Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 1 / 22 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་
ཞིག་ཤེས་རབ་མཚོན་རྣོས་ཉོན་མོངས་དྲ་བ་མཐའ་དག་རབ་དྲལ་བརྩེ་བའི་བདག་ཉིད་ཅན། །ཤིན་ཏུ་དྲི་མེད་བློ་གྲོས་གང་གི་ཐུགས་ནི་ཤེས་བྱ་ཀུན་ལ་ཐོགས་པ་མི་མངའ་ཞིང་། །གང་ཞིག་བསྐལ་པ་
གྲངས་ལས་འདས་པར་གཞན་ལ་ཕན་པ་མཛད་ལ་སྐྱོ་བར་མ་གྱུར་པ། །འཇམ་དབྱངས་དེ་ལ་ཕྱག་འཚལ་ནས་ནི་གཞུང་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ། །ཡ་རབས་དག་ནི་ཕལ་ཆེར་
བསྟན་བཅོས་རྩོམ་པ་ལ་འདོད་པའི་ལྷ་ལ་ཕྱག་བྱེད་དོ། །དེ་བས་ན་སློབ་དཔོན་འདི་ཡང་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པར་བྱ་བ་དང་། ཁྱད་པར་དུ་འཕགས་པའི་ལྷ་ལ་བསྟོད་
པས་བསོད་ནམས་འཕེལ་ལ། བསོད་ནམས་འཕེལ་བས་ཀྱང་བསྟན་བཅོས་བགེགས་མེད་པར་ཚར་ཕྱིན་པ་དང་འཆད་པར་བྱེད་པ་དང་། ཉན་པར་བྱེད་པ་རྣམས་སྔར་བསྟོད་ནས་ཞུགས་པ་ལས་

བསོད་ནམས་སྐྱེ་བའི་ཕྱིར་གཞན་གྱི་དོན་གཟིགས་ནས། རྟོག་པའི་དྲ་བ་རྣམས་བསལ་ཞིང་། །ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ལྷ་ལ་མཆོད་པ་བརྩམས་སོ། །གང་གི་ཚེ་ཀུན་དུ་བཟང་པོ་
ཞེས་པའི་སྒྲར་གྲགས་པས་བྱང་ཆུབ་སེམས་དཔའ་ཡིན་པར་མི་གཟུང་བ་དེའི་ཚེ་ནི་འདི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཡིན་ནོ། །དེ་ཡང་བསྟོད་པ་དང་། ཕྱག་འཚལ་བ་དང་རྣམ་པ་གཉིས་ཏེ། ཕྱག་འཚལ་ཞེས་
པའི་སྒྲས་ནི་ཕྱག་འཚལ་བའོ། །ལྷག་མ་རྣམས་ཀྱིས་ནི་བསྟོད་པའོ། །བསྟོད་པ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་དང་རྣམ་པ་གསུམ་མོ། །
རང་གི་དོན་ཕུན་སུམ་ཚོགས་ན་གཞན་གྱི་དོན་བྱ་བར་ནུས་པར་འགྱུར་བས་དང་པོར་ཕྱེད་གོང་མས་རང་གི་དོན་ཕུན་སུམ་ཚོགས་པ་བཤད་དོ། །རང་གི་དོན་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་མཚན་ཉིད་ཀྱང་སྒྲིབ་པ་སྤངས་པའི་ཁྱད་པར་དང་།
ཟབ་པའི་ཁྱད་པར་དང་། རྒྱ་ཆེ་བའི་ཁྱད་པར་དང་རྣམ་པ་གསུམ་གྱིས་ཁྱད་པར་དུ་འཕགས་པར་བསྟན་ཏེ། རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་པ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་ཞུགས་པ་དང་།

གཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པ་རྣམས་སོ། །དེ་ཉིད་དྲ་བ་སྟེ་འཆིང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐུ་གང་དག་ལ་དེ་རྣམ་པར་བསལ་ཞིང་། བག་ཆགས་དང་བཅས་ཏེ་ཡང་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྒྲིབ་པ་སྤངས་པའི་
ཁྱད་པར་བཤད་དོ། །ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་དག་ནི་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བའི་ཚིག་གཉིས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་གང་ལ་རྟོག་པའི་དྲ་བ་རྣམ་པར་བསལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང་། ཤེས་བྱ་མཐའ་
དག་དང་། སེམས་ཅན་གྱི་དོན་མཐའ་དག་ལ་ཁྱབ་པའི་ཕྱིར་རྒྱ་ཆེ་བའི་སྐུ་གསུམ་པོ་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ཞེས་བྱ་བ་ཡོད་པ་དེ་ནི། རྟོག་པའི་དྲ་བ་རྣམས་བསལ་ཞིང་། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ་ཡིན་ནོ། །བཟང་པོ་ནི་དགེ་ལེགས་ཏེ། མངོན་
པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་དོ། །གང་ལས་དེ་དོན་དུ་གཉེར་བ་རྣམས་ལ་དེ་ཀུན་དུ་སྟེ་མ་ལུས་པར་སྐལ་བ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ནི་ཀུན་དུ་བཟང་པོའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བཤད་དོ། །གཞན་གྱི་དོན་ཕུན་སུམ་
ཚོགས་པ་འདི་འགྲུབ་པའི་ཐབས་ནི། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་བྱ་བ་འདིས་བཤད་དེ། འོད་ཟེར་དག་ནི་འོད་ཟེར་རྣམས་སོ། །འདིར་ནི་དངོས་པོ་ཇི་ལྟར་གནས་པ་བཞིན་རབ་ཏུ་གསལ་བར་བྱེད་པར་ཆོས་མཐུན་པའི་ཕྱིར་ཆོས་སྟོན་པ་མངོན་པར་མཐོ་བ་དང་། ངེས་
པར་ལེགས་པར་སྒྲུབ་པའི་ཡུལ་ཅན་དག་ཁོ་ན་འོད་ཟེར་དང་འདྲ་བས་ན་འོད་ཟེར་དག་ཅེས་བྱའོ། །གང་དག་གིས་མཐའ་དག་སྟོན་པའི་ཕྱིར་གདུལ་བྱ་རྣམས་ལ་གཞན་གྱི་དོན་སྒྲུབ་པའི་ཐབས་ཀུན་ནས་མ་ལུས་པར་འཕྲོ་བར་བྱེད། ཁྱབ་པར་བྱེད་པ་དེ་དག་ནི་འོད་ཟེར་ཀུན་ནས་འཕྲོ་བའོ། །
གང་ལ་ཆོས་སྟོན་པའི་འོད་ཟེར་དེ་ལྟ་བུ་ཡོད་པ་དེ་ནི་འོད་ཟེར་དག་ཀུན་ནས་འཕྲོ་བའོ། །ཕྱག་འཚལ་བའི་སྒྲ་སྦྱོར་བའི་ཕྱིར་ན་བཞི་པ་ཡིན་ནོ། །གང་གི་ཚེ་གྲགས་པ་ལ་ལྟོས་པ་དེའི་ཚེ་ནི། ཀུན་དུ་བཟང་པོ་ཞེས་བྱ་བའི་སྒྲ་འདི་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་ཁྱད་

པར་ཞིག་ལ་གྲགས་པས་འདི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་ཡིན་ཏེ། ཚིག་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། རྟོག་པའི་དྲ་བ་རྣམ་པར་བསལ་བ་ཉིད་ནི་བྱང་ཆུབ་སེམས་དཔའི་སའི་སྒྲིབ་པ་སྤངས་པ་ལས་བལྟ་བར་བྱའོ། །ཟབ་པ་ནི་
ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་པ་ཉིད་ལས་སོ། །རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ལས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ། མཐར་ཕྱིན་པའི་ཕྱིར་ན་སངས་རྒྱས་
རྣམས་ཀྱི་ཡིན་པར་རྣམ་པར་གཞག་པར་མཛད་དོ། །བསྟན་བཅོས་རྣམ་འགྲེལ་ཞེས་བྱ་བ་འདི་ལེན་པར་བྱེད་པ་ནི་མཁས་པ་དག་ཀྱང་ཡོད་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་ཉན་པ་པོའི་སྐྱོན་མང་བས་ཕན་པ་ཡོད་བཞིན་དུ་ཡང་མེད་པ་སྐད་དུ་བྱས་ནས་ལེགས་པར་བཤད་པ་ལ་གོམས་པས་
བསྒོས་པའི་སེམས་ཁོ་ན་བསྟན་བཅོས་རྩོམ་པའི་རྒྱུ་ཡིན་པར་བསྟན་པར་བྱ་བ་དང་། དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་རྒྱུའི་ཉེས་པ་འདི་ནི་དོར་བའི་རིགས་སོ་ཞེས་བྱ་བར་འདི་ཡང་ཚིག་ཟུར་གྱིས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ། སྐྱེ་བོ་ཕལ་ཆེར་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །འདིར་ཉན་པ་པོའི་སྐྱོན་རྣམ་པ་བཞི་བསྟན་ཏེ། ཤེས་རབ་ངན་པ་ཉིད་དང་། མི་ཤེས་པ་ཉིད་དང་། དོན་དུ་མི་གཉེར་བ་ཉིད་དང་། གཟུ་བོ་མ་ཡིན་པ་ཉིད་དང་། སྐྱེ་བོ་ཕལ་ཆེར་ཞེས་བྱ་བ་ནི་སྐྱེ་བོ་མང་དུའོ། །ཕལ་ལ་ཆགས་ཞེས་བྱ་བ་ལ། ཕལ་ནི་ཕྱི་རོལ་
པའི་བསྟན་བཅོས་རྣམས་སོ། །གང་ལ་དེ་ལ་ཆགས་པ་ཡོད་པ་ཞེས་བྱ་བ་སྟེ། གོ་བར་བྱེད་པ་ཡིན་པའི་ཕྱིར། གཞི་ཐ་དད་པའི་འབྲུ་མང་པོ་པར་བྱ་བ་ཡིན་ནོ། །ཡང་ན་ཆགས་པ་ཕལ་པ་གང་ལ་ཡོད་པ་ཞེས་གཞི་མཐུན་པར་བྱ་བ་ཁོ་ན་ཡིན་ཏེ། ཕལ་པའི་ཡུལ་ཅན་གྱི་ཆགས་པ་
ཡིན་པའི་ཕྱིར་ཕལ་པའོ། །འདིས་ནི་ཉན་པ་པོའི་སྐྱོན་ཤེས་རབ་ངན་པ་ཉིད་བཤད་དོ། །གང་ལ་ཤེས་རབ་རྩལ་མེད་ཅིང་བསྟན་བཅོས་འཛིན་པར་མི་ནུས་པའི་ཤེས་རབ་ཡོད་པ་ནི་ཤེས་རབ་རྩལ་མེད་པ་སྟེ། སྐྱེ་བོ་ཕལ་ཆེར་ཞེས་བྱ་བར་སྦྱར་རོ། །འདིས་ནི་མི་ཤེས་པ་ཉིད་

བསྟན་ཏོ། །ལེགས་པར་བཤད་པ་དོན་དུ་མི་གཉེར་བ་ཁོ་ནར་མ་ཟད་ཀྱི་ལེགས་པར་བཤད་པ་མངོན་པར་བརྗོད་པ་ལ། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་ཡོངས་སུ་གྱུར་ཅིང་ལྡན་པ་ཡིན་ཏེ། དོན་དུ་མི་གཉེར་བ་ཡང་ཡིན་ལ། སྡང་བ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་
ནི་གོ་རིམས་བཞིན་དུ་དོན་དུ་མི་གཉེར་བ་ཉིད་དང་། གཟུ་བོ་མ་ཡིན་པ་ཉིད་བཤད་དོ། །འདིར་ཡང་སྐྱེ་བོ་ཕལ་ཆེར་ཞེས་བྱ་བར་སྦྱར་བར་བྱའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །དེ་ཉིད་སེམས་དྲི་མ་ཅན་དུ་བྱེད་པ་ཡིན་པའི་
ཕྱིར་དྲི་མས་ཏེ། གསལ་བའི་བྱེ་བྲག་གིས་མང་པོའི་ཚིག་སྨོས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེས་ན་བདག་ལ་སྟེ། ཁོ་བོ་ལ་ནི་རྣམ་འགྲེལ་ཞེས་བྱ་བའི་གཞུང་རྩོམ་པར་འདོད་པ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་དོ། །གཞན་དག་གི་ཕན་པ་སྟེ་འདིས་
ཕན་པ་བྱེད་པས་ཏེ་བྱེད་པ་ཡིན་ནོ། །ཡང་ན་གཞན་དག་ལ་ཕན་པར་བྱེད་པས་ན་གཞན་ལ་ཕན་པ་སྟེ་ལས་ཡིན་ནོ། །འོ་ན་ཇི་ལྟར་བསྟན་བཅོས་བྱེད་པ་ལ་འཇུག་ཅེ་ན་སེམས་ནི་ཡུན་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་ནི་དུས་རིང་པོའོ། །ལེགས་པར་བཤད་པ་ལ་
གོམས་པས་བསྐྱེད་པ་ནི། ལེགས་བཤད་གོམས་པས་བསྐྱེད་པའོ། །ལྷུར་ལེན་པ་ནི་ཞེན་པ་དང་། ཆེད་ཆེར་འཛིན་པ་ཉིད་དེ། གང་ལ་ལེགས་པར་བཤད་པ་ལ་གོམས་པས་ལྷུར་ལེན་པ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་དེའི་ཕྱིར་རྣམ་འགྲེལ་བྱ་བ་འདི་ལ་
དགའ་བ་སྐྱེས་ཤིང་སེམས་ལ་མངོན་པར་འདོད་པ་སྐྱེས་སོ་ཞེས་ཁ་ཅིག་ནི་དེ་སྐད་དུ་འཆད་དོ། །གཞན་དག་ནི་གཞན་དུ་འཆད་དེ། སློབ་དཔོན་ཆོས་ཀྱི་གྲགས་པ་འདི་ཅིའི་ཕྱིར་ཚད་མ་ཀུན་ནས་བཏུས་པ་རྣམ་འགྲེལ་གྱི་ཚུལ་དུ་འཆད་པར་བྱེད་ཀྱི་རང་དགའ་ཁོ་ནའི་བསྟན་བཅོས་
ནི་མ་ཡིན་ཞེས་འདྲི་བའི་སྐབས་འདིར། སྐྱེ་བོ་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་བདག་ནི་སེམས་པ་དང་། སྙིང་རྗེས་ཚད་མ་ཀུན་ནས་བཏུས་པ་བཤད་པར་སེམས་ལ་འདོད་པ་སྐྱེས་སོ་ཞེས་བྱ་བ་འདི་ཡིན་ནོ། །

