Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 172

Văn bản gốc(Tây Tạng)

Trang 7 / 13 (50.000 ký tự/trang)
གས་པ། །རྗེས་སུ་ཆགས་པ་ཉམས་ཤིང་སྐྱེ་བ་འགགས་བྱས་

པས། །འཇིག་རྟེན་སྣང་བས་དམན་པ་མཐོང་ནས་སུ། །ཐུབ་བ་ཞི་བ་ན་ནི་ཞི་བའི་ཡིད་ཀྱིས་སྨྲས། །ཤེས་རབ་ལྡན་པ་འདུ་བྱེད་ཆོ་ག་ལ་གནས་པ། །དུས་འདིར་ངེས་པར་བློ་གཏད་བྱ་བ་མ་ཡིན་ཞིང་། །མི་རྟག་ཉིད་ཀྱི་རྡོ་རྗེ་ངེས་པར་བཏུང་བ་ཡིས། །གང་དུ་ཐུབ་
བ་རི་བོ་ཆེན་པོ་བཅོམ་པར་འགྱུར། །སྙིང་པོ་མེད་ཅིང་ང་མེད་རྣམ་པར་ཉམས་པའི་ཆོས། །འཇིག་རྟེན་གསོན་པའི་འཇིག་རྟེན་ཀྱེ་མ་སྨོད་པར་ཤོག །གང་དུ་ཐུབ་དཀའ་དྲང་སྲོང་ཆེན་པོ་སེང་གེ་ཡང་། །ཉེས་པའི་གཉིས་འཐུང་རྣམས་ནི་ཉམས་པར་མཛད་ནས་ཉམས། །འདོད་ཆགས་བྲལ་བ་
མིན་པའི་འགྲོ་བ་འཇུག་པ་ལ། །ད་ནི་འཇིགས་པ་ཆེན་པོ་མ་ཡིན་སུ་ཡི་ལགས། །ཐུན་མོང་ལས་ནི་གང་དུ་དེ་བཞིན་གཤེགས་པ་ཡང་། །གསེར་གྱི་ཀ་བ་ལྟ་བུ་ཀུན་ནས་ཆག་པར་གྱུར། །ས་བོན་དྲུག་དང་མྱུ་གུ་གཅིག་དང་ལོ་མ་གཅིག །རྩ་བ་དྲུག་དང་འབྲས་བུ་ལྔ་དང་ཡལ་ག་གཉིས། །
ཕུང་པོ་གསུམ་དང་བདག་ཉིད་གཅིག་ལ་ཉོན་མོངས་ཀྱི། །སྡོང་པོ་འདི་ནི་བཅག་ནས་ཐུབ་པ་གཉིས་འཐུང་གཟིམས། །འགྲོ་རྒྱལ་མདའ་བཞིན་དགྲ་བོ་རྣམས་ནི་བཅོམ་ནས་སུ། །ཆུ་མེད་པ་ན་རྨ་བྱ་བཞིན་དུ་ཆགས་བྲལ་ཞིང་། །མགྱོགས་འགྲོ་རྟ་བཞིན་དུ་ནི་རྣམ་རྒྱལ་ལམ་སོང་བ། །མེ་བཞིན་
ཐུབ་པ་སྐྱེ་བ་མེད་ཅིང་ཞི་བར་གྱུར། །མཐོ་རིས་དབང་ཕྱུག་རྡོ་རྗེ་འཛིན་པ་མིག་འཕེལ་ན། །རབ་ཏུ་ཚིམ་བྱེད་རྒྱུན་བཞིན་གསུང་རྣམས་བཏང་ནས་སུ། །འོད་ཀྱིས་ཉམ་ཐག་བ་ལང་བཞིན་སར་རྣམ་བརྒྱུས་ནས། །གྲགས་པས་ཕྱོགས་ནི་མངོན་པར་བཀང་ནས་བླ་མ་གཟིམས། །སྙན་གྲགས་
ལྡན་པ་ཉིད་དང་འོད་ཟེར་ལྡན་པ་སྟེ། །ཆུ་བོ་སིན་དྷུ་བཞིན་དུ་གསེར་སྐྱུག་ཤུགས་ལྡན་པ། །རྣམ་ཐོས་བུ་ཡི་རྫུ་འཕྲུལ་མི་སྐྱོང་སྡེར་བཅས་པ། །ལམ་ལ་བཅུག་ནས་མི་ཡི་ཉི་མ་ནུབ་པར་གྱུར། །རྨུག་པའི་དོ་ཤལ་གྱི་ནི་ཕྱོགས་རྣམས་དཀྲིས་པ་བཞིན། །རྒྱ་ཆེན་སྤྲིན་རྣམས་ཀྱིས་དཀྲིས་ཉི་མའི་འོད་རྣམས་
