Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 184

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
ུལ་པའི་ཕྱིར་རྗེས་སུ་འགྲོ་བ་མེད་ལ། གཟུགས་ལ་སོགས་པ་མེད་ཀྱང་ཁུ་བ་ཡོད་ན་ཡོད་པའི་ཕྱིར་ལྡོག་པ་མེད་པ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་རྒྱུ་ངེས་པ་ཅན་མ་ཡིན་ཡང་ཁུ་བ་ལ་སོགས་པའི་རྒྱུ་ཅན་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ངེས་པ་མེད་པར་ཞེས་གསུངས་སོ། །གལ་ཏེ་ཁུ་བ་འདོད་ཆགས་ཀྱི་རྒྱུ་ཡིན་ནོ། །དེའི་ཚེ་ཡོན་ཏན་མ་བཟུང་བ་མི་སྡུག་པ་བསྒོམ་པ་ལ་
སོགས་པས་མི་སྡུག་པ་ལ་སོགས་པར་འཛིན་པ་ལ་ཡང་འདོད་ཆགས་ཡོད་པར་འགྱུར་རོ། །གཟུགས་བཟང་པོ་ལ་སོགས་པ་ཙམ་འཛིན་པ་ནི་ལྷན་ཅིག་བྱེད་པ་མ་ཡིན་གྱི། འོན་ཀྱང་སྡུག་པ་ལ་སོགས་པར་འཛིན་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ཡོན་ཏན་ཞེས་བྱ་བའོ། །
ཡོན་ཏན་ཐམས་ཅད་ཀྱིས་འཛིན་འགྱུར་ཞེས་བྱ་བ་ནི་ལན་ནོ། །ཅིའི་ཕྱིར་སྙམ་ན། རྒྱུ་ནི་ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཡོན་ཏན་ཡོད་པ་ཙམ་མོ། །དེའི་ཕྱིར་ཡོན་ཏན་འཛིན་པ་ནི་རྒྱུ་མ་ཡིན་ནོ། །དེས་ན་ཁུ་བ་རྒྱུ་ཡིན་ན་ཡོན་ཏན་མི་འཛིན་པ་ལ་ཡང་འགྱུར་རོ་ཞེས་བྱ་བའི་
གནས་སོ། །དེ་ནི་གྲང་བ་དང་ཚ་བའི་རེག་པ་དག་བཞིན་དུ་འགལ་བའི་འདོད་ཆགས་དང་ཞེ་སྡང་གཉིས་སམ། བདེ་བ་དང་སྡུག་བསྔལ་གཉིས་ནི་ཚོགས་པ་མཚུངས་པས་བསྐྱེད་པ་ཉིད་དུ་མི་རིགས་སོ། །བད་ཀན་གྱི་རང་བཞིན་ལ་ནི་འདོད་ཆགས་བཞིན་དུ་ཞེ་སྡང་མཐོང་བ་མ་ཡིན་ནོ་ཞེས་

བརྗོད་པ་ནི། གནས་སྐབས་ག་ལ་ཞེས་བྱ་བའོ། །འབྲས་བུ་བཞིན་དུ་དེའི་རང་བཞིན་གཉིས་ཀྱང་འགལ་བ་ཁོ་ན་སྟེ། མི་འགལ་ན་ནི་འབྲས་བུ་ཡང་དེར་མི་འགྱུར་རོ་ཞེས་བརྗོད་པ་ནི་དེ་གཉིས་ཞེས་བྱ་བ་སྟེ་འདོད་ཆགས་དང་ཞེ་སྡང་གཉིས་སོ། །གང་གིས་
འགལ་བར་མི་འགྱུར་པ། འདོད་ཆགས་ལ་སོགས་པ་ནི་བད་ཀན་ལ་སོགས་པའི་རང་བཞིན་ལ་ངེས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལ་ངེས་པ་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཡང་ཁུ་བ་བཞིན་དུ་ནུས་པར་བརྗོད་པ་ནི་ཁྱད་པར་ཅན་གཟུགས་ཞེས་བྱ་བའོ། །སྐྱོན་མེད་དོ་
ཞེས་བྱ་བ་ནི་ཐམས་ཅད་ལ་འདོད་ཆགས་དྲག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རང་བཞིན་ནོ། །འདོད་ཆགས་གཟུགས་ལ་ཇི་ལྟར་འཁྲུལ་སྙམ་ན། གཟུགས་དང་བྲལ་བ་ལ་ཞེས་སྨོས་སོ། །དོགས་པ་ནི་གཟུགས་ངན་མ་ལ་སྤྱོད་ཚུལ་དག་ཡོད་པའི་ཕྱིར་ན་ཆགས་པ་ཡིན་
ནོ་ཞེས་བྱ་བ་ནི་སྐབས་སོ། །འོ་ན་གཟུགས་ནི་ཞེས་བྱ་བ་ནི་ལན་ནོ། །དེ་མེད་པར་ཡང་འབྱུང་བའི་ཕྱིར་རོ། །འོ་ན་སྤྱོད་ཚུལ་རྒྱུ་ཡིན་པར་འགྱུར་རོ་སྙམ་ན། སྤྱོད་ཚུལ་དང་ནི་ཞེས་གསུངས་སོ། །དེའི་ཕྱིར་སྤྱོད་ཚུལ་རྒྱུ་མ་ཡིན་ནོ། །འོ་ན་གཉི་ག་རྒྱུ་ཡིན་པར་འགྱུར་རོ་སྙམ་ན་ལ་ལར་
ཞེས་གསུངས་སོ། །འོ་ན་ཅི་རུང་བ་ཞིག་རྒྱུ་ཡིན་ནོ་སྙམ་ན། ཀུན་ལ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་ཇི་ལྟར་ཡོད་པ་རྒྱུ་ཉིད་ཡིན་པར་བཀག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པ་མེད་པ་ཞེས་བྱ་བ་ནི་གང་རུང་ཞིག་མེད་པར་ཡང་མི་ལྡོག་པའོ། །དེ་ལས་ཞེས་བྱ་བ་
ནི་གང་མེད་ཀྱང་འབྱུང་བ་ལས་སོ། །ངེས་པ་ལས་ནི་ཉེས་པ་གཞན་ཡང་བརྗོད་པ་ནི་འདོད་ཆགས་གཅིག་ལ་ཞེས་བྱ་བ་སྟེ། གཟུགས་དང་ཡོན་ཏན་དང་ལྡན་པ་ལའོ། །ཅིའི་ཕྱིར་དེ་ལྟར་ཐལ་སྙམ་ན། ཐམས་ཅད་ལ་ཞེས་སྨོས་ཏེ་སྐྱེས་བུའོ། །ཡོན་ཏན་འཛིན་པའི་རྒྱུ་ནི་ཡོན་
ཏན་ཡོད་པ་ཙམ་མོ། །དེའི་ཚེ་ཞེས་བྱ་བ་ཁོང་ནས་ཕྱུང་ལ་ཐོག་མ་མེད་པའི་བག་ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དེ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་འགྱུར་བ་མ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་ལའོ། །འདི་ཉིད་ལ་ཡང་

བཀོད་པ་གཞན་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །གཅིག་ལ་འདོད་ཆགས་དང་ཞེ་སྡང་གཉི་གའོ། །འདི་ལ་ཞེས་བྱ་བ་ནི་ཆགས་པ་དང་སྡང་བ་ལའོ། །དེ་མེད་ན་ནི་ཞེས་བྱ་བ་ནི་མེ་དང་འབྲེལ་ནའོ། །དེ་ཞེས་བྱ་བ་ནི་རྡུལ་ལོ། །དེ་དག་གཞན་ཡོད་མ་ཡིན་ཞེས་བྱ་བ་ནི་རྒྱུའོ། །གཟུགས་
ལ་སོགས་པ་ཁོ་ན་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡོད་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ནང་གི་ཕན་འདོགས་པའི་བག་ཆགས་གང་ཡིན་པ་དེའི་དང་འབྲེལ་བ་ལས་ཏེ། སད་པ་ངེས་པའི་ལས་
བཟློག་པ་ཞེས་བྱ་བ་དུས་མཚུངས་པ་ཉིད་དུ་ངེས་པ་ལས་བཟློག་པ་ཡིན་ནོ། །དེས་ན་རང་བཞིན་གཅིག་ཁོ་ནས་རེས་འགའ་ནི་འདོད་ཆགས། རེས་འགའ་ནི་ཞེ་སྡང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །བག་ཆགས་ཉིད་ཅེས་བྱ་བ་ནི་བདག་ལ་ཕན་འདོགས་
པའི་བག་ཆགས་སོ། །གལ་ཏེ་བག་ཆགས་ཀྱི་ཁྱད་པར་ཡང་གཟུགས་ལ་སོགས་པ་སད་པར་བྱེད་པ་ལ་ལྟོས་པ་ཁོ་ནས་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནམ། དེས་ན་དེ་ལ་ཡང་ཉེས་པ་འདི་མཚུངས་སོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཡང་ཞེས་བྱ་བའོ། །འདིར་ནི་ཞེས་
བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་མ་ངེས་པར་རོ། །འགའ་ཞིག་གི་ཚེ་ཞེས་བྱ་བ་ནི་ལང་ཚོ་ལ་བབ་པ་ལ་སོགས་པའི་དུས་ངེས་པར་རོ། །རྣམ་པ་འགའ་ཞིག་ལྟར་ཞེས་བྱ་བ་ནི། ཆུང་ངུ་དང་འབྲིང་པོ་ལ་སོགས་པའི་དབྱེ་བས་སོ། །རྒྱུ་འགའ་ཞིག་གིས་ཞེས་བྱ་བ་ནི། །གཟུགས་
ལ་སོགས་པ་ཕྱི་རོལ་གྱིས་སམ། ནང་གི་ཁྱད་པར་ཉེ་བར་མཚོན་པར་བྱ་བ་མ་ཡིན་པ་སེམས་པ་ལ་སོགས་པས་སོ། །གཟུགས་ལ་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བར་བལྟ་བར་བྱའོ། །དེ་ལྟར་བད་ཀན་དང་རླུང་ལ་སོགས་པ་འབྱུང་བ་ཡོངས་སུ་གྱུར་པ་འདོད་ཆགས་ལ་སོགས་
པའི་རྒྱུ་ཡིན་པ་བསལ་ནས་གཞན་གྱིས་ཁས་བླང་བའི་འབྱུང་བ་ཉིད་ཡིན་པ་བཟློག་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །འདིས་ནི་ཞེས་བྱ་བ་ནི་རླུང་ལ་སོགས་པའི་རྗེས་སུ་མི་འཇུག་པས་སོ། །བག་ཆགས་ཀྱང་རྗེས་སུ་འཇུག་པས་སོ། །འདི་ནི་བློ་ལུས་ལ་ནི་བརྟེན་པའི་ཕྱིར་རོ། །

གོམས་པས་གྲུབ་པ་མེད་ཅེ་ན་ཞེས་བྱ་བ་ལ་སོགས་པས་བཀག་ཟིན་ཀྱང་ལོག་པར་རྟོག་པ་སྲིད་པས་ཡང་འགོག་པ་ཡིན་ནོ། །ལོག་པར་རྟོག་པ་དེ་ཡང་མཐོང་ངོ་ཞེས་བཤད་པ་ནི། འདི་དག་ནི་ཞེས་བྱ་བའོ། །ཅིའི་ཕྱིར་བཀག་པ་ཡིན་སྙམ་ན། འདིས་
ནི་ཞེས་བྱ་བ་གཏན་ཚིགས་ཀྱི་ཚིག་རྣམ་པར་འགྲེལ་པ་ནི། ཐམས་ཅད་དུ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་འབྱུང་བ་དག་ལས་ཐ་དད་པར་ཁས་བླངས་པས་ཞེས་བྱ་བ་ནི། རྟེན་གྱི་དངོས་པོ་ནི་ཐ་དད་པ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གནོད་
པར་འགྱུར་སྙམ་ན། འབྱུང་བ་ཙམ་ཞེས་གསུངས་སོ། །དེ་ལྟར་དཔེ་བཀག་ནས་གནས་སྐབས་ཀྱི་རྟེན་དང་བརྟེན་པའི་དངོས་པོ་ལ་ཡང་ཉེས་པ་བརྗོད་པ་ནི། གལ་ཏེ་ཤེས་པ་ཞེས་བྱ་བའོ། །བཞི་ཁོ་ནའོ་ཞེས་བྱ་བའི་ངེས་པ་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མ་ཡིན་
པར་ཁས་ལེན་པ་ལ་ཡང་སྐྱོན་བརྗོད་པ་ནི། ཐ་དད་པ་མ་ཡིན་ན་ནི་ཞེས་བྱ་བའོ། །གང་གི་ཚེ་ཤེས་པ་གཅིག་གི་ཁོངས་སུ་འདུ་བ་དེའི་ཚེ་འབྱུང་བ་རྣམས་གཅིག་ཉིད་ཡིན་ལ། དེ་ལྟ་ན་ཡང་བཞི་ཞེས་བྱ་བའི་གྲངས་ཉམས་སོ་ཞེས་བྱ་བར་དགོངས་པའོ། །གང་གི་ཚེ་འབྱུང་
བ་རྣམས་ཉིད་དུ་ཤེས་པ་འདུས་པ་དེའི་ཚེ་ནི་རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་ལོ་ཞེས་སུན་འབྱིན་པ་སྔར་བཤད་ཟིན་ཏོ། །གལ་ཏེ་རྟེན་དང་བརྟེན་པའི་དངོས་པོ་འགོག་པ་ནི་ཁྱེད་ཀྱི་དེ་ཁས་ལེན་པ་ཡང་གནོད་པ་ཡིན་ནོ་ཞེས་རྩོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འབྱུང་བ་དང་གཟུགས་
ལ་སོགས་པ་དག་རྟེན་དང་བརྟེན་པའི་དངོས་པོ་བཀག་པ་ནི་ཁས་བླངས་པ་དང་འགལ་བ་ཡང་མེད་དོ་ཞེས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བརྟེན་ནས་ཀྱི་སྒྲ་ནི་རྒྱུའི་དོན་ལས་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོར་ནི་མ་གྲུབ་པོ། །གཟུགས་དུས་མཚུངས་
པ་ཡིན་ན་ནི། དེ་ལ་ནུས་པ་མེད་པའི་ཕྱིར་ལྷན་ཅིག་གི་དངོས་པོས་ཕན་འདོགས་པ་མ་ཡིན་ནོ། །ལྷན་ཅིག་པའི་དོན་ནི་ལྟོས་པ་མེད་པའི་དོན་ཡིན་པའི་ཕྱིར་རོ། །འབྱུང་བཞིན་པའི་གཟུགས་ནི་ཅི་སྲིད་མེད་ཀྱི་བར་དུ་རང་འབྱུང་བ་ལ། ལྟོས་པར་བྱ་བ་ལ་ལྟོས་པ་ཡིན་ལ།

