Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 172

Văn bản gốc(Tây Tạng)

Trang 12 / 13 (50.000 ký tự/trang)
བཞིན་གཞག་ཅེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་གཞག་ཅིང་གདམས་པའོ། །ཚུལ་ཁྲིམས་ཁོ་ནར་ཟད་དམ་ཅེ་ན། ཤེས་རབ་ཞི་ཞེས་བྱ་བ་སྨོས་ཏེ།
ཤེས་རབ་ཞི་བ་ནི་ཞི་གནས་དང་ལྷག་མཐོང་ཡིན་ནོ། །ཡིད་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཆོས་མངོན་པ་ལས་རབ་ཏུ་གྲགས་པའི་ཕྱིར་རོ། །ཡོངས་སུ་སྨིན་འགྱུར་ཞེས་བྱ་བ་ནི་ལས་སུ་རུང་བ་སྟེ་ཁྱད་པར་ཅན་ནོ། །འདི་དག་ཀྱང་མཚོན་པ་སྟེ་དེ་བཞིན་དུ་གཞན་དུ་ཡང་ཡིན་ནོ། །ཇི་སྐད་དུ་སློབ་དཔོན་
ཤཱན་ཏ་དེ་བས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་གནས་ལུགས་གནས་པར་བྱ། །འདི་དག་ལེགས་པར་བཤད་པ་ཡིན་ནོ། །ད་ནི་དེ་དག་ཚུལ་ཁྲིམས་ལ་རག་ལུས་པས་མཇུག་བསྡུ་བའི་ཚུལ་གྱིས་བསྟན་པ་ནི། དེ་བས་རྒ་ཤི་ནད་འཇིགས་རྣམ་ཐར་པ། །གང་ཞིག་ཐོབ་འདོད་དེས་ནི་ཚུལ་ཁྲིམས་
སྲུངས། །ཞེས་བྱ་བ་སྨོས་ཏེ། དེ་བས་ཞེས་བྱ་བ་ནི་དེ་བས་ནའོ། །རྒ་འཆི་ནད་འཇིགས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་སྲིད་པ་ལེན་པའི་ཚུལ་ལོ། །རྣམ་ཐར་ཞེས་བྱ་བ་ནི་དེ་ལས་ལྡོག་སྟེ་སྤོང་བར་བྱེད་ཅེས་པའི་ཐ་ཚིག་གོ། །གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་
ནོ། །ཐོས་འདོད་ཞེས་བྱ་བ་ནི་དོན་དུ་གཉེར་ཏེ། བཟོད་པ་ཅན་གྱི་སྐྱེས་བུ་ཐབས་ལ་མཁས་པ་དེས་སོ། །ཇི་སྟེ་ངེས་པ་ཁོ་ནར་ཚུལ་ཁྲིམས་སྲུངས་ཏེ། དེ་བས་ནི་ཞེས་བྱ་བའི་སྒྲ་སྨོས་ཏེ། དོན་དག་བསྟན་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །བདག་འདྲ་མཁས་པའི་དོན་ལ་མཁས་པར་བསམ་
པར་མི་ནུས་ཀྱང་། །ཅུང་ཟད་དམན་ལ་ཕན་ཕྱིར་འཕགས་པའི་རྗེས་འབྲངས་ཏེ། །ལོ་བརྒྱ་བརྩེ་བ་ཅན་གྱི་གཏམ་ལ་རྣམ་བཤད་པས། །ཉེས་པ་མང་ཡོད་མཁས་པ་རྣམས་ལ་བཟོད་པར་གསོལ། །འདི་ལ་བསོད་ནམས་ཅུང་ཟད་བདག་གིས་བསྐྲུན་ངེས་ནི། །འགྲོ་བ་རྒྱལ་བ་ཐོབ་ནས་

དེ་བཞིན་གཞན་དག་ཀྱང་། །མྱུར་དུ་དབང་ཕྱུག་ཐོབ་ནས་ས་ལ་གནས་པ་དང་། །ཕ་རོལ་ཕྱིན་དྲུག་ཐོབ་ནས་འགྲོ་བའི་དོན་བྱེད་ཤོག །ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། སཾ་བྷཱ་ར་པ་
རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་གིས་དེ་རིང་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་ཞིག་གམ། །གཞན་ལ་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔའ་ཡང་ཡང་བསམ། །བསོད་ནམས་རང་བཞིན་
ཡེ་ཤེས་ཆེ། །ཚོགས་ནི་གང་གིས་རྫོགས་འགྱུར་དང་། །ཇི་ལྟར་གཞན་ཕན་བྱེད་འགྱུར་བ། །དེ་ནི་ལེགས་པར་བཤད་པར་བྱ། །གང་གིས་ལུས་དང་སྲོག་དག་ནི། །སེམས་ཅན་ཀུན་ལ་གཏང་བར་བྱ། །ལུས་ཅན་ཀུན་ལ་བྱམས་པ་དང་། །སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ། །སྡིག་པ་ཀུན་
གྱི་རྣམ་སྨིན་ནི། །རང་གི་རྒྱུད་ལ་མངོན་འདོད་ཅིང་། །བསོད་ནམས་ཀུན་ལ་ཡི་རང་དང་། །སངས་རྒྱས་བདག་ཉིད་ཆེ་ལ་བསམ། །དེ་ལྟར་ཡང་དང་ཡང་བྱ་བ། །འདི་ནི་ཆོ་ག་གཞན་ཡིན་ནོ། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །རྩོམ་པ་ཀུན་ཀྱང་བྱ་བ་ཡིན། །དེ་ལྟ་བུ་ཡི་ཐབས་དེ་
ཡིས། །རྩོམ་པའི་ངལ་བ་མེད་པར་ཡང་། །བསོད་ནམས་ཡེ་ཤེས་ཚད་མེད་པ། །ཡང་དང་ཡང་དུ་སོགས་པར་འགྱུར། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། །ཡོངས་སུ་བསྐྱབ་པའི་ཕྱིར་དང་ནི། །རང་གི་ལུས་དང་སྲོག་ཉིད་ནི། །ཡིད་ཀྱི་རྗེས་བཞིན་གཏང་བར་བྱ། །
བཀྲེས་སྐོམ་ངལ་དང་ཚ་གྲང་དང་། །རླུང་དང་ཆར་གྱི་གཉེན་པོ་བཞིན། །མཆོག་མཆོད་པ་ལས་བདག་ཉིད་ནི། །འདི་ན་བདེ་མྱོང་གང་ཡིན་དང་། །ཉམས་དགའ་ཁང་བཟངས་གཞིར་གནས་དང་། །གཙང་ཞིང་ཞི་བའི་གནས་གཏོགས་དང་། །བདེ་བ་ཐོབ་པ་གང་ཡིན་དང་། །བསམ་གཏན་བདེ་བ་
ཐོབ་པ་ཡིས། །བདེ་བའི་གནས་སྐབས་ཐོབ་གང་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགྲ་བཅོམ་ཤིན་ཏུ་སྦྱངས་ཞི་ཉིད། །དེ་ནི་སེམས་ཅན་ཐམས་ཅད་ལ། །བྱེ་བྲག་མེད་པར་ཉེ་བར་བསྟབས། །ཕལ་ཆེར་མཉམ་པར་མ་བཞག་ཚེ། །དེ་ལྟར་བྱམས་པ་ཉེར་བསྟེན་ལ། །

མཉམ་པར་གཞག་ཚེ་བདག་གིས་རྟོགས། །དགའ་དང་ཤིན་ཏུ་སྦྱངས་པ་ཉིད། །ཉི་ལྟར་ཉམས་སུ་མྱོང་བ་དག །དེ་བཞིན་གཞན་ལ་ལྷག་མོས་བྱས། །སྐྱེ་དགུ་འདི་ནི་སྡུག་བསྔལ་གྱི། །ཆུ་བོར་ནུབ་དང་དེ་རྒྱུ་ཅན། །ངན་འགྲོ་དང་ནི་བདེ་འགྲོ་དག །བརྩེ་ལ་འབད་
པས་བརྟག་པར་བྱ། །དེ་ལས་ཀྱང་ནི་དམྱལ་བ་དག །སྡུག་བསྔལ་མི་བཟད་མང་པོ་དང་། །དུས་རིང་རྒྱུན་མི་འཆད་པ་ཡི། །གཅད་གཤེག་མེ་ཡིས་གདུངས་པ་དང་། །འཚེད་ཅིང་བཏགས་པ་ལས་བྱུང་བའི། །ཤིན་ཏུ་ཉམ་ཐག་རབ་ཏུ་འཕེལ། །ཐལ་ཆུ་ལྟ་བུར་རབ་འཚེད་པའི། །
བསྲེག་ཅིང་ཚ་རིམས་འདྲ་ཉམ་ཐག །དུད་འགྲོ་ཕན་ཚུན་སྡང་དང་སྲོག །རང་དབང་མེད་པར་གསད་སོགས་ཀྱིས། །རྟག་ཏུ་སྡུག་བསྔལ་གྱིས་གདུངས་པས། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཡི་དགས་མེ་ལྕེའི་ཕྲེང་བ་ཡིས། །བསྐོར་ཞིང་སྐད་གསང་མཐོན་པོར་སྒྲོགས། །ལ་
ལ་ཁ་ན་མེ་འབར་གཞན། །མགྲིན་པ་ཁབ་མིག་ལྟོ་རི་ཙམ། །རྟག་ཏུ་བཀྲེས་སྐོམ་ལ་སོགས་པས། །བསྲེག་ཅིང་ལུས་ནི་སྐམས་པ་དང་། །ཁ་ཅིག་སྐྱུག་པ་ཟ་བ་དང་། །གཞན་དག་དེ་ཡང་རབ་རྙེད་དཀའ། །ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང་། །སྡུག་
བསྔལ་གཟིར་བ་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོན་ཅིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་
གྱུར་དང་། །གཞན་དག་ཆོག་མི་ཤེས་ལས་བྱུང་། །ཡོངས་ཚོལ་སྡུག་བསྔལ་མི་བཟད་དང་། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས་རིམས་བཏབ་པའི། །ནང་གི་མེ་ཡིས་བསྲེགས་འགྱུར་
ལས། །གང་ཞིག་སེམས་གཡེང་གྱུར་པ་དག །དེ་ལ་བདེ་བ་ག་ལ་ཡོད། །གཡེངས་མེད་སེམས་ལ་སྐད་ཅིག་ཀྱང་། །དབང་མེད་པ་ནི་མ་ཡིན་པས། །རྣམ་གཡེང་དཀྲུགས་བའི་བདག་ཉིད་ཅན། །ནམ་ཡང་ཞི་བར་མི་འགྱུར་ཏེ། །རླུང་བཅས་འབར་བས་ཁྱབ་པ་ཡིས། །མེ་ནི་ཤིང་

དང་བཅས་དང་མཚུངས། །ཤིན་ཏུ་ངོམས་མེད་ཐ་མར་ནི། །དབང་མེད་ཤིན་ཏུ་མྱ་ངན་བྱེད། །ལྷ་དང་མི་ནི་ལྷ་ལ་དག །སྡུག་པའི་ཆགས་པ་དམ་དུ་ཞེན། །བསོད་ནམས་སྔོན་བྱས་དེ་དང་དེས། །འདོད་པ་རྨོངས་པས་གདུངས་པར་འགྱུར། །དེ་ཡང་ཉོན་མོངས་སྣ་ཚོགས་དང་། །སྡིག་པའི་ལས་ནི་
རྒྱུན་མི་འཆད། །རྣམ་པར་ལྟུང་བའི་མཐར་གནས་པས། །བག་མེད་གྱུར་ལ་བརྩེ་བྱའི་རིགས། །ནད་སོས་ཡུན་རིངས་མ་ལོན་པའི། །ནད་པས་མི་འཕྲོད་ཟོས་དང་མཚུངས། །གང་ཞིག་གཟུགས་ཅན་གཟུགས་མེད་པ། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་
ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ཡང་སླར་ཡང་ལྟུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་འབྱུང་འགྱུར་བ། །འབད་ཀྱང་ཇི་ལྟར་རིང་མོ་གནས། །མཁའ་ལ་ལྡིང་བ་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་
མདའ་འཕངས་ལྟར། །དེ་ནི་ལྟུང་བའི་མཐའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག །སྐད་ཅིག་རེ་རེ་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་བྱ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །རྒ་ཤི་ན་བའི་ཆོས་ཅན་གྱིས། །ཉོན་མོངས་ནད་ན་རྒྱུ་སོགས་ཀྱིས། །གང་ཕྱིར་ཐམས་ཅད་
གདུངས་བས་ན། །དེ་ཕྱིར་ཤིན་ཏུ་བརྩེ་བྱ་རིགས། །སྲོག་ཆགས་ཀུན་གྱི་སྡིག་པ་རྣམས། །ཐམས་ཅད་བདག་ལ་སྨིན་པར་ནི། །དེ་ལྟར་སྡིག་པ་ལེན་བྱེད་ཅིང་། །འགྲོ་བའི་ཕོངས་པས་སྡུག་བསྔལ་བྱས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་དག་དང་འགྲོ་བ་ཡི། །
དུས་ནི་ཐམས་ཅད་དག་གི་ཡང་། །བསོད་ནམས་ཀུན་ལ་ཡི་རང་བྱ། །ཚོགས་ནི་ཤིན་ཏུ་བྱ་དཀའ་དང་། །སངས་རྒྱས་ཆོས་ནི་བླ་མེད་པ། །འགྲོ་བའི་དོན་གྱི་བྱ་བ་ཉིད། །སངས་རྒྱས་རྣམས་ཀྱིས་རྗེས་སུ་བསམ། །མང་དུ་ཐོས་ལ་མངོན་བརྩོན་དང་། །ཇི་བཞིན་དོན་ནི་སེམས་པ་དང་། །འགྲོ་
བའི་ཤེས་པ་ཉེ་བསྡུས་པའང་། །རྟེན་འབྲེལ་ཡིད་ལ་བྱེད་པ་ཡིས། །འདུ་བྱེད་ཙམ་ལ་སྐད་ཅིག་མ། །བྱ་བ་མེད་ལ་འཇུག་པར་བྱ། །ཐམས་ཅད་རྟེན་འབྲེལ་ལ་བསམས་ལ། །རྟག་ཏུ་བདག་མེད་གོམས་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །དོན་དམ་པར་ནི་འཕེལ་བར་

འགྱུར། །བྱང་ཆུབ་སེམས་ནི་ཉེར་འཕེལ་བས། །ཚོགས་ནི་ཐམས་ཅད་རྫོགས་པར་འགྱུར། །དེ་ལྟར་བསོད་ནམས་ཡེ་ཤེས་ཀྱིས། །རང་བཞིན་ཆུ་བོས་འགེངས་པ་དག །འགྲོ་བའི་ཐར་ལ་གཅིག་ཏུ་མཁས། །བྱང་ཆུབ་ལག་པའི་མཐིལ་ན་གནས། །སྦྱིན་དང་
སྙན་པར་སྨྲ་བ་དང་། །དོན་སྤྱོད་དོན་ནི་མཐུན་པ་ཉིད། །དེ་ལྟར་བསྡུ་བའི་དངོས་པོ་རྣམས། །འགྲོ་ལ་ཕན་པར་བྱེད་པ་ཉིད། །དེ་ནི་གང་ལ་སྦྱིན་པ་བྱིན། །གང་ཞིག་ལ་ནི་སྙན་སྨྲ་བའམ། །དོན་སྤྱོད་པ་ནི་བྱས་འགྱུར་བ། །གང་ལ་དོན་མཐུན་བྱས་འགྱུར་ཞེས། །དེ་ལྟར་རྟག་ཏུ་བརྩོན་པ་ཡིས། །
འགྲོ་བའི་དོན་ནི་ཅི་ནུས་བྱ། །གཞན་ཀུན་བདག་གིར་བྱ་བ་དང་། །རང་ལ་གནས་པ་གཞན་གྱིར་བྱ། །ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གང་གཱ་ཏ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་
ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་ཨཀྵ་ཎ་ཀ་ཐཱ། བོད་སྐད་དུ། མི་ཁོམ་པ་བརྒྱད་ཀྱི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་གུས་པར་མཉན་པར་བྱ་སྟེ།
ཕྱིས་ནི་རྗེས་སུ་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་འདིར་མི་ཁོམ་པ་བརྒྱད་ལས་གྲོལ་བའི་མི་ནི་ཤིན་ཏུ་དཀོན་ནོ། །མི་ཁོམ་པ་བརྒྱད་པོ་དག་གང་ཞེ་ན་འདི་ལྟ་སྟེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། མཐའ་ཁོབ་ཏུ་སྐྱེས་པ་དང་། ལྷ་ཚེ་རིང་པོ་དང་། དབང་པོ་མ་
ཚང་བ་དང་། ལོག་པར་ལྟ་བ་དང་། དེ་བཞིན་གཤེགས་པ་མི་འབྱུང་བ་སྟེ། དེ་ལྟར་མི་ཁོམ་པ་བརྒྱད་པོ་འདི་དག་ལྡན་ན། མི་མ་ཐོབ་པས་གྲོལ་བའི་ཆོས་དང་ལྡན་པར་མི་འགྱུར་རོ། །དེ་དག་ཇི་ལྟ་ཞེ་ན་བརྗོད་པར་བྱ་སྟེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ཤ་ཟའི་ལམ་ལ་
ཕལ་ཆེར་གནས་པས། འདིར་འགའ་ཞིག་མི་འམ་ལྷར་འགྱུར་གྱི་ཕལ་ཆེར་ནི་མི་འགྱུར་རོ། །དགེ་བའི་རྩ་བའི་ཚོགས་བསགས་པ་ནི་དཀོན་པ་ཉིད་དེ། དེ་འགའ་ཞིག་གི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་བཞིན་ནོ། །རིན་པོ་ཆེའི་ཚོགས་ཐམས་ཅད་ཀྱི་གླིང་དུ་གྱུར་པ། བཀྲ་མི་

