་སྲེད་པ་འདི་གསུམ་ཀ་ཡང་ཀུན་འབྱུང་ གི་བདེན་པ་ཡིན་ཏེ། འཇུག་པའི་དབྱེ་བ་ལམ་རྣམ་པ་གསུམ་དུ་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཏོ། །སྲེད་པ་ཉིད་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་རྣམ་པ་གཞན་གྱི་སྒོ་ནས་སྒྲུབ་པའི་ཕྱིར་བདག་ཏུ་ཆགས་པའི་ཞེས་གསུངས་སོ། །ཀུན་ལ་ཞེས་བྱ་བ་ནི་གནས་དང་ཉེ་བར་ མཁོ་བ་ལ་སོགས་པ་ལའོ། །བདེ་བ་མ་ཡིན་པ་ལ་བདེ་བར་འདུ་ཤེས་འཇུག་པའི་རྒྱུ་ནི་བདག་ཏུ་ཆགས་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཇུག་པའི་རྒྱུ་ཡིན་པ་དེ་ཕྱིར། སྲིད་པ་ཉིད་སྲེད་པའི་རྟེན་ཡིན་ནོ། །གལ་ཏེ་བདག་མེད་པའི་ཕྱིར་བསྟན་པ་འདི་ཇི་ལྟར་འཐད་སྙམ་ན་ ངར་འཛིན་པའི་ཞེས་གསུངས་སོ། །དེ་ལ་ཆགས་པ་སྲེད་པ་ཞེས་བྱ་བའི་མིང་གཞན་དང་ལྡན་པ་གང་ཡིན་པ་དེ་ནི་རྒྱུ་ཡིན་ཏེ། ཕན་འདོགས་པར་བྱེད་པ་ཡིན་ནོ། །ཇི་ལྟར་རྒྱུ་ཡིན་སྙམ་དུ་དོགས་ན། ཀུན་ལ་རབ་ཏུ་འཇུག་འགྱུར་བ། །ཞེས་བྱ་བའི་རྩ་བའི་རྗེས་སུ་བརྗོད་ནས་འཆད་ པ་ནི། གནས་དང་ལོངས་སྤྱོད་ལ་སོགས་པ། །ཞེས་བྱ་བའོ། །སུ་ཞིག་འཇུག་སྙམ་ན། ཕྱིན་ཅི་ལོག་བཞིས་ཉམས་པ་དག །ཅེས་བྱ་བ་སྨོས་སོ། །འདི་ནི་བདེ་བར་འདུ་ཤེས་པ་ཞེས་བྱ་བ་རྣམ་པར་འགྲེལ་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་ཡིན་པའི་ ཕྱིར་རོ། །འདི་ག་ལས་སྙམ་ན། སྙིང་རྗེར་ལྡན་པ་ཞེས་གསུངས་སོ། །བདག་ཏུ་སྲེད་པ་དང་བྲལ་བ་ནི་གནས་དང་ལོངས་སྤྱོད་ལ་སོགས་པ་ལ་ཡང་འཇུག་པ་མ་ཡིན་ཏེ། སྙིང་རྗེ་དང་ལྡན་པ་ཡིན་ན་ནི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། སྙིང་རྗེར་ལྡན་པ་མ་གཏོགས་པར། ། ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྙིང་རྗེར་ལྡན་པའོ། །འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་གདུང་བའི་ཕྱིར་འཁོར་བའི་རྒྱུ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཆགས་པའི་རང་བཞིན་གྱི་སྲེད་པ་ནི་ཐམས་ཅད་དུ་དོགས་པ་ཉིད་ཀྱིས་ལྷན་ཅིག་བྱེད་པ་ཡིན་པའི་ ཕྱིར་རོ། །དེའི་ནི་སེམས་ཀྱིའོ། །གལ་ཏེ་སྲེད་པ་མེད་ན་མི་འབྱུང་བའི་ཕྱིར་རྐྱེན་ཉིད་ཡིན་ན་དེའི་ཚེ་ལུས་མེད་པར་ཡང་སྐྱེ་བ་མི་འབྱུང་བ་དེས་ན། དེ་ཡང་རྐྱེན་དུ་འགྱུར་རོ་ཞེས་བྱ་བའི་རྣམ་འགྲེལ་གྱི་དོན་བརྗོད་པ་ནི་གལ་ཏེ་རྐྱེན་ཉིད་ཀྱང་ཞེས་བྱ་བའོ། །ཇི་ལྟར་ཞེས་ བྱ་བ་ནི་ཚིག་གི་དོན་རྣམ་པར་འགྲེལ་པའོ། །གང་ལས་ལུས་འདོད་ཆགས་ཀྱི་རྒྱུ་ཡིན་པར་འགྱུར་བའི་རིགས་པ་དེ་གང་ཡིན་སྙམ་ན། ལུས་མེད་པར་ཞེས་བྱ་བའོ། །རྒྱུ་མཚན་ཁས་བླངས་ཕྱིར་ན་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་བརྗོད་པ་ནི་འདོད་ཆགས་མེད་ཀྱང་ཞེས་ བྱ་བའོ། །འོ་ན་དེ་རྒྱུ་ཇི་ལྟར་ཡིན་སྙམ་ན་དེའི་མངོན་པར་དགའ་བའི་ཡུལ་ཉིད་ནི་ཞེས་གསུངས་སོ། །དེའི་ཞེས་བྱ་བ་ནི་སྐྱེ་བའིའོ། །རྐྱེན་ཙམ་ནི་ཉེ་བར་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པའི་རྒྱུ་ནི་གཙོ་བོའི་རྒྱུའོ། །བསྒྲུབས་པ་ཡིན་ནོ་ཞེས་བྱ་བ་ནི་ ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་དུ་ཁས་བླངས་པའི་ལུས་ནི་འདོད་ཆགས་ལ་སོགས་པའི་རྒྱུ་ཉིད་དུ་འདོད་པ་ཁོ་ནའོ། །ཉེ་བར་ལེན་པ་རྟེན་ཡིན་པ་ནི་སེལ་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་ལུས་ནི་འདོད་ཆགས་ཀྱི་བག་ཆགས་སད་པར་བྱེད་པ་ཉིད་ཀྱི་ རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་རིགས་པའོ། །འདོད་ན་ཞེས་བྱ་བ་ནི་ཁས་ལེན་ནའོ། །རང་འདོད་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པ་ཡིན་ནོ་ཞེས་རང་གིས་ཁས་བླངས་པ་ལ། ཚུ་རོལ་མཛེས་པས་རང་ཉིད་ཀྱིས་གནོད་པ་ཡིན་ནོ། །དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་གྲུབ་པོ་ སྙམ་དུ་དགོངས་པའོ། །དེ་ལྟ་ན་འོ་ན་འདོད་ཆགས་གཏན་དུ་འབྱུང་བར་འགྱུར་རོ་སྙམ་ན། དེ་ནི་ཡུལ་བཞིན་དུ་ཞེས་གསུངས་སོ། །དེས་ན་འདོད་ཆགས་གཏན་དུ་འབྱུང་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གང་ལ་རྒྱུ་འདོད་ཆགས་ཡོད་པ་དེའི་དངོས་པོ་ནི་དེ་ཉིད་ དོ། །ངེས་པར་བརྟགས་པ་ནི་མེ་འདྲ་བ་ཁྱེད་རང་གིས་ཟོས་པ་ཡིན་ནོ། །ཕ་རོལ་ཕན་ཚུན་རྒྱུ་ཉིད་ཡིན་པ་མི་བཟོད་ནས། གལ་ཏེ་ཞེས་སྨྲས་པའོ། །ལུས་སྐྱེ་བ་དང་ལྷན་ཅིག་སྟེ། འདོད་ཆགས་དུས་མཉམ་པར་འབྱུང་བ་དེས་ན་རྒྱུ་ཉིད་མ་ཡིན་ཏེ། རྒྱུ་ནི་སྔར་ཡོད་པའི་ ཕྱིར་རོ། །འདི་ཉིད་གཞུང་གཟུགས་པའི་ཕྱིར་གལ་ཏེ་ཡོན་ཏན་དང་བཅས་པའི་རྗེས་ཉིད་ཅེས་བྱ་བ་ནི་བརྗོད་ཟིན་པ་ཡིན་ནོ། །ལྷན་ཅིག་འབྱུང་བ་ལ་ཚད་མ་ཅི་ཡོད་སྙམ་ན། སྐྱེ་ལ་ཆགས་མཐོང་ཕྱིར་ཞེས་སྨྲས་སོ། །སྐྱེ་བའི་སྔོན་རོལ་དུ་འདོད་ཆགས་མཐོང་བ་མེད་པས་ ན་སྐྱེ་བ་ལ་ཆགས་པ་མཐོང་བའི་ཕྱིར་ལྷན་ཅིག་འབྱུང་བ་ངེས་པ་ཡིན་ནོ། །འདི་ལ་ལན་ནི་སྐལ་མཉམ་སྐྱེ་ལས་ཞེས་བྱ་བའོ། །དཔེར་ན་ལྷན་ཅིག་འབྱུང་བའི་འདོད་ཆགས་སྐྱེ་བའི་རྒྱུ་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་ཡང་འདོད་ཆགས་ཀྱི་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་ཕྱིར་རོ། ། དེས་ན་སྔར་ཡོད་པ་རྒྱུར་རྟོགས་ན་སྐལ་མཉམ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་མཚན་ཉིད་འདྲ་བ་ཉིད་ལ་རྟག་པར་བྱ་བ་ཡིན་ཏེ། དབུས་ཀྱི་གནས་སྐབས་ན་དེ་བཞིན་དུ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་དང་བདག་གིས་ལྟ་བ་ཆགས་པའི་ རྒྱུ་ཡིན་གྱི་ཆགས་པ་ཉིད་ནི་མ་ཡིན་པ་མ་ཡིན་ནམ། དེ་སྐད་དུ་ཡང་། བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །ཞེས་བཤད་པ་ཡིན་ནོ། །དེས་ན་དེ་བཞིན་དུ་ལྟ་བ་ཡང་རྒྱུ་ཉིད་ཡིན་གྱི་སྲེད་པ་འབའ་ཞིག་ནི་མ་ཡིན་ནོ་སྙམ་ན། སྲིད་ལ་ཞེས་གསུངས་སོ། །མི་ཤེས་པ་མ་རིག་པ་ནི་རྒྱུ་ཉིད་ཀུན་འབྱུང་གི་བདེན་པ་བསྟན་པར་རྒྱུ་ཉིད་དུ་མ་བརྗོད་དེ། སྒྲིབ་པར་བྱེད་པ་ཉིད་ཀྱིས་སྐུལ་བར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །སྲེད་པ་ནི་བརྗོད་པ་ཡིན་ཏེ། སྐུལ་བར་བྱེད་པ་ ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་སྲེད་པ་ཉིད་བཤད་པ་ཞེས་བྱ་བའོ། །ཇི་ལྟར་གཅིག་པུ་རྒྱུ་མ་ཡིན་སྙམ་ན། མ་རིག་པ་དང་ཞེས་སྨྲས་སོ། །གསུམ་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་སུ་རིག་པ་དང་ལས་ཀྱང་བརྗོད་པའི་ཕྱིར་རོ་ ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལུང་ལས་བདེན་པ་ཉིད་དུ་བསྟན་པ་ཡང་མི་རིགས་སོ་ཞེས་བརྗོད་པ་ནི་དེ་དང་དེར་ཞེས་བྱ་བའོ། །དེ་མ་ཐག་པའི་ཞེས་བྱ་བ་ནི་ཉེ་བར་གནས་པས་སོ། །དེ་མ་ཐག་པ་ཉིད་སྒྲུབ་པ་ནི་གཏི་མུག་དང་ལས་དག་ནི་ཞེས་བྱའོ། །དེ་མ་ཐག་པས་སྲེད་པ་ ཉིད་རྒྱུ་ཡིན་ནོ་ཞེས་སྔ་མ་དང་འབྲེལ་ཏོ། །ལས་ཀྱང་དེ་ལྟར་རྒྱུར་གྱུར་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྙམ་དུ་དོགས་ན། སྲེད་པ་དང་བྲལ་ན་ལས་ལ་ནུས་པ་མེད་དོ་ཞེས་བརྗོད་པ་ནི་དེ་ཡོད་པ་ན་ཞེས་བྱ་བའོ། །སྲེད་པ་མེད་ན་ནི་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་པར་འགྲེལ་པའོ། །ཡོངས་སུ་ འདོར་བ་སྲེད་པ་དང་བྲལ་བས་བྱས་པ་ནི་མ་ཡིན་ཏེ། འོན་ཀྱང་དེའང་ལས་གཞན་ཁོ་ནས་བྱས་པ་ཡིན་ནོ་ཞེས་བྱ་བ་དང་། ཐར་པ་རྣམས་ལ་སྐྱེ་བ་མེད་པ་ཡང་ལས་མེད་པས་བྱས་པ་ཉིད་ཡིན་གྱི། སྲེད་པ་དང་བྲལ་བས་བྱས་པ་ནི་མ་ཡིན་ནོ་ཞེས་རྩོད་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ལས་ཟད་པ་མེད་པར་རོ། །རེ་ཞིག་སྲེད་པ་དང་བྲལ་ན་ཡོངས་སུ་འདོར་བས་ནི་ལས་གཞན་གྱིས་ནུས་པ་འཕེན་པ་མ་ཡིན་ཏེ། གཞན་དུ་ཡང་སྲིད་པའི་ཕྱིར་རོ། །འོན་ཏེ་སྲེད་པ་མེད་ན་ལས་ཉིད་མི་འབྱུང་བ་ དེས་ན་ཡོངས་སུ་འདོར་བ་ལས་མེད་པ་བྱས་པ་ཡིན་གྱི་ལས་གཞན་གྱིས་བྱས་པ་ནི་མ་ཡིན་ནོ། །དེ་ལ་ཡང་བརྗོད་པ་ནི་གལ་ཏེ་ལས་ནི་ཞེས་བྱ་བའོ། །ལས་མེད་པའི་སྒོ་ནས་སྲེད་པ་དང་བྲལ་བ་ཉིད་ཡོངས་སུ་འདོར་བ་ལ་བྱེད་པ་ཡིན་ཏེ། དེས་ན་སྲེད་པ་དང་བྲལ་བ་ཁོ་ན་གཙོ་ བོ་ཡིན་ཏེ། རབ་ཏུ་སྦྱོར་བ་པོ་ཡིན་པའི་ཕྱིར་རོ། །འོན་ཏེ་སྲེད་པ་ཡོད་ཀྱང་ལས་མེད་པ་ཉིད་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ན། དེའི་ཚེ་དེ་མེད་ན་ལས་མེད་པའི་ཕྱིར་རོ་ཞེས་བྱ་བར་གྲུབ་སྟེ། དེ་ཡོད་ན་དེ་མེད་པ་ཉིད་མི་འགྲུབ་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འོན་ཏེ་འདི་ ལ་ཞེས་བྱ་བའོ། །སྡུག་བསྔལ་དེ་ནི་རེས་འགའ་མེད་པའི་ཕྱིར་ན་གཏན་དུ་བ་མ་ཡིན་ཏེ། རྟག་ཏུ་བ་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཀུན་འབྱུང་ལ་གགས་ཏེ་འགལ་བའི་ལམ་མོ། །སོགས་པའི་སྒྲས་ནི་ལྷན་ཅིག་བྱེད་པ་མ་ཚང་བའོ། ། འདིས་ནི་རྒྱུ་མེད་པ་བརྗོད་དོ། །གལ་ཏེ་གང་ཞིག་འཁོར་བ་པའི་ཕུང་པོའི་རང་བཞིན་ཡིན་པ་དེ་ནི་རྒྱུ་ཚང་བ་ཅན་ཡིན་པའི་ཕྱིར་འདི་ཇི་ལྟར་འགོག་པ་ཅན་ཡིན་སྙམ་དུ་དོགས་པ་བསུ་བ་ནི་འཁོར་བ་ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བ་ནི་སྔ་མ་འགོག་པའོ། །ཅིའི་ཕྱིར་ སྙམ་ན་འདོད་པའི་ཕྱིར་རོ། །འཁོར་བ་གང་ཡིན་པ་དེ་ཐར་པ་མ་ཡིན་ནོ་ཞེས་བྱ་བ་འདི་འདོད་པ་ཡིན་ནོ། །སྐད་ཅིག་ལ་ལྟོས་ནས་ནི་འགལ་བ་ཉིད་ཡིན་ན། རྒྱུན་ལ་ལྟོས་ནས་འགལ་བར་མ་གྲུབ་པོ་ཞེས་བརྗོད་པ་ནི་མ་གྲུབ་པའི་ཕྱིར་ཞེས་བྱ་བའོ། །གང་འཁོར་ བ་པ་ཡིན་པ་དེ་ཉིད་འཁོར་བ་པ་མ་ཡིན་པ་ནི་མ་ཡིན་གྱི། འོན་ཀྱང་འཁོར་བ་པའི་སེམས་ཀྱི་རྒྱུན་ལས་རྒྱུའི་ཁྱད་པར་ཐོབ་པས་ཕྱི་མའི་ཆར་ཐར་པ་སྐྱེ་བ་ཡིན་ནོ། །དེས་ན་འདི་འཁོར་བ་པ་ཉིད་དུ་མ་གྲུབ་པོ། །འཁོར་བ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་ པས་ནི་སྐད་ཅིག་ལ་ལྟོས་ནས་འགལ་བ་ཉིད་གཞུང་བཙུགས་པ་ཡིན་ལ། འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུན་ལ་ལྟོས་ན་འགལ་བ་ཉིད་མ་གྲུབ་པོ་ཞེས་བརྗོད་པ་ཡིན་ནོ། །མ་གྲུབ་ཕྱིར་ཞེས་བྱ་བ་འདི་ཉིད་ཀྱི་དོན་གཞན་བརྗོད་པ་ནི་དོན་དམ་པར་ནི་ཞེས་བྱ་བའོ། ། དོན་དམ་པར་རྣམ་པར་དཔྱད་པས་ནི། འཁོར་བ་པ་ཉིད་མི་འགྲུབ་ཀྱི། ཀུན་རྫོབ་ཏུ་ནི་སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བྱ་བ་མི་འགལ་ལོ། །གལ་ཏེ་བཅིངས་པ་དང་གྲོལ་བ་དག་གཅིག་ཅིག་པ་མ་ཡིན་ན་དེའི་ཚེ་རྟོག་པ་དང་ལྡན་པ་ཇི་ལྟར་རྒྱུ་སྦྱོར་བ་ལ་བརྩོན་ཞེས་ དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །བསྟན་བཅོས་སྦྱོར་བས་ངལ་ཞེས་བྱ་བ་ནི་བསྟན་བཅོས་གོམས་པ་འབད་པ་དང་ལྡན་པའོ། །བདག་མེད་པར་སྨྲ་བ་ལ་འགའ་ཞིག་ལ་སོགས་པ་འགའ་ཞིག་ལ་ཞུགས་པ་མེད་པའི་ཕྱིར་འཇིག་རྟེན་པའི་ལེགས་ པ་མང་པོ་རྣམ་པར་ཉམས་པར་འགྱུར་རོ་ཞེས་བསྟན་པའི་དོན་དུ་དཔེར་བརྗོད་པ་མང་དུ་བྱས་སོ། །བདག་ཏུ་སྨྲ་བ་ལ་ཡང་། བདག་ཡོད་པ་ཙམ་གྱིས་ནི་འཇུག་པ་དང་ལྡོག་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེའི་ཤེས་པས་སོ། །དེ་ནི་བདག་མེད་པར་སྨྲ་བ་ལ་ཡང་ མཚུངས་སོ་ཞེས་བརྗོད་པ་ནི། ཇི་སྲིད་དུ་བདག་ལ་ཆགས་པ་ཞེན་པའི་སྙིང་པོ་ཅན་གྱི་ཤེས་པ་མ་བཅོས་པར་གྱུར་པ་དེ་སྲིད་དུ་བདག་ཉིད་སྡུག་བསྔལ་བ། འཁོར་བ་ཉིད་དུ་སྒྲོ་བཏགས་ནས་ཏེ། རློམ་ནས་ཡོངས་སུ་གདུང་བར་འགྱུར་རོ། །སྡུག་བསྔལ་གྱིས་ གདུང་བ་དང་ལྡན་པར་འགྱུར་རོ། །དེས་ན་སྡུག་བསྔལ་དེ་སྤང་བའི་དོན་དུ་ཐམས་ཅད་རྗེས་སུ་བསྒྲུབ་པས་དཀྲུགས་པས་ན་རང་བཞིན་དུ་གནས་པ་ཉིད་མི་འཐོབ་པོ། །དེས་ན་གྲོལ་བ་པོའི་བདག་མེད་ཀྱང་། བདག་ཏུ་ཆགས་པའི་མཚན་ཉིད་ལོག་པར་སྒྲོ་བཏགས་ པ་དེ་ཉིད་ཀྱི་གཞོལ་བའི་ཕྱིར་བརྩོན་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་དང་། དེ་རྗེས་སུ་བསྒྲུབ་པ་ལ་བརྩོན་པར་འགྱུར་བའི་ཕྱིར་ན། ཚངས་པར་སྤྱོད་པ་ལ་སོགས་པ་རྗེས་སུ་བསྒྲུབ་པ་འབྲས་བུ་མེད་པ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་འོན་ཏེ་ངེད་ལྟ་བུ་ ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ངེད་ལྟ་བུའིའོ། །དེ་དག་ཅེས་བྱ་བ་ནི་བཅིངས་པ་དང་ཐར་པའོ། །གལ་ཏེ་བཅིངས་པ་དང་ཐར་པ་དག་གཞི་གཅིག་པ་ཉིད་མ་ཡིན་ན། །དེ་ཁོ་ན་ལྟར་ཐ་སྙད་ཅི་སྟེ་མི་བྱེད་སྙམ་ན། དངོས་པོ་དོན་དམ་པར་ཞེས་བྱ་བའོ། །རྟོགས་པ་ལ་ལྟོས་ པའི་ཕྱིར་ན་ལྷག་པར་ཞེན་པ་ལ་ལྟོས་པའི་ཕྱིར་རོ། །འདི་ཉིད་སྒྲུབ་པར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ལྷག་པར་མོས་པའི་ཡུལ་ནི་སྤང་བའི་ཡུལ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་དེ་ཁོ་ན་མཐོང་བ་དོན་བྱས་ཟིན་པའི་ཕྱིར་རང་གི་དོན་དུ་མི་འཇུག་ པ་ཡིན་དུ་ཟིན་ཀྱང་གཞན་གྱི་དོན་ལ་ནི་འཇུག་པ་ཁོ་ན་ཡིན་པས་ན། དེ་འདིའི་ཆེད་དུ་ལམ་འདི་བདག་གིས་བསྟན་པར་བྱའོ་ཞེས་རྣམ་པར་རྟོག་པས་འབད་པར་ཅི་ལྟར་བྱེད་སྙམ་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ཐ་སྙད་ཡོད་པར་འགྱུར་མོད་ཅེས་བྱ་བ་ནི་སློབ་ མ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དོན་དམ་པར་ཅི་ལྟར་ཞེས་བྱ་བ་ནི་དོན་སྟོན་པ་པོ་ཡོངས་སུ་རྫོགས་ཟིན་པའི་ཕྱིར་རོ། །རེ་ཞིག་སློབ་མ་ནི་བདག་ཉིད་བཞིན་དུ་སྟོན་པ་པོ་ཡང་གཅིག་ཉིད་ཡིན་པར་རིག་གོ་ཞེས་ལན་འདེབས་པ་ནི། ཅི་ལྟར་གཅིག་ཉིད་ཅེས་བྱ་བའོ། ། སྟོན་པ་པོ་ཡང་རྟོགས་པ་མེད་ཀྱང་སྔོན་གྱི་འཕེན་པ་ལས་འཇུག་པ་ན། དོན་དམ་པར་གཅིག་ཉིད་དམ་ཐ་སྙད་ཀྱང་མཐོང་བ་མེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ད་ལྟར་དེ་ཉིད་དུ་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བའི་འབད་པ་ཡང་རང་རིག་པ་ཙམ་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ ནོ་ཞེས་བརྗོད་པ་ནི། རང་གི་ངོ་བོ་ལས་གཞན་པ་ཞེས་བྱ་བའོ། །རྣམ་པར་རྟོག་པར་མི་བྱེད་ན་ཇི་ལྟར་ཐ་སྙད་དུ་དོགས་པ་བསུ་ནས། ཇི་ལྟར་ས་བོན་ལ་སོགས་པ་རྣམ་པར་རྟོག་པར་མི་བྱེད་ཀྱང་མྱུ་གུ་སྐྱེད་པར་བྱེད་པ་དེ་བཞིན་དུ་གྲུབ་ཟིན་པའི་ཕྱིར་རྣམ་པར་རྟོག་པར་མི་བྱེད་ཀྱང་ སྔོན་གྱི་འདུ་བྱེད་པའི་ཐ་སྙད་སྐྱེད་པར་བྱེད་དེ་ཞེས་བརྗོད་པ་ནི། རྒྱུ་དང་འབྲས་བུའི་དངོས་པོ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་འདི་མཁས་པའི་ཚུལ་མ་ཡིན་སྙམ་ན། གྲུབ་ཟིན་པ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ནི་རྣམ་པར་རྟོག་པ་ལས་གཞན་པའི་ཚད་མས་རྟོགས་པ་མ་ཡིན་ནོ་ ཞེས་བརྗོད་པ་ནི་དེ་ལྟར་ཞེས་བྱ་བའོ། །རྒྱུ་དང་འབྲས་བུ་དངོས་པོ་བརྟགས་ནས་ཞེས་བྱ་བ་ནི་ལྷག་མའོ། ཅིའི་ཕྱིར་འཇུག་པ་དང་ལྡོག་པར་མི་འགྱུར་སྙམ་ན། སྔོན་དང་ཕྱི་མར་ཞེས་གསུངས་སོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་དངོས་པོ་ནི་རྩོད་པའི་ཡུལ་མ་ཡིན་ནོ། །སྐད་ ཅིག་གཉིས་པར་མི་སྡོད་པ་ལ་ནི་འགའ་ཞིག་ཏུ་ཡང་འཇུག་པ་མི་སྲིད་དོ་ཞེས་བརྗོད་པ་ནི་སྐད་ཅིག་ཙམ་ལ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འཇུག་པ་མེད་པས་སོ། །ནོར་བ་ནི་ཐར་པའི་དོན་དུ་འབད་དོ་སྙམ་པའི་རྣམ་པར་རྟོག་པའོ། །སྐད་ཅིག་ཙམ་རིག་པར་བྱེད་པའི་མངོན་ སུམ་ནི་གྲུབ་ཟིན་པ་དང་མ་ཟིན་པ་གཉིས་ཀྱི་བརྩེ་བ་དང་རྣམ་པར་རྟོག་པས་འཇུག་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི་ཁས་བླངས་ནས་ཀྱང་ཞེས་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་བརྩེ་བས་འཁོར་བ་ཅི་སྲིད་བཞུགས་པ་ ཡིན་ལ། འདོད་ཆགས་དང་བྲལ་བ་རྣམས་ནི་ལས་ཀྱིས་དུས་ཅུང་ཟད་གནས་པ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ལ་ཡང་སྐུ་ཚེ་རིང་པོ་མངོན་པར་གྲུབ་པར་བྱེད་པའི་ལས་ནི་མངའ་བ་ཁོ་ནའོ། །ཚིགས་སུ་བཅད་པའི་ཆ་ཉིད་ལ་རྩོད་པ་ནི་དམ་པའི་དོན་ཞེས་ བྱ་བའོ། །འདི་ཉིད་ལ་ལན་གདབ་པའི་སྒོ་ནས་ཚིགས་སུ་བཅད་པའི་དོན་སྦྱོར་བར་བྱེད་པ་ནི་སྤྱོད་པའི་ཡུལ་ཅན་གྱི་ཤེས་པའམ། མ་ཁོང་ནས་དབྱུང་བས་མ་དམིགས་པའོ། །དེ་རྟོགས་པ་ནི་རང་རིག་པའི་རང་བཞིན་ཉིད་དོ། །དེར་གྱུར་པ་ན་ཡང་སངས་ རྒྱས་རྣམས་ཀྱི་འཇུག་པ་ནི་ཐུགས་རྗེའི་དབང་གིས་ཡིན་ནོ། །ཡང་ན་སྐད་ཅིག་གི་རང་བཞིན་གྱི་ཤེས་པ་རྟོགས་ཀྱང་ཐུགས་རྗེའི་དབང་གིས་རང་གི་རྒྱུད་གནས་པར་བྱ་བའི་དོན་དུ་སྤྱོད་པ་འཇུག་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །གང་གིས་དེ་སྐད་བརྗོད། ཅི་དེ་ལྟར་ འཇུག་པ་མཐོང་ངམ་ཞེས་དོགས་པ་བསུ་ནས། ཅི་ལྟར་རྒྱལ་པོའི་ཞེས་བྱ་བའོ། །སྐྱེ་དགུ་བསྲུང་བའི་བསམ་པ་ཅན་གྱི་རྒྱལ་པོ་ནི་རྒས་པས་བདག་ཉིད་འཆི་བར་རྟོགས་པ་ན་ཡུལ་དེ་ལ་བདག་ཉིད་བསྲུང་བར་མཐོང་ཡང་དེའི་དོན་དུ་བུ་ལ་སོགས་པ་འབད་པས་རྣམ་པར་གཞག་ པའི་དོན་དུ་བརྩོན་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་ཐུགས་རྗེས་རང་གི་རྒྱུན་གནས་དོན་དུ་འབད་པས་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་བསྐལ་པ་གྲངས་མེད་པ་གསུམ་དུ་བསམས་པའི་སྐུ་ཚེ་མངོན་པར་འགྲུབ་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ལ་ལྟོས་པ་ཁོ་ནས། ཡང་ན་ལས་ཀྱི་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་འཐད་པ་ཡིན་ནོ། །འདོད་པའི་རྗེས་སུ་སྟོན་པ་ཡང་བསོད་ནམས་ཀྱི་འབྲས་བུ་ཡིན་ཏེ། དེས་ན་བཅོམ་ལྡན་འདས་ནི་མཐའ་མེད་པ་ཉིད་དོ་ཞེས་བརྗོད་པ་ནི། སྨོན་ལམ་གཙོ་བོར་བྱེད་པ་ཞེས་བྱ་བའོ། །མཐའ་ མེད་པར་གནས་པའི་རྒྱུན་གྲུབ་པ་ཉིད་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དོན་དམ་པར་སྤྱད་པ་ཞེས་བྱ་བ་ཡོད་པ་མ་ཡིན་པ་དེའི་ཕྱིར་རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ནི་བདག་ནི་སྡུག་བསྔལ་བའི་ཞེས་བྱ་བ་ལ་སོགས་པ་ གཅིག་ཉིད་དུ་སྒྲོ་བཏགས་པའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་སྐྱེ་བ་གཞན་ཞེས་བྱ་བ་དང་། དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་གནས་པར་ཡང་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་ལ་གལ་ཏེ་ཞེས་བྱ་བའི་རྩོད་པ་ནི། ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་ བྱ་བས་སྤངས་ལ། འོན་ཏེ་ཞེས་བྱ་བའི་རྩོད་པ་ནི། འཕངས་ལས་ལྡོག་མེད་འདོད་ཕྱིར་རོ། །ཞེས་སྤངས་པ་ཡིན་ནོ། །གལ་ཏེ་འབད་པ་མེད་པར་མི་ལྡོག་ན་འོ་ན་རྩོལ་བ་ལས་འགྱུར་རོ་སྙམ་ན། རྩོལ་བ་ཡང་ཞེས་གསུངས་སོ། །དེ་བཏང་སྙོམས་པ་ཉིད་ཅི་ལྟར་སྙམ་ན། དེ་ནི་འགལ་བ་ཡང་ ཞེས་གསུངས་སོ། །གལ་ཏེ་སེམས་ཅན་དུ་ལྟ་བ་སྤངས་ནས། ཅི་ལྟར་སེམས་ཅན་གྱི་ངོར་བརྩེ་བ་ཡིན། བརྩེ་བ་སྐྱེ་ན་ཡང་ཇི་ལྟར་བདག་ཏུ་ལྟ་བ་སྤངས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་བརྩེ་བ་ནི་ཞེས་བྱ་བའོ། །འདིས་ནི་སེམས་ཅན་དུ་ལྟ་བ་བསྒྲུབ་པར་བྱ་བ་ལ། བརྩེ་བ་འབྲས་བུའི་གཏན་ཚིགས་སུ་བསྟན་པ་ཡིན་ནོ། །སེམས་ཅན་དུ་ལྟ་བ་མེད་ཀྱང་བརྩེ་བ་སྐྱེས་ཏེ། དེའི་འབྲས་བུ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་སྡུག་བསྔལ་ཤེས་ལ་ཞེས་བྱ་བའོ། །གཞན་གྱི་སྡུག་བསྔལ་ཤེས་པས་ཕྱི་རོལ་རྒྱུར་ཤེས་པ་ཡིན་ནོ། །བཤད་པ་མཛད་ པས་ནི་སྲེད་པ་མེད་པར་བཤད་དོ། །དེས་ན་འགལ་མེད་པ་ནི་སྡང་བ་མེད་པའོ། །སྲེད་པ་དང་བཅས་པ་ནི་དེའི་བགེགས་འགའ་ལ་སྡང་བར་འགྱུར་རོ། །འདིས་ནི་མི་མཐུན་པའི་ཕྱོགས་མེད་པ་བརྗོད་དོ། །འདུ་བྱེད་སྔ་མ་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་རྒྱུ་བརྗོད་ལ། དངོས་ ཆོས་ཞེས་བྱ་བས་ནི་འདོད་པ་དང་རྨོངས་པ་ལ་སོགས་པ་ལ་མི་ལྟོས་པར་བརྗོད་པ་ཡིན་ནོ། །དེ་སེམས་ཅན་རྗེས་འབྲེལ་ཅན་མ་ཡིན་ཞེས་བྱ་བ་ནི། སེམས་ཅན་དུ་ལྟ་བ་དང་རྗེས་སུ་འབྲེལ་བ་མ་ཡིན་པ་སྟེ། འདིས་ནི་བརྩེ་བ་ལས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ ནོ། །སྡུག་བསྔལ་ཉིད་གསུམ་ནི། སྡུག་བསྔལ་དང་འདུ་བྱེད་དང་འགྱུར་བའི་རང་བཞིན་ནོ། །མཉམ་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་བདག་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་རོ། །ཇི་སྐད་དུ། སེམས་ཅན་ཀུན་ལ་རྟག་ཏུ་བྱམས་དང་ བདག་གི་ཐུགས། །མངའ་བས་ཁྱོད་ལ་བདག་གིས་ཀྱང་ནི་ཅི་ཞིག་བྱ། །སྡུག་བསྔལ་དག་བཞིན་དེ་དག་ལ་ཡང་མགོན་ཁྱོད་ཀྱི། །ངོ་བོ་ཉིད་ཀྱིས་རྩུབ་པའི་ཚིག་ནི་ཇི་ལྟར་འཇུག །ཅེས་གསུངས་པ་བཞིན་ནོ། །སེམས་ཅན་དུ་ལྟ་བ་ནི་བརྒྱུད་ནས་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ ཕྱིར། ཡོངས་སུ་དོར་བའི་ཡུལ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ལྟ་བུར་གྱུར་པའི་ཞེས་བྱ་བའོ། །བརྩེ་བ་ནི་སེམས་ཅན་དུ་ལྟ་བ་དང་འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །འགལ་བ་དེ་ཉིད་སྟོན་པའི་བདག་ཏུ་ལྟ་བ་མ་སྤངས་པ་ཞེས་བྱ་བ་ནི་བརྩེ་བ་ནི་ཆགས་ པའི་རང་བཞིན་ཡིན་པའི་ཕྱིར། བདག་ཏུ་ཆགས་པ་མེད་ཀྱང་སེམས་ཅན་རྣམས་ལ་བདག་གི་བ་ཉིད་དུ་ཆགས་པས་ན་དེ་མེད་པའི་རང་བཞིན་འདོད་ཆགས་དང་བྲལ་བར་མི་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་འདོད་ཆགས་དང་བརྩེ་བ་ཞེས་བྱ་བའོ། ། བདག་གམ་དེ་དང་འབྲེལ་པ་ལ་ཆགས་པ་ནི་འདོད་ཆགས་ཡིན་ནོ་ཞེས་བཤད་པ་དེ་ནི་བདག་མིན་ཞེས་བྱ་བའོ། །བདག་གཞན་སྒྲོ་འདོགས་པ་ལས། བདག་གིས་མ་འོངས་པའི་བདེ་བ་མྱོང་བར་བྱའོ་ཞེས་བྱ་བ་ནི་འདོད་ཆགས་སོ། །འདིས་ནི་རྒྱུའི་ཁྱད་པར་བརྗོད་ དོ། །དེ་བདག་མིན་པའི་ཆོས་ལ་ནི། །ཞེས་བྱ་བས་ནི་ཡུལ་གྱི་ཁྱད་པར་བརྗོད་དོ། །བདག་དང་འབྲེལ་བའི་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་མ་བཟུང་བའི་སེམས་ཅན་གྱི་ཚོགས་ལ་བརྩེ་བ་ནི་འདོད་ཆགས་མ་ཡིན་ནོ་ཞེས་བརྗོད་པ་ནི། །སྡུག་བསྔལ་གྱི་རྒྱུན་ལ་རེག་ པ་ནི་འཛིན་པའོ། །དེ་ཉིད་འབའ་ཞིག་ནི་ཙམ་མོ། །དེས་ན་བདག་དང་འབྲེལ་བ་དང་བྲལ་བའི་སེམས་ཅན་ལ་ཆགས་པ་ཙམ་ནི་བརྩེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ནི་སྒྲོ་བཏགས་པ་དེ་ལས་འཇུག་པ་ཡིན་པ་ཞེས་འབྲེལ་ཏོ། །དེ་ཅི་འདྲ་བ་ ཞིག་ཅེ་ན། བདག་ཉིད་མ་འོངས་པའི་ཞེས་སྨོས་སོ། །མ་འོངས་པའི་བདེ་བ་དེ་ལ་འདོད་པ་ནི་དགའ་བའོ། །དེ་ལ་སྦྱར་བ་ནི་སྟོབས་པར་བྱེད་པ་སྟེ། དེས་བདག་ཉིད་དབང་དུ་བྱས་པའི་འདོད་ཆགས་ཡིན་ནོ། །ཅི་ཞིག་བྱས་ནས་འཇུག་སྙམ་ན། མ་འོངས་པ་མེད་ ནས་སྒྲོ་བཏགས་ནས་སོ། །དེའི་བདག་ཉིད་མ་ཡིན་པ་ལ་ནི་བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་པ་ལའོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་རང་བཞིན་དུའོ། །མངོན་དུ་བྱས་པ་ཉིད་ལས་འཇུག་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་དོན་དུ་ཞེ་ན། ལོག་པར་མངོན་པར་ཞེས་བྱ་བའོ། །གལ་ཏེ་ཡང་བདག་ལ་རང་གི་བདེ་བ་དང་། འབྲེལ་པ་ཉིད་དུ་མི་འཛིན་པ་ཡིན་ཡང་། གཞན་གྱི་བདེ་བའི་བྱེད་པ་པོ་ཉིད་དུ་ནི། བདག་ལ་སྒྲོ་འདོགས་པར་འགྱུར་བ་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི། །གལ་ཏེ་ བདག་གིས་ཞེས་བྱ་བའོ། །འཇུག་པར་ཅི་ལྟར་འགྱུར་ཞེས་བྱ་བ་ནི་སྐབས་སུ་བབས་པ་ཡིན་ནོ། །བདེ་བ་དག་གི་མཐར་ཐུག་པ་ཡིན་ན་ནི་གདོན་མི་ཟ་བར་བདག་སྒྲོ་འདོགས་པར་འགྱུར་བ་ཡིན་ནོ་ཞེས་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ཉིད་དུ་ཞེས་བྱ་བ་ ནི་སེམས་ཅན་དུ་ལྟ་བ་མེད་པར་མི་འཇུག་པ་ཞེས་བྱ་བར་རོ། །གཞན་གྱི་མཐར་ཐུག་པ་ཡིན་ན་བདག་སྒྲོ་འདོགས་པས་ཅི་ཞིག་བྱ་ཞེས་བརྗོད་པ་ནི། གཞན་དོན་ཞེས་བྱ་བའོ། །ཇི་ལྟར་ཆེད་ཀ་མི་ཆེ་སྙམ་ན། རྒྱལ་པོའི་ཞེས་གསུངས་སོ། །འདི་ལ་ཞེས་བྱ་བ་ནི་ངའི་ སྙམ་པའི་བློ་དང་བྲལ་བ་འཇུག་པའོ། །མི་འཐད་མེད་ཅེས་བྱ་བ་ནི་འཐད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྣམ་པར་རྟོག་པར་མི་བྱེད་ཀྱང་སྔ་མ་སྔ་མའི་འདུ་བྱེད་ལས་འཇུག་པ་ཡིན་ནོ་ཞེས་བརྗོད་པ་ནི་ཡང་སྔ་མ་སྔ་མའི་ཞེས་བྱའོ། །འདི་ཉིད་གསལ་ འདེབས་པ་ནི་རྒྱུན་མཐོང་ཞེས་བྱ་བ་ལ་སོགས་པའོ། །མཐོང་བ་ཡོད་པ་མ་ཡིན་ན་ནི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །བདག་འགའ་ཞིག་ཡོད་པ་ཡང་མ་ཡིན་ནའོ། །གནས་མ་ཡིན་ན་ནི་སེམས་ཅན་གྱི་དོན་གྱིས་སྟོང་པ་མ་ཡིན་པའོ། །ཁྱེད་ཅག་ཅེས་ བྱ་བ་ནི་འཁོར་བ་པའོ། །ཞེ་སྡང་གི་རང་བཞིན་དུ་ཞེས་བྱ་བ་ནི་ཞེ་སྡང་གི་ཕྱོགས་གཅིག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གལ་ཏེ་བདག་ལ་གནོད་པར་བྱེད་པ་ལ་སྡང་བ་ནི་བདག་ཏུ་ལྟ་བའི་སྙིང་པོ་ཅན་ཉིད་ལས་བྱུང་བ་ཡིན་གྱི། བདག་ཏུ་ལྟ་བ་ སྤངས་པ་ལ་ནི་མ་ཡིན་ནོ་སྙམ་ན། དེའི་སྙིང་པོ་ཅན་མ་ཡིན་མོད་རྒྱབ་ཀྱིས་ཕྱོགས་པ་ཙམ་ནི་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ནི། མི་གཙང་བ་ལ་སོགས་པ་མཐོང་བ་ལས་ཞེས་བྱ་བའོ། །འདིར་ཡང་། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་ གཅོད་མིན། །ཞེས་འཆད་པར་འགྱུར་བའི་ལན་བརྗོད་པ་ནི། མི་སྡུག་པ་བསྒོམས་པས་ནི་ཞེས་བྱ་བའོ། །མི་རྟག་པ་ལ་སོགས་པ་མཐོང་ཡང་ཞེ་སྡང་ཅི་སྟེ་མི་འགྱུར་སྙམ་ན། བདག་ཡོད་ནི་ཞེས་གསུངས་སོ། །བདག་དེ་བདག་ཅག་ལ་སོགས་པ་གཞན་ལ་སྡུག་བསྔལ་བར་ བྱེད་པ་ཡིན་ནོ། །མི་རྟག་པ་ཉིད་དུ་མཐོང་བ་ནི་ཁྲོ་བ་དང་འགལ་བ་ཡིན་ནོ་ཞེས་བཤད་པ་ནི། གང་གི་ཚེ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་བདག་ཅག་ལ་གནོད་པར་བྱེད་པའོ། །དེ་ལ་ཞེས་བྱ་བ་ནི་བདག་ཅག་ལ་སོགས་པ་ལ་གནོད་པར་བྱེད་པ་ལའོ། །དེའི་ཚེ་ཞེས་ ཁོང་ནས་ཕྱུང་ལ་སྡང་བར་འཛིན་པ་དོན་མེད་དོ་ཞེས་སྦྱར་རོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་བདག་ཏུ་ལྟ་བ་མེད་པའི་ཕྱིར་བདག་ཏུ་ལྟ་བའི་སྙིང་པོ་ཅན་གྱི་སྡང་བ་མི་འབྱུང་ངོ་། །དེས་ན་དེ་དག་གི་བརྩེ་བ་ཞེ་སྡང་དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེས་བརྗོད་པའི་ གཏི་མུག་ཅེས་བྱ་བ་ལ་སོགས་པའོ། །ཉེས་རྒྱུ་ནི་གནོད་པ་བྱེད་པའོ། །ཉེས་མེད་ནི་སྡང་བ་དང་མཚུངས་པར་མི་ལྡན་པའོ། །དེའི་ཚེ་ཞེས་ཁོད་ནས་ཕྱུང་ལ། འཁྲུག་པར་འགྱུར་བ་ཡིན་ན་ཞེས་བྱ་བར་རོ། །གལ་ཏེ་བཅོམ་ལྡན་འདས་འདོད་ཆགས་དང་བྲལ་བ་ འཁོར་བ་ཇི་སྲིད་དུ་བཞུགས་ན་ལུས་ཀྱི་འཆི་བ་ཡོད་པའི་ཕྱིར་མ་ཐར་བར་འགྱུར་རོ་སྙམ་པའི་དོགས་པ་བསུ་བ་ནི། གལ་ཏེ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའོ། །ཐུགས་རྗེས་སྐུ་མངའ་བ་ཡིན་ཡང་འདོད་ཆགས་ལ་སོགས་པ་དྲི་མ་དང་བྲལ་བའི་ཕྱིར་ ཐུགས་རྣམ་པར་གྲོལ་བ་ཁོ་ནའོ་ཞེས་གསུངས་པ་ནི། མ་ཡིན་ཏེ་ཞེས་བྱ་བའོ། །གྲོལ་མེད་མ་ཡིན་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་ལྟོས་པ་སྟེ། མ་གྲོལ་བ་མ་ཡིན་གྱི་གྲོལ་བ་ཁོ་ནའོ། །མ་གྲོལ་བའི་རང་བཞིན་ནི་འདི་ཡིན་ཏེ། སྔོན་གྱི་འདུ་བྱེད་ཀྱི་ཕུང་པོ་རྣམས་ ཟད་ན་གཞན་མཚམས་སྦྱོར་བའོ། །འདི་ཡང་བཅོམ་ལྡན་འདས་ལ་མི་མངའ་སྟེ། དེས་ན་གྲོལ་བ་མེད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