སེམས་པ་དང་སྙིང་རྗེ་དག་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བསྟན་བཅོས་ཕན་པ་ཆུང་བ་ཉིད་ཀྱི་ཕྱིར་དང་། ཕན་པ་ཆུང་བ་ཡང་ཉན་པ་པོའི་སྐྱེ་བོའི་ཉེས་པ་ལས་གྱུར་པས་སོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། ཕལ་ཆེར་ཞེས་བྱ་བ་ནི་མང་དུ་སྟེ།
ཕལ་པ་ལ་ཆགས་པའི་སྐྱེ་བོ་ཞེས་བྱ་བར་སྦྱར་རོ། །ཕལ་ཆེར་ཞེས་བྱ་བ་ནི་འཇིག་རྟེན་མ་རབས་ལ་བྱ་སྟེ། གང་ཞིག་རྒྱུ་ངན་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་མུ་སྟེགས་ཅན་གྱི་བསྟན་བཅོས་དག་དང་། གཞན་གྱིས་བྱས་པ་སློབ་དཔོན་གྱི་ལུགས་ཀྱི་བསྟན་བཅོས་སུན་འབྱིན་པ་རྣམས་
ཀྱང་ཕྱིན་ཅི་ལོག་གི་ཤེས་པ་ལས་བྱུང་བ་ཡིན་པས་རྒྱུ་ངན་པ་ལས་བྱུང་བ་ཡིན་ནོ། །དེའི་ཕྱིར་ཕལ་པ་དག་ཡིན་ཏེ། གང་ལ་དེ་དག་ལ་ཆགས་ཤིང་རྗེས་སུ་ཆགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ཅིའི་ཕྱིར་ཕལ་པ་ལ་ཆགས་ཤེ་ན། ཤེས་རབ་རྩལ་མེད་པས་ན་ཞེས་བྱ་བ་སྨོས་ཏེ།
དེའི་ཕྱིར་ན་འདི་ཉེས་པར་བཤད་པ་ལ་ཡང་ལེགས་པར་བཤད་པ་ཡིན་ནོ་ཞེས་བྱ་བར་བཟུང་ནས་ཕལ་པ་ལ་ཆགས་པར་བྱེད་དོ། །ཤེས་རབ་ཀྱི་མཐུ་མེད་པ་ཉིད་ཀྱི་ཕྱིར་ན་བདག་ཉིད་ཀྱིས་སློབ་དཔོན་གྱིས་ལེགས་པར་བཤད་པ་རྣམས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་མི་ནུས་པས། སློབ་དཔོན་གྱིས་
ལེགས་པར་བཤད་པ་དེ་དག་དོན་དུ་མི་གཉེར་ཞིང་སློབ་དཔོན་ལ་ཡང་ཞེ་སྡང་བར་འགྱུར་བར་མ་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་གྱིས་ལེགས་པར་བཤད་པ་རྣམས་དོན་དུ་མི་གཉེར་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཕྲག་དོག་དྲི་མ་རྣམས་
ཀྱིས་སྡང་བར་ཡང་ཡོངས་སུ་གྱུར་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ལ་ཞེ་ན། ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་པ་ལའོ། །བར་དུ་ཆོད་ཀྱང་འབྲེལ་པ་ཁོ་ན་ཡིན་ཏེ། ལུགས་ལས། གང་ཞིག་གང་དང་འབྲེལ་པ་ནི། །རིང་ན་འདུག་ཀྱང་དེ་དང་དེར། །ཞེས་འབྱུང་བའི་ཕྱིར་རོ། །བཤད་
པ་བཟང་བ་ནི་ལེགས་པར་བཤད་པ་སྟེ། དེ་ལ་གོམས་པའོ། །དེ་ལ་ལྷུར་ལེན་བསྐྱེད་པ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་གང་ལ་དེ་ཁོ་ན་ལ་ཤིན་ཏུ་ཞེན་པ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་བསོད་ནམས་དང་ཡེ་ཤེས་བསགས་པ་ཉིད་ཡིན་པར་བསྟན་

ཏེ། བསོད་ནམས་དང་ཡེ་ཤེས་བསགས་པ་དག་ཁོ་ན་ལེགས་པར་བཤད་པ་ལ་གོམས་པས་ལྷུར་ལེན་པ་བསྐྱེད་པར་འགྱུར་རོ། །གང་གི་ཕྱིར་ཤེས་རབ་ཀྱི་མཐུ་མེད་པས་སློབ་དཔོན་གྱིས་ལེགས་པར་བཤད་པ་དག་དོན་དུ་མི་གཉེར་ཞིང་ཕལ་པ་ལ་ཆགས་པ་དེའི་ཕྱིར་ཚད་མ་ཀུན་ནས་བསྡུས་
པ་འདི་མཆོག་ཏུ་ཕན་པ་མིན་པའོ། །ཕན་པ་ནི་ཕན་པ་སྟེ་ངོ་བོ་ཡིན་ནོ། །འདིས་ཕན་པ་མཆོག་དམ་པར་མི་འགྱུར་བས་ན་མཆོག་ཏུ་ཕན་པ་མིན་པའོ། །ཕན་པ་ཅུང་ཟད་ནི་ཡོད་པ་ཁོ་ན་སྟེ། དེ་ནི་ཕལ་ཆེར་ཞེས་བྱ་བས་བསྟན་པ་ཡིན་ནོ། །དེས་ན་ཞེས་བྱ་བའི་སྒྲ་ནི་རྒྱུ་ཡིན་པ་སྟེ། རྒྱུ་དེས་
ན་བདག་གི་བསྟན་བཅོས་འདི་དོན་ཆེན་པོ་ཡིན་ཡང་མང་པོ་རྣམས་ལ་ཕན་པར་མ་གྱུར་ཏེ། དེ་བས་ཇི་ལྟར་ན་འདི་ཤིན་ཏུ་འབྲས་བུ་དང་བཅས་པར་བྱ་སྙམ་པ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་སེམས་པའང་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་ནི་སློབ་དཔོན་བྱང་ཆུབ་སེམས་དཔའ་དང་འདྲ་བ་ལ་ཅུང་ཟད་
ཅིག་ཞེ་སྡང་བ་ཡང་ཕུང་བར་འགྱུར་བའི་རྒྱུ་ཡིན་ཏེ། དེ་བས་ན་བདག་གིས་སློབ་དཔོན་གྱི་ལུགས་ཕྱིན་ཅི་མ་ལོག་པར་རབ་ཏུ་བསྟན་པས། སློབ་དཔོན་ལ་གུས་པ་བསྐྱེད་ནས་ཕུང་བར་འགྱུར་བའི་རྒྱུ་དེ་ལས་བཟློག་པར་བྱའོ་སྙམ་པ་དེ་ལྟ་བུ་སྡུག་བསྔལ་བ་དང་བྲལ་བར་འདོད་པའི་
རྣམ་པའི་སྙིང་རྗེ་བ་ཡང་ཡིན་ཞེས་བྱ་བ་ཡིན་ནོ། །ཕྱིར་འདི་ལ་དགའ་བ་སྐྱེས་ཞེས་བྱ་བ་ལ། ཕྱིར་ཞེས་བྱ་བའི་སྒྲ་གཉིས་པས་ནི་སེམས་པ་དང་། སྙིང་རྗེ་དག་རྒྱུ་ཉིད་ཡིན་པར་བསྟན་ཏེ། སེམས་པ་དང་སྙིང་རྗེ་འདི་གཉིས་ཀྱིས་ན་སེམས་ཡུན་རིང་ཞིང་དུས་རིང་པོ་ནས་ཚད་མ་ཀུན་
ལས་བཏུས་པའི་རྣམ་པར་བཤད་པར་གྱུར་པ་གཞུང་འགྲེལ་བྱ་བ་འདི་ལ་དགའ་བ་སྐྱེས་ཏེ། འདོད་པ་རྒྱུན་ཆགས་པར་བྱུང་བ་ཡིན་ནོ། །གལ་ཏེ་སློབ་དཔོན་ཆོས་ཀྱི་གྲགས་པ་ཚད་མ་ཀུན་ནས་བཏུས་པ་འཆད་པར་བཞེད་ན། ཅིའི་ཕྱིར་རང་དགར་རྗེས་སུ་དཔག་པ་འདི་རྣམ་པར་
འཇོག་སྙམ་པའི་ཐེ་ཚོམ་བསལ་པའི་ཕྱིར། དོན་དང་དོན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་ཕན་པའོ། །དོན་མ་ཡིན་པ་ནི་མི་ཕན་པ་སྟེ། དེ་དག་རྣམ་པར་འབྱེད་པའོ། །དེ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཏེ། གང་ལ་བརྟེན་རྗེས་སུ་དཔག་པ་

ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱོར་རོ། །རྗེས་སུ་དཔག་པས་ནི་དོན་དང་དོན་མ་ཡིན་པ་དག་གཏན་ལ་ཕབ་ནས། རྗེས་སུ་དཔག་པའི་རྗེས་ལ་འབྱུང་བའི་ཤེས་པ་རྒྱུན་ཆགས་པར་འཇུག་པས་དོན་དང་དོན་མ་ཡིན་པ་དག་གོ་རིམས་བཞིན་དུ་ཐོབ་པ་དང་སྤང་བར་བྱ་བའི་ཕྱིར་
བྱེ་བྲག་ཏུ་རྣམ་པར་འཇོག་པར་བྱེད་དེ། དེ་ལྟ་བས་ན་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་ནོ། །དེ་ལ་ལོག་པར་རྟོག་པས་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་ཁ་ཅིག་ནི་དེ་སྐད་དུ་འཆད་
དོ། །འདིར་འདི་ནི་བསམ་པར་བྱ་བ་ཡིན་ཏེ། རེ་ཞིག་གལ་ཏེ་འདི་སྐད་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ཁོ་ན་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ཞེས་བྱ་བར་ངེས་པར་གཟུང་ན་ནི་དེ་ནི་མི་རུང་སྟེ། དོན་དང་དོན་མ་ཡིན་པ་དག་ལས་གཞན་པ་གསུམ་པོ་བཏང་སྙོམས་སུ་
བྱ་བའི་ཡུལ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ཡང་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ཡང་མ་ངེས་པས་མངོན་སུམ་ལ་བརྟེན་པ་ཉིད་ཡིན་པ་མ་བཟློག་པས་གང་གིས་ན་དེ་དང་པོར་བསྟན་པར་བྱ་བ་རྗེས་སུ་དཔག་པ་ཁྱད་པར་དུ་
འཕགས་པར་བརྗོད་པ་ཡང་ཅི་ཞིག་ཡོད། འོན་ཏེ་ཡང་འདི་སྐད་དུ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཁོ་ན་ཡིན་པའི་ཕྱིར་ཞེས་བྱ་བར་ངེས་པར་གཟུང་ན། དེ་ལྟ་ན་ཡང་ངེས་པར་གཟུང་བའི་རིགས་པ་མ་ཡིན་ཏེ། དོན་དང་དོན་མ་ཡིན་པ་རྣམ་པར་
འབྱེད་པ་ནི་མངོན་སུམ་ལ་བརྟེན་པ་ཡང་ཡིན་ནོ། །འདི་ལྟར་དོན་དང་དོན་མ་ཡིན་པ་རྣམ་པར་ཕྱེ་བའི་ངོ་བོ་དག་ནི་མངོན་སུམ་ལ་སྣང་བ་ཉིད་ཡིན་ལ། མངོན་སུམ་དེ་ཡང་ཤིན་ཏུ་གོམས་ཏེ། གསལ་བར་གྱུར་པས་འཁྲུལ་པའི་རྒྱུ་སྤངས་ན་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་
རྣམ་པར་རྟོག་པ་ཕྱིས་འབྱུང་བ་སྐྱེད་པར་བྱེད་དོ། །དོན་དང་དོན་མ་ཡིན་པ་སོ་སོར་ཉམས་སུ་མྱོང་ནས་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དེ་ལ་ངེས་པ་བསྐྱེད་པ་གང་ཡིན་པ་དེ་ཉིད་མངོན་སུམ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་རྟེན་བྱེད་པ་ཉིད་ཡིན་ནོ། །ཕྱིས་འབྱུང་བའི་རྣམ་པར་རྟོག་

པ་ཁོ་ནས་དོན་དང་དོན་མ་ཡིན་པ་དག་རྣམ་པར་ཕྱེའོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། རྣམ་པར་རྟོག་པས་ནི་དངོས་པོའི་རང་གི་ངོ་བོ་མི་འཛིན་པའི་ཕྱིར་རོ། །འོན་ཏེ་འཛིན་ན་ནི་རྣམ་པར་རྟོག་པ་ཉིད་ཉམས་ཏེ་རྣམ་པར་རྟོག་པ་དང་འབྲེལ་པ་ལ་དོན་གསལ་བར་སྣང་བ་ཉིད་འགལ་བའི་ཕྱིར་
རོ། །ཡུལ་འགའ་ཞིག་ལ་གསལ་བ་མེད་པའི་ཕྱིར། མངོན་སུམ་གྱི་འཁྲུལ་པའི་རྒྱུ་བསལ་བར་མི་ནུས་པ་དེ་ལ་ནི། རྗེས་སུ་དཔག་པ་ལས་ངེས་པར་འགྱུར་གྱི། ཐམས་ཅད་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མངོན་སུམ་གྱི་ཚད་མ་ཉིད་ནི་རང་དང་གཞན་ལས་ངེས་པ་ཡིན་ཏེ།
དོན་འདི་ནི་ལེའུ་གཉིས་པ་ལས་གཏན་ལ་འབེབས་པས་འདིར་མི་སྤྲོའོ། །འཁྲུལ་པའི་རྒྱུ་སྤངས་པའི་མངོན་སུམ་ནི་ཇི་ལྟར་ཉམས་སུ་མྱོང་བ་བཞིན་ངེས་པ་སྐྱེད་པའི་ཕྱིར་གདོན་མི་ཟ་བར་རང་གིས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་རྒྱུ་ཉིད་ཡིན་པར་འདོད་པར་བྱ་དགོས་སོ། །
དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་ཡང་རྣམ་པར་གཞག་པར་མི་འགྱུར་ཏེ། དུ་བ་ལ་སོགས་པའི་རྟགས་གཏན་ལ་མ་ཕེབས་པའི་ཕྱིར་རོ། །དུ་བ་ལ་སོགས་པ་ཡང་རྗེས་སུ་དཔག་པས་རྟོགས་ན་ནི་ཐུག་པ་མེད་པར་འགྱུར་ཏེ། དེ་ལ་ཡང་རྗེས་སུ་དཔག་པ་གཞན་གྱིས་རྟགས་
གཏན་ལ་དབབ་པའི་ཕྱིར་རོ། །ཡང་གལ་ཏེ་མངོན་སུམ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་རྟེན་མ་ཡིན་ན་དེའི་ཚེ་བསྟན་བཅོས་མཛད་པས་རབ་ཏུ་བྱེད་པ་གཞན་ལས་ཕན་པ་དང་མི་ཕན་པ་འཐོབ་པ་དང་། སྤང་བ་དག་ནི་གདོན་མི་ཟ་བར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་
ཡིན་པའི་ཕྱིར་ཞེས་བཤད་པ་གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་ལ། དེ་བཞིན་དུ་འདི་གཉིས་ཀྱིས་དོན་ཡོངས་སུ་བཅད་ནས་ཞེས་བྱ་བ་ལ་སོགས་པ་དང་། ཡང་དེ་དག་མཐོང་བ་ཉིད་མཐོང་ནས་མྱོང་བའི་མཐུ་ལས་བྱུང་བའི་དྲན་པ་ལས་ཞེས་བྱ་བ་ལ་སོགས་པ་བཤད་པ་
གང་ཡིན་པ་དེ་དང་ཡང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་གཞན་དུ་རྣམ་པར་བཤད་པར་བྱ་སྟེ། དོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མཚན་ཉིད་ལ་སོགས་པ་ཡིན་ཏེ་རིགས་པ་དང་ལྡན་པའི་ཕྱིར་རོ། །དོན་མ་ཡིན་པ་ནི་མུ་སྟེགས་ཀྱིས་བྱས་པ་ཡིན་

ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་གཉིས་རྣམ་པར་འབྱེད་པ་ནི་རིགས་པ་དང་ལྡན་པ་དང་། རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་འཇོག་པའོ། །དེ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ཏེ། རྗེས་སུ་དཔག་པ་ཁོ་ན་ལ་བརྟེན་ནས་མཚན་ཉིད་ཀྱི་ཚིག་
རྣམས་རིགས་པ་དང་ལྡན་པ་དང་། རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་གཞག་པར་བྱ་བ་ཡིན་གྱི། མངོན་སུམ་ལ་བརྟེན་ནས་ནི་མ་ཡིན་ཏེ། དེ་ནི་རྣམ་པར་དཔྱོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པའི་མཚན་ཉིད་ནི་བཤད་ཟིན་ཏོ་ཞེ་ན། དེ་ལས་ལོག་པར་
རྟོག་པས་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་དེ་ལ་རྨོངས་པས་དེ་རྣམ་པར་གཞག་པའི་ཕྱིར་རྗེས་སུ་དཔག་པ་དེ་ལོག་པར་རྟོག་པ་བསལ་བས་རྣམ་པར་གཞག་པའི་ཕྱིར་བསྟན་བཅོས་མཛད་པས་བཤད་པའོ། །འདི་སྐད་དུ་གང་གི་ཕྱིར་རྗེས་སུ་དཔག་པ་ལ་བརྟེན་ནས། ཚད་མ་ཀུན་ནས་
བསྡུས་པའི་དོན་བཤད་པར་བྱ་བ་ཡིན་ན་དེ་ལ་ཡང་ལོག་པར་རྟོག་པ་ཡོད་པ་དེའི་ཕྱིར་རེ་ཞིག་དེ་ཉིད་རྣམ་པར་གཞག་གོ་ཞེས་བཤད་པ་ཡིན་ཏེ། དེ་སྐད་དུ་རབ་ཏུ་བྱེད་པ་གཉིས་པ་རྩོམ་པ་ན་ཡང་སློབ་དཔོན་གྱིས་ཚད་མའི་མཚན་ཉིད་བཤད་པའི་རྒྱུ་རྗེས་སུ་དཔག་པ་རྣམ་པར་གཞག་ནས་ཞེས་བྱ་བ་ལ་
སོགས་པ་འཆད་པར་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་པ་རྣམ་པར་གཞག་པར་བྱ་བ་ཡིན་ན་ཅིའི་ཕྱིར། ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཁོ་ན་རྣམ་པར་འཇོག་ཅེ་ན། དེ་ནི་ཉེས་པ་མེད་དེ་གཏན་ཚིགས་བྱེ་བྲག་ཏུ་བཤད་པའི་སྒོ་ཁོ་ན་ནས་དེ་རྣམ་པར་གཞག་པར་བྱ་བ་
ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་ལས་ནི་རྟགས་ཀྱི་མཚན་ཉིད་དང་། གྲངས་ངེས་པ་དང་། ངེས་པའི་རྒྱུ་དང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་བཤད་དེ། ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། །ཞེས་བྱ་བ་ནི་མཚན་ཉིད་དོ། །ཕྱོགས་དེའི་ཆ་ནི་བསྒྲུབ་པར་འདོད་པའི་ཆོས་
ཏེ། དེས་ཁྱབ་པ་ཁོ་ན་ཞེས་ངེས་པར་གཟུང་བ་ཡིན་ནོ། །རྣམ་གསུམ་ཞེས་བྱ་བ་ནི་གྲངས་ངེས་པའོ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བྱ་བ་ནི་གྲངས་ངེས་པའི་རྒྱུ་སྟེ། མེད་ན་མི་འབྱུང་བ་ནི་གསུམ་ཁོ་ན་ལ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཏན་ཚིགས་ལྟར་སྣང་དེ་ལས་

གཞན། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྟེ། གཏན་ཚིགས་གསུམ་པོ་དེ་ལས་གཞན་པ་ནི་གཏན་ཚིགས་ལྟར་སྣང་བ་དག་ཡིན་ནོ། །མདོ་ལས་ཕྱོགས་ཆོས་ཞེས་བཤད་པ། ཕྱོགས་ནི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་བྱ་ན། གཏན་ཚིགས་ནི་སྤྱིའི་ཆོས་ཉིད་ཡིན་པར་ཕྱིར་
རྒོལ་བ་ལ་མ་གྲུབ་པོ། །འོན་ཏེ་གྲུབ་ན་ནི་རྗེས་སུ་དཔག་པ་དོན་མེད་དོ་ཞེ་ན། ཕྱོགས་ནི་ཆོས་ཅན་ནོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་བཏགས་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །གལ་ཏེ་དགོས་པ་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཐེ་ཚོམ་གྱི་བསམ་པ་ཡིན་
ནོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འགོག་པར་བྱེད་དེ་དགོས་པ་མེད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པ་དགག་པའི་ཕྱིར་ཏེ། ཉེ་བར་གདགས་པ་ནི་ཞེས་བྱ་བ་ཞིག་ཁོང་ནས་དྲང་ངོ་། །ཉེ་བར་གདགས་པ་བོར་ན་ནི་ཆོས་ཅན་གྱི་ཆོས་ཞེས་
བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་ན་ནི་སྒྲ་ནི་མི་རྟག་པ་ཡིན་ཏེ། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཡང་དཔེའི་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར། གཏན་ཚིགས་ཉིད་ཡིན་པར་འགྱུར་རོ། །ཉེ་བར་བཏགས་ན་ནི་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་བཀག་པར་
འགྱུར་རོ། །གལ་ཏེ་ཇི་ལྟར་ཞེ་ན། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྤྱི་ཡན་ལག་དག་ལ་ཉེ་བར་འདོགས་པའི་རྒྱུ་ནི་དེའི་ཕྱོགས་གཅིག་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཉེ་བར་འདོགས་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་
ཆོས་ཅན་ཡང་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། ཕྱོགས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱོགས་སུ་ཉེ་བར་གདགས་སུ་རུང་བ་ཡིན་ཏེ། དེའི་ཆོས་གང་ཡིན་པ་དེ་ཡིན་པར་རྟོགས་པར་བྱ་བའི་ཕྱིར། ཉེ་བར་གདགས་པ་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཉེ་བར་
གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་ནའོ། །མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཚོས་པར་བྱ་བ་ཉིད་ཡིན་པའི་ཞེས་བྱ་བ་ལ་སོགས་པ་བསྡུའོ། །ཆོས་ཞེས་བརྗོད་པས་ཀྱང་ཞེས་བྱ་བ་

ལ་སོགས་པས་ནི་ཆོས་དེའི་ཆས་ཁྱབ་པ་ཞེས་བྱ་བ་འབའ་ཞིག་བརྗོད་པས་ཀྱང་འབྲེལ་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར། ཆོས་ཅན་ཡིན་པར་གཞི་སྟེ་ཡིན་པར་ཡོངས་སུ་གཟུང་བའོ། །དེ་ལྟར་གྲུབ་སྟེ་ཆོས་ཅན་གྱི་ཆོས་ཞེས་ཆོས་ཅན་སྨོས་པ་དེའི་ཤུགས་ཀྱིས་འདིར་ཉེ་
བར་བྱ་བར་བརྗོད་པར་འདོད་དོ་ཞེས་བྱ་བར་མངོན་ནོ། །ཁྱབ་པ་ཡིན་པར་བརྗོད་པར་འདོད་ན་ནི་ཆོས་ཅན་ཞེས་སྨོས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་ཆོས་ཅན་ཞེས་མ་སྨོས་ན། དེའི་ཆས་ཁྱབ་པ་ཞེས་བྱ་བ་འདིར་དེ་ཞེས་བྱ་བའི་སྒྲ་གང་ཞིག་དང་སྦྱར་ཞེ་ན། ཆོས་ཞེས་སྨོས་པས་
འཕངས་པའི་ཆོས་ཅན་ཙམ་གང་ཡིན་པ་དེ་དང་ངོ་། །དེ་ལྟ་བས་ན་ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པར་སྒྲུབ་པ་གང་ཡིན་པའི་ཉེ་བ་ཡིན་པ་དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་བར་འགྱུར་ཏེ། དེ་ནི་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་
པའི་ཕྱིར་ཉེ་བ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་དཔེའི་ཆོས་ཅན་ཡང་སྒྲུབ་པ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་ཉེ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐེ་ཚོམ་ཡོད་པས་གཅིག་ཁོ་ནར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་བར་མི་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །དེའི་
ཆས་ཁྱབ་པ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། །ཞེས་བྱ་བ་འདིས་དེའི་ཆས་ཁྱབ་པར་བཤད་པ་གང་ཡིན་པ་དེས་དཔེའི་ཆོས་ཅན་ལ་ཡོད་པ་གྲུབ་སྟེ། དཔེའི་ཆོས་ཅན་ལ་གཏན་ཚིགས་མེད་པ་ནི་དེའི་ཆས་ཁྱབ་པར་མི་སྲིད་དོ། །
དེ་ལྟ་བས་ན་ཆོས་ཅན་ཞེས་སྨོས་པ་ནི་དཔེའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་བའི་ཕྱིར་མ་ཡིན་ཏེ་དོན་མེད་པའི་ཕྱིར་རོ། །འོན་ཀྱང་ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་། །གྲུབ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་
ལན་འདེབས་ཏེ། དེའི་ཆས་ཁྱབ་པ་ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་མོད་ཀྱི། འོན་ཀྱང་གྲུབ་བཞིན་དུ་དེའི་ཆས་ཁྱབ་པ་ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་གང་ཡིན་པ་གལ་ཏེ་དཔེའི་ཆོས་ཅན་ཁོ་ན་ལ་ཡོད་པ་ཡིན་ན་ཡིན་ནོ་ཞེས་

བརྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དོགས་པར་འགྱུར་རོ། །ཡང་ཅི་རྟོགས་པའི་བསྟན་བཅོས་ལ་ལ་ལས་གྲུབ་བཞིན་དུ་བརྣན་པའི་ཕྱིར་ཡང་སྨོས་པ་ལྟ་མཐོང་ངམ་ཞེ་ན། མཐུན་པ་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་མཚན་ཉིད་ནི་ཕྱོགས་ཀྱི་ཆོས་
གང་ཞིག་མཐུན་པ་ལ་ཡོད་ལ་དེ་མེད་པ་ལ་མེད་པ་དེ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ནི་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བའི་ངེས་པར་གཟུང་བ་འདི་ཁོ་ནས་གཏན་ཚིགས་མི་མཐུན་པ་ལས་ལྡོག་པ་གྲུབ་མོད་ཀྱི། དེ་མེད་པ་ལ་མེད་པ་ཞེས་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་
སྨོས་པ་གང་ཡིན་པ་དེ་ནི་མེད་པ་ཁོ་ན་ལ་མེད་པ་ཡིན་གྱི་འགལ་བ་ལ་ཡང་མ་ཡིན་ལ་དེ་ལས་གཞན་པ་ལ་ཡང་མ་ཡིན་ནོ་ཞེས་བརྣན་པའི་ཕྱིར་ཡིན་ཏེ། དེ་ལྟ་བས་ན་བརྣན་པ་ཡིན་པར་དོགས་པ་བསྩལ་བའི་ཕྱིར་ཉེ་བར་བཏགས་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ནི་གཙོ་བོ་
ཡིན་ཏེ། དེ་ནི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དཔེའི་ཆོས་ཅན་ནི་ཐབས་ཡིན་པའི་ཕྱིར་གཙོ་བོ་མ་ཡིན་ནོ། །ཕལ་པ་དང་གཙོ་བོ་ཉེ་ན་གཙོ་བོ་བྱ་བ་ཡིན་པར་ཤེས་པས་ཤེས་བྱའི་ཤུགས་འདི་དང་དེ་བཞིན་དུ་བྱ་བ་དང་། ངེས་པ་ཡོད་ན་བྱ་བ་ཁོ་ན་གཙོ་བོ་ཡིན་པར་
བྱ་ཞེས་བྱ་བའི་ཤུགས་ཀྱིས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ཡིན་པར་ཡོངས་སུ་གཟུང་བར་འགྱུར་རོ་ཞེ་ན་དེའི་ཕྱིར་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་ཤུགས་རྣམ་པ་གཉིས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་
བའི་མཚན་ཉིད་ཀྱི་དོན་གོ་ཞིང་ཁོང་དུ་ཆུད་པ་ཡིན་ན་རྟོགས་པར་དཀའ་བར་འགྱུར་ཏེ། སྒྲ་མེད་པའི་དོན་ལ་བདག་ཉིད་ཀྱིས་རྗེས་སུ་འབྲང་བ་ནི་རྟོགས་པར་དཀའོ། །དེ་བས་ན་རྟོགས་པར་དཀའ་བ་ཡོངས་སུ་སྤང་བའི་ཕྱིར་ཡང་ཕྱོགས་ཞེས་སྨོས་པ་ཡིན་ནོ། །ཡང་ཞེས་བྱ་བའི་
སྒྲས་ནི་ཤུགས་ཁས་མི་ལེན་ན་སྔར་བཤད་པ་ལྟ་བུ་བརྣན་པར་བྱ་བ་ཡིན་པར་དོགས་པ་ཡོངས་སུ་སྤང་བའི་ཕྱིར་དང་། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྤང་བའི་ཕྱིར་ཡང་ཞེས་བཤད་ཟིན་པ་བསྡུ་བར་བྱ་བ་ཡིན་ནོ། །ཡང་ན་