ཤིས་པའི་དྲི་མ་ཐམས་ཅད་འཁྲུད་པ། དམ་པའི་ཆོས་ཀྱི་མཐར་ཐུག་པ། བསྐལ་པ་གྲངས་མེད་པར་ངེས་པར་འབྱུང་བ། སྣ་ཚོགས་པ་ལ་མཁས་པར་བྱས་པ། སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཅིང་ངེས་པར་ལེགས་པ་ནི་ཐོབ་པ་མཆོག་ཏུ་དཀའོ། །བདག་ཉིད་ཀྱིས་དགེ་བ་མདུན་དུ་སྙིང་པོར་བྱས་
ཏེ། མི་དགེ་བའི་ཆོས་ཞེ་སྡང་གིས་སྐྱེད་པས་གཉེན་པོ་དགེ་བའི་ཆོས་གཙོར་བྱའོ། །རིའི་ཆུ་ལྟར་གཡོ་བ་དང་། རླུང་ལྟར་མི་གནས་པ་དང་། ཀཱ་ཤིའི་མེ་ཏོག་ལྟར་འཐོར་ཞིང་། གཡོ་བ་དང་། སྟོན་ཀའི་སྤྲིན་དང་། གློག་དང་། ཐོ་རངས་ཀྱི་མར་མེ་དང་། པདྨའི་འདབ་མའི་ཆུ་ཐིགས་
དང་། དྲི་ཟའི་གྲོང་ཁྱེར་དང་། དར་ལ་བབ་པའི་སེམས་ལྟར་གཡོ་བས་མི་རྣམས་ལ་ཡིད་བརྟན་པར་མི་བྱའོ། །དེ་བས་ན་འདི་ལྟར་བསྒྲུབ་པར་བྱ་སྟེ། མེའི་ནང་དུ་ཞུགས་པ་ལྟར་བདག་ལེགས་སོ་འདོད་པས་མྱུར་དུ་ངེས་པར་སྐྱབས་སུ་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་
སྐབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དུ་མ་རྙེད་པ་ནི་དཀོན་ནོ། །གང་གི་ཚེ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་འདི་རྣམས་སུ་སྐྱེས་ཤིང་འཁྲུགས་
པས་སྐྱུར་ཞིང་འདོན་པ་དང་། རྡེག་པ་དང་། སྲེག་པ་དང་། འཆེད་པ་དང་། འདོན་ཅིང་གཏུབ་པ་དང་། ཟ་བ་དང་། གསོད་པ་དང་། འཆིང་བ་དང་། ངུ་ཞིང་ང་རོ་འདོན་པས་སྨྲེ་ཞིང་སྡུག་བསྔལ་སྣ་ཚོགས་ཤིང་སྡུག་བསྔལ་དུ་མར་བྱིང་སྟེ། ཆུ་བོ་རབ་མེད་དུ་ནུབ་ཅིང་། ལོ་མ་རལ་གྲིའི་ནགས་ཚལ་
དང་། ཚེར་མ་རྣོན་པོའི་ཚལ་དང་། སྤུ་གྲིས་གཏམས་པའི་ལམ་དང་། རིམ་པ་མེད་པར་འགྲོ་བ་དང་། ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བ་དང་། །ཁྲོ་ཆུ་འཐུང་བ་དང་། ས་གཞི་འབར་བར་འདུག་པ་དང་། མེའི་ཕྲེང་བས་ལུས་སྲེག་པ་ནི་བུད་ཤིང་རབ་ཏུ་འབར་བ་བཞིན་ནོ། །ཡོངས་སུ་སྐྱུར་
ཞིང་འབྲོས་པ་དང་། བརྒྱལ་བ་དང་། སྨྲེ་བ་དང་། རྣམ་པར་འཇོམས་པ་དང་། ཉོན་མོངས་པས་ང་རོ་འདོན་ཅིང་མྱ་ངན་བྱེད་ཅིང་ངུ་བ་དང་། རྣམ་པ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་སྟོང་ཕྲག་མང་པོ་མྱོང་ངོ་། །དེ་དག་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཀྱི་ཧུད་

ཟེར་བ་དང་། ཨ་ཆུ་ཟེར་བ་དང་། སྙིང་རྗེ་རྗེ་སྐད་ཟེར་བ་དང་། རལ་གྲི་རྣོན་པོ་ཐོགས་པའི་གཤིན་རྗེ་གཏུམ་པོས་རྡེག་ཅིང་གཏུབ་པ་དང་། མནར་མེད་པར་སྐྱེས་ནས་འབར་བའི་མེས་བསྲེགས་པར་དེ་དག་རབ་ཏུ་སྤངས་ནས་ཆོས་ཀྱི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར། དེ་
བས་ན་གུས་པས་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་དག་འདི་ལྟར་ཕན་ཚུན་ཟ་བ་དང་། དེད་པ་དང་སྐྲག་པར་བྱེད་པ་དང་། འཇོམས་པ་དང་བཅས་ཤིང་ཟ་བ་དང་། མ་ལ་འཁྲིག་པ་སྤྱོད་པ་དང་འདི་ལྟ་སྟེ། སྲེ་མོ་དང་། ཀུ་ར་དང་། རི་དགས་
དང་། ཕག་དང་། རུ་རུ་དང་། སྨི་ཤི་དྷ་དང་། གནག་དང་། སྤྲེའུ་དང་། སྲིན་བུ་དང་། ཕྱེ་མ་ལེབ་དང་། ཆུ་སྲིན་དང་། མ་ཧེ་དང་། གླང་པོ་དང་། གླང་དང་། འུག་པ་དང་། བྱ་རོག་དང་། ཁྲུང་ཁྲུང་དང་། བྱ་རྒོད་དང་། ཁྱི་དང་། ཝ་དང་། ཅེ་སྤྱང་དང་། རྔ་མོ་དང་། བོང་བུ་ལ་སོགས་པར་
སྐྱེས་ནས། ཕན་འདོགས་པ་དང་། བློ་གྲོས་དང་རྟོགས་པ་དང་། དྲན་པ་མེད་ཅིང་བླུན་པོར་སྤྱོད་པ་དང་། བགྲོད་པར་བྱ་བ་དང་། བགྲོད་པར་མི་བྱ་བ་ལ་ལྟོས་པ་མེད་ཅིང་། དགྲ་དང་དགྲ་མ་ཡིན་པ་མི་ཤེས་ཤིང་། སྨྲ་བ་དང་བྲལ་ཞིང་རིགས་པ་མི་བྱེད་པ། དཔལ་དང་བྲལ་བའི་ལུས་དང་
ལྡན་པ་དེ་བས་ན། དེ་དག་ལ་ཡང་ཆོས་ཀྱི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར། མགོ་དང་མགྲིན་པ་དང་ཁ་དང་རྒྱབ་ལ་ལྕགས་ཀྱུ་དང་། རྡོ་བ་དང་། དབྱིག་པ་དང་། གཉའ་ཤིང་ལ་སོགས་པས་ཉེ་བར་སྡུག་བསྔལ་ཞིང་། སྐྲག་ཅིང་འབྲོས་པ་དང་། རྣམ་པར་འཐོར་བ་དང་། རྡེག་འཆོས་པ་
དང་། འགྲེད་པ་དང་། རྣམ་པ་སྣ་ཚོགས་པའི་ངོ་བོ་དུ་མས་སྡུག་བསྔལ་བརྒྱ་ཕྲག་དུ་མ་ཉམས་སུ་མྱོང་བ། དེ་དག་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་གསུངས་སོ། །དགུན་གྱི་དུས་སུ་རླུང་དྲག་པོ་དང་བ་མོ་མི་བཟད་པས་འཇོམས་ཤིང་། དབྱར་གྱི་དུས་སུ་ཉི་མའི་འོད་ཟེར་ཚ་བས་གདུངས་
པར་བྱེད་པ་དང་། ཕན་ཚུན་བསྙེམས་ཤིང་འཆི་བའི་འཇིགས་པས་འཇིག་རྟེན་རྣམས་ལ་རྟག་པར་སྐྲག་པའི་དུད་འགྲོ་ལོག་པར་ལྟུང་བའི་སྲོག་ཆགས་ལ། འདི་ཇི་ལྟར་ཆོས་ཀྱི་འདུ་ཤེས་སྐྱེ། དེ་བས་ན་གུས་པར་ཆོས་མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་ཞེས་བྱའོ། །ཡང་གང་གི་

ཚེ་བཀྲེས་པ་དང་། སྐོམ་པས་གདུངས་ཤིང་ལུས་བསྲེགས་པའི་རྣམ་པ་ལྟ་བུ་དང་། མགྲིན་པ་དང་། རྐན་དང་། ལྕེ་དང་། མཆུ་རྣམས་སྐམས་ཤིང་། སྙིང་དང་། མིག་དང་། ལག་པ་དང་། རྐང་པ་དང་། ཁྲག་དང་། ཤ་དང་། རུས་པ་དང་། གཞུངས་པ་དང་། རྒྱུ་མ་དང་།
ནང་ཁྲོལ་རྣམས་ཕྱུང་བ་ལྟ་བུར་སྐམས་པ་དང་། མཆིལ་མ་དང་། སྐྱུག་པ་ཟས་སུ་ཟ་བ་མེས་བསྲེགས་པ་ལྟ་བུའི་ལུས་ཀྱི་རྣམ་པ་དང་ལྡན་པ། སྣང་བ་མེད་པའི་མུན་པར་གནས་པ། མི་གཙང་བ་ཟོས་པས་གོས་ཤིང་སྤགས་པ་ལོ་བརྒྱ་ཕྲག་དུ་མར་ཟས་སྐོམ་དང་བྲལ་བ། ཉོན་མོངས་
པ་རབ་ཏུ་འབར་ཞིང་གཅིག་ལ་གཅིག་གནོད་པས་སྐྲག་ཅིང་སྡུག་བསྔལ་བ། ཤིང་དང་བོང་བ་དང་དབྱིག་པས་རྡེག་པས་སྐོམ་བཞིན་དུ་བསྲུངས་པས། རིམ་པར་དབང་མེད་པར་སྐོམ་པས་སྡུག་བསྔལ་བ། བསོད་ནམས་དམན་པ། གདོང་རང་གི་སྐྲས་གཡོགས་པ། དུར་ཁྲོད་མི་
བཟད་པར་གནས་པ། ལོ་བརྒྱ་སྟོང་ཕྲག་དུ་མར་སྡུག་བསྔལ་བརྒྱ་སྟོང་ཕྲག་དུ་མ་ཉམས་སུ་མྱོང་བ། དེ་དག་དུས་གང་དུ་ཇི་ལྟར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །བཀྲེས་པ་དང་སྐོམ་པས་སྐམས་ཤིང་། ལུས་མེ་འབར་བ་དྲག་པོའི་རྣམ་པ་དང་ལྡན་པ། སྒལ་བུ་རྣམས་
ནང་ཁྲོལ་གྱིས་སྟོངས་པས་རིའི་ཁྲོད་ལྟ་བུ། ནང་ཁྲོལ་ཉམས་པས་གཡོ་བ་དང་བྲལ་བ། ཁ་ཁབ་ཀྱི་མིག་ལྟར་ཕྲ་བ། སྐྲའི་ཚོགས་ཆེན་པོ་རྩུབ་ཅིང་གྱེན་དུ་བརྫེས་པ། དགེ་བ་ཅུང་ཟད་ཀྱང་མེད་པས། མི་དགེ་བས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་སྟེ། དེ་བས་ན་གུས་པར་ཆོས་
མཉན་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་གི་ཚེ་མཐའ་ཁོབ་ཏུ་སྐྱེས་པར་གྱུར་པ་དེ་དག་ཀྱང་རབ་ཏུ་དྲན་པ་དང་། གཅུགས་པ་དང་། བློ་གྲོས་དང་། རྟོགས་པ་དང་བྲལ་བས་སྤྱོད་ཅིང་ལོ་བརྒྱར་ཡང་ལྟོས་པ་མེད་དོ། །དེ་དག་དུས་གང་
གི་ཚེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཡང་གང་གི་ཚེ་མཐའ་ན་གནས་པ་དང་། གླེ་ན་གནས་པ་དང་། རི་ཁྲོད་དང་། ཤུལ་ས་དང་། པར་སིག་པ་དང་། དྷ་ཀ་པ་དང་། མུ་ཁ་འཇབ་པ་དང་། ཀུར་པ་པ་དང་། ཁ་ཤ་བ་དང་། ར་མ་ཐ་བ་དང་། བུག་ན་བ་དང་། ཅི་ར་

ཐ་བ་དང་། ཏང་ཀ་ན་བ་དང་། ལ་ཤ་བ་ན་དང་། ཧོར་དང་། ཧ་དས་ག་བ་དང་། ནད་ལྡན་པ་དང་། ཡ་མ་ན་བ་དང་། ཨ་ཏྲ་པ་དང་། དྲ་ཅི་ལ་བ་དང་། རྣ་ཅན་པ་དང་། ཙིན་པ་ན་དང་། མི་ཚངས་པ་ལ་སོགས་པའི་ཡུལ་དུ་སྐྱེས་པས། གང་དུ་བཅོམ་ལྡན་
འདས་ཀྱིས་ཉན་ཐོས་དུས་ཐམས་ཅད་དུ་མི་རྒྱུ་བར་འདི་ལྟར་དེ་དག་ནི་སྐྱེས་བུའི་གཟུགས་ཙམ་རྟེན་པ་ཡིན་ཏེ། དུད་འགྲོའི་སྐྱེ་གནས་སུ་སོང་བ་ལྟར་བྱ་བ་དང་བྱ་བ་མ་ཡིན་པ་ནི་མི་ཤེས་སོ། །ཁྱི་ལྟ་བུར་ཟ་བ་དང་། སྐྲག་པ་དང་། འདོད་པ་སྤྱོད་པ་མཁས་པའི་འདུ་ཤེས་ཙམ་མོ། །གཞན་
ཡང་སྤོང་པའི་རྟོག་པ་ཙམ་དང་ལྡན་པ་དང་། རྐྱེན་གྱིས་ཁྲོ་བ་དང་། ང་རྒྱལ་དང་། ཕྲག་དོག་དང་ལྡན་པར་སྤྱོད་པ་དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་གསུངས་སོ། །མཐའ་ཁོབ་པའི་ཡུལ་ན་གནས་པ་གང་ཡིན་པ་མཐའ་ཁོབ་ཏུ་སྐྱེས་པ་དགེ་བ་དང་མི་དགེ་བའི་སེམས་
མི་ཤེས་པའི་མུན་པ་དང་ལྡན་པ་མཐའ་ཁོབ་པའི་ཡུལ་ན་གནས་པ་གང་ཡིན་པ། ཐོས་པ་དང་། དུལ་བ་དང་། དཀའ་ཐུབ་པ་དང་། ཤེས་པ་དང་། སྦྱིན་པ་དང་རབ་ཏུ་སྤྱོད་པ་མེད་པས། དུད་འགྲོ་རྣམས་དང་འདྲ་བར་ཤེས་པར་བྱའོ། །འདི་ལྟར་འདི་ལྟ་བུ་དང་བྲལ་ཞིང་མིའི་གཟུགས་
ཙམ་དུ་ཟད་དེ་ཆོས་མཉན་པར་ཇི་ལྟར་ནུས། ལེགས་པའི་བློ་གྲོས་དང་བྲལ་ཞིང་མི་བཟད་པའི་མུན་པ་དང་ལྡན་པ་ཡིན་ནོ། །དེ་བས་ན་ཆོས་མཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །ཡང་གང་གི་ཚེ་འདི་ལྟར་མནྡ་ར་བའི་རྩེ་མོར་གནས་ཤིང་ལུས་
རྒྱས་ཤིང་དགའ་བ་དང་། །མཛེས་ཤིང་གསལ་བ་འདོད་པ་གྲུབ་ཅིང་ཕུན་སུམ་ཚོགས་པ་བསྡུས་པ་མཆོག་ཏུ་གྱུར་པ། པདྨ་དང་ཨུཏྤ་ལ་སྣ་ཚོགས་པའི་མཆོག་དང་། ཤིང་སྣ་ཚོགས་པའི་མཆོག་དང་། ཤིང་སྣ་ཚོགས་པའི་དྲི་མ་བསིལ་བ་སྣ་ཚོགས་པའི་བྱ་དང་། ངུར་བའི་སྐད་སྙན་
པ་སྒྲོགས་པ་དང་། ཆུའི་རྒྱུན་དུ་དྲག་ཏུ་འབབ་པ། སྐྱེད་མོས་ཚལ་ཉམས་དགའ་བས་བརྒྱན་པ། འདོད་པའི་ཁམས་ཀྱི་མཐར་ཐུག་པ་འདོད་པ་རྩེ་གཅིག་ཏུ་བྱེད་པའི་བྱ་བས་རྟག་ཏུ་གཡེངས་པས་ཕྱག་འཚལ་ཞིང་རབ་ཏུ་འཁོད་པ་ནི་རོལ་ཞིང་རྩེད་མོའི་སྤྱོད་པ་སྣ་ཚོགས་པ་བྱེད་ཅིང་། ལྟ་