བཞིན། །མཆོད་སྦྱིན་རྫོགས་ཚེ་མར་གྱིས་སྨན་པའི་མེ་བཞིན་དུ། །ཐུབ་པ་ཞི་ཚེ་དེ་རིང་འཇིག་རྟེན་གསལ་མ་གྱུར། །མདུད་པ་མེད་པ་བདེན་པའི་ལམ་ནི་བསྙེན་ནས་སུ། །མདུད་པ་མེད་པ་ཞི་བའི་ཆོས་འདི་བརྙེས་ནས་ནི། །རྫུ་འཕྲུལ་གྱིས་ནི་སྐུ་ལུས་འདྲེན་པར་ནུས་ན་ཡང་། །སྡུག་བསྔལ་

དག་གི་གཏེར་ནི་ལུས་ཡིན་ཞེས་སྤངས་སོ། །མུན་པ་མུན་པ་ཉི་མས་བཞིན་དུ་ཟིལ་མནན་ནས། །རྡུལ་ནི་རྡུལ་ནི་ཆར་པ་བཞིན་དུ་མངོན་བཅོམ་ནས། །སླར་ཡང་སླར་ཡང་སྡུག་བསྔལ་འཁྲུལ་འཁོར་མི་ལེན་ཏེ། །ཐུབ་པ་ཐུབ་པ་སྐར་རྒྱལ་བཞིན་དུ་མངོན་པར་གཤེགས། །གང་ཞིག་སྐྱེ་བའི་
སྡུག་བསྔལ་འཇོམས་ཕྱིར་སྐྱེས་པ་སྟེ། །གང་ལ་འཇིག་རྟེན་པས་ནི་ཞི་བའི་ཆེད་དུ་བསྙེན། །གང་ཞིག་འོད་ཟེར་མཆོག་གིས་རྣམ་པར་གསལ་བ་དང་། །ཁྱད་པར་འཕགས་པའི་བློ་ཡིས་རྣམ་པར་གསལ་བར་གྱུར། །གང་གིས་སྐྱེ་དགུ་རྣམས་ནི་དགེ་ལེགས་ལ་བཅུག་སྟེ། །ཡོན་ཏན་རྒྱ་ཆེན་རྣམས་ཀྱིས་ས་
ལ་རྒྱས་པ་ཉིད། །འདོད་པའི་སྙན་གྲགས་གསལ་བ་རྣམས་ཀྱིས་འཕེལ་བ་སྟེ། །ཁྱིམ་ན་གནས་པ་ཡིན་ཀྱང་གྲགས་པས་འཕེལ་བ་ཉིད། །གང་གིས་མཁྱེན་ཞིང་སྨོད་པས་འོ་དོད་མ་བོས་ཤིང་། །མི་ནི་ཉམ་ཐག་རྣམས་ལ་བརྩེ་བས་བོས་པ་སྟེ། །བཟའ་བ་ངན་པ་རབ་ཏུ་འཇོམས་ཤིང་མ་གསོལ་ལ། །བཟའ་
བ་ལེགས་པ་རྗེས་སུ་འགྲོ་ཞིང་མ་གསོལ་ཏོ། །མི་གནས་དབང་པོ་ཞི་བ་གང་ཞིག་ཡུལ་རྣམས་ལ། །སྟོབས་རབ་དབང་པོ་ཉིད་ལས་ཡང་དག་མི་གནས་ཤིང་། །གཞན་རྣམས་ཀྱིས་མ་ཐོབ་པའི་ལམ་བཟངས་ཐོབ་པ་སྟེ། །རོ་མཁྱེན་པས་ནི་ངེས་པར་འབྱུང་བའི་རོ་གསོལ་ཏོ། །
གང་གིས་སྔར་མ་བྱིན་པའི་སྦྱིན་པ་བྱིན་པ་སྟེ། །འབྲས་བུ་འདོད་པས་ཅུང་ཟད་ཞིག་ནི་མི་བྱིན་ལ། །མཉམ་ཉིད་རྗེས་མཐུན་ཕུན་སུམ་ཚོགས་པ་དོར་བ་སྟེ། །དམ་པ་རྣམས་ཀྱི་ཡིད་རྣམས་ཡོན་ཏན་རྣམས་ཀྱིས་ཕྲོགས། །བརྟན་པ་རྣམས་ཀྱི་གཡོ་བའི་སྤྱན་ནི་བསྲུངས་པ་སྟེ། །
བརྟན་པར་གཤེགས་ཤིང་སེམས་ནི་བསྲུང་དུ་བཅུག་གྱུར་ལ། །དགེ་ལེགས་རྣམས་ནི་བསྲུངས་ཤིང་འཕེལ་བར་མཛད་པ་སྟེ། །ཆོས་སྐྱེས་པ་ནི་ཅུང་ཞིག་འདོད་པར་མ་མཛད་དོ། །བརྟན་པས་མི་དགེ་བ་ལས་མི་དགེ་རྣམ་སྤངས་ནས། །དགེ་ལེགས་ཀྱི་ནི་དགྲ་བོ་སྐྱོན་རྣམས་སྤངས་པ་