ཡང་ཞེས་བྱ་བའི་སྒྲ་མ་བཤད་པ་བསྡུ་བའི་དོན་ཡིན་ཏེ། གལ་ཏེ་ཕ་རོལ་པོ་ཉེ་བར་གདགས་པ་ཡང་མི་བྱ་ལ་ཆོས་ཅན་ཞེས་སྨོས་པར་ཡང་མི་བྱའོ། །འོ་ན་ཅི་ཞེ་ན་ཤེས་པར་འདོད་པའི་ཆོས་ཅན་གྱི་ཆོས་ཞེས་བརྗོད་པར་བྱའོ་ཞེས་སྨྲ་བར་འགྱུར་ན། དེ་ལྟ་ན་ཡང་
གཞུང་མངས་པ་དང་ཚིག་ལེའུར་བྱས་པ་ཉམས་པར་འགྱུར་ཏེ། དེ་ལྟ་བས་ན་ཕྱོགས་གཞན་ལ་འཆེལ་ན་གཞུང་མངས་པ་དང་ཚིག་ལེའུར་བྱས་པ་ཉམས་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་ཡང་ཞེས་མ་བཤད་པ་བསྡུ་བར་བྱ་བ་ཡིན་ནོ། །ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་བྱ་བ་ནི་གཏན་
ཚིགས་ཞེས་བྱ་བ་ཁོང་ནས་དྲང་ངོ་། །འདི་ལྟར་རེ་ཞིག་འདི་ལ་ཕྱོགས་ཀྱི་ཆོས་ཡོད་པར་ཞེས་བྱ་བར་འབྲུ་མང་པོ་པ་ནི་མ་ཡིན་ཏེ། ཆོས་ཅན་ཞེས་བྱ་བ་ཕྱོགས་དང་ཆོས་ཞེས་བྱ་བར་གཞི་མཐུན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལས་ཀྱི་གཞི་ཡང་མ་ཡིན་ནོ། །ཕྱོགས་དང་ཆོས་ཞེས་བྱ་
བར་ཟླས་དབྱེ་བ་ཡང་མ་ཡིན་ཏེ། ཕན་ཚུན་ལྡན་པ་ཡིན་ན་ནི་གཉིས་ཀྱི་ཚིག་ཡིན་པ་དང་། གཅིག་ཏུ་བསྡུ་བ་ཡིན་ན་ནི་མ་ནིང་ཉིད་ཡིན་པར་ཐལ་བར་ཡང་འགྱུར་ལ་ཕྱོགས་དང་ཆོས་དེ་ལ་དེའི་ཆས་ཁྱབ་པ་ཡང་མེད་དོ། །དེ་ལྟ་བས་ན་ཕྱོགས་ཆོས་ཞེས་བྱ་བ་ནི་དྲུག་པར་ཚིག་བསྡུ་བ་ཡིན་ལ་དེ་ལ་
ཡང་ཕྱོགས་ཁོ་ནའི་ཆོས་ཡིན་གྱི། གཞན་གྱི་ནི་མ་ཡིན་ན་ཞེས་ཕྱོགས་ཀྱི་ཆོས་ཁྱད་པར་དུ་བྱེད་པ་ཡིན་ན། །དེའི་ཕྱིར་ཇི་སྐད་བཤད་པའི་རྣམ་པས་ཕྱོགས་དེའི་ཁྱད་པར་ལ་ལྟོས་པ་ཡིན་པས། དེའི་ཁྱད་པར་ལ་ལྟོས་པ་སྟེ་དེ་གཞན་དཔེའི་ཆོས་ཅན་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་
པ་ཉིད་ཡིན་ནོ། །མི་ལྡན་པ་ནི་མ་འབྲེལ་པ་སྟེ། དེ་རྣམ་པར་བཅས་པའོ། །དེས་ཁྱད་པར་དུ་བྱས་པའི་ཕྱིར། ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ཕྱོགས་ཀྱི་ཆོས་ཁོ་ན་ཞེས་དེ་སྐད་དུ་ཁྱད་པར་དུ་བྱས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཆོས་ཆོས་ཅན་དང་
འབྲེལ་པར་ཐེ་ཚོམ་ཟ་བ་དེ་ལ་ནི་གང་གི་ཚེ་ཆོས་ཡོད་པར་སྒྲུབ་པ་དེའི་ཚེ་མི་ལྡན་པ་རྣམ་པར་བཅད་པ་ཡིན་ནོ། །གང་གི་ཚེ་ཆོས་ཅན་དང་འབྲེལ་པ་གྲུབ་ལ་ཆོས་ཅན་གཞན་ལ་ཡོད་པར་དོགས་པ་བཟློག་པའི་ཕྱིར་ཆོས་སྦྱོར་བ་དེའི་ཚེ་ན། གཞན་དང་ལྡན་པ་རྣམ་པར་བཅད་པ་ཡིན་ནོ། །

ཕྱོགས་ཀྱི་ཆོས་ཀྱི་དཔེའི་རྣམ་པ་དང་པོ་དཔེར་ན་ནག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ནག་པ་འཕོང་སྐྱེན་པ་ཉིད་ཡིན་པར་ཐེ་ཚོམ་ཟ་སྟེ། དེའི་ཕྱིར་འདི་འཕོང་སྐྱེན་པ་ཁོ་ན་ཡིན་ནོ་ཞེས་མི་ལྡན་པ་རྣམ་པར་བཅད་པ་ཡིན་ནོ། །ངེས་པར་གཟུང་བ་གང་ལ་ཉེས་པ་ཡོད་པ་དེ་བསྩལ་བའི་ཕྱིར། གཞན་
དང་ལྡན་པ་རྣམ་པར་བཅད་པས་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཁྱད་པར་དུ་བྱས་པའི་ཕྱིར་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཆོས་ཅན་གཞན་དང་ལྡན་པ་སྟེ། དེ་རྣམ་པར་བཅད་པས་ཁྱད་པར་དུ་བྱས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དཔེ་ཡང་དཔེར་ན་སྲིད་སྒྲུབ་ཅེས་བྱ་བ་ལ་
སོགས་པ་ཡིན་ཏེ། སྲིད་སྒྲུབ་ནི་འཕོང་སྐྱེན་པ་ཉིད་ཡིན་པར་གྲུབ་པ་ཁོ་ན་ཡིན་ལ་ཅི་དེ་འདྲ་བ་གཞན་ལ་ཡོད་དམ་ཞེས་བསམ་པ་དེ་ལ་སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཞན་དང་ལྡན་པ་རྣམ་པར་བཅད་པ་ཡིན་ནོ། །བཤད་པར་བྱའོ་ཞེས་བྱ་བ་ནི་ལེའུ་བཞི་
པ་ལས་བསྟན་པར་བྱའོ། །དེའི་ཆ་ནི་དེའི་ཆོས་ཡིན་གྱི་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲ་ནི་ཆོས་ཀྱི་ཆེད་ཡིན་པས་གཙོ་བོར་གྱུར་པ་མ་ཡིན་ཡང་ཕྱོགས་དང་སྦྱར་རོ། །ཕྱོགས་དེའི་ཆ་ནི་དེའི་ཆ་སྟེ་དེ་ཁོ་ནའི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །གལ་ཏེ་ཆ་ཞེས་བྱ་བའི་སྒྲ་ནི་ཕྱོགས་གཅིག་ལ་བྱ་
བར་གྲགས་ན་ཇི་ལྟར་ཆོས་སྟོན་པར་བྱེད་ཅེ་ན། སྨྲ་བ་པོའི་བསམ་པའི་དབང་གིས་ཞེས་བྱ་བ་སྨོས་ཏེ། སྒྲ་རྣམས་རྗོད་པར་བྱེད་པ་ཉིད་ཡིན་པ་ནི་དངོས་པོའི་སྟོབས་ཀྱིས་མ་ཡིན་ནོ། །འོན་ཀྱང་སྨྲ་བ་པོའི་བརྗོད་པར་འདོད་པའི་དབང་གིས་ཏེ་དེའི་ཆ་ཞེས་བྱ་བ་དེའི་ཕྱོགས་གཅིག་ནི་མ་
ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཡང་གལ་ཏེ་ཅི་སྟེ་དེ་ལྟ་ཡིན་ཞེ་ན། ཕྱོགས་ཞེས་བྱ་བའི་སྒྲ་སྤྱི་ལ་མི་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཕྱོགས་ཞེས་བྱ་བའི་སྒྲ་སྤྱི་ལ་བྱ་བ་ཡིན་པར་གྱུར་ན་ནི། དེའི་ཚེ་ཆ་ཆོས་དང་ཆོས་ཅན་གྱི་སྤྱིའི་བདག་ཉིད་ཀྱི་ཕྱོགས་གཅིག་ཆོས་
ཀྱི་བདག་ཉིད་ཡིན་པར་གྱུར་ན། ཕྱོགས་ཞེས་བྱ་བའི་སྒྲ་ཉེ་བར་བཏགས་པ་ནི་ཆོས་ཅན་ཁོ་ན་ལ་བྱ་བ་ཡིན་པས། བདག་ཉིད་གཅིག་པ་དེ་ལ་ཕྱོགས་གཅིག་ག་ལ་ཡོད། ཁྱབ་པ་ཞེས་བྱ་བའི་ཚིག་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་ཡིན་

པ་ཉིད་ཀྱིས་གཉི་ག་ལ་ཡོད་པ་ཡིན་ནོ། །དེ་ལ་ཁྱབ་པར་བྱེད་པའི་ཆོས་ཉིད་ཡིན་པར་བརྗོད་པར་འདོད་པ་ནི་ཁྱབ་པ་ཁྱབ་པར་བྱ་བ་གཏན་ཚིགས་དེ་ལ་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ན་ཡིན་ནོ། །མི་ལྡན་པ་རྣམ་པར་བཅད་པས་ངེས་པར་གཟུང་
བ་ཡིན་ཏེ། མི་སྲིད་པའི་ཕྱིར་དེ་ལ་ཁྱབ་པར་བྱེད་པ་ཁོ་ན་ཡོད་པ་ཡིན་ནོ་ཞེས་ངེས་པར་གཟུང་བར་ནི་མི་ནུས་སོ། །གང་ལ་བསྒྲུབ་པར་བྱ་བའི་ཆོས་གཅིག་པུ་ཁོ་ན་ཡོད་པ་དེ་ལྟ་བུའི་ཕྱོགས་ཀྱི་ཆོས་ནི་ཡོད་པ་མ་ཡིན་ནོ། །དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ངེས་
པར་གཟུང་བ་ཡང་མ་ཡིན་ཏེ། དེ་ལྟ་ན་ནི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་བསྩལ་མ་ཐག་ཏུ་འབྱུང་བ་ཉིད་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ཁྱབ་པར་བྱ་བ་བསྩལ་མ་ཐག་ཏུ་འབྱུང་བ་ཁོ་ན་ལ་ཁྱབ་པར་བྱེད་པ་མི་རྟག་པ་ཉིད་ཡོད་པ་ནི་མ་ཡིན་ཏེ། བསྩལ་མ་ཐག་ཏུ་འབྱུང་
བ་མ་ཡིན་པ་གློག་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །གང་གི་ཚེ་ཁྱབ་པར་བྱ་བའི་ཆོས་ཉིད་ཡིན་པ་དེའི་ཚེ་ནི་ཁྱབ་པ་ཡང་ན་དེ་ཁོ་ན་ལ་ཁྱད་པར་བྱ་བ་ཡོད་པ་ཡིན་ནོ། །དེ་ཁོ་ན་ལ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ཁོ་ན་ལ་སྟེ། གཞན་དང་ལྡན་པ་རྣམ་པར་བཅད་པས་ངེས་པར་
གཟུང་བ་ཡིན་ནོ། །འདིར་ཡང་མི་སྲིད་པའི་ཕྱིར་དེ་ལ་ཁྱབ་པར་བྱ་བ་ཁོ་ན་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་ངེས་པར་མི་གཟུང་སྟེ། ཐམས་ཅད་ཆོས་དུ་མ་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པའི་གཏན་ཚིགས་ཆོས་གཅིག་ཁོ་ན་དང་ལྡན་པ་ནི་མེད་དོ། །
མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་གཏན་ཚིགས་མ་ཡིན་པར་འགྱུར་དུ་འོང་བས་དེ་ལ་ཁྱབ་པ་བྱ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡང་མ་ཡིན་ནོ། །བསྩལ་མ་ཐག་ཏུ་འབྱུང་བ་ཉིད་མི་རྟག་པ་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་ཏེ། གློག་ལ་སོགས་
པ་ལ་མེད་པའི་ཕྱིར་རོ། །ཕྱོགས་ཆོས་ཞེས་ཚུལ་གཅིག་བརྗོད་ནས། དེའི་ཆས་ཁྱབ་ཅེས་བྱ་བ་ཚུལ་གཉིས་པ་བཤད་པ་མ་ཡིན་ནམ། དེའི་ཕྱིར་རྟགས་ནི་ཚུལ་གཉིས་པ་ཁོ་ན་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ཞེས་