བའི་བདེ་བ་དུ་མ་ཉམས་སུ་མྱོང་བ་དེ་དག་དུས་གང་གི་ཚེ་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །མཐོ་རིས་ཀྱི་བུད་མེད་དང་དགའ་བས་མཚམས་སྦྱོར་ཞིང་། གཡེང་བ་དེ་དང་དེ་དག་གིས་རྩེ་ཞིང་། མནྡཱ་རའི་ལྷ་མོ་དང་རོལ་ཅིང་གླང་པོ་དང་དཔའ་བོའི་པདྨའི་རྟེན་པ་ལ་ཞོན་ནས་སུམ་ཅུ་རྩ་གསུམ་
པའི་ལྷའི་དབང་པོ་དང་སྐྱེད་མོས་ཚལ་དུ་དགའ་བས་བག་མེད་པས་ཆགས་པའི་ཕྱིར། སངས་རྒྱས་ཀྱི་གསུང་བདུད་རྩི་ལ་མྱོང་བར་ཇི་ལྟར་བྱེད་དེ་དེ་བས་ཆོས་ཉན་པ་ལ་གུས་པར་བྱ་སྟེ། ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །དེ་ཡུལ་དབུས་སུ་སྐྱེས་ཀྱང་ལྟ་བ་དང་མཉན་པ་
དང་། མྱང་བ་དང་དབང་པོ་མ་ཚང་བས། གླང་པོ་ལྟ་བུར་བརྡས་མཚོན་པ་དང་། འཇིག་རྟེན་པའི་བྱ་བ་རྣམས་ལ་ཡང་བྱ་བའི་བློ་དང་བྲལ་བ། གང་འཇིག་རྟེན་ལས་འདས་པའི་ཞི་བར་དུས་གང་གི་ཚེ་ཡང་འགྱུར་ཞེས་ཀྱང་གསུངས་ཏེ། ཐུབ་པའི་དབང་པོའི་གསུང་ཇི་ལྟར་དབང་པོ་དང་བྲལ་
བས་ཉན་པར་ནུས། ཐོས་པའི་སྒོ་མེད་པས་བྱམས་པ་དང་། སྙིང་རྗེ་དོན་དུ་གཉེར་བ་ལས་ལོག་པར་གྱུར་པ། མིའི་བརྗོད་པ་དང་བྲལ་བར་གྱུར་པ། རང་ཉིད་ཀྱིས་ཉེས་པར་སྤྱོད་པས་བསླུས་པ། སེམས་ཀྱི་གླང་པོ་ལྕགས་ཀྱུ་མེད་པས་དྲེགས་པ་མ་ཐུལ་བས་ཡན་པ་ཡིན་ཏེ། དེ་བས་ན་
ཆོས་གུས་པར་མཉན་པར་བྱ་སྟེ་ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །གལ་ཏེ་ཡུལ་དབུས་སུ་སྐྱེས་སུ་ཟིན་ཀྱང་། ཡང་དག་པའི་ལྟ་བའི་མིག་ལོག་པར་ལྟ་བས་གཡོགས་པའི་བློས་སངས་རྒྱས་ཡོངས་སུ་སྤངས་ཤིང་། རྒྱུ་དང་འབྲས་བུ་ཐམས་ཅད་ལ་སྐུར་པ་འདེབས་པ་དགེ་བའི་རྩ་
བའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་དང་བྲལ་བ། ཉེས་པ་ཐམས་ཅད་ཀྱི་སྟོབས་ཀྱིས་ནད་ལ་གསོ་བ་མི་བྱེད་པ་ལྟ་བུའི་བསམ་པ་ཕྱིན་ཅི་ལོག་གི་བྱ་བ་བྱེད་པས་དམྱལ་བ་ཉིད་དོ། །དེ་དག་དུས་གང་གི་ཚེ་ཉེ་བར་ཞི་བར་འགྱུར་ཞེས་ཀྱང་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་མ་ཡིན། །
འགྲོ་བ་ཐར་པར་སྨིན་མཛད་པས། །གང་དག་ཡིད་ཀྱི་ཕུག་གནས་པའི། །རྨོངས་པའི་མུན་ཆེན་མི་སེལ་བ། །མེ་ཁྱེར་དང་འདྲའི་མུ་སྟེགས་རྣམས། །ལོག་ལྟའི་ཡིད་ལྡན་དེ་དག་གིས། །སེལ་བར་ནུས་པ་མ་ཡིན་ཏེ། །ཉི་བདུན་གྱིས་ཀྱང་སེལ་མི་འགྱུར། །དེ་བས་ན་གུས་པར་ཆོས་མཉན་

པར་བྱ་སྟེ། །ཕྱིས་རྗེས་སུ་རྙེད་པར་མི་འགྱུར་རོ་ཞེས་བྱའོ། །བཅོམ་ལྡན་ཐུགས་ནི་རྣམ་རྒྱས་པ། །སངས་རྒྱས་ཉི་མ་མ་བྱུང་བར། །ཉི་མ་མེད་པར་པདྨ་བཞིན། །ཟླ་བ་མ་ཤར་བར་དུ་ནི། །ཀུ་མུ་ད་ཡི་ནགས་བཞིན་དུ། །གདུལ་བྱ་ཡི་ནི་པདྨ་རྣམས། །རབ་ཏུ་
རྒྱས་པར་འགྱུར་མ་ཡིན། །མུན་པ་ཡིས་ནི་མིག་བསྒྲིབས་པས། །རྒྱལ་པོ་ཡི་ནི་ལམ་བཞིན་དང་། །གྲུ་སྐྱ་མེད་པའི་གྲུ་བཞིན་དང་། །ཚོང་དཔོན་སྤངས་པའི་ཟོང་ཐོགས་བཞིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །གྲུ་ལ་ཀུན་ནས་མ་ཞོན་པར། །དེ་ནི་རྩེ་གཅིག་སེམས་ཀྱིས་
སུ། །རྣམ་པར་གྲོལ་བའི་དགའ་མི་མྱོང་། །ཁྲོ་བྲལ་བླ་མ་ཐར་ལ་མོས། །འཆི་མེད་གྲོང་ཁྱེར་མཆོག་ལྟ་བ། །ཉོན་མོངས་ཀུན་གྱི་གཉེན་པོ་ནི། །སྐད་ཅིག་གཅིག་ལ་དམིགས་པ་ཡིས། །ཞི་བའི་བདེ་བའི་ལམ་ལ་སྦྱོར། །འགྲོ་བའི་ནམ་མཁའི་ཆེ་དཀྱིལ་དུ། །སངས་རྒྱས་ཉི་མ་མ་ཤར་
བར། །བསྒོམ་སྤངས་གདུལ་བྱའི་པདྨ་ལ། །ཡེ་ཤེས་ཉི་མས་རྒྱས་མ་ཡིན། །ངན་འགྲོའི་དུས་ནི་ཐམས་ཅད་དུ། །ཆོས་སྨྲ་བ་ཡིས་གསལ་བྱས་པས། །གང་ཞིག་འདི་ལ་བརྟེན་པ་ཡི། །འགྲོ་དེ་དགེ་བའི་བཤེས་ཀྱིས་ཐུལ། །མི་རྣམས་ཐོབ་པར་གྱུར་པ་ནི། །རི་རྩེ་གློག་འགྱུ་ལྟར་
གཡོ་ཞིང་། །ཁྱོགས་ལྟ་བུར་ནི་གཡོ་བ་དང་། །མི་བཟད་མི་ཁོམ་བརྒྱད་ཀྱི་རྩེར། །རབ་ཏུ་འཇིགས་པའི་གཟའ་ཡིས་ནི། །མེད་པ་ལས་ནི་ཐར་གྱུར་ཅིང་། །འཁོར་བའི་རྒྱ་མཚོར་གནས་པ་ཡིས། །སངས་རྒྱས་གསུང་ནི་རང་བཞིན་གྱི། །དམ་ཆོས་གྲུ་ལ་མ་ཞོན་པར། །གང་ཞིག་ཕ་
རོལ་འགྲོ་འདོད་པ། །བློ་གྲོས་ཤིན་ཏུ་དམན་པ་ཡིན། །མི་ཡི་སྐྱེ་བ་འབྲས་བུ་མེད། །མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཨ་ཛི་ཏ་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་
བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། སུ་བྷཱ་ཥི་ཏ་རཏྣ་ཀ་རཎྜ་ཀ་ཀ་ཐཱ། བོད་སྐད་དུ། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་གླང་ཆེན་མཆོག་འདྲའི་སེམས་ནི་ལྕགས་ཀྱུས་

མ་ཡིན་ཡེ་ཤེས་ལྕགས་ཀྱུས་བཏབ་ནས་ཐུལ། །འདོད་ཆགས་མུན་པའི་དམག་ཚོགས་མེ་ཡིས་མ་ཡིན་ཡེ་ཤེས་མེ་ཡིས་མ་ལུས་བསྲེགས། །བདུད་ཀྱི་སྟོབས་རྣམས་མཚོན་ཆས་མ་ཡིན་བློ་གྲོས་རབ་ཞི་བཟོད་པའི་མཚོན་གྱིས་ཟློག །གུས་ལ་བསྒོམ་པ་ཞི་མཛད་སངས་རྒྱས་མཁྱེན་པ་རབ་རྒྱས་ཐུབ་
དབང་དེ་ལ་ཕྱག་འཚལ་ལོ། །དཀའ་བ་བརྒྱ་ཡིས་རྙེད་པ་ཡི། །མི་རྣམས་ཐོབ་པའི་ཁོམ་པ་དཀོན། །ཟློག་པ་མེད་པའི་འཆི་བདག་ནི། །རྟག་ཏུ་མདུན་ན་གནས་པས་ན། །གང་གིས་དུལ་སྦྱིན་ཡང་དག་སྡོམ། །རྒྱགས་ཚགས་མང་པོ་མ་བསྡོགས་པ། །མི་བཟད་འཁོར་བའི་མྱ་ངན་དུ། །
འགྲོ་བ་དེ་དག་སྡུག་བསྔལ་ཐོབ། །མི་རྣམས་ཐོབ་པ་རྙེད་དཀའ་བ། །བར་སྣང་གློག་འགྱུ་ལྟ་བུ་ཡིན། །སྲིད་པ་ཟད་བྱེད་མཁས་པ་ཡིས། །སྲིད་པ་རྣམས་སུ་ཕན་པ་བྱས། །ཡང་དག་མི་ཉིད་ཐོབ་པ་ནི། །གློག་དང་རྦབ་ལྟར་མི་བརྟན་པས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །བསོད་ནམས་རྗེས་སུ་
སྐྱེས་བུས་བསྟན། །ད་ལྟར་མི་རྣམས་ཐོབ་པ་ལྟར། །གང་གི་མཐུ་ཡིས་ཕྱིས་ཀྱང་ཐོབ། །བསོད་ནམས་མཆོག་ནི་གང་ཡིན་པ། །དེ་ནི་བདེ་བའི་རྒྱུ་ཡིན་ཏེ། །གཟུགས་དང་གཏོང་བ་རིགས་མཐོ་སོགས། །ཡོན་ཏན་སྣ་ཚོགས་ལྡན་པར་འགྱུར། །བསོད་ནམས་དེ་ཉིད་མཛའ་བོ་གཅིག །
འཁོར་བ་ཀུན་དུ་འགྲོ་བ་གཉེན། །དེ་ལྟར་འདིར་ནི་བསོད་ནམས་ཀྱིས། །ཕྱི་ཕྱིར་ཡོན་ཏན་ཕུན་སུམ་ཚོགས། །གང་ཚེ་དཔལ་གནས་ཐོབ་བསྟེན་པས། །དེ་བསྔགས་འཇིག་རྟེན་བདག་པོ་ཉིད། །ཕན་པའི་ཕྱོགས་སུ་འདྲེན་བྱེད་པ། །བསོད་ནམས་དེ་ཉིད་སྤེལ་བར་གྱིས། །བསོད་ནམས་ཆེ་
གྱིས་སྡིག་དགའ་སྤོངས། །ཡུལ་ལ་གཡོ་བ་ཡིད་ཀྱི་རྟ། །རྟག་ཏུ་ཕྱིན་ཅི་ལོག་ཞི་གྱིས། །དུག་སྟོབས་མི་བཟད་འཆི་སྦྲུལ་གྱིས། །སོས་མ་བཟུང་བའི་བར་དུ་ནི། །རྟག་ཏུ་ཁྱེད་ཀྱིས་ཐུབ་དབང་བཞིན། །གཞན་ཕན་ལ་ནི་མངོན་དགའ་གྱིས། །བསོད་ནམས་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་དང་
པོའོ།། །།རྒྱ་མཚོ་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཆུད་པ་བཞིན། །ཡུད་ཙམ་འཛོམ་པ་ངོ་མཚར་ཆེ། །མི་བརྟན་འདི་ལ་ཡང་དག་སོམས། །རབ་ཏུ་ཞི་བའི་གྲོང་ཁྱེར་ལམ། །ངན་སོང་འཇིགས་པ་འཇོམས་བྱེད་པ། །དེ་ནི་ཐུབ་པའི་དབང་པོས་གསུངས། །སྐད་ཅིག་ཙམ་

ཡང་ཐོས་པར་དཀའ། །མི་ཁོམ་བརྒྱད་ཀྱི་ཉེས་སྤངས་མི། །གང་ཞིག་དཀོན་ལ་བསྐལ་པ་བརྒྱས། །དེ་ལྟར་བདེ་ཐོབ་མཁས་པ་ཡིས། །དམ་ཆོས་མཉན་ལ་འདིར་འབད་བྱ། །དམྱལ་བ་ཡི་དགས་འགྲོ་བ་དང་། །དུད་འགྲོ་དབང་པོ་མ་ཚང་བ། །འཆི་མེད་བླ་མ་མཐའ་ཁོབ་
སྐྱེས། །ལོག་པར་ལྟ་བ་སེལ་བ་དང་། །ཐུབ་དབང་གསུང་རབ་བདུད་རྩི་ནི། །སྐྱེས་བུ་མཁས་པས་འཐུང་ནུས་པ། །ཤེས་རབ་འོད་མངའ་ཐུབ་དབང་ནི། །མ་ཤར་བར་དུ་ཡོད་མ་ཡིན། །དེ་ཕྱིར་བྱ་མིན་སྤངས་ནས་ནི། །བདག་གི་བྱ་བ་ཀུན་ཤེས་པས། །འཕགས་མཆོག་དམ་ཆོས་
མཉན་པར་བྱ། །ཆོས་འདི་ལ་ནི་གང་འབད་པ། །དེ་ལ་ཡོན་ཏན་ཀུན་ཡོད་འགྱུར། །ཐུབ་དབང་གསུང་ལས་རིན་ཆེན་འབྱུང་། །མཁས་པ་འདི་ཡིས་ཐོག་མར་དགའ། །དེ་ནི་གང་གིས་ཐོས་པས་ཀྱང་། །རྟག་ཏུ་སྟོབས་ལྡན་བརླིང་པ་ཡིས། །མུན་པའི་ཚོགས་ནི་འཇོམས་པར་བྱེད། །
བསམས་ཤིང་བསྒོམས་ན་མཐར་ཐུག་གསལ། །འཇིགས་བཅས་སྐྱེ་བ་འཁོར་བའི་རྒྱུན། །ཉོན་མོངས་མ་ལུས་རིམ་གྱིས་སྤོངས། །ཐམས་ཅད་ཕུན་ཚོགས་རྟག་པའི་གཏེར། །མི་བཟད་འཁོར་བའི་རྒྱུན་འཇོམས་ཤིང་། །བླ་ན་མེད་པའི་དགའ་བདེ་ཐོབ། །ཐོས་པས་འདིར་ཡིད་དྲི་མ་མེད། །
དེ་ལྟར་ཐུབ་དབང་གསུང་འདི་སོམས། །ཆོས་ཉན་པ་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་གཉིས་པའོ།། །།གང་ཞིག་ཐོབ་ནས་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །
སུ་ཞིག་འདིར་དེ་འབྲས་མེད་བྱེད། །གང་ཞིག་དགེ་བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་སོགས་པ། །དེ་དག་འཇིག་རྟེན་ཕ་རོལ་དུ། །མི་བཟད་མྱ་ངན་ཁང་པར་འཇུག །རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་
པ་སྟོང་པར་རང་ཁྱིམ་བཞིན། །དགེ་བཅུ་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་དེ་བར་ནི། །ཅི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་ལས་ཕ་རོལ་སླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །འདི་འདྲའི་ཁོམ་པ་ཐོབ་ནས་ནི། །བསོད་ནམས་