སྟེ། །གང་ཞིག་བློ་ཡིས་ཉེས་པ་རྣམས་ནི་ཀུན་སྤངས་ལ། །དེ་ནི་འཕགས་མིན་མི་རྟག་ཉིད་ཀྱིས་ནུབ་པར་གྱུར། །གང་ལ་ཆོས་ནི་འདོད་པ་ཡང་དག་རྗེས་སོང་ཞིང་། །དགའ་བས་མཆོག་ཏུ་ངེས་པ་རྣམ་པར་བཟུང་བ་སྟེ། །མེ་ཡིས་ནོར་ནི་ཟོས་པ་ཇི་ལྟ་བ་བཞིན་དུ། །ཁྱབ་བདག་ཡེ་

ཤེས་ནོར་ཅན་དེ་ཡང་སྲོག་སོང་ངོ་། །བརྒྱད་པོ་རྣམས་ལ་མཆོག་ཏུ་སྡེ་ཚེན་ལྔ་ཐུལ་ཞིང་། །གསུམ་གཟིགས་སྤྱོད་པ་གསུམ་ནི་ཟད་བྱེད་སྤྱན་གསུམ་པ། །གཅིག་ནི་བསྲུངས་ནས་གཅིག་ནི་ཐོབ་ནས་གཅིག་རྟོགས་ནས། །ལྕི་བ་བདུན་རྣམས་སྤངས་ནས་
བླ་མ་གཟིམས་པར་གྱུར། །གང་གི་ཞི་བའི་ཆེད་དུ་ལམ་ནི་གསལ་མཛད་དེ། །ལེགས་པའི་སྐྱེ་བོ་ཞི་བས་རབ་ཏུ་དང་མཛད་ཅིང་། །ཉོན་མོངས་ལྗོན་ཤིང་རབ་ཏུ་ཆགས་པ་བཅད་པ་སྟེ། །སྲིད་པ་རྣམས་ལས་གུས་པ་ལྡན་པ་རྣམས་བསྒྲལ་ཏོ། །གསུང་གི་བདུད་རྩིས་འཇིག་རྟེན་ཤིན་ཏུ་ཚིམ་
མཛད་ཅིང་། །བཟོད་པ་ཡིས་ནི་ཁྲོ་བ་ཡོངས་སུ་བཟུང་བ་སྟེ། །སློབ་མའི་སྡེ་ནི་དགེ་ལེགས་ལ་ནི་རོལ་མཛད་ལ། །དགེ་ལེགས་དོན་དུ་གཉེར་རྣམས་ཕྲ་མོ་རྟོགས་སུ་བཅུག །ལེགས་པ་རྣམས་ལ་ཆོས་ཀྱི་ས་བོན་སྐྱེད་མཛད་ཅིང་། །རྒྱུ་ཡི་བདག་ཉིད་འཕགས་པའི་ལམ་ནི་ཐོབ་མཛད་ལ། །
འཇིག་རྟེན་འདས་པས་འཕགས་པ་མིན་པ་མ་བརྟེན་ཞིང་། །ཆོས་ལས་མ་གཏོགས་གཞན་ལ་སྦྱར་བ་མ་ཡིན་ནོ། །ཀཱ་ཤི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །བློ་དང་ལྡན་པ་ཉིད་ཀྱིས་འཇིག་རྟེན་ཚིམ་མཛད་ཅིང་། །གདུལ་བྱ་རྣམས་ནི་ཆོས་ཀྱི་ཆོ་གར་སྤྱད་མཛད་ལ། །བདག་ཅག་
རྣམས་ལ་ཕན་པའི་ཆེད་དུ་དགེ་བར་མཛད། །གཞན་རྣམས་ཀྱིས་མ་མཐོང་བའི་དེ་ཉིད་མཐོང་མཛད་ཅིང་། །ཡོན་ཏན་རྣམས་ཀྱིས་ཆོས་བྱེད་རྣམས་ལ་སྦྱར་བ་སྟེ། །གཞན་གྱི་ལུགས་རྣམས་ཚར་བཅད་ནས་ནི་སྐུལ་གྱུར་ལ། །རྟོགས་པར་དཀའ་བའི་དོན་ནི་རྣམ་པར་ཤེས་པར་མཛད། །
ཐམས་ཅད་མི་རྟག་པ་དང་བདག་མེད་པར་གསུངས་ཤིང་། །སྲིད་པ་རྣམས་སུ་བདེ་བ་ཅུང་ཟད་མ་བསྲུངས་ལ། །སྙན་པའི་བ་དན་གྱེན་དུ་རྣམ་པར་བསྒྲེངས་པ་སྟེ། །ང་རྒྱལ་ཀ་བ་མཐོན་པོ་རྣམ་པར་བསྒྱེལ་བ་མཛད། །སྨད་ཀྱང་རང་གི་ཐུགས་ནི་བསྐྱོད་པ་མ་ཡིན་ཞིང་། །ཐམས་ཅད་