བྱ་བ་ནི་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལ་ཁྱབ་པ་ཞེས་སྨོས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བཤད་དེ་ཁྱབ་པ་ནི་དེ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་གཉིས་ངེས་པ་དག་ཀྱང་ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་སྐབས་ཡིན་པའི་ཕྱིར་བདག་ཉིད་ཅི་ལྟ་བའི་
ཚད་མས་བཤད་ལ། ཕྱོགས་ཀྱི་ཆོས་ངེས་པ་ཡང་ཕྱོགས་ཆོས་ཞེས་སྨོས་པ་ཁོ་ནས་བཤད་པ་ཡིན་ནོ། །དེ་ལྟར་ན་རྟགས་ནི་ཚུལ་གསུམ་པ་ཁོ་ནར་བཤད་པ་ཡིན་པས་འགལ་བ་མེད་དོ། །བདག་ཉིད་ཇི་ལྟ་བ་ཞེས་བྱ་བ་ནི་གང་གིས་སྒྲུབ་པར་བྱེད་པའི་ཚད་མ་གང་ཡིན་པ་སྟེ། དེ་ཡང་
འོག་ནས་བྱེ་བྲག་ཏུ་འཆད་པར་འགྱུར་རོ། །དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི། དེ་ནི་རྣམ་གསུམ་སྟེ་ཞེས་བྱ་བ་དེ་སྟོན་ཏེ། དེ་དག་ཅེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉིད་དང་། ཇི་སྐད་བཤད་པའི་ཁྱབ་པ་དང་ལྡན་པ་དག་གོ། །འདི་ལ་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་
མཚན་ཉིད་དེའི་ངོ་བོ་ཉིད་ཡོད་པས་ན་དེ་དག་ལ་དེ་སྐད་ཅེས་བཤད་དོ། །དུ་བ་ལས་ཞེས་བྱ་བས་ནི་འབྲས་བུའི་གཏན་ཚིགས་བསྟན་ཏོ། །འདི་ན་མེ་ཡོད་དོ་ཞེས་བྱ་བས་ནི་བསྒྲུབས་པའི་འབྲས་བུ་བསྟན་ཏེ། འདི་ཕྱོགས་ཀྱི་སྦྱོར་བ་ནི་མ་ཡིན་ནོ། །ཤིང་ཤ་པ་ཡིན་པའི་ཕྱིར་ཞེས་བྱ་བས་
ནི་རང་བཞིན་གྱི་གཏན་ཚིགས་བསྟན་ཏེ། ཤིང་ཤ་པ་ནི་ཤིང་གི་ཁྱད་པར་ཁོ་ན་ཞིག་ཡིན་པའི་ཕྱིར་རོ། །ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པ་བསྟན་ཏེ། ཕྱོགས་ཀྱི་ཁྱད་པར་ཞེས་བྱ་བ་ནི་གཟུང་བའི་མཚན་ཉིད་དུ་གྱུར་པའོ། །འགའ་ཞིག་ན་ཞེས་བྱ་བ་ནི་བུམ་པ་
དང་བྲལ་བ་ནའོ། །མི་དམིགས་པ་ཙམ་གྱིས་ནི་དགག་པ་མི་འགྲུབ་པས། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་བྱ་བས་གཏན་ཚིགས་ཁྱད་པར་དུ་བྱེད་དེ། དམིགས་པའི་རྒྱུ་གཞན་མིག་ལ་སོགས་པ་ནུས་པ་ཐོགས་པ་མེད་པ་དག་ནི། དམིགས་པའི་མཚན་ཉིད་དོ། །དེ་དག་གིར་
གྱུར་པ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་སྟེ། རང་སྣང་བའི་ཤེས་པ་བསྐྱེད་པར་གྱུར་པའི་ངོ་བོ་ཉིད་ཀྱི་ཁྱད་པར་རོ། །དེ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་མི་དམིགས་པ་ནི་དེ་མེད་པར་འཁྲུལ་པ་མེད་དོ་ཞེས་ལྡོག་པས་བསྟན་པའི་ཕྱིར་གལ་ཏེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། གལ་ཏེ་བུམ་པ་དང་བྲལ་བའི་ཕྱོགས་ན་ཡང་ཇི་སྐད་བཤད་པའི་བུམ་པ་ཡོད་ན་ནི་དེའི་ཚེ་དམིགས་པ་ཁོ་ནར་འགྱུར་ཏེ་གཟུང་བ་ཁོ་ནར་འགྱུར་རོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་ཡང་གཟུང་བ་མ་ཡིན་པར་མི་འགྱུར་ཏེ། དེ་ལྟ་བུས་ནི་གདོན་མི་ཟ་
བར་ཤེས་པ་འཁྲུལ་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་ཁྱད་པར་བཤད་པ་གང་ཡིན་པ་དེ་ནི་ཤུགས་ཀྱིས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཡོད་པ་ཅན་ཞེས་བཤད་པ་ཡིན་ནོ། །འདིར་ནི་ཚིག་
གི་དོན་འདི་ཡིན་ཏེ། འདིས་ནི་མཚོན་པར་བྱེད་པས་ན་མཚན་ཉིད་དེ་དམིགས་པ་ཉིད་མཚན་ཉིད་ཡིན་ནོ། །དེ་ཡིར་གྱུར་པ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་སྟེ། ཤེས་པ་དང་འབྲེལ་པ་འཁྲུལ་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་དེ་ལྟ་བུའི་ཡོད་པ་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་སྟེ།
དེ་ལྟ་བུའི་ཡོད་པ་ཅན་ནི་ཤེས་པ་ལོག་ན་གདོན་མི་ཟ་བར་ལྡོག་གོ་ཞེས་བྱ་བར་བསམ་པ་ཡིན་ནོ། །ཡོད་པ་དང་དགག་པ་དག་གིས་ནི་བསྒྲུབ་པར་བྱ་བ་ཐམས་ཅད་ལ་ཁྱབ་ལ། དེ་གཉིས་ཀྱང་གཏན་ཚིགས་གསུམ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གཏན་ཚིགས་གསུམ་པོ་དེ་ལས་རང་བཞིན་དང་འབྲས་བུའི་གཏན་ཚིགས་གཉིས་ནི་དངོས་པོ་སྒྲུབ་པ་སྟེ། དངོས་པོ་སྒྲུབ་པ་ནི་ཡོད་པ་སྒྲུབ་པ་ཡིན་ནོ། །གཉིས་ཁོ་ན་ཞེས་ངེས་པར་གཟུང་བར་བྱ་བའི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་བར་ནི་མ་ཡིན་ཏེ། འདི་གཉིས་ཀྱིས་དགག་
པ་ཡང་འགྲུབ་པའི་ཕྱིར་རོ། །གཅིག་ནི་དགག་པའི་གཏན་ཚིགས་ཡིན་པའི་ཞེས་བྱ་བ་ནི་བཤད་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་དགག་པའི་གཏན་ཚིགས་ཁོ་ན་ཡིན་ནོ། །གཅིག་ཁོ་ན་ཞེས་བྱ་བར་ངེས་པར་གཟུང་བ་ནི་མ་ཡིན་ཏེ། སྔ་མ་གཉིས་ཀྱིས་ཀྱང་རྣམ་པར་བཅད་པ་
རྟོགས་པའི་ཕྱིར་རོ། །ཡང་ཅི་སྟེ་དངོས་པོ་སྒྲུབ་པ་གཉིས་ཁོ་ན་ཡིན་ཞེ་ན། རང་བཞིན་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་བསྒྲུབ་པར་བྱ་བའི་དངོས་པོ་དང་འབྲེལ་པ་ནི་དེ་ལ་རག་ལས་པ་ཉིད་དེ་དེ་ཡོད་ནའོ། །དོན་གྱིས་ཞེས་བྱ་བ་ནི་རྟགས་ཀྱིས་སོ། །དོན་

ཞེས་བྱ་བ་ནི་རྟགས་ཅན་ཏེ། འཁྲུལ་པ་མེད་དོ། །རང་བཞིན་དང་འབྲེལ་པ་དེ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཁོ་ན་སྟེ། གསུམ་པ་མེད་པའི་ཕྱིར་རོ། །དེ་ལ་དང་པོ་དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་རང་བཞིན་དང་འབྲེལ་པའོ། །དེའི་
བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྒྲུབ་པ་བསྒྲུབ་པར་བྱ་བའི་བདག་ཉིད་ཡིན་ན་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲུབ་པ་ཡིན་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་བྱེ་བྲག་མེད་དོ་ཞེ་ན།
དེ་ནི་དེ་ལྟ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་གྱུར་པའི་ཆོས་ཀྱི་བྱེ་བྲག་རྣམས་ནི་ལྡོག་པའི་བྱེ་བྲག་གིས་ཀུན་བརྟགས་པ་ཡིན་པའི་ཕྱིར་རོ། །འདི་ནི་གཞན་སེལ་བའི་སྐབས་སུ་བཤད་པར་བྱའོ། །འདི་ནི་སློབ་དཔོན་གྱིས་ཀྱང་བཤད་དོ་ཞེས་བྱ་བར་དེ་སྐད་དུ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཐམས་ཅད་ཅེས་བྱ་བ་ནི་གང་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་མེ་དང་དུ་བ་དག་གི་བྱེ་བྲག་དངོས་པོ་ལས་གྱུར་པ་ཡོད་པ་ཡང་རང་གི་མཚན་ཉིད་ཀྱིས་ཐ་སྙད་འདོགས་པ་མེད་པའི་ཕྱིར་རོ། །བློ་ལ་ཡོད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ལ་སྣང་བའོ། །གལ་ཏེ་
བློས་བརྟགས་པས་རྗེས་སུ་དཔག་པ་ཡིན་ན། འོ་ན་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་རྟགས་ཀྱི་མཚན་ཉིད་མ་ཡིན་ཏེ། བློས་བརྟགས་ན་དེ་གཉིས་མེད་པའི་ཕྱིར་རོ་ཞེ་ན། ཆོས་ཅན་དང་ཆོས་ཉིད་དུ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དོན་ཁོ་
ནས་དོན་གོ་བར་འགྱུར་ཏེ། འདི་ནི་བློའི་རྣམ་པར་བྱས་པ་ཡང་མ་ཡིན་ནོ། །འོན་ཀྱང་ཕྱི་རོལ་གྱི་དོན་དེ་ལྟ་བུ་ཡོད་བཞིན་དུ་རྨོངས་པ་ལ་བསྟན་པའི་ཐབས་སུ་གྱུར་པ་ཆོས་ཅན་དང་ཆོས་ཉིད་ཐ་དད་པ་གང་ཡིན་པ་དེ་བློའི་རྣམ་པས་བྱས་ཏེ། དེ་མ་བྱས་པར་ནི་གཞན་ལ་བསྟན་པར་མི་ནུས་
སོ། །དོན་ཀྱང་བློའི་རྣམ་པས་བྱས་པ་ནི་མ་ཡིན་ཏེ། དེ་ནི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་རྟོག་པའི་རྒྱུ་མཚན་ཅན་གྱི་རྟགས་ཁོ་ནས་དོན་རྟོགས་པར་མི་འགྱུར་ཞེ་ན། བློའི་བྱེ་བྲག་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པར་འདོད་པ་ཙམ་དང་འབྲེལ་པ་ཉིད་

ཀྱིས་རང་དགའ་བ་རྣམས་ནི་དོན་གྱི་རྟེན་མ་ཡིན་པའི་ཕྱིར་ཏེ། དོན་དང་མ་འབྲེལ་པའི་ཕྱིར་རོ། །འདི་ནི་དོན་གྱི་རྟེན་མ་ཡིན་པའི་རྣམ་པར་རྟོག་པ་དེ་དག་གིས་བརྟགས་པ་ཡང་ཡིན་ལ་ཡུལ་ཡང་ཡིན་པས། དེ་དག་གིས་བརྟགས་པའི་ཡུལ་ལོ། །གཏན་ཚིགས་དེ་ལྟ་
བུ་དེས་ནི་དོན་མི་འཐོབ་པ་ཁོ་ནར་འགྱུར་ཏེ། དོན་འཐོབ་པ་ཁོ་ནར་མི་འགྱུར་རོ། །གཉིས་པའི་འབྲེལ་པའི་མཚན་ཉིད་འབྲས་བུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རང་བཞིན་ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ནོ། །དེ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་ལས་བྱུང་བའི་ཕྱིར་རོ། །གང་
ཞིག་རྗེས་སུ་དཔག་པ་ཚད་མ་ཉིད་ཡིན་པར་མི་འདོད་པ་དེ་ལ་འདི་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པར་བྱ་བ་ཤེས་པ་འདི་ཉིད་ནི་ཚད་མ་ཡིན་ཞེས་བྱ་བར་སྦྱར་རོ། །འདི་གཉིས་ཞེས་བྱ་བའི་རང་བཞིན་དང་འབྲས་བུའི་རང་བཞིན་རྟགས་ལས་སྐྱེས་པ་དག་སྟེ། མི་དམིགས་
པ་ནི་རང་བཞིན་གྱིས་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་གཉིས་ཞེས་བཤད་དོ། །རྗེས་སུ་དཔག་པར་བྱ་བའི་རང་བཞིན་དང་རྒྱུ་དག་ཤེས་པ་ཡིན་པས། རྗེས་སུ་དཔག་པར་བྱ་བ་ཤེས་པའོ། །དེ་སྣང་བ་ཉིད་མ་ཡིན་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ངོ་བོ་ཉིད་ཀྱི་མཚན་ཉིད་སྣང་བ་མ་
ཡིན་ཡང་ངོ་། །དེ་མི་སྣང་བ་ཉིད་ནི་དེ་དངོས་ལས་མ་སྐྱེས་པའི་ཕྱིར་རོ། །འོ་ན་ཇི་ལྟར་མི་འཁྲུལ་ཞེ་ན། དེ་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བརྒྱུད་དེ་རྗེས་སུ་དཔག་པར་བྱ་བ་རང་བཞིན་དང་རྒྱུ་དག་ལས་སྐྱེས་པའི་ཕྱིར་རོ། །དེར་འཁྲུལ་པ་མེད་པ་དག་ཡིན་ཞེས་བྱ་བ་ནི་རྗེས་སུ་
དཔག་པར་བྱ་བ་འཁྲུལ་པ་མེད་པ་དག་གོ། །རྒྱུ་དེས་ན་ཚད་མ་ཡིན་ཏེ། ཅི་དང་འདྲ་ཞེ་ན། མངོན་སུམ་བཞིན་ནོ། །མངོན་སུམ་གྱི་ཚད་མ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ཁྱབ་པ་སྟོན་ཏེ། དོན་མེད་ན་མེད་པ་ཉིད་ཡིན་པས་མངོན་སུམ་གྱི་ཚད་མ་ནི་དོན་འཁྲུལ་པ་མེད་པ་ཁོ་ན་ཡིན་ནོ། །
དེ་ལྟ་མ་ཡིན་ན་དེ་མེད་པར་ཏེ། དོན་མེད་པར་མངོན་སུམ་འབྱུང་བ་ནི་དེར་འཁྲུལ་པའི་ཕྱིར་ཏེ། དོན་ལ་སླུ་བའི་ཕྱིར་རོ། །གཞན་གྱིས་མི་འཁྲུལ་པ་ཡང་དེ་ལས་སྐྱེ་བ་ལས་གཞན་ཅི་ཞིག་ཡོད་ཅེས་བྱ་བ་ནི། གཞན་རང་བཞིན་དུ་གྱུར་པ་མ་ཡིན་པའི་རང་གཞན་དང་ལྷན་ཅིག་མི་

འཁྲུལ་བ་གང་ཡིན་པ་དེ་ཡང་དེ་ལས་སྐྱེ་བ་ལས་གཞན་ཅི་ཞིག་ཡོད། མེད་པ་ཁོ་ན་སྟེ་མི་འཁྲུལ་བ་ནི་དེ་ལས་སྐྱེ་བ་ཁོ་ནར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རག་མ་ལས་ཤིང་འབྲེལ་པ་མེད་པའི་ངོ་བོ་ཉིད་རྣམས་ནི། ལྷན་ཅིག་འབྱུང་བར་ངེས་པ་མེད་པའི་ཕྱིར་ཏེ། མི་འཁྲུལ་
པར་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མངོན་སུམ་གྱི་མ་ནོར་བ་ནི་དོན་ལས་སྐྱེ་བ་ཁོ་ན་ཡིན་པས་ཚད་མ་ཉིད་ཡིན་ལ་དེ་ནི་རྗེས་སུ་དཔག་པ་ལ་ཡང་ཡོད་པས་གཉི་ག་མཚུངས་སོ་སྙམ་དུ་བསམ་པ་ཡིན་ནོ། །ཕ་རོལ་པོས་གོ་བ་སྟེ་དེ་ལས་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བསྒྲུབ་པར་བྱ་བ་ལས་སྐྱེ་བའི་ཕྱིར་འབྲས་བུ་རྒྱུའི་གོ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ཁོང་ནས་འབྱུང་ངོ་། །རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པར་ཐལ་བར་འགྱུར་ཏེ། མེའི་ཁྱད་པར་གསལ་བ་ལ་སོགས་པ་ཡང་གོ་བར་བྱ་བ་ཡིན་པར་འགྱུར་ལ་དུ་བའི་རྫས་ཉིད་ལ་
སོགས་པ་ཡང་གོ་བར་བྱེད་པ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡོད་པའི་ཕྱིར་ཏེ། ཆ་འགའ་ཞིག་གིས་མེ་སྐྱེད་པར་བྱེད་པ་མ་ཡིན་པའམ། དུ་བ་བསྐྱེད་པར་བྱ་བ་མ་ཡིན་པ་ནི་མེད་དོ། །རྣམ་པ་ཐམས་ཅད་དུ་བསྐྱེད་
པར་བྱ་བ་དང་། སྐྱེད་པར་བྱེད་པ་ཡོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་པར་ཏེ། མེ་མེད་པར་རྫས་ཉིད་ལ་སོགས་པ་འབྱུང་བ་སྟེ། འདི་ལྟར་རྫས་ཉིད་ལ་སོགས་པ་ནི་དུ་བ་མ་ཡིན་པ་གཞན་ལ་ཡང་ཡོད་པས་ཁྱད་པར་མེད་པའི་རྫས་ཉིད་ལ་སོགས་པ་དེ་ལས་མེ་རྗེས་
སུ་དཔག་ཏུ་མི་རུང་ངོ་། །དེ་བཞིན་དུ་དེ་མེད་པར་ཏེ། མེ་ལ་ཡོད་པའི་གསལ་བ་ལ་སོགས་པའི་ཁྱད་པར་དེ་མེད་པར་དུ་བ་ཙམ་འབྱུང་བ་ནི་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་ཏེ། མེ་ལ་ཡོད་པའི་ཁྱད་པར་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དུ་བ་ཙམ་གྱིས་
མེའི་ཁྱད་པར་ཤེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ལ་ཞེས་བྱ་བ་ནི་གཞིའི་བདུན་པ་ཡིན་ནོ། །རང་བཞིན་ཞེས་བྱ་བའི་སྒྲ་ནི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ། རྒྱུ་ལ་ཡོད་པའི་ཆོས་