ལྟོས་པར་བྱ་བའི་སྔར་ཡོད་པར་ཡང་དེ་ཉིད་ཡིན་ནོ། །ཇི་སྲིད་ལྷན་ཅིག་འབྱུང་བ་དེ་སྲིད་དུ་ནི་ལྟོས་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འབྱུང་བ་རྣམས་དུས་མཉམ་པར་འབྱུང་བའི་གཟུགས་ཀྱི་རྟེན་ཡིན་ཞེས་ཐ་སྙད་བྱེད་ཅེས་དོགས་པ་བསུ་ནས། ཡང་ན་རང་གི་རྟེན་དག་དང་
ཞེས་གསུངས་སོ། །འབྱུང་བ་ཆེན་པོ་དག་དང་ངོ་། །འབྱེད་མེད་པར་གནས་པའི་ཕྱིར་ཞེས་བྱ་བ་ནི། ལྷན་ཅིག་འབྱུང་བའི་ཕྱིར་རོ། །རྟེན་ཡིན་ཞེས་བྱ་བ་ནི་བརྟེན་པ་ཉིད་ཡིན་པའོ། །ཅིའི་ཕྱིར་དེ་ལྟར་རྟེན་ཡིན་སྙམ་ན། གཞན་དུ་འཐད་མ་ཡིན་ཞེས་གསུངས་
སོ། །བརྟེན་པའི་དོན་ནི་ཞེས་བྱ་བ་ནི་འཆད་པའོ། །རྟེན་གྱི་དོན་དང་རྒྱུའི་དོན་གཉིས་དུས་ཐ་དད་དང་ཐ་མི་དད་པའི་ཡུལ་ཅན་ཉིད་ཀྱིས་གཅིག་མ་ཡིན་པ་འདི་ཉིད་གསལ་བར་བྱེད་པ་ནི་རྒྱུ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་མི་རྟོག་སྙམ་ན། དུས་མཚུངས་པ་དག་ལ་ཞེས་གསུངས་སོ། །
དེས་ནི་ཞེས་བྱ་བ་ཕན་འདོགས་པ་དང་ཕན་གདགས་པར་བྱ་བ་དག་མེད་པ་ནའོ། །འདིས་ནི་རྟེན་གནས་ཀྱི་དོན་ལ་རྒྱུའི་དོན་དུ་ཁས་བླངས་པ་ན་རྟེན་ལ་སོགས་པའི་དངོས་པོ་ཁས་བླངས་པ་མེད་པའི་ཕྱིར་བདག་ཅག་གི་རྟེན་བཀག་པ་འགལ་བ་མེད་དོ་ཞེས་སྟོན་ཏོ། །དབྱེར་མེད་པར་
འཇུག་པའི་ཕྱིར་རྟེན་ཡིན་ནོ་ཞེས་འབྲེལ་ཏོ། །ཕན་ཚུན་འཁྲུལ་པ་མེད་པ་ནི་དབྱེར་མེད་པར་འཇུག་པ་ཡིན་ནོ་ཞེས་འཆད་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་དག་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དག་གོ། །ཡང་ཇི་ལྟར་ན་རྟེན་ནི་རྣམ་པར་དབྱེར་མེད་པར་གནས་པ་ཙམ་ཡིན་སྙམ་པའི་
དོགས་པ་སེལ་བས་གཞན་དུ་འཐད་མ་ཡིན་ཞེས་བྱ་བ་འཆད་པ་ནི་གལ་ཏེ་དེ་དག་ཅེས་བྱ་བའོ། །དེའི་རྟེན་ཀྱང་ཞེས་བྱ་བ་ནི་བརྟེན་པའི་རྟེན་ཡིན་ནོ། །བརྟེན་པ་ལ་ལྟོས་པའི་རང་བཞིན་ནི་རྟེན་མེད་ན་མེད་པ་ཁོ་ནས་འཇིག་པ་ཡིན་ནོ། །མི་འཇིག་ན་ནི་སྟེ། བརྟེན་པ་དང་བྲལ་བཞིན་དུ་
གནས་ནའོ། །སྔར་ཡང་ཞེས་བྱ་བ་ནི་བརྟེན་པར་མངོན་པར་འདོད་པའི་དུས་ཏེའོ། །དེ་ཉིད་ནི་འདིའི་ཞེས་ངོ་ཤེས་པ་ལས་ནི་རྟེན་ཉིད་མ་ཡིན་ནོ། །དེས་ན་འབྱུང་བ་རྣམས་ལ་རྣམ་པར་དབྱེར་མེད་པར་གནས་པ་ཉིད་ནི་གཟུགས་ཀྱི་རྟེན་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་

གི་ཕྱིར་དེ་ལྟར་རྟེན་དང་བརྟེན་པའི་དངོས་པོ་མི་འཐད་པའི་གཏན་ཚིགས་དེས་ན་གཟུགས་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་དེ། འདོད་ཆགས་ལ་སོགས་པ་ཡང་ངོ་། །འགྱུར་རོ་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །གལ་ཏེ་གཟུགས་ལ་སོགས་
པ་དག་ལས་ཐ་དད་པར་མ་དམིགས་པའི་ཕྱིར་ན་འབྱུང་བ་ཆེན་པོའི་རང་བཞིན་མེད་པ་ཉིད་མ་ཡིན་ནམ། དེས་ན་ཅི་ལྟར་དེ་ལ་གཟུགས་ལ་སོགས་པ་རྣམས་རྣམ་པར་དབྱེར་མེད་པར་གནས་པར་བརྗོད་སྙམ་དུ་དོགས་པ་བསུ་ནས་གཟུགས་ལ་སོགས་པ་ལས་ཞེས་བྱ་བ་གསུངས་སོ། །།
གང་གི་ཕྱིར་མ་དམིགས་པའི་ཕྱིར་ན་གཟུགས་ལ་སོགས་པ་ལས་ཐ་དད་པར་འབྱུང་བ་ཆེན་པོ་ཞེས་བྱ་བའི་རང་བཞིན་མེད་པ་ཉིད་ཡིན་པ་དེ་བས་ན་དབྱེར་མེད་པར་གནས་པ་ཉིད་ཅེས་བྱ་བ་འདི་ནི་གཞན་ཁས་བླངས་པ་ཁོ་ནས་བརྗོད་པ་ཡིན་ནོ། །ཕ་རོལ་ཚུ་རོལ་མཛེས་པའམ། །
སངས་རྒྱས་པའི་ཕྱོགས་གཅིག་ཐལ་བ་ལས་བཟློག་པར་སྨྲ་བ་ནི། འདོད་ཆགས་ལ་སོགས་པས་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་ཅེས་བྱ་བའོ། །དེས་ན་ལུས་ནི་འདོད་ཆགས་ཀྱི་རྟེན་མ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཡང་མ་ཡིན་ནོ་
ཞེས་རྟོགས་པར་བྱ་བའོ། །འདོད་ཆགས་དབྱེར་མེད་པར་གནས་པ་ཉིད་ཀྱིས་ནི་ལུས་ཀྱི་རྟེན་ཉིད་ལ་ཁྱབ་པ་མ་ཡིན་ཏེ། རྣམ་པར་དབྱེར་མེད་ཀྱང་ཆང་དང་ནུས་པ་དག་ལ་རྟེན་ལ་སོགས་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་ནི་གལ་ཏེ་ཞེས་བྱ་བའོ། །དངོས་པོ་ལས་ཞེས་བྱ་
ནི་ལན་ནོ། །ཅི་ལྟར་འདི་གཉིས་དབྱེར་མེད་པ་དེ་བཞིན་དུ་རྟེན་ལ་སོགས་པའི་དངོས་པོ་ཡང་མེད་དེ་ཐ་མི་དད་པའི་ཕྱིར་རོ། །དེས་ན་རྣམ་པར་དབྱེ་བ་མེད་པ་ཉིད་ཀྱིས་རྟེན་ལམ་ཁྱབ་བམ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཐ་དད་པ་ཡིན་ན་ཡང་བརྟེན་པ་ཉེ་བར་བསྒྲུབ་པའི་རང་
བཞིན་བརྟེན་པ་ཞིག་ན་འཇིག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། དངོས་པོ་འཇིག་འགྱུར་ཏེ་རྟེན་ཚང་བར་གནས་ན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་མཚུངས་ཞེས་བྱ་བ་ནི། ཆང་དང་ཆང་གི་ནུས་པ་དག་གི་ཐ་མི་དད་པ་ཉིད་ནི་

ལུས་དང་འདོད་ཆགས་ལ་ཡང་མཚུངས་པའི་ལན་དུ་མིན་ཞེས་བྱ་བའོ། །འདོད་ཆགས་དང་ལུས་གཉིས་ཐ་དད་པའི་ཕྱིར་ཐ་མི་དད་པ་ཉིད་ནི་མ་ཡིན་ནོ། །ཐ་དད་པ་ལ་ཡང་རྟེན་དང་བརྟེན་པའི་དངོས་པོ་ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། སྣང་བ་དེ་མྱོང་བ་ཐ་དད་པ་དེ་
རྟེན་དང་བརྟེན་པའི་དངོས་པོ་དང་བྲལ་བ་དེ་རྟོགས་པ་དེ་རིགས་པའི་ཕྱིར་རོ། །གཟུགས་དང་རོ་གཉིས་ལྷན་ཅིག་རིག་ཀྱང་རྟེན་དང་བརྟེན་པའི་དངོས་པོར་འགྱུར་བ་ནི་མ་ཡིན་ནོ། །ཆང་དང་བུ་རམ་ཆང་ཞེས་བྱ་བ་ལ་སོགས་པ་ནི། རྟེན་དང་བརྟེན་པའི་དངོས་པོ་རྣམ་པར་དབྱེ་བ་མེད་
པ་ཉིད་ཀྱིས་མ་ཁྱབ་པར་བརྗོད་པ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱེད་པ་ནི། འདི་ལྟར་ཞེས་བྱ་བའོ། །མངོན་པར་འབྱུང་འགྱུར་ཉིད་ཡིན་ཞིང་། །ཞེས་བྱ་བའི་མཐར་ཐུག་པས་ནི་འཇིག་རྟེན་སྔ་མ་མེད་པར་བསྟན་ལ། ལྷག་མས་ནི་འཇིག་རྟེན་ཕྱི་མ་མེད་
པར་རོ། །དེ་ལྟ་ན་ཡང་རྟེན་ལ་སོགས་པའི་དངོས་པོ་ནི་མི་ཉམས་སོ་ཞེས་བཤད་པ་ནི་འདི་རྟེན་ཞེས་བྱ་བའོ། །དེ་བཞིན་ཉིད་དང་ནི་རྟེན་ཉིད་དུའོ། །དེ་བཞིན་ཞེས་བྱ་བ་ནི་བུམ་པ་བཞིན་དུའོ། །དེ་ཡང་མི་འཐད་དེ་ཞེས་བྱ་བ་ནི་ལན་ནོ། །འོ་ན་ཇི་ལྟར་ཐ་དད་པར་བསྙད་ཅེ་ན།
རྫས་ཀྱི་ནུས་ཞེས་སྨོས་སོ། །གཞན་དག་ནུས་པ་དོན་གཞན་ཉིད་དུ་སྒྲུབ་པས་གལ་ཏེ་ཞེས་སྨྲས་སོ། །གཞན་ལ་ཞེས་བྱ་བ་ནི་སྐྱེས་བུ་བཞིན་པའོ། །རང་གི་ངོ་བོ་མ་བཀག་ན་ནི་གཞན་ལ་སྲེག་པ་འཐད་པ་ཡིན་ནོ་ཞེས་སྨྲས་པ་ནི། ནུས་པ་བཀག་ན་ནི་ཞེས་བྱ་བའོ། །དེ་
ཞེས་བྱ་བ་ནི་མེའི་རང་གི་ངོ་བོའོ། །གཞན་ནི་སྐྱེས་བུ་གཞན་ནོ། །རྣམ་དབྱེ་འདི་ནི་ཞེས་བྱ་བ་ནི་འགའ་ཞིག་སྲེག་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་རོ། །ཅི་ལྟར་མི་འགྱུར་སྙམ་ན་དེ་ཡང་ཞེས་བྱ་བའོ། །རང་གི་ངོ་བོ་བཞིན་དུ་ནུས་པ་ཡང་གཅིག་ཁོ་ན་ཡིན་པས་ཐམས་ཅད་ལ་ཐུན་
མོང་དུ་ཡོད་པ་དང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནུས་པ་རྣམས་མང་བའི་ཕྱིར་ན་ཉེས་པ་འདིར་མི་འགྱུར་རོ་ཞེས་བརྗོད་པ་ནི། ནུས་པ་རྣམས་ནི་མང་བས་ན། །ཞེས་བྱ་བའོ། །དེ་བས་གཞན་ནི་ཞེས་བྱ་བ་ནི་སྐྱེས་བུ་གཞན་སྲེག་པར་བྱེད་པའོ། །ཡང་ན་ནུས་པ་

གཅིག་ཁོ་ན་ཡིན་དུ་ཟད་མོད། དེ་ཡང་སྔགས་ལ་སོགས་པས་ཉམས་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བསྲེག་པར་བྱ་བའི་སྐྱེས་བུ་ལ་བསྲེག་པར་བྱར་མེད་པའི་རང་བཞིན་གཞན་བྱེད་པ་ཡིན་ནོ། །དེས་ན་བྲལ་བ་ནི་སྲེག་པ་ཡིན་ནོ་སྙམ་ནས་ཡང་ཞེས་སྨྲས་
སོ། །གཞན་ཉིད་དུ་ནི་བསྲེག་ཏུ་མེད་པར་རོ། །དེས་ཚིག་མ་ཡིན་ཏེ། བསྲེག་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །གཞན་གྱིས་ཞེས་བྱ་བ་ནི་གང་སྔགས་ལ་སོགས་པས་གཞན་དུ་བྱས་པ་དེ་ལས་གཞན་གྱིས་ནའོ། །ཚིག་འགྱུར་ཞེས་བྱ་བ་ནི་བསྲེག་པར་འགྱུར་རོ་
ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་ནི་སྟེ་སྔགས་ལ་སོགས་པ་དང་བྲལ་བ་ལ་ནིའོ། །གང་ལས་ཞེས་བྱ་བ་ནི་རྒྱུའམ་ཚད་མ་གང་ལས་སོ། །དེ་རྣམས་མེད་ཀྱང་བྱེད་བཞིན་པའི་སྲེག་པར་བྱེད་པ་འདིའི་རྒྱུ་ཡོད་པའི་ཕྱིར་དོན་གྱིས་གོ་བ་ཉམས་པ་ཡིན་ནོ་ཞེས་བརྗོད་པ་ནི་གང་གིས་
ཞེས་བྱ་བའོ། །གལ་ཏེ་རྒྱུ་རང་བཞིན་གཅིག་ཡིན་ན་འབྲས་བུ་ཡང་དེ་བཞིན་དུ་འགྱུར་ན། འབྲས་བུ་ནི་དུ་མ་ཡིན་ཏེ། དེས་ན་རང་གི་ངོ་བོ་ཐ་དད་པ་མེད་ཀྱང་དོན་གྱི་གོ་བས་ནུས་པ་ཐ་དད་པར་གནས་པ་ཡིན་ནོ་ཞེས་རྩོད་པར་ནི་དངོས་པོ་འདི་ལྟོས་པ་ཡོད་མིན་ཏེ་ཞེས་བྱ་བའོ། །འདི་
ག་ལས་སྙམ་ན་ནུས་པ་མང་པོ་མེད་པར་ནི་ཞེས་བྱ་བ་སྨོས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་མེ་ལས་ཚིག་པ་ལ་སོགས་པ་ཞེས་བྱ་བའོ། །ཚིག་པ་ལ་སོགས་པའི་འབྲས་བུ་དུ་བ་མེད་པ་ལ་སོགས་པ་ལས་རྣམ་པར་ཕྱེ་བར་མཐོང་བ་གང་ཡིན་པ་དེར་མི་འགྱུར་རོ། །ནུས་པ་དུ་མ་ཉིད་
ཀྱི་རྗེས་སུ་དཔག་པ་བརྗོད་ནས། དེས་ཁས་མི་ལེན་པ་མ་ཉེས་པ་བརྗོད་པ་ནི་མེ་ལ་སོགས་པ་ཞེས་བྱ་བའོ། །ཡོད་དམ་ནི་སྔགས་ལ་སོགས་པ་དང་བྲལ་བ་ལའོ། །མེད་པ་ནི་མི་སྲིད་པ་མ་ཡིན་པ་ལ་སྟེ། དེ་དང་ལྡན་པ་ལའོ། །གཉི་ག་གཅིག་གི་ཚེ་ནི་མི་རུང་སྟེ། འགལ་བའི་
ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔགས་དང་བྲལ་བ་ལ་སྲེག་བྱེད་ཉིད་དུ་ཡོད་པའི་མེ་ནི། དེ་དང་མི་ལྡན་པ་ལ་མེད་པར་མི་རིགས་ཏེ་འགལ་བའི་ཕྱིར་རོ་ཞེས་བརྗོད་པ་ནི། ཡོད་ན་སྔགས་ལ་སོགས་པ་དང་ལྡན་པ་ཐམས་ཅད་ཀྱང་སྲེག་པ་ཉིད་དོ། །དེ་མེད་པ་ཡིན་ན་སྟེ་མེ་ལ་སོགས་