ལ་ནི་འཇུག་པ་རྣམས་ལ་སྲེད་མ་མཛད། །རང་ཉིད་རྒལ་ཞིང་བྱིང་བ་བསྒྲལ་བར་མཛད་པ་སྟེ། །ཞི་ཞིང་ཕ་རོལ་འཁྲུལ་པ་ཞི་བར་མཛད་གྱུར་ལ། །གྲོལ་ཞིང་ཕ་རོལ་བཅིངས་པ་གྲོལ་བར་མཛད་པ་སྟེ། །རྟོགས་ཤིང་ཕ་རོལ་རྨོངས་པས་རྟོགས་པར་མཛད་པའོ། །ཐུབ་པ་ཐུབ་པས་ཚུལ་དང་

ཚུལ་མིན་མཁྱེན་འདི་དེས། །སེམས་ཅན་རྣམས་ནི་ཡང་དག་གཏམ་གྱིས་རྗེས་བཟུང་ནས། །ཚུལ་མིན་ལ་དགའ་ཚུལ་མིན་འབྱུང་པོ་རྣམས་ལ་ནི། །བསྐལ་པ་འཇིག་པའི་ཚེ་ན་ཆོས་བཞིན་རབ་ཏུ་གཟིམས། །ཆུ་ལྡན་སྤྲིན་བཞིན་ས་འཛིན་རི་བོ་ནགས་ཚལ་བཞིན། །འོད་ལྡན་རྒན་པོ་
བཞིན་དུ་འོད་ལྡན་གཞོན་ནུ་བཞིན། །འཇིག་རྟེན་དག་གི་ལྟ་བྱེད་བཅོམ་ནས་འཇིག་རྟེན་གྱི། །ལྟ་བྱེད་ཉེ་བར་ཕྲོགས་ནས་འགྲོས་སུ་འདི་གཤེགས་སོ། །དབང་ཕྱུག་དམ་པ་གང་ལ་ལྟུང་བས་མེ་རེག་ཅིང་། །གང་གིས་མཆོག་ཏུ་ཞི་བའི་ལམ་ནི་བརྙེས་པ་སྟེ། །ཞི་བ་བརྙེས་པ་དེ་ནི་གུས་
པས་མཐོང་ནས་སུ། །དེ་རིང་འཇིག་རྟེན་གཉེན་འདུན་མེད་ཅིང་རྒུད་པ་འདྲ། །འཇོམས་པར་འདོད་ཅིང་སྟོབས་ནི་རབ་ཞུགས་བདུད་ཀྱང་ནི། །སྡེ་དང་བཅས་པས་གང་ནི་ཐུབ་པར་མ་ནུས་པ། །འཇོམས་པར་འདོད་ཅིང་སྟོབས་ཞུགས་བདུད་ཀྱིས་དེ་རིང་ནི། །དེ་ནི་དུས་ཀྱི་སྦྱོར་ལས་འཇོམས་
པར་ནུས་པར་གྱུར། །འབྱུང་པོ་རྣམས་ནི་ཐམས་ཅད་རྣམས་ནི་འདུས་པ་རྣམས། །སྡུག་བསྔལ་རྣམས་ཀྱིས་ཟིལ་ནོན་ལྷ་དང་བཅས་པ་རྣམས། །འཁོར་བའི་འཇིགས་པ་གང་རྣམས་ཟད་པ་མ་ཡིན་ཞིང་། །དེ་ལྟར་མཆོག་ཏུ་མྱ་ངན་འདས་པ་ཐོབ་མ་ཡིན། །སྐྱེ་དགུ་རྣམས་ཀྱི་སྣང་མཛད་
གང་གིས་འཇིག་རྟེན་ནི། །ཉེ་བར་སྐྱེ་བ་མེ་ལོང་བཞིན་དུ་གཟིགས་པ་སྟེ། །རྒྱང་རིང་དུའམ་ཉེ་བར་མཐོ་རིས་སུའམ་མཐར། །ལྷ་ཡི་རྣ་བས་སྒྲ་ནི་རྣམ་པར་ཐོས་པའོ། །བར་སྣང་དག་ལ་སྐར་མའི་ཁང་པར་འཛེགས་པ་སྟེ། །ས་ལ་རབ་ཏུ་ཞུགས་ཀྱང་ཐེག་པ་མ་ཡིན་ཞིང་། །ཆུ་ལ་རབ་
ཏུ་གཤེགས་ཀྱང་ནུབ་པ་མ་ཡིན་ལ། །སྐུ་ཡིས་རྣམ་པར་འགྱུར་བ་མང་པོ་རྣམས་མཛད་དོ། །དེ་རྣམས་དེ་རྣམས་གནས་རྣམས་ལམ་འགྲོས་ལམ་ན་བཞིན། །གང་གིས་སྐྱེ་བ་དུ་མ་རྣམས་ཀྱང་དྲན་པ་སྟེ། །ཡིད་ཀྱིས་ཕ་རོལ་རྣམས་ཀྱི་ཡིད་ཀྱི་སྤྱོད་པ་རྣམས། །དབང་པོ་ལས་འདས་སྣ་
ཚོགས་རྣམས་ཀྱང་མཁྱེན་བའོ། །ཐམས་ཅད་མཉམ་པར་རབ་ཞུགས་ཐམས་ཅད་མཁྱེན་པ་དེས། །ཟག་པ་ཐམས་ཅད་བཅད་ཅིང་བྱ་བ་ཐམས་ཅད་མཛད། །ཡེ་ཤེས་ཀྱིས་ནི་ཉོན་མོངས་ཐམས་ཅད་རྣམ་སྤངས་ནས། །ཡེ་ཤེས་དེ་ཉིད་ཀུན་ནས་བརྙེས་ནས་གཟིམས་པར་གྱུར། །སྐྱེས་བུ་