སྤྱིར་གྱུར་པ་ཇི་སྙེད་ཅིག་མེད་ན་མི་འབྱུང་བའི་འབྲས་བུ་དུ་བ་ལ་སོགས་པ་ནི་དེ་དག་གི་གོ་བར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་རྣམས་ཀྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་ཏེ། དུ་བ་ནི་དུ་
བ་ལ་ཁྱབ་པར་བྱེད་པའི་ཆོས་དེ་དག་ཁོ་ནའི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་ཏེ། དུ་བ་ནི་མེ་ལ་ཡོད་པའི་སྤྱིའི་ཆོས་དེ་དག་ཁོ་ན་ལ་ལྟོས་ནས་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་དེ་ལྟར་ན་གོ་བར་བྱ་བ་ནི་རྒྱུ་ལ་ཡོད་པའི་ཆོས་སྤྱི་དག་ཡིན་ནོ་ཞེས་བཤད་པ་ཡིན་
ནོ། །གོ་བར་བྱེད་པ་ནི་འབྲས་བུ་ལ་ཡོད་པའི་ཆོས་ཁྱད་པར་དག་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར། གང་དག་དེ་དག་མེད་ན་མི་འབྱུང་བ་དེ་དག་ཁོ་ནས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ནི་འབྲས་བུ་ལ་ཡོད་པའི་ཆོས་ཁྱད་པར་དུ་བ་ཉིད་ལ་སོགས་པ་གང་དག་རྒྱུ་ལ་ཡོད་པའི་
སྤྱིའི་ཆོས་དེ་དག་མེད་ན་ནི་མི་འབྱུང་བ་འབྲས་བུ་ལ་ཡོད་པའི་ཆོས་དེ་དག་ཁོ་ནས་རྒྱུ་ལ་ཡོད་པའི་ཆོས་རྣམས་ཀྱི་གཏན་ཚིགས་ཡིན་ནོ། །གལ་ཏེ་རྒྱུ་ལ་ཡོད་པའི་སྤྱིའི་ཆོས་རྣམས་འབྲས་བུ་ལ་ཡོད་པའི་ཆོས་ཁྱད་པར་དག་དང་། མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། གོ་བར་བྱ་བ་
དང་གོ་བར་བྱེད་པའི་དངོས་པོ་ཡིན་ན་ནི་དེའི་ཚེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོར་འགྱུར་ཏེ། མེ་ནི་སྤྱིའི་ཆོས་དག་ཁོ་ན་སྐྱེད་པར་བྱེད་པ་ཡིན་ལ། དུ་བ་ནི་ཆོས་ཁྱད་པར་ཁོ་ན་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་
དེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་ན་སྟེ། མེ་ལ་ཡོད་པའི་ཁྱད་པར་དེས་བསྐྱེད་པར་བྱ་བ་དུ་བ་ལ་ཡོད་པའི་ཁྱད་པར་ནི་དེས་བསྐྱེད་པར་བྱ་བའི་ཁྱད་པར་རོ། །དེ་གཟུང་ཞིང་ངེས་ན་རྒྱུ་ལ་ཡོད་པའི་ཁྱད་པར་རྣམས་གོ་བར་བྱ་བ་ཉིད་ཡིན་པར་འདོད་པའི་ཕྱིར་དང་། རྟགས་
ཀྱི་བྱེ་བྲག་ནི་དུ་བའི་ངོ་བོ་ཉིད་དོ། །རྫས་ཉིད་ལ་སོགས་པ་གང་དག་ལ་ཁྱད་པར་བྱེ་བྲག་དེ་ཡོད་པ་དེ་དག་གཟུང་ན་གོ་བར་བྱེད་པ་ཉིད་ཡིན་པར་འདོད་པའི་ཕྱིར་ཏེ། དུ་བས་ཁྱད་པར་དུ་བྱས་པའི་རྫས་ཉིད་ལ་སོགས་པ་ནི་མེ་ལ་འཁྲུལ་པར་མི་འགྱུར་རོ། །དེ་ལ་དུ་བ་ཁོ་ན་གོ་བར་

བྱེད་པ་ཡིན་གྱི་དེས་ཁྱད་པར་དུ་བྱས་པའི་རྫས་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། དཔེར་ན་བྱས་པ་ཉིད་ཡིན་ན་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། བྱས་པ་ཉིད་ཁོ་ན་གོ་བར་བྱེད་པ་ཡིན་གྱི་གཞལ་བྱ་ཉིད་ནི་མ་ཡིན་པ་ལྟ་བུ་ཞིག་མ་ཡིན་ནམ་ཞེ་ན། དེ་ནི་བདེན་ཏེ་མི་འཁྲུལ་པ་ཙམ་ཞིག་རབ་ཏུ་
བསྟན་པའི་ཕྱིར་དེ་སྐད་དུ་བརྗོད་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་དུ་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པ་ཡོད་པའི་ཕྱིར་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་མ་ཡིན་ནོ། །འོ་ན་གང་གི་ཚེ་རྟགས་ལ་ཡོད་པའི་སྤྱིའི་ཆོས་རྣམས་གོ་
བར་བྱེད་པ་ཉིད་མ་ཡིན་ཞེ་ན། སྤྱི་ཁྱད་པར་དུ་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཉིད་ལ་སོགས་པ་ཁྱད་པར་དུ་མ་བྱས་པ་དག་བརྗོད་པར་འདོད་པ་དེའི་ཚེ་ནི་འཁྲུལ་པའི་ཕྱིར་དེ་དག་གོ་བར་བྱེད་པ་ཉིད་དུ་མི་འདོད་དོ། །རང་བཞིན་གྱི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་རང་
བཞིན་ཡོད་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ཡིན་ཞེས་བྱ་བར་སྦྱར་ཏེ་བྱ་བར་སྦྱར་ཞེས་བྱ་བ་ནི། དེ་དག་གི་གཏན་ཚིགས་ཡིན་ཞེས་བྱ་བ་དེ་ལྟར་རོ། །དེ་ལྟ་བས་ན་བསྒྲུབ་པར་བྱ་བའི་རང་བཞིན་གྱི་སྟེ། ཇི་ལྟ་བུ་ཞིག་གིས་ཤེ་ན། ཡོད་ཙམ་དང་འབྲེལ་པ་ཅན་གྱི་གཏན་ཚིགས་ཡོད་
པ་ཙམ་དང་འབྲེལ་པ་ཅན་གྱི་ངོ་བོ་ནི་གཏན་ཚིགས་ཏེ། རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཙམ་ཞེས་བྱ་བ་སྨོས་པ་ནི་དོན་གཞན་ལ་མི་ལྟོས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རང་བཞིན་གྱི་གཏན་ཚིགས་དེ་ཙམ་དང་འབྲེལ་པ་ཅན་ཁོ་ན་ཡིན་ཞེ་ན། དེའི་བདག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །དེ་ཙམ་དང་འབྲེལ་པ་ཅན་ཁོ་ནའི་ཡིན་ཞེས་བྱ་བ་ནི་གང་གི་བདག་ཉིད་དེ་ཡིན་པ་དེ་ཡོད་ན་ཡོད་པ་ཁོ་ནའི་ཡིན་གྱི། གཞན་ལ་རག་ལས་པ་ནི་མ་ཡིན་ཏེ། རྒྱུ་གཞན་ལ་རག་ལས་ཤིང་ཕྱིས་འབྱུང་བ་ཅན་གྱི་ནི་དེའི་བདག་ཉིད་མ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན།
དེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དེ་ཡོད་ན་ཡོད་པར་མ་གྱུར་པ་རྒྱུ་གཞན་ལ་རག་ལས་པའི་ཆོས་ཀྱི་ཕྱིས་འབྱུང་བ་གང་ཡིན་པ་དེ་ནི་ངེས་པ་མེད་པའི་ཕྱིར་རོ། །རྒྱུ་གཞན་ལ་རག་ལས་ཤིང་ཕྱིས་འབྱུང་བ་ནི་གདོན་མི་ཟ་བར་འབྱུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམས་

ནི་འབྲས་བུ་ལ་འཁྲུལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུ་རྣམས་ལ་ནི་གེགས་བྱེད་པར་སྲིད་པའི་ཕྱིར་དེ་དག་ལས་འབྲས་བུ་གདོན་མི་ཟ་བར་འབྱུང་བར་ལྟ་ག་ལ་འགྱུར། མི་དམིགས་པའི་དབང་དུ་བྱས་ནས། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་དག་མི་འཇུག་པ་ཡིན་ཞེ་ན་ཚད་མ་རྣམས་སོ། །མང་པོའི་ཚིག་སྨོས་པ་ནི་གསལ་བའི་བྱེ་བྲག་གི་ཚད་མ་རྣམས་མང་བའི་ཕྱིར་རོ། །ཡང་ན་ལུང་ལ་ལྟོས་པ་ཡིན་ཏེ། འདི་སྐད་དུ་འོག་ནས་ཀྱང་ལུང་ལོག་པ་ཡང་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་འབྱུང་
ངོ་། །ཚད་མ་རྣམས་ལྡོག་པའི་མི་དམིགས་པ་དེ་ཉིད་མེད་ལ་མི་འཇུག་འབྲས་བུ་ཅན་ཏེ། ཡུལ་ལ་སོགས་པས་བསྐལ་པའི་དངོས་པོ་ནི་ཡོད་པར་ཐ་སྙད་གདགས་པ་ལས་མེད་པའི་ཕྱིར་མེད་པ་ཞེས་པའོ།། །།བམ་པོ་གཉིས་པ། མི་འཇུག་འབྲས་བུ་ཅན་ཞེས་བྱ་བ་ནི་ཡོད་པའི་ཤེས་
པ་དང་སྒྲ་དང་ཐ་སྙད་རྣམས་ནི་འཇུག་པའོ། །དེ་བཀག་པ་ནི་མི་འཇུག་པ་སྟེ། གང་ལ་འབྲས་བུ་དེ་ཡོད་པ་ལ་དེ་སྐད་ཅེས་བྱའོ། །དེ་བསྟན་པའི་ཕྱིར་ཡོད་པའི་ཤེས་པ་དང་། སྒྲ་དང་ཐ་སྙད་དགག་པའི་འབྲས་བུ་ཅན་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཐ་སྙད་ནི་སྒྲུབ་པའོ། །ཅིའི་ཕྱིར་ཞེ་ན།
ཡོད་པའི་ཤེས་པ་ལ་སོགས་པ་དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་རྒྱུ་མེད་ན་འབྲས་བུ་ཡང་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །ཡོད་པའི་ཤེས་པ་ལ་སོགས་དགག་པའི་འབྲས་བུ་ཉིད་འདི་ནི་འདྲ་བའི་ངོ་བོ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཡོད་པའི་ཤེས་
པ་ལ་སོགས་པ་ནི་ཡོད་པ་ཞེས་བྱ་བའི་སྒྲར་བརྗོད་དོ། །མེད་པའི་ཤེས་པ་ལ་སོགས་པ་ནི་མེད་པ་ཞེས་བྱ་བའི་སྒྲར་བརྗོད་དོ། །ཡོད་པ་དང་མེད་པ་ནི་ཡོད་པ་དང་མེད་པ་དག་གོ། །དེ་གཉིས་གོ་རིམས་བཞིན་དུ་དགག་པ་དང་། སྒྲུབ་པ་ནི་ཡོད་པ་དང་། མེད་པ་དགག་པ་དང་སྒྲུབ་པ་སྟེ།
དེ་གཉིས་ཀྱི་གཏན་ཚིགས་དག་གོ། །ཡོད་པ་དགག་པའི་གཏན་ཚིགས་ནི་བལྟར་མི་རུང་བ་མི་དམིགས་པའོ། །མེད་པ་སྒྲུབ་པའི་གཏན་ཚིགས་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའོ། །དེ་དག་ནི་འདྲ་བའི་ངོ་བོ་ཡིན་ཏེ། འདི་ལྟར་དམིགས་པའི་མཚན་ཉིད་