པ་རང་བཞིན་གཅིག་པོ་དེ་མེད་ན་འགའ་ཡང་མིན་ཏེ་སྔགས་ལ་སོགས་པ་དང་བྲལ་བ་ཡང་མེ་ཉིད་དུ་མི་སྲེག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་སྙམ་དུ་དོགས་པ་ན་གཅིག་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལན་ནོ། །ནུས་པ་སྣ་ཚོགས་གང་ལ་ཡོད་པ་དེ་ལ་དེ་
སྐད་ཅེས་བྱའོ། །འབྲས་བུ་སྣ་ཚོགས་གང་ལ་ཡོད་པ་ཡང་དེ་བཞིན་ནོ། །མ་མཐོང་བ་ནི་ནུས་པ་མང་པོ་ཉིད་དོ། །འབྲས་བུ་མ་མཐོང་བ་ནི་རང་གི་ངོ་བོ་ངེས་པ་ཙམ་གྱིས་འབྱུང་བས་ནུས་པ་དུ་མ་འགྲུབ་པ་ལས་བཞིན་དུ་གྲུབ་པོ་ཞེས་སྨྲས་པ་ནི། གལ་ཏེ་འབྲས་བུ་སྣ་ཚོགས་ནི། །
ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་འབྲས་བུ་དུ་མ་བྱེད་པའི་དངོས་པོ་ལའོ། །འབྲས་བུ་དེ་དག་ཉིད་ཡིན་མོད་ནུས་པ་ནི་མ་ཡིན་ནོ། །སྲེག་པར་བྱེད་པ་ཉིད་ཡོད་པ་དང་མེད་པ་ཡང་བཤད་པ་ནི་གང་གིས་ཞེས་བྱ་བའོ། །རང་བཞིན་ངེས་པ་གང་གིས་སོ། །མེ་ནི་ས་བོན་ལ་སོགས་
པ་བཞིན་དུ་སྔགས་ལ་སོགས་པ་ཡོད་པ་དང་མེད་པའི་ལྷན་ཅིག་བྱེད་པ་ཅན་རྣམ་པ་ཐ་དད་པར་འབྲས་བུ་བྱེད་པར་རང་གི་རྒྱུ་ལས་སྐྱེས་པ་ཡིན་པའི་ཕྱིར་ནུས་པ་སྣ་ཚོགས་རྟོག་པ་དོན་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་རྣམ་པར་ཕྱེ་ནས་བྱེད་པ་ཉིད་གསལ་བར་བྱེད་པ་ནི།
མེ་ནི་སྔགས་དང་ཞེས་བྱ་བའོ། །སྔགས་ལ་སོགས་པས་བསྲེག་པར་བྱ་བ་ཉིད་རྣམ་པ་གཞན་དུ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། སྲེག་རྫས་རང་བཞིན་དེ་ཡིན་ཞེས་གསུངས་ཏེ། རང་བཞིན་དེ་ཡིན་ཞེས་བྱ་བ་ནི། སྲེག་ཏུ་མེད་པའི་རང་བཞིན་དང་སྔགས་ལ་སོགས་པར་
བྱས་པ་ཡིན་ནོ། །གང་གིས་ཏེ་སྲེག་ཏུ་མེད་པའི་རང་བཞིན་གྱིས་སོ། །དེས་ནི་ཞེས་བྱ་བ་ནི་དེའི་རང་བཞིན་གང་ཞིག་སྔགས་ལ་སོགས་པས་བྱས་པ་དེས་ནི་མི་འཚིག་སྟེ་འཚིག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གི་རང་བཞིན་སྔགས་ལ་སོགས་པས་སྲེག་ཏུ་
མེད་པ་ཉིད་དུ་མ་བྱས་པ་གཞན་དེས་ནི་འཚིག་པར་འགྱུར་ཏེ། བསྲེག་པར་བྱ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འདོད་པས་སྤྱོད་པ་འདིར་གྱུར་ཅེ་ན། རང་གི་རྒྱུ་ལས་སྨོས་སོ། །དེས་ན་ཞེས་བྱ་བ་ནི་རྟེན་ལ་སོགས་པ་མེད་པས་སོ། །དཔེ་ནི་ཞེས་བྱ་བ་ནི། ཆང་

དང་ཆང་གི་ནུས་པའི་དཔེའོ། །རང་བཞིན་ཞེས་བྱ་བ་ནི་རྣམ་པར་དབྱེར་མེད་པར་གནས་པ་མེད་ཀྱང་རྟེན་ལ་སོགས་པའི་དངོས་པོར་འགྱུར་བའོ། །དེས་ན་ཞེས་བྱ་བ་ནི་ནུས་པ་ཐ་དད་པ་མ་ཡིན་པས་སོ། །དེར་ནི་ཞེས་བྱ་བ་ནི་རྟེན་དང་རྟེན་དག་གི་ནང་ནས་
སོ། །དངོས་པོ་ཉིད་ནི་རྟེན་དུ་མངོན་པར་འདོད་པའོ། །གལ་ཏེ་མཚུངས་ཤེ་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །དེ་བཞིན་དུ་འགྱུར་བ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་སེམས་པ་བརྟེན་ནས་ཐ་མི་དད་པར་རོ། །དེས་ན་རྟེན་ཞིག་ན་དེ་འཇིག་པ་ཡིན་ནོ་ཞེ་ན།
ནུས་པ་ལྟར་འབྱུང་བ་ལྟར་འབྱུང་བ་ཐ་མི་དད་པ་ཞེས་བྱ་བ་འདིའི་དེ་མ་ཐག་ཏུའམ་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནམ་ཞེས་བྱ་བར་ལྟ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་མེད་པའོ། །ཐ་མི་དད་པ་ནི་མ་ཡིན་ཏེ། སྣང་བ་ཐ་དད་པ་རྟོགས་པ་མེད་པའི་ཕྱིར་རོ། །རྟེན་དང་
བརྟེན་པའི་དངོས་པོ་ཡང་མ་ཡིན་ཏེ། སྣང་བ་ཐ་དད་པ་དེ་ཉིད་ཀྱི་ཕྱིར་ཏེ། ལོགས་སུ་གནས་པའི་ཕྱིར་རོ། །འདི་ཉིད་གཞུང་གཟུགས་པ་བརྗོད་པ་ནི། སྣང་བ་ཐ་དད་ཐམས་ཅད་དུ། །ཞེས་བྱ་བའོ། །ངེས་པ་འདི་ག་ལས་སྙམ་ན། ཐ་དད་འགྲུབ་པའི་ཞེས་གསུངས་སོ། །གཞན་
ཞེས་བྱ་བ་ནི་སྣང་བ་ཐ་དད་པ་ལས་མ་གཏོགས་པའོ། །འོན་ཏེ་ཡང་རྟོག་པའི་རྒྱུ་ཐ་དད་པར་འགྲུབ་པ་ཡིན་གྱི། སྣང་བ་ཐ་དད་པ་ལས་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དབང་པོ་ཐ་དད་པ་དང་ཞེས་གསུངས་སོ། །དབང་པོ་ཐ་དད་པ་དང་རྟོག་པ་པོ་ཐ་དད་པ་དེ་དག་གིས་གཟུང་
བར་བྱ་བ་ཡིན་དུ་ཟིན་དང་པོ་སྟེ། རྒྱུ་ཐ་དད་པ་ནི་ཐ་དད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སྙམ་ན། ཐ་དད་པར་བྱེད་པ་ནི་ཞེས་གསུངས་སོ། །སྣང་བའི་རང་བཞིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་རྟོགས་པའི་རྒྱུ་ཐ་དད་པ་ནི་ཐ་དད་པ་མ་ཡིན་ནོ་ཞེས་འབྲེལ་
ཏོ། །འོ་ན་རྟོགས་པ་ཐ་དད་པ་དེ་ཉིད་ཅེས་བྱ་བ་ནི་རྟོགས་པའི་རྒྱུ་ཐ་དད་པ་ལས་བྱུང་བའི་རྟོགས་པ་ཐ་དད་པ་གང་ཡིན་པའོ། །གཞན་ནི་ཞེས་བྱ་བ་ནི་རྒྱུ་ཐ་དད་པའོ། །དེ་ལྟར་སྣང་བ་ཐ་དད་པ་ཉིད་ཐ་དད་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྒྲུབས་ནས་སྐབས་སུ་བབ་

པ་ལ་ཡང་སྟེ། ཡོད་པ་ཡིན་ནོ་ཞེས་སྟོན་པ་ནི་དེར་ཡང་ཞེས་གསུངས་ཏེ། འབྱུང་བ་དང་སེམས་གཉིས་ཀྱི་ནང་ནས་སོ། །ཤེས་པའི་ཐ་དད་པ་བསྟན་ནས། འབྱུང་བ་ཆེན་པོ་ལ་སྟོན་པ་དོན་ནི་སངས་པ་དང་ཞེས་བྱ་བའོ། །དོན་ནི་ཐ་དད་པར་སྣང་ངོ་ཞེས་སྦྱར་རོ། །འོན་ཏེ་ཞེས་
བྱ་བ་ནི་ཐ་མི་དད་པའི་དོགས་པ་བསུ་བའོ། །གཏན་ཚིགས་དེས་ན་གང་དུ་རིག་པའི་རང་བཞིན་ཡིན་གྱི། ཐ་དད་པར་སྣང་བའི་རང་བཞིན་ནི་མ་ཡིན་ནོ། །ཤིང་ལ་སོགས་གཅིག་ཉིད་ཡིན་ཡང་། ཐ་དད་པ་ལས་བཟློག་པར་སྣང་བ་ནི་མེད་དོ་ཞེས་བརྗོད་པ་ནི་གང་ཞིག་ཅེས་བྱ་བའོ། །
དོན་ནི་འདི་སྐབས་ལ་སྦྱོར་བ་ནི་ནང་གི་རེག་བྱའི་ཁྱད་པར་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི། གང་ལ་རེག་བྱའི་ཁྱད་པར་ཡོད་པ་དེས་སོ། །དེས་ཕྱི་རོལ་གྱི་ཤིང་བཞིན་དུ་རིག་པ་མ་ཡིན་ནོ་ཞེས་སྦྲེལ་ཏེ། ཅི་སྟེ་དེ་ལྟར་རིག་པ་མ་ཡིན་སྙམ་ན། ལུས་ཀྱི་ནང་ན་གནས་པའི་ཕྱིར་
ཞེས་སྨོས་སོ། །ལུས་ཀྱི་ནང་ན་གནས་པ་ཉིད་ཅི་ལྟར་སྙམ་ན། བདག་དང་ཡུལ་གཅིག་པ་ཉིད་ཀྱིས་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །དེ་ནི་ཞེས་བྱ་བ་ནི་རེག་བྱའོ། །གང་གིས་ཞེས་བྱ་བ་ནི་གང་གིས་ཀྱང་མ་ཡིན་པ་སྟེ། དེ་ལས་ཐ་དད་པ་
ཁས་མ་བླངས་པའི་ཕྱིར་རོ། །འོན་ཏེ་གཞན་གྱིས་རིག་པར་ཁས་ལེན་ན་དེའི་ཚེ་གཞན་གྱིས་རིག་ན་བདེ་བ་ལ་སོགས་པ་རེག་པར་བྱ་བའི་འཛིན་བྱེད་ཀྱི། རེག་པ་ནི་ཐ་དད་ཡིན་པར་ཐལ་བར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནི་ཞེས་བྱ་བ་ནི་རེག་བྱའོ། །དེས་
ན་རིག་པ་ཐ་དད་པར་ཐལ་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འབྱུང་བ་ཆེན་པོའི་རང་བཞིན་མིན། །ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་རེག་བྱ་རང་རིག་པའི་རང་བཞིན་དུ་ཁས་ལེན་ན་དེའི་ཚེ་འབྱུང་བ་ཆེན་པོའི་རང་བཞིན་དུ་མི་འགྱུར་ཏེ། ཤེས་པའི་རང་བཞིན་ཁོ་ནར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རང་བཞིན་དུ་འགྱུར་མོད་ཅི་སྐྱོན་ཞེ་ན། རང་རིག་ཅེས་སྨོས་སོ། །གལ་ཏེ་རིག་བྱ་རང་གི་རང་བཞིན་གྱི་ངོ་བོ་ཡིན་ན། དེའི་ཚེ་རང་རིག་པའི་རང་བཞིན་དེ་ཁོ་ན་ལྟར་སྐྱེས་བུ་གཞན་གྱིས་ཅིའི་ཕྱིར་ཏེ་ཅི་སྟེ་མ་ཤེས། དོན་ནི་ཐུན་མོང་མ་

ཡིན་པའི་ཕྱིར་ན། ཤེས་ཀྱིས་ཀྱང་ཤེས་བྱ་བཟློག་ཏུ་མེད་ཅེས་དགོངས་པའོ། །དོགས་པ་ནི་གལ་ཏེ་ཁོང་ནང་ཆུད་ཕྱིར་ན། མ་ཤེས་པ་མ་ཡིན་ནོ་སྙམ་ན། ལན་དུ་ན་རེག་ན་ཞེས་བྱ་བའོ། །འདི་ཉིད་འཆད་པ་ནི། གང་ཞིག་ཅེས་བྱ་བའོ། །ཁོང་པ་
ལ་སོགས་པར་ལག་པ་ལ་སོགས་པ་བཅུག་པ་ལས་དེའི་ཁོང་ན་གནས་པའི་སྡུག་བསྔལ་ལ་སོགས་རིག་པར་ཐལ་བར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ནོ། །དེས་ན་བདེ་བ་ལ་སོགས་པ་མྱོང་བ་ནི་འབྱུང་བའི་རང་བཞིན་མ་ཡིན་ནོ། །དེ་ལྟར་བདེ་བ་ལ་སོགས་པ་ནང་གི་རེག་བྱའི་ཁྱད་
པར་མ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཕྱི་རོལ་གྱི་རིག་བྱའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕྱིའི་འཁྱུད་པའི་རེག་པ་ཡང་ཞེས་གསུངས་སོ། །དེ་ལྟར་གྱུར་ན་ཅིའི་སྐྱོན་སྙམ་ན། གཉིས་པོ་ཞེས་གསུངས་སོ། །བུད་མེད་དམ་སྐྱེས་པ་གཉིས་ཕན་ཚུན་རེག་པ་
ནའོ། །གཉི་ག་ཡང་ནི་རིག་པར་འགྱུར། །ཞེས་པ་ནི་བདེ་བ་ལ་སོགས་པའི་རང་བཞིན་གྱི་རེག་པ་གཉི་ག་ཡང་ངོ་། །འདི་འོན་ཏེ་གཞན་གྱི་རང་བཞིན་གྱི་རེག་པ་ཉིད་རྟོགས་ཀྱི་བདག་གི་རང་བཞིན་ནི་མ་ཡིན་ནོ། །དེ་ནི་གཞན་ཁོ་ན་འཛིན་པར་བྱེད་པ་ཡིན་ཏེ། དེ་གཉི་གས་
གཉི་ག་རྟོགས་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་གཞན་གྱི་ཞེས་སྨོས་སོ། །གཞན་གྱི་རང་བཞིན་ཞེས་བྱ་བ་ནི། རྒྱུད་གཞན་ལ་གནས་པ་བདེ་བའི་རེག་པའོ། །བདག་རང་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱི་བདེ་བའི་རེག་པའི་རང་བཞིན་ནོ། །ཅི་ལྟར་རིག་པ་མེད་དེ་རིགས་ཁོ་
ནར་འགྱུར་རོ། །དེས་ན་གཉི་གས་གཉི་ག་རྟོགས་པར་ཐལ་བ་བཟློག་པར་དཀའོ། །གཉི་གས་གཉི་ག་རིག་པར་ཐལ་བར་མི་བཟོད་ནས། གཞན་དོགས་པར་བྱེད་པ་ནི་འོན་ཏེ་གཞན་གྱིས་ཞེས་བྱ་བའོ། །བདག་གི་རང་བཞིན་ནི་བདག་ཉིད་ཀྱི་རིག་པའི་རང་བཞིན་ནོ། །དེ་ལྟ་ཡིན་ན་ཞེས་
བྱ་བ་ནི་རིག་པ་བདག་གི་རང་བཞིན་དེ་ཉིད་བདེ་བར་འགྱུར་བ་ཡིན་ནའོ། །དེ་བཞིན་དུ་རིག་པར་ཐལ་ལོ་ཞེས་བྱ་བ་ནི། ཅི་ལྟར་གཅིག་གིས་རེག་པ་ན་བདེ་བར་རྟོགས་པ་དེ་བཞིན་དུ་རྟོགས་པར་འགྱུར་རོ། །རེག་བཞིན་པ་ནི་དོན་ཡིན་པས་ན་ཐུན་མོང་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །

དེས་ན་གཉི་ག་ཡང་བདེ་བ་ཉིད་དུ་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཉིད་དུ་མཚུངས་པར་ཐལ་བ་སྤོང་བའི་དོགས་པ་བསུ་ནས་བཟློག་པ་ནི་གཞན་གྱིས་ཞེས་བྱ་བའོ། །ཅི་ལྟར་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི། ཆ་ཤས་མེད་པས་ན་རྣམ་པ་གཞན་ཉིད་མེད་
པའི་ཕྱིར་རོ། །དུ་མ་ཞེས་བྱ་བ་ནི་ཆ་ཤས་དང་བཅས་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དུ་མ་ཡིན་ནའོ། །འགའ་ཞིག་ནི་རྡུལ་ཕྲ་རབ་པོ་དེ་ལྟ་ཡིན་མོད་ཅི་སྐྱོན་སྙམ་ན། གཞན་གྱི་བདེ་བའི་བཞི་ཆ་ཙམ་ཡང་ཞེས་སྨོས་སོ། །འོན་ཏེ་གཞན་གྱིས་གཞན་གྱི་བདེ་བའི་ཆ་
རྟོགས་པར་ཁས་ལེན་ན་དེའི་ཚེ་རང་ཉིད་ཀྱང་རིག་པར་གྱུར་པ་བདེ་བའི་རྡུལ་ཕྲ་རབ་རྣམས་ཀྱི་ནང་ནས། རྡུལ་ཕྲ་རབ་གཅིག་ཉིད་རྟོགས་པར་འགྱུར་ཏེ། རྡུལ་ཕྲ་རབ་སོ་སོར་རིག་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཉིད་ཀྱང་སོ་སོར་རིག་པ་རྣམས་ལས་གཅིག་ཉིད་རྟོགས་
པར་འགྱུར་རོ་ཞེས་བྱ་བའོ། །ཡང་ན་ཅིའི་ཕྱིར་གཞན་གྱི་བདེ་བའི་ཆ་མ་རྟོགས་སྙམ་ན་རང་ཉིད་ཀྱང་ཞེས་སྨོས་སོ། །གང་གི་ཕྱིར་རང་ཉིད་སོ་སོར་རིག་པར་ཁས་བླངས་པའི་བདེ་བའི་རྡུལ་ཕྲ་རབ་རྣམས་ལ་ཆ་མེད་པ་གཅིག་པོ་གང་ཡིན་པ་དེ་ཉིད་རྟོགས་པར་འགྱུར་ཏེ།
རྡུལ་ཕྲ་རབ་གཅིག་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་ཀྱང་དེ་ཁོ་ན་ལྟར་རྟོགས་པར་འཐད་པ་ཡིན་ཏེ། གཞན་དུ་ན་འཁྲུལ་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེས་ན་གཞན་གྱིས་དེ་བཞིན་དུ་རྟོགས་པར་ཐལ་བ་ནི་ཡང་བར་དགའོ་ཞེས་མཇུག་བསྡུ་བའི་སྒོ་ནས་སྟོན་པ་དེས་
ན་བུད་མེད་དམ་སྐྱེས་པ་གཉིས་མཚུངས་པར་མྱོང་བར་འགྱུར་རོ་ཞེས་བྱ་བའོ། །འཁྱུད་པ་ན་ཞེས་བྱ་བ་ནི་སྐབས་ཡིན་ནོ། །འོན་ཏེ་ཡང་རང་ཉིད་ཐམས་ཅད་རྟོགས་པ་མ་ཡིན་ནོ་སྙམ་ན། ཐམས་ཅད་རིག་པ་ཡིན་ཞེས་སྨོས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མ་
ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་ཡང་དེ་རྣམས་འབྱར་བ་ཡིན་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས་དང་དེ་དག་འབྱར་བ་གཉིས། སོ་སོར་རྟོགས་པར་འགྱུར་རོ་ཞེས་བརྗོད་པ་ནི་ཡོད་ཀྱང་ཞེས་བྱ་བའོ། །འབྱར་བས་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རྡུལ་

ཕྲ་རབ་རྣམས་དང་འབྱར་བ་གཞན་གཉིས་ཀྱང་། འབྱར་བས་རྣམ་པར་དབྱེ་བ་མ་རྟོགས་སོ་ཞེ་ན། འོ་ན་ཞེས་ལེན་འདེབས་སོ། །མ་རྟོགས་འབྱུང་བའི་རྡུལ་ཕྲ་རབ་དག་ལས་རྟོགས་བཞིན་པའི་སེམས་ཐ་དད་པར་འགྱུར་ཏེ། རྟོགས་པ་
དང་མ་རྟོགས་པ་དག་ཐ་དད་པའི་ཕྱིར་རོ། །དེ་ལྟར་རྡུལ་ཕྲ་རབ་ཙམ་ཁས་ལེན་པའི་ཕྱོགས་ལ་དེ་དག་ལས་བདེ་བ་ལ་སོགས་པ་ཐ་དད་པ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཡན་ལག་ཅན་ཁས་ལེན་པའི་ཕྱོགས་ལ་མཚུངས་པ་མིན་པར་ཐལ་བ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །
རྟོག་པར་མི་ནུས་སོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོད་པའི་བདེ་བ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །འོ་ན་དེའི་ཞེས་བྱ་བ་ནི་བདེ་བ་ཡན་ལག་ཅན་གྱིའོ། །དེ་རྟོགས་ན་ནི་གཞན་གྱི་བདེ་བའི་ཡུལ་ལོ། །འཁྲུལ་པ་ཡིན་ཡང་ནང་གི་རིག་པའི་རང་བཞིན་ཉིད་ཀྱིས་རྟོགས་པ་
བཟློག་ཏུ་མེད་དོ་ཞེས་བཤད་པ་ནི་འཁྲུལ་པ་ཡང་ཞེས་བྱ་བ་སྟེ་བདེ་བ་འབའ་ཞིག་ཏུ་མ་ཟད་པའོ། །དེས་ན་ཞེས་བྱ་བ་ནི་ནང་གི་རེག་པའི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དང་ཞེས་བྱ་བ་འཁྲུལ་པའི་རང་བཞིན་དུའོ། །དེ་ལྟར་གཉི་ག་མཚུངས་པར་མྱོང་བར་
བསྟན་ནས། ད་ནི་གཞན་གྱི་དོགས་པ་སྔོན་དུ་འགྲོ་བ་ཅན་གྱིས་འབྱུང་བ་དང་སེམས་ཐ་དད་དུ་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ལུས་འདིར་གཅིག་ནི་རེག་པར་བྱ་བ་ཡིན་ལ། བདེ་བ་ལ་སོགས་པ་ནི་གཞན་ཡིན་གྱི་རང་བཞིན་དེ་རེག་པར་བྱ་བ་ཉིད་ནི་མ་ཡིན་ལ།
དེ་གཉིས་ལས་ཀྱང་གཞན་གྱི་རེག་པར་བྱ་བ་གཅིག་ཉིད་རྟོགས་པ་ཡིན་གྱི་བདེ་བ་ལ་སོགས་པ་ཡིན་ནོ་ཞེས་ཁས་ལེན་ནོ་ཞེ་ན། དེ་ལྟ་ཡིན་ན་བདེ་བ་ལ་སོགས་པ་རེག་པར་བྱ་བ་ལས་གཞན་ཡིན་ནོ་ཞེས་གྲུབ་པོ། །དེའི་ཕྱིར་ཞེས་བྱ་བ་ནི་སྡུད་པའོ། །འབྱུང་བ་དང་སེམས་པ་
དག་རང་བཞིན་ཐ་དད་པ་ཡིན་པ་ཉིད་དོ་ཞེས་འབྲེལ་ཏོ། །ཅི་ལྟར་སྙམ་དུ་དོགས་ན། འགལ་བའི་ཆོས་ནི་གནས་པས་ན། །ཞེས་སྦྱར་རོ། །དེ་ཉིད་ཅི་ལྟར་སྙམ་ན། སྣང་བ་ཐ་དད་རྟོགས་པའི་ཕྱིར། །ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་དོགས་པ་

བསུ་བའོ། །འདི་ནི་བསལ་ཟིན་པ་ཡིན་མོད་ཀྱི། སྐྱོན་ལྷག་པ་བརྗོད་དུ་ཡང་དོགས་པ་བསུ་བར་ཟད་དོ། །དེ་ཉིད་བརྗོད་པ་ནི་ཞེས་བྱ་བ་སྟེ། བདེ་བ་འབྱུང་བ་དེ་ནིའོ། །ཅི་རུང་རུང་གིས་རེག་པ་ལ་ཡང་དེ་ལྟར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་
ཡིད་དུ་འོང་བའོ། །རྒྱུ་ཞེས་བྱ་བ་ནི་སྐབས་ཀྱིས་བདེ་བ་འབྱུང་བའོ། །ཡིད་འོང་འདི་གང་ཡིན་པར་འདོད། །ཅེས་བྱ་བས་ནི། རྣམ་པར་དཔྱད་ན་ཡིད་དུ་འོང་བ་ཉིད་ནི་འགའ་རྣམ་པར་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་འགའ་ཞིག་སྙིང་དུ་སྡུག་སྙམ་ན།
སྐལ་བདུན་འཕྲོ་ཡིས་འགའ་ཞིག་ལ། །ཞེས་གསུངས་སོ། །འོ་ན་ཏེ་ཕན་འདོགས་པར་བྱེད་པ་ལས་ཀྱང་གཞན་ཡིད་དུ་འོང་བ་ཡིན་ནོ་སྙམ་ན། ཕན་འདོགས་པའི་ཞེས་གསུངས་སོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་བཤད་ཟིན་པའི་ཚུལ་ལོ། །ལུས་ལས་ཡིད་དུ་འོང་བའི་
རང་བཞིན་གྱི་སེམས་པ་གཞན་མེད་ཀྱང་ངོ་། །གནས་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་རྒྱུའི་ཁྱད་པར་ཏེ། འཇིག་རྟེན་འདི་པ་ནི་མེད་པའི་ཕྱིར་རོ། །ཡིད་དུ་འོང་བ་ཉིད་ནི་ལུས་ཀྱི་ཆོས་མ་ཡིན་གྱི། འོན་ཀྱང་། རྟོགས་པ་པོའི་ཤེས་པའི་ཆོས་ཡིན་ཏེ་ཡུལ་རུང་བ་ན་གནས་པས་མི་
ཤེས་པར་རང་ཉིད་ཤེས་པའི་ཕྱིར་རོ་ཞེས་བཤད་པ་ནི་གལ་ཏེ་དེའི་ཞེས་བྱ་བའོ། །རྒྱུ་ལས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལས་སོ། །མིན་ན་ཞེས་བྱ་བ་ནི་གཞན་གྱིས་རྟོགས་པར་འགྱུར་བ་ཞེས་བྱ་བར་འབྲེལ་ཏོ། །གལ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནི་ཞེས་བྱ་བ་ནི་ཡིད་དུ་འོང་
བའོ། །ཕྱི་རོལ་དུ་ཞེས་བྱ་བ་ནི་ལན་ནོ། །དེ་ཞེས་བྱ་བ་ནི་ཡིད་དུ་འོང་བའོ། །མཐོང་བ་ཞེས་བྱ་བའི་མིང་གཞན་དང་ལྡན་པ། དེ་ལྟ་བུའི་གཟུགས་སུ་སྣང་བ་ཅན། སྐྱེས་བུ་སོ་སོ་ལ་ངེས་པར་རིག་པ་ནི་ཤེས་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། གཟུགས་ནི་སྣང་བར་གྱུར་ན་ཡང་། །
ཞེས་བྱ་བ་སྟེ། སྡུག་བསྔལ་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་པའོ། །རྣམ་པར་རྟོག་པ་དང་བཅས་པ་འགའ་ཞེས་བྱ་བ་ནི་འཆད་པའོ། །རྣམ་པར་རྟོག་པ་དང་བཅས་པའམ། རྟོག་པ་མེད་པ་ལས་སོ། །གསལ་བའམ་མི་གསལ་བ་ཡང་རུང་སྟེ། གཟུགས་སྣང་བ་

གང་ཡིན་པ་དེ་ཡང་གཞན་གྱིས་མི་རྟོགས་པ་མ་ཡིན་ནོ། །མི་རྟོགས་པ་དེས་ན་གཟུགས་སུ་སྣང་བ་དེ་ནི་རང་རིག་པ་ཉིད་དོ། །འོན་ཏེ་གཞན་གྱི་ལུས་ཀྱི་ནང་དུ་ཆུད་པས་ཞེས་བྱ་བ་ནི་གཟུགས་སུ་སྣང་བ་གཞན་གྱི་ལུས་དང་ཐ་མི་དད་པའོ། །
གཞན་གྱི་ལུས་ཀྱང་ཞེས་བྱ་བ་ནི་ལན་ནོ། །དེ་ཅི་ལྟར་གཞན་དུ་དེའི་བདག་ཉིད་དེ་དགག་པ་ལ་སྣང་བ་མི་དམིགས་པ་མེད་པར་ཐལ་བའི་ཕྱིར། བལྟར་རུང་བ་ལས་ཐ་མི་དད་པ་བལྟར་རུང་བ་ཉིད་དུ་ཁས་བླངས་པ་དེ་བཞིན་བལྟར་མི་རུང་བ་ལས། ཐ་མི་དད་པ་ནི་བལྟར་མི་རུང་
བར་ཁས་བླང་བར་བྱ་བ་ཡིན་ནོ། །དེས་ན་ནང་དུ་ཆུད་པ་བལྟར་མི་རུང་ན། ནང་དུ་ཆུད་པའི་ཡུལ་ཡང་ངེས་པར་བལྟར་མི་རུང་བར་གྱུར་པའི་ཕྱིར་གཞན་གྱི་ལུས་ཀྱང་མི་རིགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ལེགས་པར་བརྗོད་པ་ཡིན་ནོ། །འདིས་ནི་གཞན་གྱི་
རྣམ་པར་རྟོག་པ་མི་རིག་ན་དེའི་ལུས་ཀྱང་མི་རིག་པར་ཐལ་བར་བརྗོད་པ་ཡིན་ནོ། །ད་ནི་རང་གི་ལུས་མ་རིག་ན་རང་གི་རྣམ་པར་རྟོག་པ་མ་རིག་པར་ཐལ་བར་བརྗོད་པ་ནི་ལུས་ཀྱི་ནང་དུ་ཆུད་ཉིད་ན་ཞེས་བྱ་བའོ། །གལ་ཏེ་ལུས་ཀྱི་ནང་དུ་གཏོགས་པར་འདོད་ན་དེའི་ཚེ་སྐྱེས་བུ་
མུན་རུམ་ན་གནས་པ་ཡུལ་གཞན་ལ་རྣམ་པར་རྟོག་པར་བྱེད་པ་ན་སྟེ་རྣམ་པར་རྟོག་པའི་དུས་སུ། ལུས་དང་བྲལ་བའི་རྣམ་པར་རྟོག་པ་ལ་གནས་པའི་གཟུགས་སུ་སྣང་བ་འབའ་ཞིག་རྟོགས་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ་ཅི་ལྟར་རིགས་པར་ཐལ་བ་
གཉིས་ཀྱི་ལས་བཟློག་པ་བསྔོ་བ་ནི་རྣམ་པར་རྟོག་པ་མེད་ན་ནི་ལུས་སོ། །གཞན་གྱི་ལུས་རིག་པ་ཡིན་ལ། རྣམ་པར་རྟོག་པ་དེ་རང་གི་ལུས་ཏེ་མེད་པར་རིག་ཅེས་འབྲེལ་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་གཏན་ཚིགས་དེ་ན་གཅིག་གི་ཚེ་སྒྲུབ་པར་བྱེད་པ་
ལྷན་ཅིག་དམིགས་པ་ངེས་པ་མེད་པ་ཡིན་ནོ། །དེའི་ཕྱིར་སེམས་པ་ནི་ནུས་པ་བཞིན་དུ་ཐ་མི་དད་པ་ཉིད་མ་ཡིན་ནོ་ཞེས་གནས་སོ། །ཐ་དད་ཀྱང་འཁོར་བ་ཉིད་མ་གྲུབ་བོ་སྙམ་དུ་དོགས་པ་བསུ་བ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཐ་དད་པ་ཉིད་