རྣམས་ཀྱི་རྣོ་བའི་སེམས་རྣམས་བཏུལ་བ་སྟེ། །རྣོ་བ་མ་ཡིན་བློ་རྣམས་རིམ་གྱིས་དྲག་པར་མཛད། །རིགས་ལས་ཆོས་ཀྱི་ཉེས་པ་སྤང་བར་མཛད་པ་སྟེ། །འཆི་མེད་ཆེད་དུ་ཆོས་ནི་སུ་ཡིས་སྟོན་པར་འགྱུར། །རྟེན་དང་བྲལ་བའི་འཇིག་རྟེན་ཉམ་ཐག་པ་ལ་
ནི། །ཞི་བའི་ཆེད་དུ་ཆོས་ཀྱི་འཐོར་མ་སུ་ཡིས་སྟེར། །ཐུགས་རྗེའི་བདག་ཉིད་ལྡན་ལ་རང་གི་དོན་མཛད་ནས། །གཞན་གྱི་ཉོན་མོངས་དྲ་བ་སུ་ཡིས་འབྱེད་པར་འགྱུར། །འཁོར་བའི་རྒྱ་མཚོར་གཞོལ་བའི་འཇིག་རྟེན་དག་གི་ནི། །ཞི་བའི་ཆེད་དུ་ཡེ་ཤེས་དམ་པ་སུ་ཡིས་སྨྲ། །ཤེས་
པ་མེད་པར་གཞོལ་བའི་འཇིག་རྟེན་དག་གི་ནི། །དགེ་བའི་ཆེད་དུ་ཡེ་ཤེས་དམ་པ་སུ་ཡིས་སྨྲ། །ཇི་ལྟར་ཉིན་མོར་བྱེད་པ་འོད་ཟེར་མེད་པ་དང་། །ཇི་ལྟར་ཆུ་བོ་སིན་དྷུ་འབབ་པ་མེད་པ་དང་། །ས་བདག་རྒྱལ་སྲིད་དང་ནི་རྣམ་པར་བྲལ་བའམ། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་མཁྱེན་
པས་རྣམ་པར་དམན། །བློ་ཡིས་རིག་པ་བཞིན་དུ་བདེ་བས་དབྱངས་བཞིན་དུ། །དཔལ་གྱིས་མི་སྐྱོང་བཞིན་དུ་བཟོད་པས་ཆོས་བཞིན་དུ། །དེ་བཞིན་སྐྱེས་བུ་མཆོག་གིས་རྣམ་པར་དམན་པ་ནི། །འགྲོ་བ་དེ་ནི་ཡོད་པ་དང་ནི་མེད་པ་ཉིད། །ཇི་ལྟར་ཁ་ལོ་སྒྱུར་བས་ཤིང་རྟ་དོར་བ་
དང་། །སྐྱ་བ་འཛིན་པས་གྲུ་དང་ཚུལ་གྱིས་སྡེ་དང་ནི། །ཚོང་དཔོན་གྱིས་ནི་ཚོང་པ་སྨན་པས་ནད་པ་སྟེ། །དེ་བཞིན་འཇིག་རྟེན་བདེ་བར་གཤེགས་པས་རྣམ་པར་སྨན། །དབྱར་ཐ་དང་ནི་སྟོན་རར་མཁའ་ལ་སྤྲིན་མེད་ན། །རླུང་གིས་ཀྱང་ནི་མཁའ་ལ་བསྙེན་པ་མེད་པ་ན། །འཚོ་བར་
འདོད་པ་རྣམས་ཀྱི་སྡུག་བསྔལ་ཇི་ལྟ་བ། །དེ་ལྟར་ཐར་འདོད་རྣམས་ཀྱི་ང་ནི་ཉམ་ཐག་འདི། །དེ་ལྟར་དམ་པའི་དོན་མཛད་དགྲ་བཅོམ་ཡིན་ན་ཡང་། །བྱེད་པ་ཤེས་པ་ཉིད་ཀྱིས་བླ་མ་ལ་ཞུགས་པ། །དེ་ནི་ཆགས་བྲལ་ཡིན་ཀྱང་སྲིད་པའི་སྐྱོན་རྣམས་དང་། །སྟོན་པའི་ཡོན་ཏན་རྣམས་
ནི་མང་པོ་རྣམས་སྨྲས་སོ། །དེ་ནས་ཆགས་བྲལ་མིན་རྣམས་མཆི་མ་འཐོན་པ་སྟེ། །བརྟན་པ་བཏང་ནས་དགེ་སློང་ཚོགས་ནི་མྱ་ངན་དང་། །འཇིག་རྟེན་འགོད་པའི་བདག་ཉིད་ཅན་ཞེས་བྱར་བཟུང་ནས། །བྱ་བའི་འཁོར་ལོ་རྣམས་ནི་བརྟན་ལས་མ་གཡོས་སོ། །དེ་ནས་དུས་ཀྱི་དབང་གིས་