ཚོགས་ནི་མི་སོགས་པ། །སྐད་ཅིག་གཅིག་ལས་སྡིག་སྤྱད་ནས། །མནར་མེད་པར་ནི་བསྐལ་པར་གནས། །སྐྱེ་བ་དུ་མར་སྡིག་སྤྱད་པས། །བདེ་འགྲོ་དཀའ་ལྟ་ཅི་ཞིག་སྨོས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ནི་ཤིན་ཏུ་ཐོབ་དཀའ་བར། །
དེ་སྐད་བཅོམ་ལྡན་འདས་ཀྱིས་གསུངས། །མིའི་སྐྱེ་བོ་དཀོན་པའི་གཏམ་སྟེ་གསུམ་པའོ།། །།ཟས་སྐོམ་མལ་སྟན་གོས་མཆོག་དང་། །ཕྲེང་བ་གནས་དང་རྒྱན་རྣམས་དང་། །གྲགས་པ་ཡོན་ཏན་ཁྱད་འཕགས་པ། །དེ་ཀུན་སྦྱིན་ལས་འབྱུང་བར་གསུངས། །ངག་
སྙན་མཛེས་དང་ལོངས་སྤྱོད་ལྡན། །ཁྱད་པར་འཕགས་གཟུགས་ཡངས་པ་དང་། །ཚིག་སྙན་གཟི་ལྡན་ཡིད་འོང་དག །གྲགས་དང་ནད་མེད་ཚེ་དག་སྟེ། །ཡིད་འོང་སྡུག་པ་དེ་དང་དེ། །སྦྱིན་པ་རྣམས་ཀྱི་འབྲས་བུ་སྟེ། །རྟ་དང་དར་དང་གླང་པོ་དང་། །རྔ་ཡབ་གདུགས་དང་མེ་ཏོག་ཚོགས། །
ཁང་བཟངས་མཛེས་དང་རོལ་མོར་བཅས། །སྒྲ་སྙན་རོལ་མོ་དང་ལྡན་ཞིང་། །མེ་ཏོག་ཕྲེང་ལྡན་བུད་མེད་དང་། །ཟས་དང་རིན་ཆེན་ཕྲེང་བ་གནས། །གུར་གུམ་གྲོང་ཡུལ་ལྷ་ཡི་གནས། །རྫོགས་སངས་ཉིད་དང་སངས་རྒྱས་ཏེ། །སྦྱིན་པ་དཔག་བསམ་ལྗོན་ཤིང་གི །འདི་དག་འབྲས་བུ་ཡིན་
པར་གསུངས། །ཨུཏྤལ་སྔོན་པོའི་འདབ་མ་འཇམ། །དཀྱུས་རིང་དྲི་མ་མེད་པ་དང་། །བུད་མེད་གང་ཞིག་མིག་འགྲུབ་ཅིང་། །རྐེད་པ་འོག་པག་གཡོ་བར་ལྡན། །དམར་ཞིང་མཛེས་པའི་གོས་ལྡན་ཞིང་། །ནུ་འབུར་རྒྱས་པར་རྣམ་པར་གཡོ། །སྨིན་མ་མཛེས་དང་ལྡན་དེ་དག །དེ་
དག་སེར་སྣའི་སྒོ་ཕྱེ་ནས། །སྦྱིན་པ་བཏང་ལས་རྒྱས་པར་འགྱུར། །མགུལ་བ་རྔ་མས་བརྒྱན་པའི་རྟ། །བཞོན་པ་ཁ་ལོ་སྲབས་ཀྱི་སྐྱོགས། །མི་དབང་གླང་ཆེན་དྲེགས་ཞོན་ནས། །གདུགས་བསྒྲེང་རྒྱན་ལྡན་འཁོར་བཅས་དང་། །འགྲོ་བ་ཐལ་མོ་སྦྱར་བྱས་ནས། །རྟག་ཏུ་མཆོད་ཅིང་གསོལ་
འདེབས་པ། །སྔ་མར་འདི་འདྲ་སྦྱིན་བ་ཡི། །འབྲས་བུ་ཡིན་པར་ཐུབ་པས་གསུངས། །གསེར་གྱི་གདུ་བུ་རྡོ་རྗེས་སྤྲས། །དཔུང་རྒྱན་ཅོད་པན་རིན་ཆེན་བཀོད། །ས་བདག་མུ་ཏིག་ཕྲེང་བས་བརྒྱན། །རྟག་ཏུ་སེང་གེའི་ཁྲི་ལ་གནས། །འབངས་སོགས་བཙུན་མོའི་འཁོར་བསྟེན་ཅིང་། །

རྩེད་མོ་རྩེ་བས་རྣམ་རོལ་པ། །སེང་གེ་ལྟ་བུའི་རྣམ་རོལ་དེ། །སྦྱིན་འབྲས་ཡིན་པར་ཐུབ་པས་གསུངས། །ཁང་བཟངས་གསེར་དང་རིན་ཆེན་སྤྲས། །གདུགས་དང་རྒྱལ་མཚན་བསྒྲེང་བས་བརྒྱན། །པི་ཝང་རྫ་རྔ་རིག་བྱད་སྒྲོགས། །རིན་ཆེན་རྣམས་ཀྱིས་འོད་འབར་
བ། །བརྒྱ་བྱིན་བདེ་སོགས་དགའ་སྤྱོད་ཅིང་། །ལྷ་མོའི་ཚོགས་ཀྱི་འཁོར་ལྡན་དེ། །སྔ་མར་འདི་འདྲ་བྱིན་པ་ཡི། །འབྲས་བུ་ཡིན་པར་ཐུབ་པས་གསུངས། །སྦྱིན་བ་སྐྱེ་བོའི་ཡིད་དུ་འོང་། །མཁས་པའི་ཚོགས་ཀྱིས་རྟག་ཏུ་བརྟེན། །ཕྱོགས་རྣམས་དྲི་མེད་ཕྲེང་བས་ཁྱབ། །སྙན་པས་གནས་ནི་དེ་
དང་དེར། །འདིར་ནི་དྲི་མེད་ཉེ་བར་གནས། །ལུས་དང་བྲལ་ནས་ལྷ་རྣམས་སུ། །རྙོག་བྲལ་སྣ་ཚོགས་བཏུང་བ་བསིལ། །མེ་ཏོག་སྣ་ཚོགས་མགོ་ལྕོགས་རྒྱས། །དཔག་བསམ་གྱི་ནི་ཤིང་རྣམས་སྐྱེས། །ཙནྡན་ལ་སོགས་ཀྱིས་གང་བའི། །སྐྱེད་མོས་ཚལ་ནི་མཆོག་རྣམས་སུ། །ཡུན་རིང་དུ་
ནི་སྡེ་སྤྱོད་ཅིང་། །ལྷ་མོ་གཟུགས་མཆོག་ལྡན་པ་ཡིས། །བསྙེན་བཀུར་མཆོག་ཏུ་བྱེད་པ་འཐོབ། །སྦྱིན་པ་ཞེས་བྱ་གཏེར་ཆེན་དེ། །རྐུན་སོགས་མི་འཁྱེར་རྗེས་སུ་འབྲང་། །སྦྱིན་པས་སེམས་ཀྱི་སེར་སྣ་དང་། །ཆགས་པའི་རྡུལ་གྱི་དྲི་མ་འཁྲུ། །འཁོར་བའི་ལམ་གྱིས་དུབ་པ་སེལ། །
སྦྱིན་པ་བཞོན་བ་བདེ་བ་སྟེ། །སྦྱིན་པ་བདེ་བ་དུ་མའི་རྟེན། །ཡང་དག་གྲོགས་མཆོག་བདེ་བའི་སྒོ། །རྐེད་པ་གསེར་གྱི་སྐ་རགས་ལྡན། །ངག་འཇམ་ཟུར་མིག་བཞིན་སྐྱོབ་མཛེས། །མིག་གི་དཀྱུས་རིང་རྣ་དྲུང་གསན། །མེ་ཏོག་ཕྲེང་བས་སྐྲ་བཅིངས་མཛེས། །གང་ཞིག་རང་འཁོར་ཡན་ལག་
དང་། །རྐང་གཉིས་འགྲོ་བ་མཛེས་པ་ཡི། །ཟས་གཙང་གི་ནི་ཕུན་སུམ་ཚོགས། །དེ་དག་སྦྱིན་པའི་འབྲས་ཡིན་ཞེས། །བདག་ཉིད་ཆེན་པོས་བཀའ་སྩལ་ཏེ། །ས་ས་ཀ་རིའི་དུམ་བུ་དང་། ཨུཏྤལ་གྱིས་བསྒོས་དྲི་ཞིམ་ལ། །བཀྲ་ཤིས་གསེར་གྱི་སྣོད་དུ་བླུགས། །བན་དུ་ཀ་དང་ཟངས་མདོག་
འདྲ། །བཏུང་བ་ཆུང་མ་མནའ་སྐྱེལ་ཞིང་། །ཆུང་མ་དང་བཅས་ཡང་ཡང་འཐུང་། །དགའ་བའི་བསམ་པས་སྨྲ་བ་དེའི། །རྒྱུ་ནི་སྦྱིན་མཆོག་བཀྲ་ཤིས་ཡིན། །ཞི་བའང་སྦྱིན་པའི་ཡོན་ཏན་ཏེ། །མཛེས་པ་འདོད་པ་བདག་ཅག་གིས། །སྦྱིན་པ་འདི་ལ་འབད་པར་གྱིས། །སྲིད་གསུམ་མི་བཟད་

འཇིགས་ཆེན་ལ། །སྦྱིན་ལས་གཞན་པའི་གཉེན་མཆོག་མེད། །སྦྱིན་པའི་གཏམ་སྟེ་བཞི་པའོ།། །།འགྲོ་བ་གང་ཞིག་མཛེས་ཡིད་འོང་། །གཟུགས་དང་རིགས་དང་གཉེན་དང་སྟོབས། །བདེ་བར་མཐོང་བ་གང་ཡིན་པ། །བསོད་ནམས་བཟོ་བོས་དེ་བྱེད་པར། །འདི་སྐད་
མཁས་པ་རྣམས་ཀྱིས་བཤད། །གཞན་ཕན་བྱེད་པའི་སྐྱེས་བུ་ཡིས། །བསོད་ནམས་དང་མཉམ་ཡོད་མ་ཡིན། །རིམ་པ་སྣ་ཚོགས་ཀྱིས་བརྒྱན་པའི། །རྒྱལ་མཚན་དཀར་པོ་མངོན་མཐོ་བཙུགས། །རྟ་གླང་རྐང་ཐང་ཤིང་རྟ་ཡི། །དཔུང་གི་ཚོགས་ཀྱིས་ངེས་འཁྲུག་ཅིང་། །ཡུ་བ་སྣ་ཚོགས་
མཛེས་པ་ཡི། །རྔ་ཡབ་རྣམས་ཀྱིས་གཡོབ་བྱེད་ལ། །བསོད་ནམས་ལྷག་པ་དབང་སྒྱུར་ཞིང་། །ས་རྣམས་ལ་ནི་སྤྱོད་བྱེད་དེ། །དར་དང་ཀཱ་ཤི་དུ་གུ་ལ། །སྣ་ཚོགས་གོས་དང་མུ་ཏིག་ཕྲེང་། །གསེར་དང་ནོར་བུས་ཡན་ལག་བརྒྱན། །གང་དག་ལྷ་འདྲའི་སྐྱེས་བུ་དཔལ། །
བསོད་ནམས་བཞོན་པ་ལ་ཞོན་ནས། །དེ་བས་ཡིན་པར་ཤེས་པར་གྱིས། །ཤིན་ཏུ་ཚེ་རིང་རིགས་བཙུན་ཞིང་། །ལུས་མཛེས་ནད་ཀྱི་འཇིགས་པ་མེད། །ནོར་མང་གཡོག་འཁོར་ཕུན་སུམ་ཚོགས། །བསོད་ནམས་རྣམ་སྨིན་ཆེན་པོ་ཡིན། །གང་ཡང་འཁོར་ལོས་སྒྱུར་བ་མཆོག །བུ་ནི་དཔའ་བོ་སྟོང་
དང་ལྡན། །རྒྱ་མཚོའི་མཚམས་ཀྱི་ས་ལ་དབང་། །དེ་དག་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །སྣ་ཚོགས་པདྨའི་སྟན་ལ་འདུག །ལྷ་དང་ལྷ་དབང་རྟག་ཕྱག་འཚལ། །བརྗིད་ཀྱིས་འཁོར་རྣམས་ཟིལ་གྱིས་གནོན། །ཚངས་པའི་འཇིག་རྟེན་སྣང་བྱེད་པ། །དེ་དག་ཉིད་ཀྱང་
བསོད་ནམས་ལས། །གང་ལ་ལྷ་ཀླུ་ལྷ་མིན་གྲུབ། །དྲི་ཟ་གནོད་སྦྱིན་མི་འམ་ཅི། །མཆོག་ཏུ་གྱུར་པའི་ཚོགས་རྣམས་ནི། །རྟག་ཏུ་ལྷ་དབང་མཆོད་བྱེད་པ། །དེ་ནི་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །གཟུགས་དང་བརྩོན་འགྲུས་བཟོ་རྣམས་ནི། །དབང་མེད་སྤངས་ནས་
མི་རྣམས་ནི། །ལས་ཀྱི་རླུང་གིས་མངགས་ནས་ནི། །འཇིག་རྟེན་ཕ་རོལ་འགྲོ་བ་ན། །བསོད་ནམས་གཅིག་པུ་མཆོག་ཡིན་ཏེ། །རྗེས་སུ་འགྲོ་ཞིང་བདེ་བ་འཆར། །བསོད་ནམས་གཞན་གྱིས་འཕྲོག་མི་ནུས། །དེ་ཕྱིར་བསོད་ནམས་གཏེར་གྱི་མཆོག །གང་གི་སྟོབས་ཀྱིས་རི་རབ་ཀྱང་། །ཕྱོགས་དང་

ཕྱོགས་སུ་རྣམ་འཐོར་བའི། །འཇིག་པའི་བསྐལ་པའི་རླུང་རྣམས་ཀྱིས། །དེད་ཀྱང་བསོད་ནམས་འཇིག་མི་ནུས། །འཇིག་པའི་བསྐལ་པའི་ཆུ་ཡིས་ནི། །ལྕགས་ཀྱང་དབང་མེད་འཇིག་བྱེད་པ། །རྒྱ་མཚོ་བཞི་ཡི་ཆུ་རྣམས་ཀྱིས། །བསོད་ནམས་བཞུ་བར་ནུས་མ་ཡིན། །འོད་
ཟེར་རབ་ཚ་གསལ་བ་ཡི། །ཉི་མ་བདུན་ཤར་མེ་རྣམས་ཀྱིས། །ས་རྣམས་སྲེག་པར་བྱེད་མོད་ཀྱི། །བསོད་ནམས་གཅིག་པུ་སྲེག་མ་ཡིན། །བསོད་ནམས་ཀྱི་གཏམ་སྟེ་ལྔ་པའོ།། །།སངས་རྒྱས་སྐུ་གཟུགས་བཞེངས་གསོལ་པ། །དང་པོར་མྱ་ངན་སེལ་པར་བྱེད། །རྩོད་པ་
ཀུན་སྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པ་དང་། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་གྱུར་ཅིང་། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་སྟོང་དང་ལྡན་པར་འགྱུར། །བཅོམ་ལྡན་
སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང་། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བར་མ་ལུས་སྤྱོད། །ཐ་མར་སྐྱེ་རྒའི་རྒུད་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །
བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་གཉིས་ལྡན་ལུས་མཛེས་ཐོབ། །ཉེས་པའི་དགྲ་འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང་། །མི་ཡི་རིགས་སུ་སྐྱེ་འགྱུར་
ཞིང་། །ངག་ནི་བཙན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་པར་འབྱུང་འགྱུར་ཞིང་། །གནས་ལ་མངོན་པར་དད་པ་དང་། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱིས། །ཁྱད་འཕགས་ལེགས་པའི་གཞུང་
ལ་བརྟེན། །གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས། །སངས་རྒྱས་སྐུ་འམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་པ་དེ། །བྲན་དང་དབུལ་པོར་མི་སྐྱེ་ཞིང་། །མངག་གཞུག་པར་མིན་རིགས་དམན་མིན། །དབང་པོ་རྣམས་ནི་ཚང་བར་འགྱུར། །སྐུ་གཟུགས་ཀྱི་གཏམ་སྟེ་དྲུག་