ཡིན་ཡང་ངོ་། །དེ་ནི་ཤེས་པའིའོ། །དེས་ན་ནི་ལས་རྒྱུ་ཡིན་པས་ནའོ། །དེས་ན་ཞེས་བྱ་བ་ནི་བག་ཆགས་དང་འབྲེལ་པ་མ་ཡིན་པས་སོ། །དེས་ན་ཞེས་བྱ་བ་ནི་འཇིག་རྟེན་འདི་བའི་ཁུ་བ་ལ་སོགས་པ་རྒྱུ་ཡིན་པས་སོ། །དེས་ན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་
མེད་པས་སོ། །གལ་ཏེ་ཡིད་ལུས་ཀྱི་འབྲས་བུའམ། ལུས་ཀྱི་བདག་ཉིད་ཡིན་ན། དེའི་ཚེ་ལུས་རྣམ་པར་མ་གྱུར་ན། རྣམ་པར་རྟོག་པ་རྣམ་པ་གཅིག་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ཅི་སྲིད་ཅེས་བྱ་བའོ། །དེའི་འབྲས་བུ་ཉིད་ནི་དེར་འགྱུར་བས་ཁྱབ་པ་ཡིན་
པས། དེ་དང་འགལ་བ་དེར་འགྱུར་བས་མི་འགྱུར་བ་ཉིད་ཡིན་ན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལུས་འབའ་ཞིག་གི་འབྲས་བུ་ཉིད་ཡིན་ན། དེ་ལྟར་མ་འགྱུར་བ་ཞིག་ན། འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ནི་དོན་ལྷན་ཅིག་བྱེད་པ་ཅན་གྱི་ལུས་ཀྱི་
འབྲས་བུ་ཡིན་པས་ལུས་ཐ་མི་དད་ཀྱང་དོན་ཐ་དད་པས་རྣམ་པར་འགྱུར་བ་ཡིན་ནོ། །དེས་ན་དེའི་ཚེ་ཚོགས་པ་ཐ་དད་པས་ཐ་དད་པ་དེ་ནི་དེའི་འབྲས་བུ་ཁོ་ནའོ་སྙམ་དུ་དོགས་པ་བསུ་ནས་རྣམ་པར་རྟོག་པ་ནི་ཞེས་གསུངས་སོ། །རྣམ་པར་རྟོག་པ་ནི་ཡུལ་ལ་མི་
ལྟོས་པའི་ཕྱིར། ལུས་ཙམ་གྱི་རྒྱུ་ཅན་དུ་ཁས་མི་ལེན་ན་འགལ་བར་བྱད་པ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །གང་ཡང་ལུས་ཉིད་དེའི་རྒྱུ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གང་ཡང་ལུས་ཉིད་དེའི་རྒྱུ་ཡིན་པ་ཞེས་བྱ་བ་ཕྱོགས་སྔ་མར་བཀོད་པ་དེ་ལྟ་ན་ཡང་རང་བཞིན་ཡིན་པ་ཞེས་རྗེས་སུ་བརྗོད་པ་ནི་ཉེས་
པ་མཚུངས་པའི་ཕྱིར་རོ། །ཅིའི་ཕྱིར་སྙམ་ན་རྒྱུའམ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ལུས་མ་འགྱུར་རང་བཞིན་མཚུངས་པ་ཉིད་མ་ཡིན་ནའོ། །གཟུགས་སོགས་བཞིན་དུ་ཞེས་བྱ་བ་དེ་བཤད་པའི་ཕྱིར་ལུས་ལ་བརྟེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིད་ཀྱི་
རྣམ་པར་ཤེས་པ་ལུས་ཀྱི་རྒྱུ་ཅན་ཡིན་ན་ལུས་ཐ་མི་དད་པར་དེ་ཐ་དད་པ་མཐོང་བ་མེད་པར་འགྱུར་རོ་ཞེས་བརྗོད་པ་ཡིན་པའོ། །དེ་ལྟ་ན་བག་ཆགས་སད་པ་རྒྱུ་ཉིད་ཡིན་ན་ལུས་ཐ་མི་དད་ཀྱང་དེ་ཐ་དད་པ་ལས་དེ་ཐ་དད་པ་ཁོ་ནའོ་ཞེས་བརྗོད་པ་ནི་གང་གི་ཚེ་ལུས་

ལ་ཞེས་བྱ་བའོ། །གང་གི་ཚེ་ཤེས་པ་གང་ལ་བག་ཆགས་སད་པ་ཉིད་ཀྱི་རྒྱུ་ཡོད་པའི་ཤེས་པ་དེ་ནི་འགའ་ཞིག་ཏུ་འགྱུར་བ་ཡིན་པ་དེའི་ཚེ་སྟེ། གང་དང་དེ་ནི་རྟག་ཏུ་འབྲེལ་པའི་ཕྱིར་རོ། །དེའི་ཚེ་ནི་རྒྱུ་དེས་ན་འགའ་ཞིག་ལ་འགའ་ཞིག་
གི་ཚེ་འགའ་ཞིག་ལྟར་འགྱུར་བ་ཡིན་ཏེ། རང་བཞིན་དུ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཡང་ན་གང་གི་ཚེ་ཤེས་པ་འབའ་ཞིག་སྐྱེ་བར་འདོད་པའི་ཤེས་པ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བ་དེའི་ཚེ། རྒྱུ་དེས་ན་འགའ་ཞིག་ཁོ་ནར་འགྱུར་བ་ཡིན་
ནོ། །རྣམ་པར་བཤད་པ་བྱེད་པས་ནི་ལུས་ལ་ལྟོས་མེད་པར་ཞེས་ཁྱད་པར་བཀག་པས་ལྷག་མ་ཁས་བླངས་པའི་ཕྱིར་བག་ཆགས་སད་པ་ལ་རྒྱུ་འགའ་ཞིག་ལ་ལྟོས་དགོས་པའི་རྒྱུ་དེས་སྐྱེས་བུ་འགའ་ཞིག་གི་ཤེས་པ་དུས་འགའ་ཞིག་གི་ཚེ། འགའ་ཞིག་ཏུ་
འགྱུར་བ་ཡིན་ནོ་ཞེས་བྱ་བར་ལུས་རྒྱུ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །ལུས་རྒྱུ་ཡིན་ན་ནི་རྣམ་པར་ཤེས་པ་འགའ་ཞིག་ཏུ་མི་འགྱུར་ཏེ། སྔར་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལུས་ལྷན་ཅིག་བྱེད་
ཉིད་ཀྱིས་རྒྱུ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་། གང་རྣམ་པར་འགྱུར་བས་ངེས་པར་རྣམ་པར་འགྱུར་བར་བྱེད་པ་དེ་ཉེ་བར་ལེན་པར་འདོད་པར་བྱ་བ་ཡིན་ནོ་ཞེས་ཤེས་པ་རྒྱུ་ཡིན་པའི་གཏན་ཚིགས་ཡང་གཞན་བརྗོད་པ་ནི་རྣམ་ཤེས་མིན་ཞེས་བྱ་བ་ལ་སོགས་པའོ། །
འདོད་ཆགས་ལ་སོགས་པ་གོམས་པ་ལས་གསལ་བར་མཐོང་བའི་ཕྱིར་འཁོར་བ་པར་གྱུར་པར་ནི་མ་ཟད་ཀྱི། རྣམ་པར་ཤེས་པ་མ་ཡིན་པ་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་ཡང་ཕུང་པོ་འཁོར་བར་གྲུབ་པ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་རྣམ་པར་ཤེས་
པའི་ཉེ་བར་ལེན་པ་ཉིད་ཡིན་ཡང་འཇིག་རྟེན་ཕ་རོལ་ནི་མི་འགྲུབ་པོ་སྙམ་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ལུགས་འདི་ནི་གྲངས་ཅན་ཉིད་ཀྱི་ཡིན་གྱི། ཚུ་རོལ་མཛེས་པ་པའི་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་རྩྭ་མཆོག་ཅེས་བྱ་བ་ལ་སོགས་པའོ། །འདི་

ནི་རིགས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་རྒྱུ་ནི་རྣམ་བརྒྱར་ཞེས་བྱ་བའོ། །རྣམ་པར་ཤེས་པའི་ངོ་བོ་གང་ཞིག་རྣམ་པར་འགྱུར་བའི་ངོ་བོ་ཐ་དད་པ་དེ་ནི་སྔར་ནུས་པའི་གནས་སྐབས་ཀྱི་ཤེས་པ་ལ་མེད་དོ། །དེས་ན་བལྟར་རུང་བའི་ཉེ་བར་ལེན་པ་ནི་བལྟར་རུང་
བ་ཉིད་དུ་རྟོགས་པར་འགྱུར་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་བརྒྱར་རྣམ་ཕྱེ་ཡང་ཞེས་བྱ་བས་ནི་བཞད་གད་དང་བཅས་ཏེ་མི་དམིགས་པར་བརྗོད་པའོ། །བལྟར་རུང་བའི་རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཡིན་པར་བརྗོད་
པ་ནི། རྣམ་པར་ཤེས་པ་མཐུན་པ་དང་། །ཞེས་བྱ་བ་ཡང་གི་དོན་བཤད་པ་ནི་འདོད་ཆགས་ལ་སོགས་པ་ཞེས་བྱ་བའོ། །དེ་ཉིད་འཇིག་རྟེན་ཕ་རོལ་ཡིན་ནོ་ཞེ་ན། དེ་ལྟ་བུའི་ནུས་པ་ཞེས་སྨྲས་སོ། །རྩྭ་མཆོག་གི་རྩེའི་གླང་པོ་ཆེ་བཞིན་དུ་འོ་མ་ལ་ཞོ་ལ་སོགས་
པ་མ་མཐོང་བ་ཁས་ལེན་པར་གསལ་བ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །རང་བཞིན་གཞན་གྱིས་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །ཡུལ་འཛིན་པ་ལ་སོགས་པའི་མཚན་ཉིད་ཅན་ལས་གཞན་པའི་རང་བཞིན་གང་ཡིན་པ་ནི་རང་བཞིན་གཞན་
ཏེ་དེས་སོ། །དེ་ཞེས་བྱ་བ་ནི་ཡུལ་འཛིན་པ་ལ་སོགས་པ་ཉིད་དོ། །དེ་ཉིད་ཡིད་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །དེ་ཉིད་ནི་ཡུལ་འཛིན་པའི་རང་བཞིན་ཉིད་དོ། །ཅིའི་ཕྱིར་དེ་ལྟར་མི་བརྗོད་སྙམ་ན། རྣམ་ཤེས་ལས་གཞན་ཞེས་བྱ་བ་སྨོས་ཏེ། ཡུལ་འཛིན་
པའི་མཚན་ཉིད་ལས་སོ། །དེ་ལས་གཞན་པའི་རང་བཞིན་ཡོད་པས་སོ། །དེ་ཞེས་བྱ་བ་ནི་ཤེས་པའོ། །དེའི་ཕྱིར་དངོས་པོ་ཐམས་ཅད་རྣམ་པར་ཤེས་པའི་ནུས་པ་དང་ལྡན་པ་ནི་མ་ཡིན་ནོ་ཞེས་གནས་པའོ། །རྣམ་པར་ཤེས་པ་ཉེ་བར་ལེན་པ་ཡིན་ཡང་འཇིག་
རྟེན་ཕ་རོལ་མི་འགྲུབ་པོ་ཞེས་བྱ་བར་དོགས་པ་བསུ་བ་ནི་གལ་ཏེ་མ་སོགས་ཞེས་བྱ་བའོ། །དེ་ནི་རྣམ་པར་ཤེས་པའོ། །དེའི་ཞེས་བྱ་བ་ནི་ལན་ཏེ་མ་ལ་སོགས་པ་དེའིའོ། །འདུ་བྱེད་མངོན་ཕྱོགས་པའི་ཡོན་ཏན་ནི་མཁས་པ་ལ་སོགས་པའོ། །རྗེས་སུ་འཇུག་

འགྱུར་ནི་མི་ནུས་སོ། །ངེས་པར་དེའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་དམིགས་པ་ཡང་མེད་དོ། །དེས་ན་གང་གིས་འཇིག་རྟེན་ཕ་རོལ་མེད་པར་འགྱུར་བ་མ་ལ་སོགས་པའི་ཤེས་པ་ནི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །འོན་ཏེ་ཞེས་བྱ་
བ་ནི་མགོ་གསིག་པའོ། །ཕ་མའི་འདུ་བྱེད་དང་མི་མཐུན་པ་དེ་ནི་མེས་པོ་ལ་སོགས་པའི་ཡིན་ན། ཕ་ཡིན་ཞེ་བྱ་བ་ལས། ས་བོན་ལས་སྐྱེས་པའི་ཆུ་ཤིང་ཡང་། ཕྱིས་སྡོང་བུ་ལས་སྐྱེས་པར་འགྱུར་བ་ན། རིམ་གྱིས་སྡོང་བུ་ལས་སྐྱེས་པ་གཞན་དང་
ཐ་མི་དད་པར་འགྱུར་བ་ཡིན་ཏེ། དེས་ན་དེ་མ་ཐག་པའི་རྒྱུས་འབྲས་བུ་ཐ་དད་པར་བྱེད་པ་ཡིན་གྱི། ཆོད་པས་ནི་མ་ཡིན་ནོ། །དེས་ན། ཕ་ལ་སོགས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་ནི་བརྟག་པར་མི་བྱའོ། །གང་གི་ཕྱིར་དེ་ལྟར་རྒྱུན་གཞན་ལ་ཡོད་
པའི་ཤེས་པ་ཡང་ཤེས་པའི་ཉེ་བར་ལེན་པ་མ་ཡིན་པ་དེའི་ཕྱིར་རོ། །ཤེས་པ་ལས་ཞེས་བྱ་བ་ནི་ཉེ་བར་ལེན་པར་འགྱུར་བ་ལས་སོ། །རེ་ཞིག་འདོད་ཆགས་ལ་སོགས་པ་འབྱུང་བ་རྣམས་ཀྱི་རང་བཞིན་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་མེད་ཀྱང་ཤིང་
དང་རྡོ་ལ་སོགས་པ་ལ་འབྱུང་བ་མཐོང་བའི་ཕྱིར་རོ། །ལུས་ཀྱི་རྒྱུ་ཅན་ཡང་མ་ཡིན་ཏེ། དེ་མེད་ཀྱང་རེས་འགའ་འབྱུང་བའི་ཕྱིར་རོ། །གསོན་པོ་ལ་ཡང་བཏང་སྙོམས་ཀྱི་དུས་ན་དེ་མེད་ཀྱང་འབྱུང་བའི་རང་བཞིན་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར།
འབྱུང་བ་ཙམ་སྐྱེད་པ་ཡང་མ་ཡིན་ནོ། །སེམས་ཅན་ནི་སྔར་མེད་པ་སྐྱེ་བ་ཡིན་གྱི། སྔོན་ནས་ཡོད་པ་མ་ཡིན་ཏེ། དེས་ན་ཤིང་ལ་སོགས་པ་ལྟར་ལུས་ཀྱི་རྣམ་པར་འགྱུར་བ་ཡང་གསོན་པ་དང་འདོད་ཆགས་ལ་སོགས་པ་དང་ལྡན་པའམ། རྣམ་པ་གཞན་དུ་ཡང་
རུང་བ་ཞེས་བྱ་བའི་ངེས་པར་མི་འགྱུར་རོ། །ངེས་པ་ནི་རང་བཞིན་གྱིས་ཁྱབ་པ་ཡིན་ལ། རང་བཞིན་མ་ཡིན་པ་ནི་དེ་དང་འགལ་བ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་ལས་ངེས་པ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། སྔ་ན་མེད་པ་འབྱུང་བ་ལས་ཞེས་

བྱ་བའོ། །གལ་ཏེ་འཇིག་རྟེན་གཞན་ན་ཡོད་པའི་ངེས་པར་བྱེད་པ་ཁས་མི་ལེན་ན། འབྱུང་བ་ལ་གནས་པ་ཡང་མེད་པ་དེས་ན་ཅི་ལྟར་ངེས་པར་འབྱུང་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་གལ་ཏེ་འཇིག་རྟེན་ཕ་རོལ་ཞེས་བྱ་བའོ། །ཕ་རོལ་ཡོད་ན་ནི་སྐྱེ་བ་སྔ་མ་ཡོད་
པའི་སྲིད་པ་ལ་སོགས་པ་ངེས་པར་བྱེད་པ་ཡིན་པའི་ཕྱིར་ངེས་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །སྲེད་པ་སུའི་རྒྱུ་ཡིན་སྙམ་ན། ཡོད་པ་དེ་རྒྱུན་སྐྱེ་བཞིན་པའི་སྲོག་ཆགས་སྐྱེ་བ་ཡིན་གྱི། སྔ་ན་མེད་པ་ནི་མ་ཡིན་ནོ། །དེ་ལྟར་
ན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་རྒྱུ་ཡིན་པའི་ལྟར་ནའོ། །སྐྱེ་བོ་འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་སྐྱེ་བོ་ནི་འདོད་ཆགས་དང་ལྡན་པ་ཁོ་ནའོ་ཞེས་ངེས་པའོ། །དེ་ལྟར་ཞེས་བྱ་བས་བརྗོད་པའི་གཏན་ཚིགས་ཉིད་གསལ་འདེབས་པ་ནི་འདོད་
ཆགས་ལ་སོགས་པ་མེད་པར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའོ། །འདོད་ཆགས་ནི་འདོད་ཆགས་ཙམ་གྱི་བདག་ཉིད་དམ་འབྲས་བུ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ལུས་ཀྱི་རྣམ་པ་ཅན་གྱི་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། འབྱུང་བའི་དག་ལས་ཞེས་བྱ་བའོ། །
ཀུན་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པ་ཅན་ནོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རམ། འབྱུང་བའི་བདག་ཉིད་ལས་མ་འདས་པའི་ཕྱིར་རོ། །རྒྱུ་ཁྱད་པར་མེད་ན་ནི་འབྲས་བུ་ཁྱད་པར་དུ་མི་འགྱུར་ཏེ།
དེའི་ཐ་དད་པས་ཁྱབ་པའི་ཕྱིར་ན་སྲོག་ཆགས་ཉིད་བཞིན་ནོ། །འོན་ཏེ་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་རྣམས་ཀྱི་ཁྱད་པར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ལ་དཔག་པ་ལས་འདོད་ཆགས་མཚུངས་པར་མི་འགྱུར་རོ་སྙམ་དུ་དོགས་པ་བསུ་བ་ནི། གལ་
ཏེ་འབྱུང་ཁྱད་ལས་མིན་ནོ། །ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཁྱད་པར་ཡོད་པ་ནའོ། །ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་རྣམས་འབྲས་བུ་སྲོག་ཆགས་དང་བཅས་པར་ཁྱད་པར་མེད་པ་ཡིན་ཏེ། དེ་ཙམ་ལས་སྐྱེ་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་དེ་