གྱད་རྣམས་ཀྱིས་ཐོས་ནས། །གུས་པའི་དབང་གིས་སྐྱེན་པར་འཐོན་ཞིང་སོང་བ་སྟེ། །ཁྲ་ཡི་སྟོབས་ཀྱིས་ཟིལ་མནན་ཁྲུང་ཁྲུང་རྣམས་བཞིན་དུ། །ཀྱི་ཧུད་འོ་བརྒྱལ་ཞེས་ནི་ཉམ་ཐག་འཐོན་པའོ། །མུན་པ་རབ་ཏུ་རྒྱས་ཕྱིར་ཐུབ་པ་རབ་གཟིམས་པ། །ཉི་མ་འོད་མེད་བཞིན་དུ་དེ་
རྣམས་ཀྱིས་མཐོང་ནས། །སེང་གེས་ཁྱུ་མཆོག་རྨུགས་ཚ་བ་ལང་རྣམས་བཞིན་དུ། །གུས་པས་དྲག་ཏུ་ཆོ་ངེས་བཏབ་ཅིང་ངུས་པའོ། །ཆོས་དགའ་ཆོས་ཀྱི་བླ་མ་རབ་ཏུ་ཞི་བ་ན། །གུས་པས་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བར། །འོ་དོད་འབོད་ཅིང་མཆི་མས་མིག་བཅོམ་དེ་
རྣམས་ཀྱི། །དཔལ་ལྡན་དམ་པ་འགའ་ཞིག་འདི་ནི་སྨྲས་པའོ། །གང་ཞིག་གསོན་པའི་འཇིག་རྟེན་གཉིད་ཚེ་རབ་སད་པ། །འདི་དེ་མཐར་ཐུག་གཟིམས་མལ་ལ་ནི་གཟིམས་པ་སྟེ། །ཆོས་ནི་རྣམ་པར་འཛིན་པའི་རྒྱལ་མཚན་འདི་དེ་ནི། །མཆོད་སྦྱིན་མཐའ་ན་དབང་པོའི་རྒྱལ་
མཚན་བཞིན་དུ་བཏུལ། །དེ་བཞིན་གཤེགས་པའི་ཉི་མ་ངེས་པར་བློ་གསལ་ཞིང་། །བརྩོན་འགྲུས་ཚད་གདུང་ཡེ་ཤེས་འོད་ཟེར་སྟོང་ལྡན་པ། །ནུབ་པར་གྱུར་ཚེ་མི་ཤེས་མུན་པ་རྣམས་བཅོམ་ནས། །འཇིག་རྟེན་དག་ན་སླར་ཡང་མུན་པ་འདི་མཛད་དོ། །འདས་དང་མ་འོངས་
པ་དང་ད་ལྟར་གཟིགས་ནས་སུ། །ད་ནི་ངེས་པར་འཇིག་རྟེན་མིག་ནི་སྒྲིབ་པ་སྟེ། །སྡུག་བསྔལ་རྒྱ་མཚོ་ཆེན་པོ་རྒོད་པའི་དབའ་རླབས་ལས། །འདྲེན་མཛད་ཟམ་པ་འདི་ནི་ངེས་པར་དེ་ནི་རྒུད། །དེ་ལྟར་འདི་ན་ཁ་ཅིག་སྙིང་རྗེ་བར་ཟློས་ཤིང་། །གཞན་རྣམས་ཤིང་རྟའི་རྟ་རྣམས་དུད་
པ་བཞིན་དུ་སེམས། །གཞན་རྣམས་སྐད་བཏོན་གཞན་རྣམས་ས་ལ་འགྱེལ་བ་སྟེ། །བྱ་བ་དེ་རྣམས་དེ་རྣམས་སེམས་ཅན་དབང་གིས་བྱས། །དེ་ནས་དུས་སུ་གསེར་གྱིས་སྤྲས་ཤིང་སྣ་ཚོགས་པ། །མཆེ་བ་རིན་ཐང་ཆེན་པོ་ལོངས་མ་སྤྱད་པའི་ཁྱོགས། །གྱད་རྣམས་ངུ་བཞིན་
དྲང་སྲོང་ལ་ནི་གླང་ཆེན་གྱི། །ལག་པ་དང་མཚུངས་ལག་པ་རྣམས་ནི་བཙུགས་པའོ། །དེ་ནས་དུས་དང་མཐུན་པའི་ཆོ་ག་བྱས་ནས་སུ། །དེ་ལ་ཕྲེང་བ་ཡིད་འོང་རྣམ་པ་སྣ་ཚོགས་དང་། །དྲི་མཆོག་དམ་པ་རྣམས་ཀྱིས་དེ་རྣམས་ཀྱིས་མཆོད་ཅིང་། །དེ་ནས་དགའ་དང་གུས་པས་