པའོ།། །།དྲི་ཞིམ་སྣ་ཚོགས་ཀྱིས་བསྒོས་པས། །བདེ་བར་གཤེགས་ལ་ཁྲུས་གསོལ་བ། །མེ་ཏོག་དྲི་ཡིས་ཡན་ལག་མཛེས། །རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །རོལ་མོའི་སྒྲ་ནི་སྙན་པ་ཡིས། །དལ་གྱིས་འབབ་དང་སྟེགས་འགྲུན་བརྗིད། །གསེར་གྱི་རང་བཞིན་པདྨ་ཡི། །
གེ་སར་རྡུལ་གྱིས་ཁྱབ་པ་རུ། །ཁྲུས་གསོལ་གང་ཞིག་མཆོད་བྱེད་པ། །དེ་དག་རྙོག་པ་ཐམས་ཅད་ཀྱི། །དྲི་མ་བཀྲུས་ནས་ཐར་པ་ཐོབ། །ལྷ་ཡི་བུ་མོ་ནུ་འབུར་རྒྱས་མཐོང་ཞིང་། །རྐེད་པ་ཡངས་པ་ལ་འབབ་གཡོ་བ་དང་། །འཛམ་བུའི་གསེར་འདྲའི་པདྨའི་གེ་སར་གྱི། །རྡུལ་རྣམས་
གཏོར་བ་ཡིས་ནི་དྲི་ཞིམ་ལ། །དལ་གྱིས་འབབ་པའི་ནང་དུ་ལྷ་ཡི་ཚོགས། །རྒྱུན་དུ་ཆུ་རྣམས་ལ་ནི་རྩེ་བྱེད་པ། །གང་ཞིག་དགའ་བ་སྣ་ཚོགས་དྲི་ཞིམ་ཆུས། །རྗེ་བཙུན་ཁྲུས་གསོལ་པ་ཡི་འབྲས་དེ་ཡིན། །གླ་རྩི་ག་བུར་ཙནྡན་གུར་ཀུམ་བསྒོས། །དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་སེར་
བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤངས་ནས་ནི། །དེ་ནི་འགྲོ་བའི་བླ་མར་འགྱུར། །ཁྲུས་ཀྱི་གཏམ་སྟེ་བདུན་པའོ།། །།ཁྲུས་བྱེད་ལྷ་ཡི་བུ་མོ་མཆོག །རྐེད་ལྡན་བརླ་དང་ནུ་མ་རྒྱས། །འདབ་སྐྱེས་མགོ་ལྕོགས་རྒྱས་འཐོར་ཞིང་། །ལྷ་
དབང་དལ་འབབ་ཁྲུས་བྱེད་ཅིང་། །མཛེས་ཤེས་འདོད་པས་གཡོ་བ་ནི། །འགྲོ་མཆོག་ཡང་ཡང་མཉེས་བྱས་ཡིན། །དེ་ནི་སྤོས་ཆུ་རོལ་མོ་དང་། །བདུག་པ་དང་ནི་མེ་ཏོག་ཕྲེང་། །སྦྱིན་པ་བཏང་བའི་འབྲས་བུ་ཡིན། །གང་ཞིག་འཁོར་ལོས་སྒྱུར་རྒྱལ་ལ། །མཁའ་ལ་གུར་ཀུམ་སྤྲིན་ཚོགས་དང་། །
ག་བུར་གྱི་ནི་ཆུ་རྒྱུན་དང་། །མ་ལ་ཡ་ཡི་ཙནྡན་བཞིན། །རྫ་རྔ་པི་ཝང་རྔ་མཆོག་གི །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །ལྷ་དང་མི་ཡི་སྒྲ་རྣམས་ཐོས། །ཁྱད་འཕགས་ལྷ་ཡི་རྣ་བ་ཐོབ། །གུར་ཀུམ་ལ་སོགས་པའི་གཏམ་སྟེ་བརྒྱད་པའོ།། །།རྟ་གླང་རྐང་ཐང་ཤིང་རྟ་དང་། །རིན་ཆེན་
སྣ་བདུན་རྣམས་དང་ནི། །དཔའ་བོ་བུ་སྟོང་དང་བཅས་པར། །མཁའ་ལ་འཁོར་ལོས་སྒྱུར་འགྲོ་ཞིང་། །ཟླ་བ་ལྟ་བུའི་གདུགས་ཀྱིས་ནི། །ཉི་མའི་འོད་ཟེར་སྒྲིབ་བྱེད་ཅིང་། །འབྲས་བུ་མང་ལ་རྒྱ་ཆེ་བ། །གདུགས་ཕུལ་བ་ལས་བྱུང་བ་ཡིན། །བུང་བ་ཡིད་འོང་སྒྲ་ཡིས་བསྐྱོད། །མེ་ཏོག་གཡོ་བ་

འཁོར་བར་བཀོད། །ཁ་དོག་སྣ་ཚོགས་དྲི་ཞིམ་པའི། །མེ་ཏོག་ཚོགས་ཀྱིས་རི་མོར་བྲིས། །གདུགས་མཛེས་སྣ་ཚོགས་དར་གྱིས་བརྒྱན། །མཆོད་རྟེན་རྣམས་ལ་ཕུལ་བ་ཡིས། །འཁོར་ལོས་སྒྱུར་བ་ས་སྐྱོང་བ། །གླིང་བཞིའི་དབང་ཕྱུག་དེ་ཡིས་འཐོབ། །ཉི་
མའི་འོད་ཟེར་གསེར་གདུགས་ཐོགས། །དཔལ་ལྡན་དུལ་བའི་གླང་པོ་མཆོག །རིན་ཆེན་དུ་མས་བརྒྱན་པ་ཞོན། །རྫུ་འཕྲུལ་བརྒྱ་བྱིན་དང་འགྲན་པའི། །གླིང་བཞི་ཡི་ནི་འཁོར་ལོས་སྒྱུར། །ས་རྣམས་མ་ལུས་སྐྱོང་བར་བྱེད། །དེ་དག་བདེ་གཤེགས་སྐུ་གདུང་ལ། །མེ་ཏོག་གདུགས་
ཕུལ་འབྲས་བུ་ཡིན། །གདུགས་ཕུལ་བའི་གཏམ་སྟེ་དགུ་པའོ།། །།བདེ་བར་གཤེགས་པའི་འཁྲུངས་གནས་དང་། །དེ་ཡི་ཡིད་ཙམ་བཞུགས་པའི་གནས། །རབ་ཏུ་གསལ་བའི་འགྲམ་གྱུར་པ། །ནུས་པ་ཀུན་གྱིས་གདུང་སྣོད་སྐུ། །ཤིན་ཏུ་ཁྱད་འཕགས་གཙུག་ཏོར་
མཐོ། །སྐུ་གཟུགས་བཞེངས་ནས་ལེགས་སྦྱངས་ལ། །སྐྱེ་བོ་གང་གིས་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པས་ལོངས་སྤྱོད་ནས། །མཐའ་རུ་རྣམ་དག་གོ་འཕང་ཐོབ། །རྒྱལ་
བའི་སྐུ་གདུང་བཅུག་ལས་ཡིན། །ཟླ་བ་དང་འདྲ་བལྟ་ན་སྡུག །སྨིན་མ་ལེགས་ཤིང་མིག་དཀྱུས་རིང་། །མིར་སྐྱེས་གསེར་དང་ནོར་བུར་ལྡན། །བཟོད་ཅིང་དེས་པ་དང་ལྡན་པ། །རྒྱ་མཚོས་གཏུགས་པའི་ས་རྣམས་ནི། །སྐྱོང་བྱེད་འཁོར་ལོས་སྒྱུར་རྒྱལ་ཡང་། །དེ་དག་སངས་རྒྱས་སྐུ་གཟུགས་
ནི། །རིང་བསྲེལ་དང་བཅས་གུས་པས་འཐོབ། །རིང་བསྲེལ་གྱི་གཏམ་སྟེ་བཅུ་པའོ།། །།བདེ་བར་གཤེགས་པ་མཆོག་རྣམས་ཀྱི། །ཕོ་བྲང་མཆོག་ནི་བརྒྱན་བྱེད་པ། །གསེར་གྱི་མདོག་དང་ལྡན་འགྱུར་ཞིང་། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ལྷ་དང་མི་
ལས་ཁྱད་འཕགས་ཤིང་། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང་། །རྒྱལ་པོའི་རིགས་ཀྱི་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །

སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེས་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་
ཡིན། །སྐད་ཅིག་དེ་ལས་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་པོ། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་ལ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་
ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །མཎྜལ་གྱི་གཏམ་སྟེ་བཅུ་གཅིག་པའོ།། །།པདྨའི་འདབ་འདྲའི་ལག་པ་མཛེས། །འོད་གསལ་ཁ་དོག་དྲི་བཟང་ལྡན། །རོ་ཞིམ་རེག་ན་བདེ་བ་
དང་། །ལྷ་དང་མི་ཡི་ཁང་བཟངས་ན། །འོད་གསལ་གསེར་གྱི་གཞོང་པ་རུ། །ལྷ་ཡི་བདུད་རྩིས་བཀང་ཟ་བ། །དེ་དག་སངས་རྒྱས་ལ་སོགས་པའི། །དགེ་འདུན་ཡུལ་དུ་ལྷགས་པ་ལ། །ཞལ་ཟས་དྲངས་པའི་འབྲས་བུ་ཡིན། །རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་དགྲ་དང་བཅས་པ་ཡི། །
ཚོགས་ནི་བྱམས་པས་ངེས་འཕམ་མཛད། །གང་ཞིག་མཐར་ཐུག་དཀའ་བའི་ཡུལ། །མཐའ་མེད་པར་ནི་སྤྱོད་འགྱུར་བའི། །ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམ་ནས། །འཆི་བདག་བདུད་ལ་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པས་ཡིན། །རོ་རྣམས་
བྲོ་བའི་མཆོག་དང་ནི། །ཡན་ལག་ཚང་ཞིང་ཡོངས་རྫོགས་ལྡན། །བདེ་ཞིང་དཔལ་ལྡན་སྟོབས་དང་ལྡན། །ཚེ་དང་སྟོབས་དང་ཁ་དོག་དང་། །གཟུགས་བཟང་བ་དང་ལྡན་པ་ནི། །མཁས་པས་ཟས་མཆོག་བཏང་ལས་བྱུང་། །སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། །རྣམ་གྲངས་ལས་ནི་ངེས་
པར་རྒྱལ། །ཡང་དག་དཔལ་ཐོབ་མི་དབང་གིས། །རོ་ལྡན་ཁ་ཟས་ལོངས་སྤྱོད་པ། །རྟག་ཏུ་ཟས་མཆོག་སྦྱིན་དེས་ཡིན། །ཟས་ཀྱི་གཏམ་སྟེ་བཅུ་གཉིས་པའོ།། །།གཡོ་ཞིང་ཨུཏྤལ་གྱིས་བསྒོས་པ། །དྲི་མེད་པདྨ་རཱ་ག་བཞིན། །ཡིད་འོང་གསེར་གྱི་སྣོད་དུ་བླུགས། །

དྲི་ཞིམ་ཙནྡན་གྱིས་བསྒོས་མངར། །ཡིད་དུ་འོང་དང་བདར་ཞིང་འཐུང་། །ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །མི་མཆོག་དེ་རྣམས་སྐོམ་རྣམས་ནི། །སྦྱིན་པ་བྱིན་པའི་འབྲས་བུ་ཡིན། །ཨིནྡྲ་ནཱི་ལ་བཻ་ཌཱུརྱ། །རིན་ཆེན་མཆོག་རྣམས་
ཀྱིས་སྤྲས་པའི། །གསེར་གྱི་སྣོད་ནི་གང་ཡིན་པར། །ལྷ་གང་ལྷ་ཡི་བུ་མོ་ནི། །བྲང་གི་དཀྱིལ་ན་ནུ་མ་ནི། །བུམ་པ་ལྟ་བུའི་འབུར་ལྡན་པའི། །རབ་མཛེས་གཅུགས་དང་ལྷན་ཅིག་ཏུ། །སྦྲང་རྩི་ལྟར་མངར་བཏུང་འཐུང་བ། །ཡོན་ཏན་ལྡན་པའི་ཚོགས་ལ་ནི། །བཏུང་བ་ཡིད་འོང་བྱིན་པ་ཡི། །
འབྲས་བུ་ཡིན་པར་མཁས་རྣམས་གསུངས། །གང་ཞིག་ཁ་དོག་དྲི་ཞིམ་སོགས། །ཚོགས་ལྡན་སྐོམ་པའི་སྡུག་བསྔལ་སེལ། །བད་ཀན་རླུང་དྲག་རབ་ཞི་བྱེད། །ཁ་ར་པི་པི་ལིང་བསྲེས་ཚོད། །ཙནྡན་ལྟ་བུར་ཚ་བ་སེལ། །ཟླ་བའི་འོད་ཟེར་དང་ལྡན་པའི། །སྣོད་དུ་བླུགས་ནས་དེ་དག་གིས། །གུས་
པར་དགེ་འདུན་ལ་ཕུལ་བས། །ཕ་རོལ་གྱི་ནི་སྐྱེ་གནས་སུ། །ལྷ་ཡི་བཏུང་བ་ཐོབ་པར་འགྱུར། །མངར་ཞིམ་མངར་མཆོག་གུས་པ་ཡིས། །བཏུང་བ་ཚོགས་མཆོག་ལ་ཕུལ་བས། །ལྷ་དང་མི་ཡི་གནས་རྣམས་སུ། །ལྷ་ཡི་བུ་མོ་མཆོག་རྣམས་དང་། །ཡུན་རིང་བཏུང་བ་ལྷན་ཅིག་འཐུང་། །གང་ཞིག་
ས་གནས་མི་རྣམས་ཀྱིས། །དང་བའི་དད་པའི་ཡིད་ཀྱིས་ནི། །དགེ་འདུན་ལ་ནི་བཏུང་བ་མཆོག །དུས་ལ་བབ་པར་དྲངས་པ་ཡིས། །འཁོར་བའི་རི་ཁྲོད་གནས་པ་ནི། །རྟག་ཏུ་བཏུང་བའང་ཞིམ་བཟང་ཐོབ། །བཏུང་བའི་གཏམ་སྟེ་བཅུ་གསུམ་པའོ།། །།གང་ཞིག་སྔོ་སེར་ལྗང་དམར་
དཀར། །སྣ་ཚོགས་ཁ་དོག་འོད་བཟང་བ། །མཛེས་གསལ་གོས་ཀྱི་ཕྲེང་བ་ནི། །ཡོན་ཏན་མཆོག་དང་ལྡན་པ་ཡི། །འཇིག་རྟེན་བླ་མ་ལ་ཕུལ་བས། །བསྔགས་པའི་གོས་མཆོག་ཐོབ་པར་འགྱུར། །གང་ཞིག་དགེ་འདུན་མཆོག་སོགས་ལ། །གང་ཞིག་དད་དང་གུས་པ་ཡིས། །གོས་ཀྱི་ཕྲེང་བ་འབུལ་
བྱེད་པ། །དེ་ནི་ངོ་ཚ་ཤེས་གོས་དང་། །མཆོག་ཏུ་གྱུར་པའི་ཆོས་ཀྱི་གོས། །ཉོན་མོངས་གཉེན་པོའི་ཆོས་གོས་འཐོབ། །ཁ་དོག་སྣ་ཚོགས་ཀྱིས་སྤྲས་པའི། །སྔོན་པོ་སེར་པོ་དཀར་པོ་དང་། །གཞན་ཡང་དམར་པོ་ཡིད་འོང་བ། །ཤིན་ཏུ་མཛེས་པའི་གོས་དག་དང་། །ཆོས་གོས་ཕྲེང་བ་འབུལ་བྱེད་པ། །