ལྟ་མ་ཡིན་ཏེ། དེས་ན་དེ་ཙམ་གྱིས་སྐྱེད་པར་བྱེད་པ་ཁྱད་པར་གྱི་རིམ་པ་དང་ལྡན་པ་རྟོགས་པར་བྱེད་པ་ཡིན་ལ། དེ་ལྟར་རྟོགས་པ་དེ་ཡང་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་དེ་དག་ལ། འདོད་ཆགས་ལ་སོགས་པ་དེ་འབྱུང་བ་ཡོད་པར་འགྱུར་རོ། །ཅིའི་ཕྱིར་
སྙམ་ན་ཕུལ་བྱུང་འགྲིབ་ལྡན་པས་ཞེས་གསུངས་ཏེ། འཕེལ་འགྲིབ་ཡོད་པས་སོ། །གང་གི་ཚེ་འགྲིབ་པ་དང་ལྡན་པས་སྐྱེད་པར་མི་བྱེད་པ་དེའི་ཚེ། འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔ་ན་མེད་པ་འབྱུང་བ་ལ། །ཆགས་སོགས་
ངེས་མེད་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་གཙོར་བྱ་བའི་དོན་འཆད་པ་ནི་གང་བརྗོད་པ་ལ། གཞན་གྱིས་བརྩད་པ་ཞེས་འབྲེལ་ཏོ། །གང་དུ་བརྗོད་ཅེ་ན་ཆགས་སོགས་ཞེས་བྱ་བའོ། །དེ་ལ་ཅི་ཞིག་བརྩད་
སྙམ་ན། ས་ལ་སོགས་པ་ཞེས་སྦྱར་རོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི་སུན་འབྱིན་པར་བྱེད་པའོ། །གཞན་དུ་ཡིན་པ་ཞེས་བྱ་བ་ནི་ཤིང་ལ་སོགས་པ་སྲོག་ཆགས་མ་ཡིན་པར་རོ། །ཐ་དད་པར་ཡིན་ན་ཞེས་བྱ་བ་ནི་ཆེ་ཆུང་གི་རིམ་པ་དང་ལྡན་པའོ། །འབྱུང་བའི་ཁྱད་
པར་ལས་ཞེས་བྱ་བ་ནི་ཡིན་ནོ། །ཐ་དད་པར་འགྱུར་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཆེ་རིམ་དང་ལྡན་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཐ་དད་པར་འགྱུར་བ་བཞིན་དུའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་དང་འགྲིབ་པ་དང་ལྡན་ན་ཡང་ངོ་། །
རྒྱུ་ཉིད་ཀྱི་ཕྱིར་གང་ཡིན་པ་དེ་ནི་མི་ལྡོག་སྟེ་བརྟག་པའི་ཕྱིར་རོ། །དེས་ན་འདོད་ཆགས་ལ་སོགས་པ་ཟད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོགས་པའི་དོན་ཏོ། །གལ་ཏེ་འདོད་ཆགས་ལ་སོགས་པའི་རྒྱུ་ཐ་དད་པར་མེད་ན་སྤྱི་ཉིད་ཅི་ལྟར་འགྱུར། རྒྱུད་གཞན་ལ་
གནས་པ་ནི་རྒྱུད་གཞན་གྱི་འདོད་ཆགས་ཀྱི་མ་ཡིན་ནོ་སྙམ་ན། བརྗོད་པ་འདོད་ཆགས་ཀྱི་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་ཉིད་ལས་འབྱུང་བ་ཡིན་ལ། རྒྱུའི་ཕྱིར་ཡང་དེ་ཉིད་ལ་བརྗོད་པ་ཡིན་ནོ། །དེ་ཡོད་ན་འདོད་ཆགས་སུ་འགྱུར་དགོས་སོ་ཞེས་བྱ་བའི་

ཐ་ཚིག་གོ། །གལ་ཏེ་འདི་ནི་འབྱུང་བའི་བདག་ཉིད་ལས་མ་འདས་ཕྱིར་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ཟིན་པ་ཉིད་མ་ཡིན་ནམ་ཡིན་ཏེ། སྔར་ནི་འདོད་ཆགས་ལ་འགྲིབ་པའི་ན་རིམས་ཡོད་པའི་ཕྱིར་འགའ་ཞིག་འདོད་ཆགས་དང་བྲལ་བར་ཡང་འགྱུར་རོ་ཞེས་
བྱ་བའི་ཐལ་བའི་ལན་དུ་འབྱུང་བའི་བདག་ལས་མ་འདས་ཕྱིར་ཞེས་བྱ་བས་དོགས་པ་བསུ་བ་ཡིན་ལ། ད་ལྟར་ནི་འདོད་ཆགས་ཀྱི་རྒྱུ་ལ་འགྲིབ་པའི་ན་རིམས་ཡོད་པའི་ཕྱིར་འགའ་ཞིག་དེ་དང་བྲལ་བར་ཡང་འགྱུར་རོ་ཞེས་བྱ་བའི་ཐལ་བ་ལ་ལན་གལ་ཏེ་ཆགས་
སོགས་ཞེས་བྱ་བས་དོགས་པ་བསུ་བ་ཡིན་ནོ། །དེས་ན་དོགས་པ་ཁྱད་པར་ཡོད་དོ། །དེ་ཉིད་ཀྱི་ཕྱིར་གྲུབ་པའི་མཐའ་ལ་ཐ་དད་པ་མེད་ཀྱང་སྐྱོན་མ་ཡིན་ནོ་སྙམ་དུ་དགོངས་ནས། བདག་ཉིད་འདྲ་བའི་རྒྱུ་ཅན་གྱི། །ཞེས་གསུངས་སོ། །བདག་ཉིད་འདྲ་བ་ནི་ལུས་ཀྱི་རྣམ་པ་
ཅན་གྱི་འབྱུང་བ་ཙམ་མོ། །དེ་ལྟར་རྒྱུ་མཚུངས་པ་ཉིད་ཡིན་ན་ཡང་ཞེས་བྱ་བ་ལ་དེ་ལྟར་ནི་དེ་ཚེའི་དོན་ཏེ་མཚུངས་པ་ནི་འབྱུང་བ་ཙམ་དུའོ། །རྒྱུ་མཚུངས་པ་ཉིད་ཡིན་ཡང་འབྲས་བུ་མི་མཚུངས་པར་འགྱུར་རོ་ཞེ་ན། རྒྱུ་འདྲ་བའི་ཞེས་གསུངས་སོ། །གལ་ཏེ་འབྱུང་
བ་ཁྱད་པར་མེད་པའི་འབྲས་བུ་ཁྱད་པར་ཅན་དུ་འགྱུར་ན་ནི་འབྱུང་བའི་འབྲས་བུ་མ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་རྒྱུ་མ་མཚུངས་ཀྱང་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་དེས་འབྱུང་བ་ཙམ་དེའིའོ། །ཅི་ཕྱིར་སྙམ་ན་དེའི་རྗེས་སུ་འགྲོ་བ་དང་ཞེས་གསུངས་སོ། །
གང་གི་ཕྱིར་དེ་ལྟར་རྒྱུ་ཁྱད་པར་མེད་པར་འབྲས་བུ་ཁྱད་པར་དང་ལྡན་པར་མི་འཐད། འོན་ཀྱང་རྒྱུ་ཁྱད་པར་ཡོད་པ་ཉིད་ན་ཡིན་པ་དེའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་འབྱུང་བའི་ཁྱད་པར་རམ། འདོད་ཆགས་ལ་སོགས་པ་ལའོ། །ཅི་ལྟར་མེད་པར་འགྱུར་སྙམ་ན། །
འགྲིབ་པའི་ཞེས་གསུངས་སོ། །ཅི་འདྲ་བར་ཞེ་ན། དཀར་པོ་ལ་སོགས་པ་ཞེས་བྱ་བའོ། །དཔེར་ན། དཀར་པོ་ལ་སོགས་པ་ལ་ན་རིམས་ཡོད་པའི་ཕྱིར་འགའ་ཞིག་ཏུ་མེད་པར་འགྱུར་བ་དེ་བཞིན་དུ། འདོད་ཆགས་ཀྱི་རྒྱུ་ཡང་ཡིན་ནོ། །ཡང་ན་མཚུངས་པའི་ཕྱིར་

ཞེས་བྱ་བ་ནི་གཏན་ཚིགས་མེད་པ་ལ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འབྱུང་བ་ཙམ་གྱིས་བསྐྱེད་པར་བྱ་བར་འདྲ་བའི་ཕྱིར་མི་ཉམས་པར་ཡང་འགྱུར་རོ། །འདི་ཉིད་ལ་དཔེ་བརྗོད་པའི་ཕྱིར་འདྲི་བ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །ལན་དུ་མཚུངས་བདག་ཅེས་
བྱ་བ་ལ་སོགས་པའོ། །མཚུངས་པའི་བདག་ཉིད་བ་ལང་ཉིད་དམ། བ་ལང་མ་ཡིན་པ་ལས་ལྡོག་པ་ལས་བྱུང་བའི་བ་ལང་གི་ཤེས་པ་ནི་ཁྱད་པར་ཡོད་པ་མ་ཡིན་པའམ། ས་ལ་སོགས་པ་འདིར་ཡང་སྲོག་ཆགས་ཉིད་ལ་སོགས་པ་ནི་ཁྱད་པར་གྱི་རིམ་པ་ཡོད་པ་
མ་ཡིན་ནོ་ཞེས་འབྲེལ་ཏོ། །དཔེ་གཞན་ཡིན་པར་རྟོགས་པར་བྱའོ། །འཇིག་རྟེན་རྒྱང་པན་པའི་ལྟ་བ་ལ་ལྟོས་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའི་དཔེ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །འགྲིབ་པ་ཡོད་ན་ནི་ཞེས་བྱ་བ་ནི་སྔ་
མའི་མཇུག་སྡུད་དོ། །གལ་ཏེ་ན་རིམས་དང་ལྡན་པའི་ཆོས་ཅན་ལ་གནས་པ་ན་ཤིན་དུ་ཆུད་པར་འགྱུར་བ་ནི་མ་ཡིན་ཏེ། མི་གནས་པ་ཉིད་ན་དྲོ་བ་ལྡོག་པ་ནི་མ་ཡིན་ནོ། །དེས་ན་ན་རིམས་དང་ལྡན་པ་ནི་གཏན་མེད་པར་འགྱུར་བས་མ་ཁྱབ་སྟེ། དེ་མེད་པར་འབྱུང་
བའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་བ་ནི་དྲོ་རིམ་ཞེས་བྱ་བའོ། །དེ་བཞིན་ཞེས་བྱ་བ་ནི་དྲོ་བ་བཞིན་དུའོ། །འདིར་ཡང་ནི་འདོད་ཆགས་པ་ལ་ཡང་ངོ་། །གང་ཞིག་ཆོས་ཅན་གནས་བཞིན་པ་ལ་རིམ་དང་ལྡན་པ་དེ་ནི་འབྲེལ་བར་འགྱུར་བ་དང་། དེ་དེར་རེས་འགའ་སྔར་མེད་
པ་ཡང་ཡིན་ཏེ་ཞེས་སྒྲུབ་པ་ཡིན་ནོ། །དེ་ལྟར་དྲོ་བ་ནི་མི་ལ་སོགས་པ་གནས་བཞིན་པ་ལ་འབྲལ་བར་འགྱུར་བ་མ་ཡིན་ཏེ། དེ་མེད་ན་མེ་ཉིད་མེད་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མེ་དྲོ་བ་ལ་སོགས་ཐ་དད་པ་བཀག་པས་ཐ་དད་མེད་པའི་ཐ་སྙད་ཀྱི་ཡུལ་
ཉིད་དུ་བརྗོད་པ་ཡིན་ཏེ། ངེས་པར་དམིགས་པ་དང་མི་དམིགས་པ་དག་ཁོ་ནས་ཐ་དད་པ་མེད་པར་རྟོགས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི་མིན། མིན་དྲོ་ལས་མེ་གཞན་ཞེས་བྱ་བའོ། །རེ་ཞིག་རྩོད་པའི་ཆ་འགྲེལ་པ་ནི་མེ་ལས་ཞེས་བྱ་བའོ། །

དེ་བཞིན་དུ་ཞེས་བྱ་བ་ནི་དྲོ་བ་བཞིན་དུའོ། །ཐམས་ཅད་དུ་སྲིད་པ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ལས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ཡོད་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་མེ་ཡོད་ཀྱང་དྲོ་བ་མེད་པར་མི་འགྱུར་རོ་ཞེས་བརྗོད་པ་ནི་འདིར་ཞེས་བྱ་བ་སྟེ་
དཔེ་ལའོ། །ཉིད་ཀྱི་སྒྲ་ནི་རིམ་པ་གཞན་ཡིན་ཏེ། དེ་ཉིད་མེར་མི་འགྱུར་རོ་ཞེས་བྱ་བའོ། །འབྱུང་བ་ཡང་མེ་བཞིན་དུ་འགྱུར་རོ་སྙམ་ན། འདོད་ཆགས་ལ་སོགས་པ་ཞེས་སྨོས་སོ། །བཏང་སྙོམས་སུ་གནས་པ་ན་འདོད་ཆགས་ལ་སོགས་པ་མེད་ཀྱང་ལུས་ཀྱི་རྣམ་པ་ཅན་གྱི་
ས་ལ་སོགས་པ་ཉིད་དུ་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་བཞིན་དུ་ཐལ་བའི་གནས་སྐབས་ན། དྲོ་བ་མེད་པར་མེ་ཡོད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྒྱུན་འཆད་པ་ཉིད་དོ་ཞེས་བྱ་བ་ནི་རྒྱུན་མི་འཆད་པ་མི་སྲིད་པའོ། །དེའི་ཕྱིར་གང་
ཞིག་ཆོས་ཅན་གནས་པ་ལ་འགྲིབ་པའི་ན་རིམས་དང་ལྡན་པ་དེ་ནི། གཏན་འགྲིབ་པར་འགྱུར་བས་ཁྱབ་པ་ཡིན་ཏེ་དེས་ན་འགའ་ཞིག་འདོད་ཆགས་དང་བྲལ་བར་ཡང་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ནོ་ཞེས་བཟློག་པ་ཡང་དཔག་པར་བྱའོ། །ཡང་ཐུན་མོང་གི་
མ་ངེས་པ་ཉིད་དུ་དོགས་པ་བསུ་བ་ནི་འོན་ཏེ་འབར་བ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ཆོས་དྲོ་བའོ། །དེ་ལ་ནི་འབར་བ་ལའོ། །དྲོ་བ་ལ་མི་འཁྲུལ་བའི་ཆོས་ཅན་ཡིན་ན། འབར་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་བརྗོད་པ་ནི་སྔགས་རྒྱུད་ཅེས་བྱ་བའོ། །མཐོང་བ་དེས་ནི་
ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཐུན་མོང་གི་མ་ངེས་པ་ཉིད་དུ་ཉེ་བར་སྟོན་པ་འབར་བའི་འོན་ཏེ་འདི་སྙམ་དུ་དྲོ་བ་ལ་འཁྲུལ་པ་མེད་པའི་འབར་བ་ཆོས་ཅན་ཡིན་ནོ། །དེ་ལ་ནི་དྲོ་བའི་ན་རིམས་ཡོད་ཀྱང་གཏན་འཆད་པ་མེད་དོ། །དེས་ན་མ་ངེས་པས་སོ། །འདུག་གོ་སྙམ་དུ་
དོགས་པ་བསུ་ནས་དབྱེར་མེད་ཕྱིར་ན་ཞེས་སྨོས་སོ། །དྲོ་བ་ལས་འཁྲུལ་པའི་ཕྱིར་འབར་བ་ནི་དྲོ་བ་ལ་ལྟོས་ནས་ཆོས་ཅན་ཉིད་ཀྱང་མ་ཡིན་ཏེ། འབའ་ཞིག་པར་ཡང་མཐོང་བའི་ཕྱིར་རོ། །དེས་ན་མ་ངེས་པ་ཉིད་མ་ཡིན་ནོ་སྙམ་དུ་དོགས་པའོ། །འོན་ཏེ་གང་གིས་ན་

སྔགས་རྒྱུད་ལ་སོགས་ནུས་པའི་ཞེས་བརྗོད་པ། དྲོ་བ་དང་བྲལ་བའི་འབར་བ་དེ་གང་ཡིན་སྙམ་དུ་དོགས་པ་བསུ་ནས། འབར་བ་མདོག་དང་དབྱིབས་ཡིན་ཏེ་ཞེས་གསུངས་སོ། །མདོག་དང་དབྱིབས་ནི་འབར་བ་ཡིན་ན་མདོག་དང་དབྱིབས་དེ་ཅི་ལྟར་འགྱུར་སྙམ་ན།
དེ་ནི་མེ་ཡོད་དང་འབྲལ་འགྱུར། །ཞེས་སྨོས་སོ། །ནི་ཞེས་བྱ་བ་ནི་གང་ཕྱིར་གྱི་དོན་ཏེ་དེའི་ཕྱིར་ན་དྲོ་བ་ལ་མི་འཁྲུལ་བས་འབར་བ་དེ་ཆོས་ཅན་ཉིད་ཡིན་པར་ནི་མི་འཐད་དོ། །དེས་ན་དྲོ་བ་ལ་འཁྲུལ་པས་སོ། །འབར་བ་དེ་ནི་དཔེ་མ་ཡིན་ནོ། །དེས་ན་གཏན་ཚིགས་མ་ངེས་པ་
ཉིད་དུ་སྟོན་པ་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །སྔགས་རྒྱུད་ལ་སོགས་པ་ཞེས་བྱ་དེ་རྣམ་པར་འགྲེལ་པ་ནི། འབར་བ་ནི་དྲོ་བ་མེད་པར་མི་འབྱུང་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །འོན་ཀྱང་འབྱུང་བ་ཁོ་ནའོ། །འདིས་ཉེ་བར་མཚོན་པ་བརྗོད་པ་ནི་དྲོ་བ་ནི་འབར་བ་མེད་
པར་ཞེས་བྱ་བའོ། །འདིར་ཡང་འབྱུང་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཉི་ག་ཕན་ཚུན་འཁྲུལ་པར་བསྟན་ཏོ། །དབྱེར་མེད་ཕྱིར་འབར་བ་ཞེས་བྱ་བ་དེ་རྣམ་པར་འབྲེལ་པའོ། །གཏན་མི་འབྲལ་བས་ནི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་མ་ངེས་པ་ཉིད་མ་
ཡིན་པ་དེས་ན་གཏན་ཚིགས་ནི་ཁྱད་པར་དང་བཅས་པ་ཡིན་ནོ། །ཁྱད་པར་དང་བཅས་པའི་གཏན་ཚིགས་དེ་ཉིད་བརྗོད་པ་ནི་ཡོན་ཏན་ཁྱད་པར་གྱི་རིམ་པ་དང་བ་ཞེས་འབྲེལ་ཏོ། །གཞན་ཞེས་བྱ་བ་ནི་ཡོན་ཏན་རྣམས་མེད་པར་ཡང་ཡོད་པའོ། །གཞན་དུ་ཡོད་པ་དེའི་གཏན་ནི་
གཞན་ཡོན་ཏན་ནོ། །དེའི་ཞེས་བྱ་བ་ནི་གང་ཞིག་གཞན་ཡོད་ཅེས་བརྗོད་པའི་ཆོས་ཅན་སྤྱིའི་ཁྱད་པར་ཏེ། བྱེ་བྲག་འགའ་ཞིག་ཏུའོ། །དེ་འདྲ་བའི་ཡོན་ཏན་དེ་དག་ནི་འཆད་པར་འགྱུར་བ་ཡིན་ཏེ། དང་པོ་ཉིད་མེད་པར་འགྱུར་བ་ཡིན་ཏེ། དཀར་པོ་ལ་སོགས་པའི་ཡོན་ཏན་བཞིན་ནོ། །
མངོན་པར་གསལ་བ་དང་མངོན་པར་མི་གསལ་བའི་ཆོས་ཅན་རྣམས་གང་ཞིག་མི་འབྲལ་བ་ནི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར། ཆོས་ཅན་གནས་པ་ན་རིམས་དང་ལྡན་པའི་ཡོན་ཏན་ནི་རང་ཉིད་བྲལ་བར་འགྱུར་བ་དང་། འགའ་ཞིག་ཏུ་དང་པོ་ཉིད་ནས་རང་བཞིན་ཉིད་མི་

འགྱུར་བ་ཡིན་ཏེ། དེ་ལ་རག་མི་ལས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡོད་པའི་ཞེས་བྱ་བ་ཆོས་ཅན་གྱི་ཁྱད་པར་རྣམ་པར་དབྱེ་བ་གཞན་དུ་བསྒྱུར་ནས་ཡོན་ཏན་གྱི་ཁྱད་པར་དུ་ཡང་བསྟན་པ་ནི་གཉི་གར་ཡང་རྟོགས་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་དཔེར་ན་དྲོ་བ་ཉིད་མེ་ཡིན་པ་དེ་བཞིན་
དུ་དཀར་པོ་ལ་སོགས་པ་ཉིད་སྣམ་བུ་ཡིན་ནོ། །དེས་ན་དེ་ལོག་ན་ལྡོག་པ་ཁོ་ན་ཡིན་ནོ་སྙམ་པར་དོགས་པ་བསུ་བ་ནི་གང་གིས་ཞེས་བྱ་བ་ལ་སོགས་པའོ། །དྲོ་བ་ལ་སོགས་ན་ནི་མེའི་རྟོགས་པའི་ཡུལ་རྗེས་སུ་མི་འཇུག་པ་ཁོ་ནའོ། །གཞན་ལ་ནི་དཀར་པོ་ལ་སོགས་པ་ལོག་ཀྱང་རང་བཞིན་གཞན་
སྐྱེས་པ་ན། སྣམ་བུར་རྟོགས་པའི་ཡུལ་རེག་བྱ་ལ་སོགས་པ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ནི་བདེན་ཏེ་ཞེས་བྱ་བའོ། །དེ་མེད་ཀྱང་ཞེས་བྱ་བ་ནི་མདོག་གི་ཁྱད་པར་མེད་ཀྱང་ངོ་། །རྣམ་པར་ནི་རེག་བྱའོ། །དེས་ན་ཞེས་བྱ་བ་ངག་གི་ལྷུར་བྱ་བ་བརྗོད་པ་ནི་འབྱུང་བ་རྣམ་
པར་འགྱུར་བ་མེད་ཀྱང་འགྱུར་བའི་འདོད་ཆགས་འབྱུང་བ་ལ་རག་མ་ལས་པ་ནི་དེ་ཡོད་ཀྱང་ལ་ལར་མེད་པར་འགྱུར་རོ་ཞེས་བྱ་བར་བསམས་པ་ཡིན་ནོ། །ཡང་ན་མེ་ཐ་དད་པ་ཡིན་ཡང་ན་རིམས་དང་ལྡན་པའི་དྲོ་བ་ནི་དེ་ཡོད་པ་ལ་གཏན་འབྲལ་བ་མ་ཡིན་ཏེ་དེ་དང་རྣམ་པར་དབྱེར་མེད་
པས་ལྷན་ཅིག་སྐྱེ་བ་དང་འཇིག་པའི་ཕྱིར་རོ། །དེ་ལྟར་འདོད་ཆགས་ལ་སོགས་པ་ནི་ལུས་ལས་རྣམ་པར་དབྱེར་མེད་པ་ཡང་ཡིན་ཏེ་དེ་ཡོད་ཀྱང་འབྲལ་བའི་ཕྱིར་རོ། །དེས་ན་ལུས་འགའ་ཞིག་འདོད་ཆགས་དང་བྲལ་བར་འགྱུར་ཏེ། རྣམ་པར་དབྱེར་ཡོད་པ་ཅན་གྱི་ན་རིམས་དང་ལྡན་པ་ཡིན་
པའི་ཕྱིར་གོས་ཀྱི་ཚོན་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འཆད་པ་ནི། ཡང་ན་མེ་ཉིད་ཅེས་བྱ་བའོ། །མེ་ཉིད་རྗེས་སུ་འཇུག་པ་ན་དྲོ་བ་ཁྱད་པར་གྱི་རིམ་པ་ཡོད་ཀྱང་འབྱུང་བ་དང་བྲལ་བ་མ་ཡིན་ཏེ། དེ་རྗེས་སུ་འཇུག་པ་
ལ་དྲོ་བ་རྣམ་པར་མི་འཆད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདོད་ཆགས་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ་སྙམ་ན་དེ་བཞིན་དུ་ཞེས་སྨོས་སོ། །ཅི་ལྟར་མེ་རྗེས་སུ་འཇུག་པ་ན་དྲོ་བ་མི་འཆད་པ་དེ་བཞིན་དུ་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་རྗེས་སུ་འཇུག་པ་ན་ནི་འདོད་ཆགས་ལ་སོགས་པ་རྣམ་པར་

མི་འཆད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཆད་པ་སྲིད་པའི་ཕྱིར་རོ། །འཆད་པ་ནི་མངོན་སུམ་དུ་རྟོགས་པ་ཁོ་ནའོ་ཞེས་དགོངས་པའོ། །གལ་ཏེ་རེས་འགའ་འདོད་ཆགས་ཀྱི་ནུས་པ་ནི་མི་འཆད་པ་ལ་མ་ཡིན་སྙམ་དུ་དོགས་པ་བསུ་བ་ནི་ནུས་པ་ཞེས་བྱ་བའོ། །མ་ཡིན་ཏེ་
ཞེས་བྱ་བ་ནི་འགོག་པའོ། །ག་ལས་ཤེ་ན་ནུས་པ་ཞེས་སྨོས་སོ། །ནུས་པ་ནི་འདོད་ཆགས་ལས་དོན་གཞན་ཉིད་དོ། །འདོད་ཆགས་ལ་སོགས་པ་ཞེས་བྱ་བའོ། །དེས་ན་དེ་རྒྱུན་མ་ཆད་ཀྱང་འདོད་ཆགས་ལ་སོགས་པ་མ་ཆད་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །ནུས་པ་ཡིན་ནོ་ཅོག་ནི་མི་
འཆད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་ནུས་པ་ཡང་ཞེས་བྱ་བའོ། །ལ་ལར་ནི་ཏིལ་མར་གྱིས་བྱུག་པའི་ས་བོན་ལའོ། །དེ་བཞིན་དུ་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་ལ་ཡང་འདོད་ཆགས་ལ་སོགས་པའི་ནུས་པ་འཆད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་འདོད་ཆགས་པ་མེད་
ཀྱང་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་རྣམས་ཡོད་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་མཛད་པས་བཤད་པའི་ཅི་བཤད་ཅེ་ན། ངེས་མིན་ཞེས་སྨོས་སོ། །འདོད་ཆགས་ལ་སོགས་པ་ཞེས་བྱ་བ་ནི་སྐབས་སོ། །ཅི་ལྟར་དཀར་པོ་ལ་སོགས་པ་གང་རུང་ཞིག་ཉམས་ཀྱང་གདོན་མི་ཟ་
བར་གང་རུང་ཞིག་ཏུ་འདོད་ཆགས་ལ་སོགས་པ་ཡང་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་གཟུགས་སོགས་བཞིན་དུ་ཞེས་གསུངས་སོ། །ངེས་པ་ནི་གཞན་མེད་ཀྱང་གང་རུང་གཞན་ཡོད་པའི་རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་དེ་དག་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་
བ་དང་དབྱེར་མེད་པའི་ཕྱིར་ཏེ། ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་རོ། །གཟུགས་ལ་སོགས་པ་མེད་པར་ནི་འབྱུང་བ་རྣམས་སམ། དེ་ཡང་རྣམས་མེད་པར་འབྱུང་བ་ཡིན་ནོ། །གལ་ཏེ་ལུས་ཀྱང་འདོད་ཆགས་ལ་སོགས་པ་མེད་ན་མི་འབྱུང་བ་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་བ་ནི་
གལ་ཏེ་མཚུངས་ཤེ་ན་ཞེས་བྱ་བའོ། །མིན་ཞེས་བྱ་བ་ནི་འགོག་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ལུས་ཙམ་འབྱུང་བའི་འདོད་ཆགས་ལ་སོགས་པ་རྣམས་ལྷན་ཅིག་འབྱུང་བ་གང་ཡིན་པ་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཡང་། རྒྱུ་ནི་ཉེ་བར་ཕྱིར་བློ་རྣམས་ཀུན་ཐམས་ཅད་ཁོ་ན་སྐྱེ་

བར་འགྱུར་ཞེས་བྱ་བའི་དོན་རྟོགས་པར་དགོངས་ནས། ལུས་དང་ལྷན་ཅིག་སྐྱེ་བར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་སྐབས་ཀྱིས་སྐྱེ་བ་ནི་འབྱུང་བ་ཡིན་པས་དེར་ཐལ་བར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །དེ་མེད་ཀྱང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་མེད་ཀྱང་ངོ་། །གཟུགས་རོ་ལ་
སོགས་པ་མེད་པར་ནི་འབྱུང་བ་རྣམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ལྟའོ། །དེས་ན་གཟུགས་ལ་སོགས་པ་ཉིད་འབྱུང་བ་དང་རྣམ་པར་དབྱེར་མེད་པ་ཡིན་གྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་དེ་མཚུངས་ཤེ་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་འོན་ཏེ་
ཞེས་བྱ་བ་ལ་སོགས་པའོ། །དེར་ཡང་ནི་འདོད་ཆགས་ལ་སོགས་པ་ཡང་ངོ་། །དེ་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི་འབྱུང་བ་དང་རྣམ་པར་དབྱེར་མེད་པར་གནས་པ་ཉིད་དུ་མཚུངས་པའོ། །མིན་ཞེས་བྱ་བ་དེའི་རྣམ་པར་འགྲེལ་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་
སོགས་པ་རྣམས་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་རྣམས་ལུས་དང་ལྷན་ཅིག་འབྱུང་བ་ངེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་ཞེས་བྱ་བ་ནི་བཟློག་པ་བརྗོད་པའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་བདག་མེད་པ་བསྒོམ་པ་ལ་སོགས་པ་བཏང་སྙོམས་སུ་གནས་
པར་སྲིད་པ་ནའོ། །ད་ནི་རྣམ་པར་དབྱེར་མེད་པའི་དོན་ཐ་མི་དད་པའི་དོན་ཏོ་ཞེས་འཆད་པ་ནི། འབྱུང་བ་ཆེན་པོ་ཙམ་ཞེས་བྱ་བའོ། །སྨྲ་བ་འཇིག་རྟེན་རྒྱང་པན་པ་རྣམས་ཀྱིའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་འབྱུང་བ་ལས་ཐ་དད་པར་མ་ཡིན་པ་དེས་ན་རྣམ་པར་དབྱེ་བ་མེད་པ་ནི་ལྷན་ཅིག་སྐྱེ་
བ་ཡིན་ཏེ། ལུས་དང་གཟུགས་ལ་སོགས་པ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་འགྱུར་རོ་ཞེས་རྟོགས་པར་བྱའོ། །དེས་ན་གཟུགས་ལ་སོགས་པ་ལྟར་འདོད་ཆགས་ལ་སོགས་པ་དང་ཡང་རྟག་ཏུ་ལྡན་པར་འགྱུར་རོ། །གལ་ཏེ་ཡུལ་དང་དབང་པོ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་
ཉེ་བ་ཅན་གྱི་ལུས་ནི་རྣམ་པར་ཤེས་པ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ནོ། །བཏང་སྙོམས་ལ་སོགས་པའི་གནས་སྐབས་ན་ལྷན་ཅིག་བྱེད་པ་ཡོད་པ་མ་ཡིན་ནོ་སྙམ་པ་དོགས་པ་བསུ་བ་ནི། གལ་ཏེ་ཡུལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་ནི།

བུད་མེད་དང་སྐྱེས་པ་ལ་སོགས་པ་རྣམ་པར་རྟོག་པས་ཡུལ་དུ་བྱས་པ་རྣམས་ལ་འབྱུང་གི། དམིགས་པ་ཙམ་ལ་ནི་མ་ཡིན་ཏེ། རྣམ་པར་རྟོག་པའི་བག་ཆགས་ལས་འབྱུང་བ་ནི་ཡུལ་གྱི་དབང་གིས་འབྱུང་བ་ཡང་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་རྣམ་པར་རྟོག་པ་
ཡུལ་ཡིན་ཕྱིར་ཞེས་བྱ་བའོ། །འོ་ན་བདག་དང་བདག་གིར་ལྟ་བའི་སྐྱེ་གནས་ཀྱི་བག་ཆགས་ཏེ་ལུས་དང་ལྷན་ཅིག་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བཤད་པ། སྐལ་མཉམ་དེ་འདྲ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་དང་བྲལ་བའི་ཕྱིར་ཏེ། འཇིག་རྟེན་ཕ་རོལ་ན་བསྙོན་པའི་
ཕྱོགས་ལ་མེད་པའི་ཕྱིར་ལུས་ཙམ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ངེས་པ་ཞེས་བྱ་བ་རེས་འགའ་མི་སྐྱེ་བའི་མཚན་ཉིད་ཅན་དུ་མི་འགྱུར། འོན་ཀྱང་ལུས་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །འམ་གྱི་སྒྲས་ནི་སྐྱེ་བར་འགྱུར་ཞེས་བྱ་བ་ལྟོས་ནས་སྡུད་པའོ། །
ཡང་ན་ཅིག་ཆར་འབྱུང་བར་འགྱུར་རོ་ཞེས་བརྗོད་པ་ནི་ཐམས་ཅད་ཚེ་ན་ཞེས་བྱ་བའོ། །ཡང་ན་སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། འདོད་ཆགས་ལ་སོགས་པ་ངེས་པ་ཞེས་བྱ་བ་རེ་རེ་སྐྱེ་བའམ་བརྗོད་པའི་རང་བཞིན་གྱི་ངེས་པ་མེད་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་མི་སྲིད་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །ཡང་ན་འདོད་ཆགས་ལ་སོགས་པའི་བློ་རྣམ་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བརྗོད་པའི་རྒྱུ་ནི་ཉེ་ཕྱིར་ཞེས་བྱ་བའོ། །དེ་མེད་པར་ཞེས་བྱ་བ་ནི་ཡུལ་མེད་པར་རོ། །འདོད་ཆགས་ལ་སོགས་པ་འབྱུང་སྟེ་སྐྱེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །འོ་ན་བག་ཆགས་ཉིད་རྒྱུ་ཡིན་པར་
འགྱུར་རོ་སྙམ་ན། སྐལ་བ་མཉམ་པའི་རྒྱུ་ཡང་ཞེས་བྱ་བའོ། །དེ་འདོད་ན་ནི་འཇིག་རྟེན་གཞན་གྲུབ་པར་ཐལ་བའི་ཕྱིར་རོ་ཞེས་དགོངས་པའོ། །གང་གི་ཕྱིར་ཡུལ་གྱི་སྟོབས་ལ་སོགས་པ་ལས་འདོད་ཆགས་ལ་སོགས་པ་འབྱུང་བ་མ་ཡིན་པ་དེས་ནའོ། །དེ་མེད་པའི་ཕྱིར་ནི་སྐལ་པ་
མཉམ་པའི་རྒྱུ་མེད་པའི་ཕྱིར་རོ། །རེས་འགའ་མི་སྐྱེ་བར་མི་འགྱུར་ཏེ་འོན་ཀྱང་གཏན་དུ་སྐྱེ་བར་འགྱུར་རོ། །དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། འདོད་ཆགས་ལ་སོགས་པ་རེ་རེ་སྐྱེ་བ་ལས་སམ། འདོད་ཆགས་ལ་སོགས་ཐམས་ཅད་སྐྱེ་བ་ལས་འགྱུར། དེ་ལ་རེ་ཞིག་དང་པོ་མཇུག་བསྡུ་བའི་སྒོ་ནས་

བརྗོད་པ་ནི་དེས་ན་ངེས་པར་ལུས་འདོད་ཆགས་ལ་སོགས་པ་རེ་རེ་དང་ཞེས་བྱ་བའོ། །གཉིས་པ་གསལ་བར་བྱེད་པ་ནི་ཡང་ན་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རེས་འགའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་འོན་ཏེ་གང་གིས་ཞེས་བྱ་བའོ། །
ཡོངས་སུ་གྱུར་པའི་ཁྱད་པར་གང་གིས་སོ། །གལ་ཏེ་ཡོངས་སུ་གྱུར་པའི་ཁྱད་པར་ཡང་ལུས་ཙམ་ལས་འབྱུང་བའི་ཚེའི་ལུས་བཞིན་དུ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ཅིག་ཅར་བ་ཉིད་དུ་འགྱུར་རོ་ཞེས་ལན་འདེབས་པ་ནི་གལ་ཏེ་དེ་ལྟ་ན་ཞེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི་མི་ཡོངས་སུ་གྱུར་པ་ཡོད་པས་སོ། །དེ་དག་ནི་འདོད་
ཆགས་ལ་སོགས་པའོ། །དེ་ལྟར་འགྱུར་བ་ནི་རེས་འགའ་དེའི་ནི་ལུས་ཀྱིའོ། །དེ་བས་ན་འདོད་ཆགས་སྐྱེད་པར་བྱེད་པའོ། །གལ་ཏེ་འབྲས་བུའི་རིམ་པ་མཐོང་བ་ལས། རྒྱུའམ་རྒྱུའི་རྒྱུ་འགའ་ཞིག་ཀྱང་རྟོགས་པ་མ་ཡིན་སྙམ་དུ་དོགས་པ་ནི་གང་རུང་ལས་ཤེ་ན་ཞེས་བྱ་བའོ། །
གང་ཡང་རུང་བ་ཞིག་ནི་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་དེའི་རྒྱུ་ཅན་ཡང་ཐམས་ཅད་ཀྱི་ཚེ་འགྱུར་རོ་ཞེས་ལན་འདེབས་པ་ནི་མ་ཡིན་ཞེ་ན་ཞེས་བྱ་བའོ། །གང་ཡང་རུང་བ་ཞིག་ཀུན་ཚེའང་འགྱུར་རོ་ཞེས་བྱ་བའོ། །ཀུན་ཚེའང་འགྱུར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྒྱུ་ཅན་ནི་ཐམས་
ཅད་ཀྱི་ཚེ་འབྱུང་བར་འགྱུར་རོ། །གལ་ཏེ་མ་མཐོང་བས་མི་འགྱུར་རོ་ཞེས་བརྗོད་ན། རྒྱུ་མེད་པས་ཐམས་ཅད་ཐམས་ཅད་ཀྱི་ཚེ་མི་འགྱུར་རོ་ཞེས་བྱ་བར་ཡང་འགྱུར་རོ་ཞེས་བརྗོད་པ་ནི་འགའ་ཡང་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། ཡོངས་སུ་གྱུར་པའི་ཁྱད་པར་ནི་རྒྱུ་
ངེས་པ་མེད་པར་ཡིན་པའི་ཕྱིར་རྟག་ཏུ་ཡོད་པར་འགྱུར་བར་བརྗོད་དོ། །དེ་ལ་གལ་ཏེ་མ་མཐོང་བ་ཉིད་ལན་ཡིན་ན། དེའི་ཚེ་འགའ་ཡང་རྒྱུད་དང་བཅས་པར་མི་འགྱུར་ཏེ། ཐམས་ཅད་དུ་དེ་བསྙེན་པར་བྱ་ནུས་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་ཡང་མཐོང་བའི་ཚུལ་བཞིན་མ་ཡིན་པ་ཉིད་ལ་
བྱེད་པའི་ས་བོན་སྤངས་ནས་འདོད་ཆགས་ལ་སོགས་པ་ངེས་པའི་རྒྱུ་ཡོངས་སུ་གྱུར་པའི་ཁྱད་ཡིན་པར་ཁས་ལེན་ན་དེའི་ཚེ་དུ་བ་ཡང་མེས་བསྐྱེད་པར་མི་འགྱུར་རོ། །ཐམས་ཅད་ལས་འབྱུང་བ་ཡང་མ་ཡིན་ཏེ། །ཡོངས་སུ་གྱུར་པའི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི།

མེ་མིན་ལས་ཀྱང་དུ་བ་འབྱུང་། །ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་མེ་མ་ཡིན་བ་ལས་བྱུང་བའི་དུ་བ་ལའོ། །རྒྱུ་མེད་པའི་དུ་བ་ལ་ཡང་མཐོང་བའི་སྟོབས་ཀྱི་ཡུལ་ལ་སོགས་པ་མ་ངེས་པར་འགྱུར་བ་ཁོ་ནའོ་ཞེས་བརྗོད་པ་ནི་དངོས་པོ་རྒྱུ་མེད་པ་ལ་ཡང་ཞེས་བྱ་བའོ། །དེར་ཡང་ཞེས་
བྱ་བ་ནི་དུ་བ་ལའོ་དེའི་ཕྱིར་དེ་ལྟར་འདོད་ཆགས་ལ་སོགས་པ་ཡང་ཐམས་ཅད་ཀྱི་རྒྱུ་ཅན་ནམ། རྒྱུ་མེད་པ་ཅན་དུ་འགྱུར་གྱི་ལུས་ཀྱི་རྒྱུ་ཅན་ནི་མ་ཡིན་ནོ། །ངེས་པ་ནི་ཡོངས་སུ་གྱུར་པའི་ཁྱད་པར་རམ། མཐོང་བ་ལས་འགྱུར་བ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་ཡང་མ་ངེས་པའི་རྒྱུ་ཅན་ཉིད་ཀྱིས་
རྟག་ཏུ་ཡོད་པར་ཐལ་བ་ལས། མ་མཐོང་བ་ཉིད་ལན་ཡིན་པ་དེའི་ཚེ་རྣམ་པ་ཐམས་ཅད་དུ་མཐོང་བ་གང་ཡིན་པ་དེ་ཁོ་ན་ཡོད་པ་ཡིན་ནོ་ཞེས་གཞན་གྱིས་ཁས་བླང་བར་བྱ་བར་འགྱུར་ལ། དེ་ལྟ་ན་ཡང་གཉིས་སུ་མེད་པ་ཉིད་རྣམ་པར་གནས་པར་འགྱུར་རོ། །དེས་ན་འབད་པ་མེད་པར་ཐ་སྙད་
མཐའ་དག་རྣམ་པར་ཞིག་པར་འགྱུར་རོ་ཞེས་བརྗོད་པ་ནི་མཐོང་བ་ཙམ་ལ་བརྟེན་པ་ནི་ཡོད་པ་ཉིད་དུ་འཛིན་པ་སྟེ། དེ་ལྟར་བྱེད་ན་དེའི་ཚེ་རྣམ་པ་ཐམས་ཅད་ཀྱིར་མཐོང་བ་ནི་གཉིས་སུ་མེད་པ་ཁོ་ན་ཡིན་གྱི་འབྲས་བུ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་མི་འདོད་པ་ཅི་ཡོད་སྙམ་ན་
འདིར་ནི་ཞེས་སྨོས་ཏེ་གཉིས་མེད་དུ་གྱུར་ནའོ། །འཇུག་པ་དང་ལྡོག་པའི་མཚན་ཉིད་དམ་རྒྱུ་དང་འབྲས་བུ་སྒྲུབ་པར་བྱེད་པའི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ཐ་སྙད་འཇིག་པར་འགྱུར་རོ། །འོན་ཏེ་འདོད་ཆགས་ལ་སོགས་པ་ལུས་ཀྱི་རྒྱུ་ཅན་ཉིད་དུ་མཐོང་བ་ཡིན་ནོ། །རྗེས་སུ་འགྲོ་བ་
དང་ལྡོག་པའི་ཁྱད་པར་ཅན་གྱི་རང་རིག་པས་ནི་རྒྱུ་ལ་སོགས་པའི་རྣམ་པར་རྟོག་པ་ཐ་སྙད་ཀྱི་མིང་ཅན་གྲུབ་པ་ཡིན་ཏེ། དེས་ནི་རྒྱུ་ལ་སོགས་པ་གྲུབ་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། འདོད་ཆགས་ལ་སོགས་པ་ནི་བདག་དང་བདག་གིར་འཛིན་པས་ཆགས་པའི་རྒྱུ་ཅན་ཡིན་གྱི། ལུས་ཀྱི་རྒྱུ་
ཅན་ནི་མ་ཡིན་ཏེ། དེ་ལྟར་རྟོགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཐ་སྙད་ཅེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་དོར་བར་ནུས་པའོ། །གལ་ཏེ་སྐྱེ་བ་དང་པོ་ལ་སོགས་པར་རང་རིག་པ་ལས་བྱུང་བའི་རྣམ་པར་རྟོག་པས་འདོད་ཆགས་ལ་སོགས་པ་ལུས་ཀྱི་རྒྱུ་ཅན་ཉིད་དུ་རྟོགས་པ་ཡིན་གྱི་འདས་པའི་

བདག་དང་བདག་གིར་འཛིན་པས་ཆགས་པའི་རྒྱུ་ཅན་དུ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ཅི་ལྟར་འགའ་ཞིག་ཏུ་དུ་བ་མེའི་རྒྱུ་ཅན་དུ་མཐོང་ནས། གཞན་དུ་མེ་མ་མཐོང་ཡང་དེའི་རྒྱུ་ཅན་དུ་རིག་པ་དེ་བཞིན་དུ་འདི་ཡང་བལྟ་བར་བྱ་སྟེ། ངེས་པ་དེ་ལྟར་གནས་པའི་ཕྱིར་རོ་ཞེས་གསུངས་པ་ནི་ཅི་ལྟར་
ཞེས་བྱ་བའོ། །སོགས་པའི་སྒྲས་ནི་སྐད་ཅིག་མ་ཉིད་ལ་སོགས་པ་ཡང་ངོ་། །དེ་བཞིན་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གྲུབ་པའོ། །འདི་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཅི་ལྟར་ཞེས་བྱ་བ་ནི་མི་བྱ་བ་ཁོ་ནའོ། །གལ་ཏེ་ཁྱབ་པ་མེད་ན་མི་འབྱུང་མངོན་སུམ་མ་ཡིན་པའི་ཕྱིར་མ་མཐོང་བ་ལ་ཡང་
རྗེས་སུ་དཔག་པ་ཚད་མ་མ་ཡིན། དེའི་ཚད་མ་ནི་དེ་ཙམ་གྱི་རྩ་བ་ཅན་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་ནས་ཐ་དད་ཤེས་དང་ཞེས་གསུངས་སོ། །ཤེས་པ་དོན་གྱི་ཐ་དད་པ་མངོན་སུམ་གྱིས་མ་གྲུབ་ལ། སྔོན་པོ་ལ་སོགས་པས་བྱས་པ་ཡང་མ་ཡིན་ལ། སྔ་མ་དང་ཕྱི་མའི་ངོ་བོར་ཐ་
དད་པ་མ་ཡིན་ནོ། །འདི་ལྟར་མེད་ན་མི་འབྱུང་བ་ནི་བདག་ཉིད་ཉམས་སུ་མྱོང་བ་ལས་བྱུང་བའི་རྣམ་པར་རྟོག་པ་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དེས་རྟོགས་པར་བྱ་བ་ཡིན་ནོ་སྙམ་པའི་མངོན་པར་རློམ་པ་ཁས་མི་ལེན་ན་ནི་ཁྱད་པར་དང་བྲལ་བ་བདག་རིག་པ་ཙམ་དུ་འགྱུར་ན། དེ་ལ་ནི་
གཟུང་བ་དང་འཛིན་པ་དང་སྔོན་པོ་དང་གཞན་ལ་སོགས་པའི་རྣམ་པར་དབྱེ་བ་སྲིད་པ་མ་ཡིན་ནོ། །འོ་ན་རྣམ་པར་དབྱེ་བ་ག་ལས་ཡིན་སྙམ་ན། དེས་ན་ཞེས་གསུངས་སོ། །རང་རིག་པ་ལ་ཕྱིས་རྗེས་སུ་དཔོག་པས་ན་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་དང་བཅས་པའི་ཤེ