མཐའ་དག་བཟུང་བའོ། །དེ་ནས་ཤིང་གཞོན་ལུས་ཅན་གཞོན་ནུ་མ་རྣམས་ཀྱིས། །གདུ་བུ་རབ་འཁྲོལ་ཟངས་མདོག་ལག་པ་རྣམས་ཀྱིས་ནི། །གློག་གི་འཕན་རྣམས་དག་གིས་སྤྲིན་ནི་དཀར་པོ་བཞིན། །འདི་ལ་རིན་ཐང་མཆོག་གི་བླ་རེ་བཟུང་བའོ། །དེ་བཞིན་
མི་རྣམས་ཁ་ཅིག་དག་གིས་གདུགས་རྣམས་ནི། །ཕྲེང་བ་དཀར་པོ་ལྡན་རྣམས་ཀུན་ནས་བཟུང་བ་སྟེ། །ཁ་ཅིག་དག་གིས་གསེར་གྱི་ཡོ་བྱད་དང་ལྡན་པའི། །རྔ་ཡབ་དཀར་པོ་རྣམས་ནི་རྣམ་པར་གཡབས་པའོ། །དེ་ནས་ཁྱུ་མཆོག་རྣམས་ཀྱིས་བཞིན་དུ་ངལ་བ་ཡིས། །མིག་
དམར་གྱད་རྣམས་དག་གིས་ཁྱོགས་ནི་བཟུང་བ་སྟེ། །སིལ་སྙན་རྣམས་ནི་རྣ་བའི་ཡིད་དུ་འོང་བ་རྣམས། །དབྱར་དུས་ཆུ་གཏེར་བཞིན་དུ་མཁའ་ལ་རབ་ཏུ་གྲགས། །ཕྱོགས་ཀྱི་གླང་པོའི་དབང་པོ་རྣམས་ཀྱི་བསྐུལ་བ་ཡིས། །མཛེས་པ་དང་ནི་རྩུབ་འགྱུར་ཤིང་རྣམས་ལས་བཞིན་དུ། །མེ་ཏོག་
པདྨ་ལ་སོགས་དེ་རྣམས་དེ་རྣམས་ནི། །ལྷ་ཡི་མེ་ཏོག་རྣམས་ནི་ལྷ་ནས་ལྷུང་བར་གྱུར། །དབང་པོའི་གླང་པོ་ལས་སྐྱེས་གླང་པོ་ཆེ་རྣམས་ཀྱིས། །ནོར་གནས་སྙིང་པོའི་ཆུ་སྐྱེས་པདྨ་རྣམས་དང་ནི། །མན་དཱ་ར་ཡི་མེ་ཏོག་འདབ་བཅས་ཆགས་པ་རྣམས། །ཆུ་ཐིགས་ཟེར་མས་འཐོར་
བ་རྣམས་ཀྱིས་མངོན་པར་འཐོར། །དེ་ནས་དགའ་བའི་ཚལ་སྐྱེས་ལུས་མཆོག་ལྡན་པ་ཡི། །ཙནྡན་དམར་པོའི་རོ་ནི་རྣམ་པར་དུལ་བ་དང་། །འབད་པས་མ་བསྒྲུབས་བགོ་བ་རྣམས་ནི་དཀར་པོ་རྣམས། །དྲི་ཟའི་བུ་མོ་རྣམས་ཀྱིས་ཡང་དག་འཐོར་བའོ། །རབ་ཏུ་གཡོ་བའི་བ་དན་རྣམས་ནི་
བཟུང་བ་སྟེ། །ཕྲེང་བ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བཀྲམ་པ་སྟེ། །སིལ་སྙན་རྒྱ་ཆེན་རྣམས་ཀྱིས་རྗེས་སུ་འགྲོ་བ་སྟེ། །ཞི་བའི་ཆེད་དུ་ཞི་བའི་ལམ་ལས་ཁྱོགས་ཏེ་དྲངས། །གུས་པ་དང་ལྡན་གྱད་རྣམས་ཀྱིས་དེ་ཡོངས་བཟུང་ནས། །ཐུབ་པའི་མཐུ་ལས་ལན་བརྒྱར་མངོན་
པར་ཕྱག་འཚལ་ཞིང་། །དེ་ཡི་རྣམ་པར་ཉམས་ལས་ཀུན་ནས་ངུ་བ་སྟེ། །གྲོང་ཁྱེར་གྱི་ནི་དབུས་ནས་ཡོངས་སུ་དྲངས་པའོ། །ཀླུ་ཡི་སྒོ་ནས་ཞུགས་ཏེ་ཕྱི་རོལ་བྱུང་ནས་ནི། །ཆུ་བོ་གསེར་ལྡན་ཞེས་པ་ཡང་དག་རྒལ་ནས་སུ། །ཅོད་པན་ཞེས་བྱའི་མཆོད་རྟེན་གྱི་ནི་རྩ་བ་རུ། །གྲགས་