བདེ་འགྲོ་ཡི་ནི་བདེ་བར་འགྲོ། །གཟུགས་དང་ལྡན་ཞིང་ཡིད་འོང་ལ། །ལྷ་ཡི་གོས་ནི་ཟད་མེད་དང་། །ངོ་ཚ་ཤེས་པའི་གོས་ཀྱིས་བརྒྱན། །བདག་བློ་ངང་གིས་མཁས་པ་དང་། །དེ་ནི་ཆོས་ཀྱི་དབང་ཕྱུག་འགྱུར། །གོས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །།མེ་ཏོག་བཟང་པོ་དགེ་འདུན་ལ། །
རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཞིང་། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བར་འགྱུར། །ས་རྣམས་ལ་ནི་སྤྱོད་བྱེད་པའི། །རིན་ཆེན་མཆོག་གི་མིར་གྱུར་པས། །
སྤོས་མཆོག་དང་ནི་དྲི་བཟངས་ཀྱིས། །རྒྱལ་བ་རྣམས་ལ་འབུལ་བྱེད་པ། །ལུས་ཀྱི་གྲགས་པའི་དྲི་ཡིས་ཁྱབ། །ཨུཏྤལ་སྔོ་དང་མཉམ་པ་ཡི། །མིག་ནི་དྲི་མེད་དཀྱུས་རིང་མཛེས། །བཻ་ཌཱུརྱ་དང་མུ་ཏིག་དང་། །རིན་པོ་ཆེ་ཡིས་ཡན་ལག་བརྒྱན། །ལུས་ཀུན་ཀུ་ཤའི་གོས་ཀྱིས་གཡོགས། །སྐྱེ་བ་ཀུན་
དུ་མི་ཡི་མཆོག །གཟུགས་དང་ལྡན་པར་གྱུར་པ་ནི། །དགེ་འདུན་དྲི་བཟང་ཕུལ་བ་ཡིན། །སྣ་ཚོགས་པ་ཡི་སྨན་རྣམས་ནི། །དེ་དག་དགེ་འདུན་ལ་ཕུལ་བས། །མཛེ་ལ་སོགས་པའི་ནད་རྣམས་ཀྱི། །སྡུག་བསྔལ་མི་བཟད་པ་ལས་གྲོལ། །བཞིན་ནི་མཛེས་ཤིང་གསེར་རྣམས་དང་། །མཉམ་ཞིང་ཁ་དོག་
ཡིད་དུ་འོང་། །རྒྱལ་པོ་ཡི་ནི་འཚེ་བ་རྣམས། །གང་ཡིན་པ་དང་བྲལ་བ་ཐོབ། །མེ་ཏོག་ལ་སོགས་པའི་གཏམ་སྟེ་བཅོ་ལྔ་པའོ།། །།ས་བདག་འཁོར་ལོས་སྒྱུར་གང་ལ། །ཐལ་མོ་སྦྱར་བ་བྱས་ནས་ནི། །མཁུར་བ་རྣ་རྒྱན་མཛེས་ལྟུང་བས། །གུས་ལྡན་ལེགས་པར་སྤྱི་བོ་ཡིས། །ལན་མང་དུ་ནི་
ཕྱག་བྱེད་པ། །དེ་དག་སངས་རྒྱས་ཕྱག་བྱེད་པའི། །འབྲས་བུ་ཡིན་ཞེས་མཁས་རྣམས་སྨྲ། །སྐྱེས་པ་ཙམ་གྱིས་གཙོར་འགྱུར་པའི། །རྟག་ཏུ་མཐོན་པོའི་རིགས་སྐྱེ་ཞིང་། །རྟ་དང་གླང་པོས་རྒྱུ་བྱེད་པ། །དེ་དག་བླ་མ་འཕགས་པ་ལ། །ལེགས་པར་ཕྱག་ནི་བྱས་པས་ཡིན། །སྙན་པ་ཡིས་ནི་ཁྱབ་འགྱུར་
ཞིང་། །ངེས་པར་ལེགས་པར་འཛིན་པ་དང་། །གསལ་བར་བྱེད་པའི་འོད་ཀྱིས་ནི། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་ཅིང་། །ནད་ནི་ཐམས་ཅད་འཇོམས་པར་བྱེད། །འཇིག་རྟེན་དུ་ནི་བདེ་འགྲོར་ངེས། །མི་དབང་གིས་ནི་རྒྱུན་དུ་འགྱུར། །འབྲས་བུ་དཔལ་དང་ལྡན་པ་ཡང་། །ཐུབ་དབང་ཕྱག་བྱས་

པ་ལས་ཡིན། །འཁོར་ལོས་སྒྱུར་རྒྱལ་སྟོབས་གྲགས་ལྡན། །ཡན་ལག་སུམ་ཅུ་གཉིས་མཚན་ལྡན། །རྒྱལ་འགྱུར་ས་སྟེངས་གཙོ་བོ་དེ། །སངས་རྒྱས་ལ་ནི་ཕྱག་བྱས་པའི། །འབྲས་བུ་ཡིན་པར་བློ་ལྡན་གསུང་། །དེ་ལྟར་ཡོན་ཏན་ཚོགས་ཤེས་པས། །ལུས་འདི་འཇིག་
པར་ཤེས་ནས་ནི། །མཁས་པས་སངས་རྒྱས་ཕྱག་བྱ་ཞིང་། །ལུས་ཀྱི་ལས་ནི་ལེགས་པར་སྤྱད། །ཕྱག་གཅིག་འཚལ་བར་གྱུར་པ་ཡིས། །འཁོར་བ་སྤོང་བའི་རྒྱུ་ཐོབ་ཅིང་། །འཁོར་བའི་འཇིགས་མཐོང་གུས་པ་ཡིན། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཕྱག་གི་གཏམ་སྟེ་བཅུ་དྲུག་པའོ།། །།
ཀྲྀཥྞ་ས་ར་ལྟར་མཛེས་གཟུགས། །སྟོབས་ལྡན་འཇམ་ཞིང་ཤིན་ཏུ་སྣུམ། །དགུན་དུས་བསྲོ་ཁང་གོས་བཟང་བགོས། །ཡིད་འོང་མཛེས་མ་ལ་འཁྱུད་ནས། །མི་དབང་གང་ཞིག་རྩེ་བྱེད་ཅིང་། །རོ་མཆོག་སྣ་ཚོགས་ལྡན་པ་ནི། །རིན་ཆེན་སྣོད་བླུགས་འཐུང་བ་ནི། །དེ་དག་སྒྲོན་མ་ཕུལ་བ་ཡིས། །ཤིན་ཏུ་
འབྲས་བུ་མངོན་ཡིན་པར། །ཡང་དག་རྫོགས་སངས་རིན་ཆེན་གསུངས། །འབར་ཞིང་མེ་ལྕེ་རྒྱས་དང་ལྡན། །ཁང་པའི་ནང་དུ་མེ་འབར་གསལ། །དགུན་དུས་གྲང་བ་སེལ་བྱེད་པ། །སྣང་བ་ཐུབ་པའི་དབང་པོ་ནི། །མཆོག་ཏུ་གྱུར་ལ་ཕུལ་བ་ཡིས། །ལྷ་དང་མི་ཡི་འཇིག་རྟེན་ན། །གསལ་ཞིང་རབ་ཏུ་
འབར་གྱུར་དང་། །དྲི་ཟ་ལྷ་མིན་མི་འམ་ཅི། །བྱད་བཞིན་མཛེས་དང་ལྷན་ཅིག་ཏུ། །སྟོན་ཟླ་དང་འདྲ་རབ་མཛེས་པ། །སྡུག་པ་པང་བར་འཁྱུད་ནས་ནི། །ལུས་ནི་ཡིད་དུ་འོང་བ་དང་། །མཐོ་རིས་སུ་ནི་སྤྱོད་བྱེད་པ། །དེ་དག་གང་ཚེ་འཕགས་ཚོགས་ལ། །སྣང་བ་དང་བས་ཕུལ་བ་ཡིན། །རྐུན་མ་ལས་
རྒྱལ་བཞོན་པར་ལྡན། །ས་རྣམས་མ་ལུས་རྗེས་སུ་སྐྱོང་། །བྱད་བཟང་གསེར་གྱིས་ཡན་ལག་བརྒྱན། །དེ་དག་གིས་ནི་སྣང་བ་རྣམས། །ཕུལ་བའི་འབྲས་བུ་འདི་དག་ཡིན། །སྣང་བའི་གཏམ་སྟེ་བཅུ་བདུན་པའོ།། །།རི་རྣམས་ཀྱིས་ནི་བསྒྲིབས་པ་དང་། །མཆོག་ཏུ་རིང་ན་གནས་
པ་དང་། །ཤིན་ཏུ་ཕྲ་བའི་དངོས་པོ་དང་། །མཚན་མོ་སྨག་གིས་བསྒྲིབས་པ་དག །གང་ཚེ་ལག་མཐིལ་གནས་པ་ལྟར། །དགེ་སློང་མ་འགགས་པ་ཡིས་མཐོང་། །དེ་ནི་བདེ་བར་གཤེགས་པ་ལ། །ཞུགས་མར་ཕུལ་བའི་འབྲས་བུ་ཡིན། །སྤྱན་གྱིས་དངོས་ཀུན་གཟིགས་པའི་ཕྱིར། །བདེ་གཤེགས་

མར་མེ་ཕུལ་བ་ཡིས། །སངས་རྒྱས་ཉིད་ནི་མཉེས་ཞེས་གྲགས། །ཕུལ་བ་བཅོམ་ལྡན་གང་ཞེ་ན། །ཐུབ་དབང་དྲི་མེད་སྤྱན་ལ་ཕུལ། །རིང་དང་ཕྲ་དང་བསྒྲིབས་པ་དང་། །དཔག་ཚད་ཀྱིས་ཆོད་མཐོང་ལ་ལྟོས། །རྒྱལ་ལ་ཞུགས་མར་ཕུལ་བ་ཡི། །དེ་འབྲས་ཡིན་པར་ཐུབ་པས་གསུངས། །ས་
བདག་རྒྱལ་པོ་གང་ཡིན་པ། །ཟླ་བ་ལྟ་བུའི་གཟུགས་ལྡན་པ། །ཨུཏྤལ་ལྟ་བུར་མིག་དཀྱུས་རིང་། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །གསེར་མདོག་འོད་ཀྱིས་སྣང་བ་ལྟར། །རང་གི་འོད་ཀྱིས་སྣང་བྱེད་པའི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །ནོར་བུ་བརྒྱ་ཕྲག་འོད་གཟེར་གྱིས། །ས་རྣམས་རྒྱུ་ཞིང་
སྣང་བྱེད་པ། །དེ་དག་ཤཱཀྱ་སེང་གེ་ལ། །གུས་པར་མར་མེ་ཕུལ་བ་ཡིས། །རྒྱ་ཆེར་འཕེལ་བར་འགྱུར་བ་ཡིན། །ལྷ་གང་འཇིག་རྟེན་གསལ་བྱེད་ཅིང་། །ཨུཏྤལ་ལྷ་ཡི་མིག་ལྡན་ལ། །སྨིན་མ་ལེགས་ཤིང་གསེར་མཆོག་ལྟར། །མིག་སྟོང་དང་ནི་ལྡན་པ་ཡི། །བརྒྱ་བྱིན་ལྷ་ཡི་བདག་པོ་ཉིད། །ལྷ་ཡི་
སྟན་ལ་འདུག་པ་དང་། །གང་ཞིག་འདོད་བྲལ་ཚངས་པ་ནི། །འོད་གསལ་ལྷ་མཆོག་ཕྱག་བྱེད་ཅིང་། །ལྷ་ཡི་ཤིང་རྟ་གཡོ་བྱེད་པ། །སྟོན་པ་ཡི་ནི་རིང་བསྲེལ་ལ། །མར་མེའི་ཕྲེང་བ་མིས་ཕུལ་པའི། །འབྲས་བུ་རྒྱ་ཆེན་གྱུར་པ་ཡིན། །མར་མེའི་གཏམ་སྟེ་བཅོ་བརྒྱད་པའོ།། །།མི་དབང་དུས་
ནི་ཐམས་ཅད་དུ། །ཉམས་དགའ་བ་ཡི་ཁང་བཟངས་མཆོག །རོལ་མོའི་གནས་ཀྱི་ཉམས་དགའ་བར། །འཚོ་ཞིང་རྒྱལ་བའི་སྒྲ་སྒྲོགས་པར། །བཙུན་མོའི་འཁོར་དང་རོལ་བྱེད་པ། །གྲང་བ་སེལ་བའི་ཁང་པ་ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན་བཞུགས་གནས་ཕུལ་བ་ཡིན། །
ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་དང་། །ཚོགས་པ་ཡིས་ནི་གྲོགས་བྱེད་ཅིང་། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པའམ་ལངས་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཤེས་རབ་རྡོ་རྗེའི་མཚོན་ཆ་ཡིས། །
ཕྱིན་ཅི་ལོག་གི་རི་བཅོམ་ནས། །ས་དང་བཅས་པའི་ཁང་བཟངས་འགྱུར། །དགེ་འདུན་ལ་ནི་ཡོ་བྱད་དང་། །ལོངས་སྤྱོད་བཟང་པོ་དང་བཅས་པ། །གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟངས་ནི། །རིན་ཆེན་མཆོག་གི་རང་བཞིན་གྱི། །རྩིག་པ་ཀ་བ་དང་ལྡན་པའི། །མཛེས་

ལྡན་ལྷན་ཅིག་དུས་ཀུན་དུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུན་རིང་དུ་ནི་མངོན་པར་དགའ། །དཔལ་དང་ལྡན་པའི་བླ་རེ་དང་། །སྣ་ཚོགས་ཀྱི་ནི་གོས་ཀྱིས་སྤྲས། །ཁང་བཟངས་མཆོག་ནི་འོད་འཕྲོ་བ། །ཡང་དག་གནས་པར་གྱུར་པ་ནི། །ཡོན་ཏན་ཚོགས་ལྡན་ཕུལ་བ་
ཡིས། །བརྒྱ་བྱིན་གྱི་ནི་ཁང་བཟངས་མཆོག །རྣམ་པར་རྒྱལ་བྱེད་ཐོབ་པ་ཡིན། །གཙུག་ལག་ཁང་བཞེངས་པའི་གཏམ་སྟེ་བཅུ་དགུ་པའོ།། །།ཁྱོགས་དང་སྟན་ནི་མཉམ་པ་རུ། །འབོལ་སྟན་ལ་ནི་ཆུང་མ་ནི། །ནུ་མ་རྒྱས་དང་ལྷན་ཅིག་ཏུ། །མལ་སྟན་ལ་ནི་ས་བདག་
ཉལ། །ཉེས་པའི་ཚོགས་སྤངས་དམ་པ་ལ། །དེ་ཡིས་མལ་སྟན་ཕུལ་བ་ཡིན། །རྐང་རྟེན་དང་བཅས་ཁྲི་ལ་ནི། །སྣ་ཚོགས་གོས་ཀྱིས་བརྒྱན་ལ་འདུག །དབྱངས་སྙན་རོལ་མོ་དང་མགྲིན་བསྡེབས། །རིན་ཆེན་རང་བཞིན་སྟན་ལ་ནི། །དྲི་ཞིམ་པས་ནི་བྱུགས་པ་ཡི། །དད་ལྡན་མལ་སྟན་
ཆེན་པོ་ལ། །དཔུང་པ་ལ་ནི་མགོ་བརྟེན་ནས། །ཡུན་རིང་ལྷ་ཡི་ཁང་པ་རུ། །འཇིགས་པ་མེད་པར་བདེ་བར་ཉལ། །དེ་དག་མལ་ཆ་སྟན་རྣམས་ནི། །དགེ་འདུན་རྣམས་ལ་ཕུལ་བ་ཡི། །འདི་ནི་འབྲས་བུ་ཡིན་པར་བཤད། །ག་པུར་ཙནྡན་ཨ་ཀ་རུ། །ལུས་བྱུགས་པ་ཡི་ལྷ་མོ་ནི། །ནུ་མ་ཟུང་ལྡན་ལུས་བརྟེན་ནས། །གོས་
མཆོག་འབོལ་སྟན་ལ་རྟག་ཉལ། །དེ་དག་མཆོད་རྟེན་རྣམས་ལ་ནི། །གདུགས་དང་གོས་ཁྲི་ཕུལ་བས་ཡིན། །མལ་ཆ་དང་སྟན་གྱི་གཏམ་སྟེ་ཉི་ཤུ་པའོ།། །།གླིང་བཞི་ལས་ནི་རྣམ་རྒྱལ་ནས། །སྟོབས་ལྡན་བརྒྱ་བྱིན་གནས་ཡིན་ཏེ། །ང་ལས་ནུ་ཡིས་སུམ་ཅུ་གསུམ། །བདག་
པོའི་སྟན་ཕྱེད་དབང་བྱས་ནས། །འདོད་པའི་བདེ་བའི་དགའ་བ་མྱོང་། །ཞག་བདུན་བར་དུ་དབྱིག་རྣམས་ཀྱི། །ཆར་ནི་ཁང་པར་དཔག་མེད་ཕབ། །དེ་དག་ལྷུང་བཟེད་དུ་གཏོར་བའི། །སྦྱིན་པ་ཆེན་པོ་དེ་ཡི་ནི། །འབྲས་བུ་ངོ་མཚར་ཆེན་པོ་ཡིན། །སྣོད་ནི་དེ་དང་དེ་དག་གིས། །རྒྱུ་བཞི་དག་
ལ་བརྟེན་པ་ཡི། །སྡུག་བསྔལ་ལ་སོགས་བྱེ་བྲག་གི །འབྲས་བུ་ཐ་དད་ཐ་དད་འགྱུར། །དེ་ཕྱིར་མི་དབང་ཁྱད་འཕགས་རྒྱལ། །ཟླ་བ་ལྟ་བུའི་བཞིན་དང་ནི། །ཨུཏྤལ་ལྟ་བུའི་ཁ་དོག་དང་། །མི་རྣམས་ནང་དུ་རྟག་པར་ནི། །དྲི་མེད་མིག་ལྡན་རོ་སྟོད་ཡངས། །དགའ་ཞིང་སྟན་དང་མལ་ཆ་