ཀྱིར་གྱུར་པ། མི་དམིགས་པ་ཡང་ཡོད་པའི་ཤེས་པ་ལ་སོགས་པ་དགག་པ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །ཇི་ལྟར་མི་དམིགས་པ་གཉི་ག་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཉིད་ཅན་ཡིན་པར་འདྲ་བ་དེ་བཞིན་དུ་ཡང་བསྟན་པའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
དམིགས་པ་ཉིད་ཡོད་པ་ཡིན་ལ་དེ་ཡང་གཉིས་ཏེ། རེ་ཞིག་གང་གི་ཚེ་ལས་ལ་ཡོད་པའི་བྱ་བ་ཡིན་པར་བརྗོད་པ་དེའི་ཚེ་ནི་དམིགས་པ་དངོས་པོ་རུང་བའི་མཚན་ཉིད་ཡིན་ཏེ། གང་ལ་མཚན་ཉིད་དངོས་པོ་རུང་བའི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཚེ་བྱེད་པ་པོ་ལ་ཡོད་
པའི་བྱ་བ་ཡིན་པའི་ཕྱོགས་དེ་ལ་ནི་དེའི་རྟེན་ཅན་གྱི་ཤེས་པ་འཇུག་པ་ཡིན་ཏེ། ཤེས་པ་འཇུག་པ་གང་ལ་རྟེན་དངོས་པོ་རུང་བ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཉེ་བར་བཏགས་པའི་ཕྱིར་ཡོད་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ལས་ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་དག་འཇུག་
པའི་ཕྱིར་ཏེ། དེ་ལས་ཞེས་བྱ་བ་ནི་དམིགས་པ་ལས་སོ། །མི་དམིགས་པ་ནི་མེད་པ་རྣམས་ཀྱི་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མི་དམིགས་པ་ནི་དེ་ལྟར་དངོས་དང་ཉེ་བར་བཏགས་པའི་བྱེ་བྲག་གིས་དངོས་པོ་ཡོད་པའི་མཚན་ཉིད་ཀྱི་དམིགས་པ་ལས་བཟློག་པ་ཡིན་ཏེ། བུམ་པ་ལ་སོགས་པས་
དབེན་པའི་ས་གཞིའི་མཚན་ཉིད་དམ་དེ་ཤེས་པའི་མཚན་ཉིད་ཡིན་ནོ། །དེ་ནི་མེད་པ་རྣམས་ཀྱི་མེད་པ་ཡིན་ནོ། །དེ་ལྟར་ན་བལྟར་རུང་བ་མི་དམིགས་ན། དངོས་པོའི་དབང་གིས་ཡོད་པ་ལོག་པ་རང་གི་རྒྱུ་མཚན་ཅན་གྱི་ཤེས་པ་དང་སྒྲ་ལ་སོགས་པ་ཟློག་པར་བྱེད་པས་དམིགས་པའི་
མཚན་ཉིད་ཀྱིར་གྱུར་པ་དག་མི་དམིགས་པ་ཁོ་ན་མེད་པ་རྣམས་ཀྱི་མེད་པ་ཡིན་པར་རིགས་ན། རང་བཞིན་གྱིས་བསྐལ་པ་དག་གོ། །ཇི་ལྟར་ཏེ་ཐེ་ཚོམ་ཡོད་པའི་ཕྱིར་དེ་དག་ནི་མི་དམིགས་སུ་ཟིན་ཀྱང་མེད་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་རྟོགས་པར་བྱེད་པའི་དབང་
གིས་མེད་པ་ཞེས་བརྗོད་ཀྱི་དངོས་པོའི་དབང་གིས་ནི་མ་ཡིན་ཏེ། རྟོགས་པར་བྱེད་པ་ནི་མི་དམིགས་པ་བརྗོད་པར་འདོད་པའི་དོན་མི་བྱེད་པའི་ཕྱིར་ཡོད་ཀྱང་མེད་པ་དང་འདྲ་བར་སེམས་སོ། །དེ་བས་ན་དོན་ནི་འདི་ཡིན་ཏེ། མེད་པ་དང་འདྲ་བའི་མེད་པར་རང་བཞིན་གྱིས་བསྐལ་པ་

དག་མི་དམིགས་པ་ནི་མེད་པ་ཡིན་པས་དེའི་ཕྱིར་འདི་ལ་ཡང་རྟོགས་པར་བྱེད་པའི་བསམ་པའི་དབང་གིས་ཡོད་པ་ལོག་པ་རང་གི་རྒྱུ་ཅན་གྱི་ཡོད་པའི་ཤེས་པ་ལ་སོགས་པ་ཟློག་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །ལ་ལ་མེད་ཤེས་འབྲས་བུ་
ཅན། །ཞེས་བྱ་བ་ལ་སོགས་པ་ལ་གཏན་ཚིགས་ནི་མི་དམིགས་པའོ། །དེའི་ཁྱད་པར་ནི་གཏན་ཚིགས་བྱེ་བྲག་སྟེ་དེ་ལ་ལྟོས་པ་དེས་ན་མི་དམིགས་པ་ལ་ལ་མེད་པའི་ཤེས་པའི་འབྲས་བུ་ཅན་ཡིན་ཏེ། ཤེས་པ་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་པས་མེད་པ་ཤེས་པ་ལ་སོགས་པའི་འབྲས་
བུ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལ་ལ་ཞེས་བྱ་བ་ནི་བལྟར་རུང་བ་མི་དམིགས་པའོ། །ཡང་གཏན་ཚིགས་ནི་གང་ཡིན་དེའི་བྱེ་བྲག་ནི་ཅི་ཞིག་ཅེ་ན་གཏན་ཚིགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་དམིགས་པ་དེའི་བྱེ་བྲག་ནི་ཁྱད་པར་རོ། །དེ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་
པའི་ཡོད་པ་ཅན་ཡིན་ཏེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཡོད་པ་ཅན་མི་དམིགས་པའི་ཕྱིར་ཞེས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །ཡང་ཅིས་ཏེ་མི་དམིགས་པས་མེད་པའི་ཤེས་པ་ལ་སོགས་པ་སྒྲུབ་ཀྱི། མེད་པ་ཁོ་ན་ནི་མ་ཡིན་ཞེ་ན། མི་དམིགས་པའི་རྟགས་ཀྱིས་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །མེད་པ་བསྒྲུབ་པར་བྱ་བ་ཡིན་པར་ཁས་ལེན་ན་ཡུལ་གང་ཞིག་མེད་པར་སྒྲུབ་པར་བྱེད་པ་དེ་དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱ་དགོས་པར་འགྱུར་ཏེ། དེ་ཡང་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་དོན་དམིགས་པ་མེད་པ་མི་དམིགས་
པ་གཞན་གྱིས་སྒྲུབ་པར་བྱེད་པ་དེ་བཞིན་དུ། དམིགས་པ་དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱ་དགོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཉེས་པ་དེར་གྱུར་ན་མི་རུང་ཞེས་ཏེ། དམིགས་པ་མེད་
པ་ནི་མི་དམིགས་པ་མེད་པར་རང་ཁོ་ནས་འགྲུབ་པར་འགྱུར་རོ་ཞེ་ན། དེ་བཞིན་དུ་ཡོད་པ་མེད་པར་ཡང་འགྱུར་ཏེ། ཡུལ་མེད་པར་རང་རང་གིས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་མེད་པ་གྲུབ་པར་བྱ་བ་ལ་མི་དམིགས་པ་དོན་མེད་པ་ཡིན་ནོ། །ཇི་སྟེ་གཞན་

དམིགས་པས་ཞེས་བྱ་བ་ནི་གཞན་བུམ་པ་ལ་སོགས་པས་དབེན་པའི་ས་གཞི་དམིགས་པས་མ་དམིགས་པ་འགྲུབ་པས་མི་དམིགས་པ་མངོན་སུམ་གྱིས་གྲུབ་སྟེ། གཞན་དམིགས་པའི་མངོན་སུམ་ཁོ་ནས་གྲུབ་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་ཇི་ལྟར་གཞན་དམིགས་པས་མི་དམིགས་པ་འགྲུབ་པ་
དེ་བཞིན་དུ་གཞན་ཡོད་པས་ཏེ། དོན་གཞན་བུམ་པ་ལ་སོགས་པས་དབེན་པའི་ས་གཞི་ལ་སོགས་པ་ཡོད་པས། གྲུབ་པས་ཀྱང་དགག་པར་བྱ་བའི་དོན་མེད་པ་ཅི་སྟེ་མི་འགྲུབ། དེ་ལྟར་ན་ཤེས་པ་མེད་པ་བཞིན་དོན་མེད་པ་ཡང་མངོན་སུམ་གྱིས་སྒྲུབ་པའི་ཕྱིར་མི་དམིགས་པའི་རྟགས་ཀྱིས་དངོས་པོ་མེད་
པ་གྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་མེད་པའི་ཐ་སྙད་ཁོ་ནའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ཞེས་བྱ་བ་ནི་དོན་མེད་པ་རྣམས་ཀྱི་མེད་པ་དམིགས་སུ་རུང་བ་དམིགས་པ་ཁོ་ན་ཡིན་པ་དེའི་ཚེ་མེད་པའི་ཐ་སྙད་ཀྱི་ཡུལ་མངོན་
སུམ་གྱིས་གྲུབ་ཏུ་ཟིན་ཀྱང་རྨོངས་པས་ཡུལ་ཅན་ཤེས་པ་དང་། སྒྲ་དང་ཐ་སྙད་དག་ཁོང་དུ་མི་ཆུད་པའི་མི་ཡུལ་རབ་ཏུ་བསྟན་པས་མེད་པའི་ཐ་སྙད་ཀྱི་ཡུལ་མེད་པ་བསྙད་པས་བརྡ་སྟེ། ཐ་སྙད་ལ་འཇུག་པར་བྱེད་དོ། །དཔེར་བསྟན་པ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བ་ལང་
ནི་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་ལ་བ་ལང་ཉིད་ནི་མི་སྒྲུབ་ཀྱི་འོན་ཀྱང་ཐ་སྙད་སྒྲུབ་པོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི། གང་གི་ཕྱིར་ཐ་སྙད་སྒྲུབ་པ་དེ་ཁོ་ནས་དཔེ་མ་གྲུབ་པར་རྒོལ་བ་ཡང་བསྩལ་ཅིང་སྤངས་པ་ཡིན་ནོ། །མི་དམིགས་པའི་
རྟགས་ཀྱིས་མེད་པར་བསྒྲུབ་པར་བྱ་བ་ཡིན་ན། ཕྱོགས་ཀྱི་ཆོས་གང་གིས་བསྒྲུབ་པར་བྱ་བ་དེ་ཁོ་ནས་དཔེའི་ཆོས་ཅན་ཡང་བསྒྲུབ་པར་བྱ་བ་ཡིན་ན་ནི་དེ་ལ་དཔེ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ། །ཐ་སྙད་བསྒྲུབ་པར་བྱ་བའི་ཆོས་ཅན་མེད་པ་བསྒྲུབ་པར་བྱ་བའི་དེ་ཁོ་ནས་བདག་ཉིད་ཇི་ལྟ་བའི་
ཡུལ་ལ་སྔོན་དུ་ཞུགས་པའི་ཐ་སྙད་ཐམས་ཅད་དཔེ་ཉིད་ཡིན་ནོ། །ཡུལ་རྟོགས་ན་ཡུལ་ཅན་ཡང་རྟོགས་པ་ཁོ་ན་ཉིད་ཡིན་ཏེ། དེའི་ཕྱིར་ཐ་སྙད་ཀྱང་ཇི་ལྟར་བསྒྲུབ་པར་བྱ་བ་ཉིད་ཡིན་ཞེ་ན། ཡུལ་རྟོགས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ན་ཡང་གང་དག་ཡུལ་རྟོགས་

སུ་ཟིན་ཀྱང་ཡུལ་ཅན་མི་རྟོགས་པར་དེ་ལྟ་བུ་དག་སྣང་ངོ་། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་དེ། དེ་ལྟར་བཤད་པའི་རིམ་པས་ན་བལྟར་རུང་བ་དང་བལྟར་མི་རུང་བའི་མི་དམིགས་པ་འདི་གཉིས་ནི་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲའོ། །
ཇི་ལྟར་ཞེ་ན་རང་དང་བཟློག་པའི་གཏན་ཚིགས་མེད་པ་དང་ཡོད་པ་དག་གི་ཕྱིར་ཏེ། རང་ཞེས་བྱ་བའི་སྒྲས་ནི་ཡོད་པའི་ཤེས་པ་ལ་སོགས་པ་བསྟན་ཏོ། །བཟློག་པ་ཞེས་བྱ་བའི་སྒྲས་ནི་མེད་པའི་ཤེས་པ་ལ་སོགས་པའོ། །རང་དང་བཟློག་པ་ནི་རང་དང་བཟློག་པ་དག་གོ། །དེ་གཉིས་ཀྱི་རྒྱུ་ནི་རང་དང་
བཟློག་པའི་རྒྱུ་དག་སྟེ། ཡོད་པའི་ཤེས་པ་ལ་སོགས་པའི་རྒྱུ་དང་། མེད་པའི་ཤེས་པ་ལ་སོགས་པའི་རྒྱུའོ། །དེ་ལ་རང་གི་རྒྱུ་ནི་དམིགས་པའོ། །བཟློག་པའི་རྒྱུ་ནི་བལྟར་རུང་བའི་ཡུལ་མི་དམིགས་པའོ། །དེ་གཉིས་མེད་པ་དང་ཡོད་པ་ནི་རང་དང་བཟློག་པའི་རྒྱུ་མེད་པ་དང་ཡོད་པ་དག་
སྟེ། དེ་དག་གི་ཕྱིར་རོ། །གཅིག་ལ་ནི་ཞེས་བྱ་བའི་བལྟར་མི་རུང་བའི་ཡུལ་གྱི་མི་དམིགས་པ་ལ་སྟེ། རང་བཞིན་ལ་སོགས་པས་བསྐལ་པའི་དོན་ནི་ཐེ་ཚོམ་ཡོད་པའི་ཕྱིར་རང་གི་རྒྱུ་མེད་པ་ཡིན་ནོ། །དེའི་ཕྱིར་འདི་ལ་རྒྱུ་མེད་པའི་ཕྱིར་ཡོད་པའི་ཐ་སྙད་མེད་པ་ཡིན་ནོ། །གཞན་ལ་ནི་
ཞེས་བྱ་བ་ནི་བལྟར་རུང་བ་མི་དམིགས་པ་ལའོ། །བཟློག་པའི་ཕྱིར་ཏེ་མེད་པར་ངེས་པའི་ཕྱིར་བཟློག་པ་སྟེ། ཡོད་པའི་ཐ་སྙད་ལས་བཟློག་པ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡོད་དོ། །དེའི་ཕྱིར་འདི་ལ་ཡོད་པའི་ཐ་སྙད་ལས་བཟློག་པ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡོད་པས་ན་ཡོད་པའི་ཐ་སྙད་མེད་པར་འགྲུབ་པོ། །གལ་ཏེ་
བལྟར་མི་རུང་བ་མི་དམིགས་པ་ལ་ཐེ་ཚོམ་ཡོད་ན་དེ་ཇི་ལྟར་ཚད་མ་ཡིན་ཞེ་ན། དེ་ལ་དང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་མི་དམིགས་པ་གཉིས་ཀྱི་ནང་ནས་སོ། །དང་པོ་ཞེས་བྱ་བ་ནི་བལྟར་མི་རུང་བའི་ཡུལ་མི་དམིགས་པའོ། །ཡོད་པའི་ཐ་སྙད་དགག་
པར་དགོས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་འགོག་པས་འབྲས་བུ་དང་བཅས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ལྡོག་པ་མཐོང་བ་ནི་མེད་པ་ཤེས་པའོ། །སྩོགས་པ་ཞེས་བྱ་བ་སྨོས་པས་ནི་སྒྲ་དང་ཐ་སྙད་བསྡུ་བའོ། །གཉིས་པ་ནི་ཞེས་བྱ་བ་ནི་བལྟར་རུང་