དང་། །ཟས་དང་སྣོད་དུ་ལྡན་པ་ནི། །མི་རྣམས་སྦྱིན་པས་ཡང་དག་འཐོབ། །མི་མཆོག་གིས་ནི་ནད་པ་དང་། །དམན་པ་དང་ནི་དབུལ་བ་རྣམས། །སྙིང་རྗེ་ཅན་གྱིས་སྦྱིན་བཏང་བས། །དཔལ་ལྡན་ཡང་དག་ཁྱད་འཕགས་འགྲོ། །མི་དབང་བརྒྱ་བྱིན་དང་མཉམ་རྩེ། །དགའ་ཞིང་བུ་དང་བྲན་
གཡོག་བཅས། །ཟླ་བ་དང་འདྲ་བཞིན་གྱི་མཆོག །མིག་ཡངས་ལུས་ནི་ཉི་མ་བཞིན། །གྲགས་པ་སྙན་པ་དག་དང་ལྡན། །མི་དབང་དགྲ་ཡི་སྟོབས་འཇོམས་ཤིང་། །བདེ་བ་ཐམས་ཅད་ཐོབ་པ་ནི། །དེ་ཡིས་རང་གི་བླ་མ་དང་། །ཕ་མ་རྣམས་ལ་སྦྱིན་ལས་བྱུང་། །གང་ཞིག་རྟ་དང་ཤིང་རྟ་གླང་། །
ཞོན་ལ་སྐྱེ་བོའི་ཚོགས་ཕྱག་འཚལ། །གསེར་གྱི་ཡུ་བ་དང་ལྡན་པ། །ཟླ་བའི་དབྱིབས་དང་ལྡན་པ་ཡི། །ཉི་མའི་འོད་ཟེར་ཟློག་བྱེད་ཐོགས། །མི་དབང་མཆོག་ཏུ་གྱུར་པ་སྟེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །ས་རྣམས་དབང་ཕྱུག་དང་བཅས་པའི། །གང་ཞིག་རྒྱལ་པོར་གྱུར་པ་ནི། །ཡང་དག་ཞིང་
ལ་དེ་དག་གིས། །སྦྱིན་པའི་ས་བོན་སྦྱངས་པ་ཡི། །ཡོན་ཏན་མཆོག་གི་འབྲས་དེ་ཡིན། །དམན་པའི་སྣོད་ལ་སྦྱིན་པ་ཡིས། །མང་དུ་བྱིན་ཡང་འབྲས་བུ་ཉུང་། །ཡུར་མ་ཚོར་མའི་སྐྱོན་བཅས་དང་། །རྡོ་བའི་སྟེང་གི་ཞིང་རྣམས་ལ། །ས་བོན་མང་པོ་བཏབ་པ་བཞིན། །འདོད་ཆགས་ཞེ་སྡང་གཏི་
མུག་སྤངས། །ཡོན་ཏན་གྱིས་བརྒྱན་ཞིང་ལ་སྦྱིན། །ཉུང་ངུ་བྱིན་ཡང་མང་དུ་འབྱུང་། །ནྱ་གྲོ་དྷ་ཡི་ས་བོན་བཞིན། །ཞིང་གི་གཏམ་སྟེ་ཉི་ཤུ་གཅིག་པའོ།། །།གང་གིས་ཆོས་ཀྱི་སྦྱིན་བྱིན་ཞིང་། །བྲི་བ་དང་ནི་ཉན་པ་དང་། །རྟག་ཏུ་དེ་དག་སེམས་ཉིད་དང་། །གལ་ཏེ་ཡང་དག་སྒོམ་བྱེད་
ན། །སྐྱེ་བ་དྲན་པ་རྟག་ཏུ་འཐོབ། །གང་ཞིག་ལྷ་ཡི་འཇིག་རྟེན་ན། །དཔག་བསམ་གྱི་ནི་ཤིང་གི་མཆོག །དོན་རྣམས་ཐམས་ཅད་འགྲུབ་བྱེད་པ། །ལྷ་ཚོགས་བདེ་བའི་མཆོག་གྱུར་པ། །དེ་ནི་བ་མཆོག་བྱིན་པ་ཡི། །རྒྱ་ཆེ་བ་ཡི་འབྲས་བུ་ཡིན། །གང་ཞིག་མངལ་དུ་རྫོགས་པར་ནི། །གཙང་ཞིང་ཡིད་འོང་རོ་མྱང་ལ། །མར་དང་སྦྲང་
རྩི་སྟོབས་དང་ནི། །གང་ཞིག་འོ་མ་འཐུང་ཚེ་ཡང་། །པདྨའི་གེ་སར་མདངས་ལྡན་པ། །ཁུ་འཇོའི་དུས་གང་ཡིན་པར་འཐུང་། །སྐྱེད་རྫོགས་ནས་ཀྱང་དེ་བཞིན་ཏེ། །བདུད་རྩིའི་མཆོག་ཀྱང་འཐུང་བྱེད་པ། །དེ་ནི་བ་མཆོག་བཏང་ལས་བྱུང་། །སེང་གེའི་ཁྲི་ནི་རབ་དགའ་ཞིང་། །མཛེས་པ་གུས་

པས་ཆོས་ལ་ནི། །རིམ་པ་བཞིན་དུ་དེས་ཕུལ་བས། །གཞིག་པར་མི་ནུས་རྡོ་རྗེའི་གནན། །རབ་མཆོག་སེང་གེའི་ཁྲི་ལ་གཞུགས། །ལྷ་ཀླུ་གྲུབ་པ་ཕྱག་འཚལ་འགྱུར། །གསེར་གྱི་སྣོད་དུ་རྟག་ཏུ་དེར། །རོ་ལྡན་འོ་མ་བླུགས་ནས་ནི། །མི་ཡི་མཆོག་ནི་འཐུང་བྱེད་ཅིང་། །དཔལ་ལྡན་
ཕུན་སུམ་ཚོགས་པ་དང་། །པདྨའི་མདོག་ལྡན་བུད་མེད་རྙེད། །དེ་ནི་མ་ཧེ་མཆོག་བཏང་ཡིན། །རྟག་ཏུ་ནད་པ་ཉམ་ཆུང་ལ། །བཞོན་པ་མཆོག་ནི་སྦྱིན་པ་དང་། །བླ་མ་རྣམས་ནི་མཉེས་བྱས་ནས། །བཙུན་ཞིང་མི་རྣམས་ཀྱིས་བསྟོད་འགྱུར། །གསེར་གྱི་ཆས་ཀྱིས་བརྒྱན་པ་ཡི། །རྟ་ནི་ཡིད་དུ་འོང་བ་ལ། །
མི་མཆོག་རྟག་ཏུ་ཞོན་ནས་རྒྱུ། །ཤིན་ཏུ་རིང་བའི་ཡུལ་རྣམས་སུ། །རྫུ་འཕྲུལ་གྱིས་ནི་འགྲོ་བྱེད་པ། །བཞོན་པ་མཆོག་ནི་ཕྱིན་པ་ཡིས། །དེ་ལྟ་བུ་ཡི་མི་རུ་འགྱུར། །དོ་ཤལ་དང་ནི་དོ་ཤལ་ཕྱེད། །འོག་པག་དང་ནི་ལྡན་པ་ཡི། །ཡིད་འོང་ལྷ་མོ་རྣམས་ལ་རྩེ། །སུམ་ཅུ་གསུམ་བདག་དང་འགྲན་པ། །
ལྟོས་པ་མེད་པར་བྱིན་པ་ལས། །བྱུང་བར་མཁས་རྣམས་རབ་ཏུ་བཤད། །བདུད་ཀྱིས་ཟིལ་གྱིས་མི་ནོན་ཅིང་། །ལེགས་པར་གསུངས་པ་རྟག་ཏུ་ནི། །བདུད་རྩི་ལྟ་བུར་མཉན་པར་གྱིས། །ས་གཞི་ལྟ་བུར་ཆོས་ཀྱི་ཡུམ། །ཉོན་མོངས་དགྲ་ནི་སྤོང་བར་བྱེད། །འཁོར་བའི་བདེ་བ་ཉམས་མྱོང་ཞིང་། །
ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི། །རབ་མཆོག་ཉིད་ནི་ཐོབ་པར་འགྱུར། །དུབ་པའི་དུས་ནི་ཐམས་ཅད་དུ། །མཁས་པས་གནས་ནི་ཕུལ་བ་ཡིས། །མཐོ་རིས་ཕྱིན་ནས་རྟག་ཏུ་དགའ། །བརྒྱ་བྱིན་དང་ནི་ལྷན་ཅིག་ཏུ། །རྟག་ཏུ་དགའ་བ་མྱོང་བར་བྱེད། །འདིར་ནི་སྐྱེད་མོས་ཚལ་ཕུལ་བས། །སྣ་
ཚོགས་པ་ཡི་ཤིང་རྣམས་ལ། །མེ་ཏོག་དྲི་ཞིམ་དང་ལྡན་ཞིང་། །མངོན་པར་མཐོ་བའི་མི་ཐོབ་ནས། །སྐྱེད་མོས་ཚལ་རྣམས་ལོངས་སྤྱོད་ལྡན། །ཆུ་བོ་རྒལ་བར་དཀའ་བ་ཡི། །གནས་སུ་ཟམ་པ་འཛུགས་བྱེད་པ། །མི་དེ་ལོངས་སྤྱོད་དང་ལྡན་པའི། །མཐོ་རིས་གནས་སུ་འགྲོ་བར་འགྱུར། །གསེར་
མདོག་ལྟ་བུའི་ལུས་དང་ལྡན། །ཉམས་དགའ་རྫིང་བུ་བྱེད་པའི་མི། །མཐོ་རིས་གནས་ནི་ཐོབ་པར་འགྱུར། །འཇིག་རྟེན་འདི་རུ་མིར་གྱུར་ནས། །རྒྱལ་པོ་ཡི་ནི་དགའ་བདེ་ཐོབ། །ཁྲོན་པ་དང་ནི་བུ་ཉེན་ཁང་། །སེམས་ཅན་རྣམས་ནི་རྟེན་པ་དང་། །ཐན་པ་གྲང་བ་སྐྱོབ་གྱུར་པ། །བྱེད་པའི་

མི་མཆོག་གང་ཡིན་པ། །ལྷ་ཡི་བདེ་བ་མྱོང་བར་འགྱུར། །ཉི་མའི་འོད་ཟེར་ཚ་བ་ཡིས། །ཤིན་ཏུ་སྡུག་བསྔལ་ལྡན་པ་ལ། །གང་ཞིག་གདུགས་ནི་སྦྱིན་བྱེད་པ། །གདུགས་དང་འདྲ་བར་དེ་དག་ནི། །དགྲ་ཡི་ཚོགས་ལས་རྒྱལ་འགྱུར་ཞིང་། །རྟག་ཏུ་བདེ་བ་མཆོག་དང་ལྡན། །མཆིལ་ལྷམ་
རྒྱན་གྱིས་བརྒྱན་པ་ནི། །སེམས་ཅན་ཐམས་ཅད་དག་ལ་ནི། །གུས་པ་ཡིས་ནི་སྦྱིན་བྱེད་པ། །དེ་དག་བཞོན་པ་མཆོག་རྣམས་ལ། །ལྷ་དང་མི་ཡི་འཇིག་རྟེན་དུ། །ཡུན་རིང་ཞོན་པར་སྐྱེ་བར་འགྱུར། །ཡོན་ཏན་རྣམས་ནི་སྒྲོགས་པ་ཡིས། །རྒྱལ་བ་མཆོག་གི་སྟོད་བྱེད་པ། །ཐམས་ཅད་
དག་ནི་བཏུད་པ་ཡིས། །ལུས་ཀྱིས་ཕྱག་ནི་འཚལ་བྱེད་པ། །བླ་མར་བརྟེན་པའི་རིགས་སྐྱེ་ཞིང་། །དེ་དག་སོ་སོར་རིག་པ་འཐོབ། །རྫ་རྔ་པི་ཝང་པ་ཊ་ཧས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །མིར་གྱུར་ནས་ནི་དབྱངས་སྙན་ལ། །སྒྲ་ནི་ཤིན་ཏུ་སྙན་པར་འོས། །ཡིད་དུ་འོང་བའི་
གཟུགས་དང་ལྡན། །བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་དང་འཛུགས་བྱེད་ཅིང་། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང་། །དཔལ་ནི་ཕུན་སུམ་ཚོགས་པ་འཐོབ། །མིར་གྱུར་པ་ནི་མ་ལུས་པའི། །བདག་
པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པ་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཛུག་བྱེད་པ། །མཐོ་རིས་ཡང་དག་འདིར་ཐོབ་ནས། །མི་
རྣམས་ཀྱིས་ནི་བསྟོད་པར་འགྱུར། །གང་ཞིག་དང་པོར་སངས་རྒྱས་ལ། །ས་དང་ལྕི་བས་བྱུགས་ནས་ནི། །མེ་ཏོག་འབྲས་བུ་ཟས་སྐོམ་ཕུལ། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྒྱལ་པོའི་མཆོག་ནི་ཐོབ་པར་འགྱུར། །རྒྱ་ཆེན་མར་མེ་སྣ་ཚོགས་དང་། །དྲི་ཞིམ་མེ་ཏོག་བདུག་པ་དང་། །བུ་རམ་
ལ་སོགས་བཏུང་བ་རྣམས། །དགེ་འདུན་ལ་ནི་འབུལ་བྱེད་པ། །དེ་ཡང་ནོར་དང་ལྡན་འགྱུར་ཞིང་། །ལྷ་མིའི་བདེ་བ་དག་དང་ལྡན། །མཆོད་རྟེན་གདུང་བཅས་གཙུག་ལག་ཁང་། །མི་གང་འབད་པས་ཉེན་འཁོར་འཕྱག །ཀུན་ནས་དྲི་མ་མེད་བྱེད་པ། །གསེར་གྱི་ཁ་དོག་འདྲ་བར་འགྱུར། །རྟག་

ཏུ་སྣང་བ་འདུལ་བྱེད་ཅིང་། །གྲང་དུས་གོས་དང་ཁང་པ་དང་། །རྒྱན་དང་བུ་མོ་བཏུང་བ་བྱིན། །སྐྱེ་གནས་རྣམས་སུ་བདེ་ལྡན་འགྱུར། །ས་སྟེངས་སུ་ནི་ཚེ་རིང་ཞིང་། །ཐམས་ཅད་ནད་ལས་གྲོལ་བར་འགྱུར། །མཉམ་པ་མེད་པའི་བདེ་བ་ཐོབ། །དེ་དག་རྟག་ཏུ་བདེ་དང་ལྡན། །
ལྷ་ཡི་བདེ་བ་སྣ་ཚོགས་པ། །ཉམས་སུ་མྱོང་ཞིང་འབྱུང་འགྱུར་བ། །སྲོག་གཅོད་སྤངས་པ་ལས་ཡིན་པར། །ངེས་པར་མཁས་པ་རྣམས་ཀྱིས་བསྟན། །གཞན་མཐོང་བརྣབ་སེམས་མི་བྱེད་པ། །ཆོམ་རྐུན་ལས་ནི་དབེན་གྱུར་ཅིང་། །རྫས་ནི་ཡོངས་སུ་སྲུང་བར་བྱེད། །གསེར་དང་དཔག་མེད་ཕུན་
ཚོགས་ཐོབ། །རྐུན་མ་བརྒྱ་ཕྲག་དག་གིས་ནི། །མི་དབང་ལས་ནི་འབྲལ་མི་ནུས། །ཆུང་མ་གཞན་ལ་མི་འཕྱོ་ཞིང་། །ལེགས་སྲུང་ཆུང་མ་མཉམ་མེད་རྙེད། །སྐྱེ་བར་དགྲར་གྱུར་ཅུང་ཟད་མེད། །འདིར་ནི་འཇིག་རྟེན་ཡིད་རྟོན་ཅིང་། །དེ་ལ་ཡིད་མི་ཆེས་ཡོད་མིན། །དེ་དང་དེར་ནི་སྐྱེ་བ་ན། །
ཨུཏྤལ་སྔོན་པོ་ལྟ་བུར་ནི། །དྲི་ལྡན་ཡིད་དུ་འོང་བའི་གཟུགས། །དེ་ནི་མི་འགྱུར་ཁ་དྲི་ཞིམ། །བརྫུན་གྱི་ཚིག་ཀྱང་སྨྲ་མ་ཡིན། །དམ་པ་ཡི་ནི་གྲོགས་ལྡན་ཞིང་། །མི་དབང་གིས་ནི་གུས་པས་མཆོད། །བུ་དང་ཆུང་མ་བྲན་དང་ནི། །ལོངས་སྤྱོད་རྒྱ་ནི་ཆེན་པོ་ཡིས། །དཔག་ཏུ་མེད་པའི་བདེ་ཐོབ་པ། །
རྟག་ཏུ་ཕྲ་མ་སྤངས་པས་ཡིན། །ཡིད་དུ་འོང་ཞིང་སྒྲ་སྙན་ལ། །ངག་ནི་སྙན་པར་འོས་པ་དང་། །རྟག་ཏུ་ཤིན་ཏུ་མཛེས་པ་དང་། །མི་རྣམས་དང་ནི་ལྷ་རྣམས་སུ། །དེ་རྒྱལ་ཚིག་ནི་རྩུབ་མོ་དག །མི་དེ་ཡིས་ནི་སྤངས་པས་ཡིན། །ཆོས་དོན་དབེན་པ་དགའ་བ་ཡིས། །སྨྲ་བ་དེ་ནི་འཇིག་རྟེན་གྱི། །རྟག་
ཏུ་མཆོག་ཏུ་ཡིད་འོང་འགྱུར། །ཡང་ཡང་མཆོད་པ་དེ་ཡིས་ཐོབ། །རིན་ཆེན་མང་དང་བཞོན་པས་ཕྱུག །མངོན་མཐོ་འཇིག་རྟེན་སྣ་ཚོགས་པའི། །བདེ་བ་མཐའ་ཡས་མྱོང་བར་འགྱུར། །བདག་གཞན་ཆགས་པ་སྤངས་པ་ཡིས། །དེ་འདིར་འདོད་ཆགས་ཆུང་འགྱུར་ཞིང་། །རྟག་ཏུ་ལོངས་
སྤྱོད་རྒྱ་ཆེན་ལྡན། །ངག་ལ་དབང་ཞེས་གྲགས་ལྡན་འགྱུར། །རབ་ཏུ་མཛེས་པ་ཉིད་ཐོབ་ཅིང་། །དེ་ནི་རྟག་ཏུ་ཕྱུག་ཅིང་བདེ། །རྒྱལ་སྲིད་ཀྱིས་མཐོ་འཇིག་རྟེན་གྱི། །ཚངས་པ་ཉིད་ནི་ཐོབ་འགྱུར་ཞིང་། །ཡང་དག་བྱམས་པའི་སེམས་ལྡན་པ། །དབང་པོ་ཡོད་པའི་མི་རུ་སྐྱེ། །མཐོ་རིས་ཐར་འབྲས་

བདེ་བ་ཐོབ། །ཡང་དག་རྫོགས་དང་མི་དེ་ལྡན། །གང་ཕྱིར་འདི་དག་ཐམས་ཅད་ནི། །ཡང་དག་ལྟ་བ་མཆོག་ཏུ་ནི། །དགེ་བའི་རྩ་བའི་འབྲས་བུ་ཡིན། །དད་དང་བློ་གྲོས་དང་ལྡན་པའི། །བསོད་ནམས་ཀྱི་ནི་ཞིང་མཆོག་ལས། །ས་གསུམ་བདེ་བ་རྒྱ་ཆེན་སྐྱེ། །དེ་ལྟའི་ཁྱད་པར་མི་ཤེས་པས། །
ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པའི་དད་པ་ནི། །རྟག་ཏུ་དེ་ཡིས་བརྟན་པར་བྱ། །དད་པ་ཡིས་ནི་མ་བཞིན་དུ། །བདེ་བ་རྣམས་ནི་བསྐྱེད་པར་བྱ། །དེ་བས་ཐོག་མར་སྐྱེས་བུ་ཡི། །ཡིད་ཀྱིས་ལེགས་པར་བསྟེན་པར་བྱ། །འབྱུང་གནས་དད་པ་སྤངས་པ་ཡིས། །དམ་ཆོས་རིན་
ཆེན་བྱང་ཆུབ་མཆོག །ངེས་པར་གཟུང་བར་ནུས་མ་ཡིན། །རྒྱལ་པོ་ལས་ནི་ཉམས་པ་ཡིས། །ལོངས་སྤྱོད་འབྲས་ལས་ཉམས་པ་ལྟར། །དད་པའི་དབང་པོ་ལས་ཉམས་ན། །དེ་བཞིན་འབྲས་རྣམས་ཐོབ་མ་ཡིན། །དེ་ཕྱིར་སྐྱེས་བུ་མཁས་པ་ནི། །འཇིག་རྟེན་བདེ་གཤེགས་བྱེད་འདོད་པས། །
ཡིད་ནི་རབ་ཏུ་དད་པ་ཡིས། །རྟག་ཏུ་ཕན་པ་ཉིད་དུ་གྱིས། །ལྷག་མས་ཉེས་པ་ཞི་མ་ཡིན། །གཞན་དུ་དད་པ་དང་ལྡན་པའི། །ཉེས་པའི་ཚོགས་ནི་ཐམས་ཅད་བསྲེག །དམན་ཞིང་གོས་མེད་རྨོངས་པ་དང་། །ལག་པ་ན་ནི་ཐོད་པ་ཐོགས། །འཇིག་རྟེན་འདི་ན་སློང་བ་སྣང་། །སྦྱིན་པ་མེད་པའི་
འབྲས་ལ་ལྟོས། །ཐ་དད་ཁྱིམ་དུ་སློང་ཞིང་རྒྱུ། །རྟག་ཏུ་བཀྲེས་པར་ཀུན་དུ་འཁོར། །གང་ཞིག་ལུས་ལས་ལག་རྐྱོང་ལ། །ཁྱི་དང་འདྲ་བར་རིང་ན་གནས། །ཀུན་དུ་འཇུག་ཅིང་སློང་བ་ལ། །ཕྱིར་ལོག་ཉུང་ཤས་ཆ་གཅིག་ཀྱང་། །གང་ཞིག་ཁ་ཟས་མི་སྟེར་བ། །ཁ་ནི་ཁབ་ཙམ་ལྟོ་བ་རི། །ལུས་
སྐམ་སྐྲ་ཡི་གོས་ཀྱིས་ནི། །ཉི་མའི་འོད་ཟེར་སྣང་མིན་ལ། །ཡི་དགས་སྐོམ་གྱིས་གདུངས་པ་རྣམས། །འབྲས་དེ་ལག་གིས་མ་བྱིན་ཅིང་། །དུས་མ་བྱིན་པའི་འབྲས་བུར་གསུངས། །སྣ་ཚོགས་བསྡུས་པའི་གཏམ་སྟེ་ཉི་ཤུ་གཉིས་པའོ།། །།བསོད་ནམས་སྤྲོ་བ་བསྐྱེད་པ་མཉན་པར་
གྱིས། །གཏོང་དང་བསོད་ནམས་དཀོན་པ་སྟེ། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །སྐུ་གདུང་རྣམས་ནི་བཅུག་བྱས་ན། །ཁྲུས་གསོལ་གདུགས་ནི་འདེགས་པ་དང་། །མཎྜལ་ཟས་དང་སྐོམ་རྣམས་དང་། །གོས་དང་མེ་ཏོག་ལ་སོགས་དང་། །སྣང་བ་དང་ནི་མར་མེ་དང་། །གཙུག་

ལག་ཁང་དུ་མལ་སྟན་དང་། །ཞིང་དང་སྣ་ཚོགས་ཕུལ་ནས་ནི། །བསྟོད་ཅིང་ཕྱག་ནི་འཚལ་བྱེད་པ། །འདི་འདྲ་དུ་མ་ཕུན་སུམ་ཚོགས། །གཏམ་ནི་ཉི་ཤུ་རྩ་གཉིས་ཀྱིས། །ཡང་ཡང་སྦྱིན་པའི་བསྔགས་པ་བརྗོད། །མཚོ་ནི་སྦྲུལ་གྱིས་གང་བཞིན་དུ། །མེ་ཏོག་ལོ་མ་
རྒྱས་པ་ཡི། །ལྗོན་ཤིང་ཚེར་མ་དང་བཅས་བཞིན། །ཐོས་དང་དཔྱོད་དང་རིགས་ལྡན་ཞིང་། །དེ་ལྟ་བུ་ཡི་བྱེ་བྲག་ཅན། །ཚུལ་ཁྲིམས་ལ་ནི་རྒྱབ་ཕྱོགས་ཡིན། །དབུལ་ཡང་ཁྲིམས་ལྡན་མཆོག་ཡིན་གྱི། །ཡོན་ཏན་རྒྱན་དང་བྲལ་བ་ཡི། །ནོར་ལྡན་རྣམས་དང་མཚུངས་མ་ཡིན། །དབུལ་ཡང་
སྐྱེས་བུ་དམ་པ་རྣམས། །དེ་དག་ཡོན་ཏན་རོ་མྱང་བས། །བདུད་རྩི་ལྟ་བུར་ཁྱད་པར་འཕགས། །ཡང་དག་དྲན་བྱ་བླ་མ་བཞིན། །ཡོན་ཏན་ལྡན་འཕགས་གཟི་བརྗིད་ལྡན། །ནོར་རྣམས་དང་ནི་རྒྱན་དང་ནི། །དེ་དག་རྒྱལ་པོ་རྣམས་ཀྱིས་ནི། །དྲུང་དུ་ཉེ་བར་མཆོད་འདོད་པས། །ཚུལ་ཁྲིམས་
འདི་ནི་བསྲུང་བར་གྱིས། །འཇིག་རྟེན་བདེ་བ་རྣམས་རྒྱལ་བའི། །འཇིགས་དང་ཞེ་སྡང་བཅས་པ་ལ། །ཆོས་ཀྱི་བདག་ཉིད་བློ་བྱས་ཏེ། །བདེ་བ་མཆོག་ནི་སྐྱེས་བུ་ཡིས། །བདེ་བ་རྒྱ་ཆེན་མི་འཕྲོགས་པ། །ཐོབ་པར་འདོད་པ་དེ་ཡིས་ནི། །ཚུལ་ཁྲིམས་ཉིད་ནི་སྲུང་བར་གྱིས། །ཚུལ་ཁྲིམས་ལས་
ཉམས་འདུལ་ཞིང་འཚེ། །དེ་ཡིས་འཇིགས་བཅས་ཉམས་སུ་མྱོང་། །ཚུལ་ཁྲིམས་ལྡན་ལ་དེ་དག་མེད། །དེ་ནས་འཇིག་རྟེན་ཕ་རོལ་དུ། །མཐའ་ཡིས་གཏུགས་ཤིང་འགྲོ་བ་ན། །བདེ་བའི་ཡུལ་རྣམས་འདོད་པ་ཡིན། །དེ་ཡི་ཚུལ་ཁྲིམས་འདི་ཉིད་སྲུང་། །ཚུལ་ཁྲིམས་བརྟེན་དང་ངེས་ལྡན་ན། །
བདེ་འགྲོ་ཉོན་མོངས་བདག་ཉིད་མིན། །ལོག་པར་ལྟ་བས་ལམ་གོལ་ཕྱིར། །དེ་ཕྱིར་ཐར་པ་རབ་བྱུང་ཞིང་། །རྟགས་ལྡན་མཐོ་རིས་འདོད་པ་ཡིས། །དེ་ཡིས་ཚུལ་ཁྲིམས་འདི་ཉིད་སྲུངས། །མི་འཇིག་དབྲོག་ཏུ་མེད་པའི་རྒྱན། །ཚུལ་ཁྲིམས་འདི་ཡིན་བསྲུང་བར་གྱིས། །ཚུལ་
ཁྲིམས་ནོར་གྱི་མཆོག་ཡིན་ཏེ། །གཞན་གྱིས་དབྲོག་ཅིང་རྐུར་མི་ཚུགས། །ཚུལ་ཁྲིམས་བརྟན་ཏེ་འཆི་བ་ན། །གཞན་དུ་རྗེས་འབྲང་ལུས་མ་ཡིན། །ཚུལ་ཁྲིམས་རྗེས་སུ་འབྲང་བའི་གྲོགས། །ཚུལ་ཁྲིམས་རྒྱན་གྱི་མཆོག་ཡིན་ཏེ། །རྒྱན་དེ་ལ་ནི་སྟོར་བ་མེད། །ཡིད་གཅུགས་

པ་ཡི་གྲོགས་པོ་ཡིན། །ཚུལ་ཁྲིམས་ལྟ་བུའི་ཕན་བྱེད་མེད། །ཚུལ་ཁྲིམས་ཡང་དག་ངེས་པའི་གཉེན། །ཕ་དང་མ་དང་བུ་ཡིན་ཏེ། །འདོད་པ་སྟེར་བ་ཚུལ་ཁྲིམས་ཏེ། །མཐུ་ཡིས་འབྲས་བུ་འདི་སྦྱིན་བྱེད། །ཚུལ་ཁྲིམས་ཀྱི་གཏམ་སྟེ་ཉི་ཤུ་གསུམ་པའོ།། །།བསྐལ་པ་
སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་དང་མཉམ་སྡིག་པ་མེད། །བཟོད་དང་མཉམ་པའི་དཀའ་ཐུབ་མེད། །དེ་ཕྱིར་འབད་པས་བཟོད་པ་སྒོམས། །སྣ་
ཚོགས་པ་ཡི་ཚུལ་གྱིས་ནི། །ཞི་བའི་ཡིད་ཀྱིས་མ་བཟུང་ན། །དགའ་དང་བདེ་བ་མྱོང་མ་ཡིན། །སྡོང་བའི་ཟུག་རྔུ་ཡིད་གནས་ལ། །གཉིད་མེད་བརྟན་པ་ཡོད་མ་ཡིན། །ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས། །ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྡང་བ་
ཐམས་ཅད་བཅོམ། །རྟོག་པའི་བུད་ཤིང་ལ་མཆེད་པའི། །ཁྲོ་བའི་མེ་ཡིས་འགྲོ་བ་བསྲེག །དང་པོར་བདག་ཉིད་སྲེག་བྱེད་ལ། །གཞན་དག་སྲེག་པ་འམ་ཡང་ན་མིན། །རྒས་པ་ཡིས་ནི་གཟུགས་བཞིན་དང་། །ཁྲོས་དང་མུན་པས་མིག་དང་ནི། །བློ་དང་བྲལ་བས་འདོད་དོན་ལྡན། །དེ་
བས་ཁྲོ་བ་འཇོམས་པར་བྱེད། །དགེ་བའི་ལས་ལ་འདི་སྦྱར་བྱ། །བདག་ལ་གནོད་བྱེད་འབྱུང་བ་དང་། །དེ་ལས་བཟློག་པར་བྱ་སྙམ་ན། །སྡིག་ལྡན་སེམས་ཡིན་ཁྲོར་ཅི་ཡོད། །མཚོན་སོགས་བྱེད་པ་སྤངས་ནས་ནི། །འཕེན་པ་ཅི་ཞིག་ཁྲོ་རུ་ཡོད། །རྩོད་བྱེད་ཞེ་སྡང་ཡིན་པས་ན། །དེ་ཕྱིར་
ཞེ་སྡང་ལ་སྡང་བསྔགས། །བཟོད་པའི་གཏམ་སྟེ་ཉི་ཤུ་བཞི་པའོ།། །།ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