བའི་ཡུལ་མི་དམིགས་པའོ། །དེ་ལ་ཞེས་བྱ་བ་ནི་ལྡོག་པ་མཐོང་བ་ལ་སོགས་པ་ལའོ། །ཡུལ་བལྟར་རུང་བ་མི་དམིགས་པ་དེ་ཡང་སྦྱོར་བའི་བྱེ་བྲག་གིས་ནི་རྣམ་བཞི་ཞེས་བྱ་བ་དེ་དང་སྦྱར་རོ། །འགལ་བ་དང་འགལ་བའི་འབྲས་བུ་ཞེས་བྱ་བ་ཡིན་ཏེ། མི་འདྲ་བ་དག་ལ་གཅིག་ལུས་པར་བྱས་
པ་ཡིན་ནོ། །གྲུབ་པ་ནི་དམིགས་པ་སྟེ་བལྟར་རུང་བའི་བདག་ཉིད་དག་ཅེས་བྱ་བ་ནི་འདིར་ཡང་སྦྱར་བར་བྱའོ། །འདིས་ནི་རང་བཞིན་འགལ་བ་དམིགས་པ་དང་འགལ་བའི་འབྲས་བུ་དམིགས་པ་དང་གཉིས་བསྟན་ཏོ། །རྒྱུ་དང་ངོ་བོ་བལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་
ཞེས་བྱ་བ་དམིགས་པའི་མཚན་ཉིད་ཀྱིར་གྱུར་བའི་རྒྱུ་དང་རང་བཞིན་དག་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཀྱང་རྒྱུ་མི་དམིགས་པ་དང་། རང་བཞིན་མི་དམིགས་པ་དང་གཉིས་བསྟན་པས་རྣམ་པ་བཞི་ཡིན་ནོ། །མེད་དོན་ཅན་ཞེས་བྱ་བ་ནི་མེད་པའི་ཡུལ་ཅན་དང་། མེད་པའི་
ཐ་སྙད་ཀྱི་ཡུལ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འགལ་བ་དང་འབྲས་བུ་གྲུབ་པ་དང་ཞེས་བྱ་བ་འདིར་མི་དམིགས་པ་ཞེས་བྱ་བ་མི་གྲག་པ་ཡིན་ནམ་ཇི་ལྟར་ན་འདི་གཉིས་པ་མི་དམིགས་པ་ཉིད་ཡིན་ཞེ་ན་དགག་པ་གང་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་དེ་ནི་
ཞེས་བྱ་བ་ནི་དགག་པ་སྟེ། དོན་འགའ་ཞིག་སྒྲུབ་པས་སམ། དོན་འགའ་ཞིག་དགག་པས་སོ། །སྒྲུབ་པར་བྱེད་ན་ནི་འགལ་བའམ་མི་འགལ་བ་བསྒྲུབ་པར་འགྱུར་ཏེ། མི་འགལ་བ་སྒྲུབ་ན་ནི་དགག་པར་བྱ་བ་དང་བསྒྲུབ་པར་བྱ་བ་དག་ལྷན་ཅིག་ཡོད་པར་འགལ་བ་མེད་པའི་ཕྱིར།
དགག་པར་འདོད་པ་བཀག་པ་མ་ཡིན་ནོ། །འགལ་བ་ལ་ཡང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ནི་གལ་ཏེ་དེ་ན་རང་དང་འགལ་བ་མི་དམིགས་པར་གྱུར་ན་དེ་ལྟ་ན་འདི་འགལ་བ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་བསྟན་ཏེ། རྒྱུ་མ་གཏུགས་པ་ཅན་ཞེས་བྱ་
བ་ནི་རྒྱུ་མ་ཟད་པ་ཅན་ནོ། །འབྱུང་བ་ནི་སྐྱེ་བ་སྟེ་འགལ་བ་ཉེ་བའི་སྔོན་རོལ་ན་ཞེས་བྱ་བར་ཤེས་པར་བྱའོ། །གཞན་ཡོད་ན་དེ་འགལ་བ་ཡོད་པར་གྱུར་ན་མེད་པའི་ཕྱིར། དེ་གཉིས་ཕན་ཚུན་འགལ་བར་རྟོགས་སོ། །འདི་ལྟར་དེ་ཉེ་བ་ཁོ་ནས་དེའི་རྒྱུ་མ་ཚང་བར་འགྱུར་རོ་ཞེས་བྱ་

བར་ཤེས་སོ། །དེ་ཡང་ཞེས་བྱ་བ་ནི་གཞན་ཡོད་ན་མེད་པ་ཡང་མི་དམིགས་པ་ལས་ཡིན་ཏེ། འདི་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་བསྟན་ཏོ། །གཉིས་པ་བསྟན་པའི་ཕྱིར་ཕན་ཚུན་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་དམིགས་
པ་ནི་ཕན་ཚུན་རྟོགས་པའོ། །དེ་སྤངས་པ་ནི་དབེན་པ་སྟེ། གང་དག་ལ་དེ་ལྟ་བུར་གནས་པའི་མཚན་ཉིད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་ངོ་བོ་ནི་ཕན་ཚུན་དམིགས་པ་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ཏེ་དེ་ཡང་འགལ་བ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་ཡིན་ནོ། །རྟག་
པ་དང་མི་རྟག་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །གལ་ཏེ་འགལ་བ་དང་པོ་ལ་ཡང་ཕན་ཚུན་སྤངས་པ་ཡོད་པ་ཁོ་ན་ལ། གཉིས་པ་ལ་ཡང་ལྷན་ཅིག་མི་གནས་པ་ཡོད་པ་ཁོ་ན་མ་ཡིན་ནམ། འདི་ལྟར་ཆོས་གང་དག་ཁོ་ན་ལྷན་ཅིག་མི་གནས་པ་དེ་དག་ཁོ་ན་འགལ་བ་གཉིས་པ་ཡིན་ཏེ། འདི་ལྟར་
གཟུགས་དང་རོ་དག་ལ་ནི་འདི་མི་འདོད་ན་དེ་ཅིའི་ཕྱིར་འགལ་བ་གཉིས་བཤད་ཅེ་ན། བདེན་མོད་ཀྱི་ཡུལ་རྣམ་པར་དབྱེ་བའི་ཕྱིར་ཏེ། འགལ་བ་སྔ་མ་ནི་བལྟར་རུང་བའི་དངོས་པོའི་ཡུལ་ཅན་ཁོ་ན་ཡིན་ལ། གཉིས་པ་ནི་དངོས་པོ་མེད་པའི་ཡུལ་ཅན་ཡང་ཡིན་ལ་བལྟར་མི་རུང་བའི་ཡུལ་
ཅན་ཡང་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་བཤད་མ་ཐག་པའི་འགལ་བ་ལ་ཡང་ངོ་། །གཅིག་དམིགས་པས་ཏེ། ཟླ་བོ་གཅིག་དམིགས་པས་ན་གཞན་མི་དམིགས་པ་ཁོ་ནར་ཏེ། དགག་པར་བྱ་བ་མི་དམིགས་པ་ཁོ་ནར་ཤུགས་ཀྱིས་བརྗོད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་གཅིག་
དམིགས་པས་གཞན་མི་དམིགས་པར་མི་བརྗོད་ན་དེའི་ཚེ་གཅིག་དམིགས་སུ་ཟིན་ཀྱང་དགག་པར་བྱ་བ་དམིགས་པ་མ་བཀག་པ་ཅན་གང་ཡིན་པ་དེ་མེད་པ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་འགལ་བ་གཉིས་ཀ་ཡང་མི་དམིགས་པས་བྱས་པའི་ཕྱིར་འགལ་བ་མི་དམིགས་པ་ལ་སོགས་པ་བསྒྲུབ་
པའི་སྒོ་ནས་རབ་ཏུ་སྦྱར་ཀྱང་མི་དམིགས་པའི་རང་བཞིན་ཁོ་ན་ཡིན་ནོ། །གང་ལ་གཅིག་བཀག་པས་གཞན་འགོག་པ་དེ་ལ་ནི་མི་དམིགས་པ་ཉིད་གསལ་བ་ཁོ་ན་ཡིན་པས། གཅིག་བཀག་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། དགག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

དོན་གཞན་དགག་པ་བསྒྲུབ་པར་བྱ་བ་དེ་ལ་ཡང་རྒྱུ་དང་འབྲས་བུ་དག་དགག་པའི་གཏན་ཚིགས་ཡིན་པར་འགྱུར་བའམ། གཉི་ག་མ་ཡིན་པ་སྟེ། རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་པ་ཞིག་དགག་པའི་གཏན་ཚིགས་ཡིན་པར་འགྱུར་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དམ་དམིགས་ཀྱིས་བསྩལ་
བའོ། །གཉི་ག་མ་ཡིན་པ་སྟེ་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པའི་བདག་ཉིད་ནི་དགག་པར་བྱ་བ་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་དེ་མེད་ན་སྟེ་འབྲེལ་པ་མེད་པ་མེད་ན་གཞན་ཞེས་བྱ་བ་སྟེ། དགག་པར་བྱ་བ་འདོད་པ་མེད་པར་འགྱུར་རོ་ཞེས་བྱ་བ་དེར་ལྟ་ག་ལ་འགྱུར། འབྲས་བུ་མི་དམིགས་
ཀྱང་དེ་མེད་པར་ལྟ་ག་ལ་འགྱུར་ཞེས་བྱ་བར་སྦྱར་ཏེ། དེ་མེད་པར་ཞེས་བྱ་བ་ནི་རྒྱུ་མེད་པར་རོ། །ཅིའི་ཕྱིར་མེད་པ་མ་ཡིན་ཞེ་ན། གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་ལྡན་པ་ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པ་སྟེ། མ་ཚང་བ་དང་གེགས་བྱེད་པ་
སྲིད་པའི་ཕྱིར་རོ། །འདི་ནི་རྒྱུ་ཙམ་སྨོས་ནས་བཤད་པར་ཟད་དེ་རྒྱུ་ནུས་པ་ཐོགས་པ་མེད་པ་ནི། འབྲས་བུ་མེད་པ་ལས་མེད་པར་རྟོགས་པར་འགྱུར་བ་ཁོ་ནའོ། །གང་གི་ཕྱིར་གཉི་ག་མ་ཡིན་པ་དང་འབྲས་བུ་མི་དམིགས་པ་གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲེལ་
པའི་ཕྱིར་རྒྱུ་མི་དམིགས་པ་ཁོ་ན་འབྲས་བུ་མེད་པ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་རང་བཞིན་མི་དམིགས་པ་ཡང་མེད་པའི་གཏན་ཚིགས་ཡིན་པའི་ཕྱིར་ངེས་པར་གཟུང་བ་རིགས་པ་མ་ཡིན་ནོ་ཞེ་ན། བཤད་པ་རང་བཞིན་མི་དམིགས་པ་ནི་རང་གི་ངོ་བོས་མེད་པ་ཁོ་ན་སྟེ། འདི་
ལ་དོན་གཞན་མེད་པར་སྒྲུབ་པར་མི་བྱེད་དོ། །རང་བཞིན་གཞན་དགག་པ་བསྒྲུབ་པར་བྱ་བ་ལ་ནི་རྒྱུ་མི་དམིགས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་སྟེ། དེའི་ཕྱིར་གནོད་པ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །འོ་ན་དེ་ལ་ཅི་ཞིག་སྒྲུབ་པར་བྱེད་ཅེ་ན་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་ལའོ། །ཡུལ་ཅན་ཞེས་བྱ་བ་ནི་མེད་པའི་ཤེས་པ་ལ་སོགས་པའོ། །འདི་ལ་ཡང་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་ལ་སྟེ། གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་གང་ཡིན་པ་དེ་མི་དམིགས་པས་ཁྱབ་པར་བྱ་བ་

མེད་པར་སྟོན་ཏེ། དཔེར་ན་འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་པ་དེའི་ཚེ་ནི་ཁྱབ་པར་བྱ་བ་མེད་པ་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ། །ཡང་འདི་ལ་ཇི་ལྟར་མེད་པ་སྒྲུབ་པར་བྱེད། འདི་
ལྟར་གང་ཞིག་གིས་ཤིང་གིས་དབེན་པའི་ས་གཞི་དམིགས་པ་ལས་ཤིང་མེད་པར་རྟོགས་པ་དེས་ནི། ཤིང་ཤ་པས་དབེན་པའི་ས་གཞི་དམིགས་པ་ལས་ཀྱང་ཤིང་ཤ་པ་མེད་པ་ཡང་རྟོགས་སོ་ཞེ་ན། ཕྱོགས་གཅིག་ཙམ་ན་ཤིང་དང་ཤིང་ཤ་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དག་ཡིན་
པ་དེ་ཁོ་ན་ཙམ་ན་ཤིང་མི་དམིགས་པས་ཤིང་ཤ་པ་མེད་པར་སྒྲུབ་པར་བྱེད་དོ་ཞེས་པ་ནི་མི་སྨྲའོ། །འོན་ཀྱང་གང་ན་ཤིང་ཙམ་ངེས་པར་གཟུང་བར་ནུས་ཀྱི། ཁྱད་པར་ཤིང་ཤ་པ་ལ་སོགས་པ་ནི་མ་ཡིན་པའི་ཕྱོགས་དེ་ཙམ་ན་གང་གི་ཚེ་ཤིང་ཤ་པ་མེད་པར་རྟོགས་པར་འདོད་པ་དེའི་ཚེ་ཤིང་
མི་དམིགས་པས་ཤིང་ཤ་པ་མེད་པར་སྒྲུབ་པར་བྱེད་དོ། །དེར་ཤིང་ཤ་པ་ནི་རང་བཞིན་མི་དམིགས་པར་རྣམ་པར་གཞག་པར་མི་ནུས་ཏེ། དེ་ན་ཤིང་ཤ་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་མི་རྟག་པ་ཉིད་དང་བྱས་པ་ཉིད་དག་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་
བྱེད་པའི་ངོ་བོར་གྲུབ་པ་ཡིན་ལ། གང་གི་ཚེ་ལྡོག་པར་བསྟན་པར་བྱ་བ་ལས་ཁྱབ་པར་བྱེད་པ་མི་རྟག་པ་ཉིད་མེད་པས་བྱས་པ་ཉིད་མེད་པར་སྟོན་པ་དེའི་ཚེ། ཁྱབ་པར་བྱེད་པ་མི་དམིགས་ན་མེད་པ་འགྲུབ་པོ་ཞེས་བྱ་བར་སེམས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། མེ་
དོན་ཅན་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་ཆ་སྟོན་ཏོ། །འགལ་བ་གྲུབ་པར་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པས་སོ། །རང་བཞིན་འགལ་བ་དམིགས་པ་དཔེར་བརྗོད་པ་འདིས་ནི་ཁྱབ་པར་བྱེད་པ་འགལ་བ་འགྲུབ་པ་ཡང་བཤད་པར་རིག་པར་བྱའོ། །
དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེར་བརྗོད་པ་ཡིན་ཏེ། བ་མོ་ནི་ཁ་བ་དང་ལྡན་པའི་གྲང་བའི་རེག་པའི་ཁྱད་པར་ཁོ་ན་ཡིན་ནོ། །དེ་ལ་ཁྱབ་པར་བྱེད་པ་ནི་གྲང་བ་ཡིན་ནོ། །དེ་དང་འགལ་བ་ནི་མེ་ཡིན་ཏེ་དེ་ལ་མེས་འགལ་བ་གྲང་བ་ཟློག་པར་བྱེད་པ་ན་དེས་ཁྱབ་པར་བྱ་བ་བ་མོའི་

རེག་པ་ཡང་ཟློག་པར་བྱེད་པས་དོན་གྱིས་ན་འདི་རང་བཞིན་འགལ་བ་དམིགས་པར་འདུས་པ་ཡིན་ནོ། །འདི་ནི་གྲང་བའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་