པས་བསགས་ཕྱིར་བསགས་པ་དེ་རྣམས་ཀྱིས་བྱས་སོ། །དེ་ནས་ཤུན་པ་འདབ་མ་དྲི་བཟངས་ཨ་ཀ་རུ། །ཙནྡན་ཨེ་ལ་ཀླུ་རྣམས་ཀྱིས་བསགས་བསགས་པ་རུ། །མྱ་ངན་ལས་ནི་སྦྲུལ་བཞིན་དབུགས་རྒྱུ་དེ་རྣམས་ནི། །བརྟན་མིན་མིག་ཅན་རྣམས་ཀྱིས་ཐུབ་པའི་སྐུ་བཞུས་སོ། །
དེ་ནས་ལན་གསུམ་བཀོད་ཀྱང་མེ་ཡི་སྒྲོན་མ་ཡིས། །དེ་ཚེ་དྲང་སྲོང་ཆེན་པོའི་བསགས་པ་མ་འབར་ཏེ། །བག་མེད་ལྡན་པ་གཞུ་ནི་རྣམ་པར་འཁྲུགས་པ་ཡིས། །མདའ་ནི་རང་བཞིན་ས་ཡི་བདག་པོའི་དཔལ་བཞིན་ནོ། །ལམ་དག་ཏུ་ནི་རྣམ་པར་འོང་བའི་འོད་སྲུངས་ནི། །རྣམ་
པར་དག་པའི་སེམས་ཀྱིས་སེམས་ནི་གྱུར་པ་སྟེ། །བཅོམ་ལྡན་འདས་ཀྱི་སྐུ་གདུང་ཚང་བ་ལྟ་འདོད་དེ། །གང་གི་མཐུ་ལས་མེ་ཡི་འབར་བ་མ་ཡིན་ནོ། །དེ་ནས་དེ་ཚེ་བླ་མ་བལྟ་བའི་དོན་དུ་ནི། །དེར་ནི་དགེ་སློང་སྐྱེན་པར་ཉེ་བར་སོང་བ་ན། །ཐུབ་པ་མཆོག་ལ་རབ་ཏུ་བཏུད་པ་བྱས་པ་ན། །
དེ་མ་ཐག་ཏུ་མེ་ནི་རང་ཉིད་འབར་བར་གྱུར། །ཉོན་མོངས་རྣམས་ཀྱིས་མ་ཚིག་ཐུབ་པའི་སྐུ་གདུང་ལ། །པགས་པ་ཤ་དང་སྤུ་དང་ཆ་ཤས་རྣམས་ཚིག་ནས། །མར་དང་རླུང་དང་བུད་ཤིང་ཡོངས་སུ་རྒྱས་ན་ཡང་། །མེ་ཡིས་རུས་པ་ཚིག་པར་ནུས་པ་མ་ཡིན་ནོ། །དེ་ནས་བདག་ཉིད་ཆེན་
པོ་འདས་པའི་དེ་རྣམས་ནི། །ཆུ་མཆོག་གིས་ནི་དང་བར་བྱས་ནས་དུས་སུ་ནི། །མངོན་པར་བསྟོད་ཅིང་གྱད་རྣམས་དག་གིས་གྲོང་ཁྱེར་དུ། །གསེར་གྱི་བུམ་པ་རྣམས་ཀྱིས་རབ་ཏུ་སྤྱན་དྲངས་སོ། །འདི་ནི་རི་བོ་ཆེན་པོའི་རིན་ཆེན་ཁམས་བཞིན་ནོ། །དགེ་ལེགས་གང་བ་ཆེན་པོ་རྣམས་ནི་
འཛིན་པ་སྟེ། །མཐོ་རིས་དག་ན་ལྷ་ཡི་གཙོ་བོའི་ཁམས་བཞིན་དུ། །ཁམས་ནི་མེ་ཡིས་ལོག་པར་སྦྱོར་བ་མ་ཡིན་ཉིད། །བྱམས་པས་ཡོངས་སུ་རྣམ་པར་བསྒོམས་པ་འདི་རྣམས་ནི། །འདོད་ཆགས་མེ་ཡིས་ཚིག་པས་རྣམ་པར་སྤངས་པ་སྟེ། །དེ་ཡི་གུས་པའི་དབང་གིས་གཟུང་
བའི་གདུང་རུས་རྣམས། །བསིལ་བ་ཡིན་ཀྱང་བདག་ཅག་རྣམས་ཀྱི་ཡིད་རྣམས་བསྲེགས། །སྲེད་པ་འཇོམས་མཛད་གང་གི་མཐུ་ལས་ཁྱབ་འཇུག་གི །མཁའ་ལྡིང་གིས་ཀྱང་ཁུར་བར་ནུས་པ་མ་ཡིན་པ། །འཇིག་རྟེན་དག་ན་མཚུངས་མེད་དེ་ཡི་རུས་པ་རྣམས། །མི་རུས་གྱུར་

པ་ཁོ་བོ་ཅག་གིས་ཁུར་བར་གྱིས། །ཨེ་མ་འཇིག་རྟེན་ཆོས་ནི་ངེས་པར་སྟོབས་ལྡན་ཏེ། །ཆོས་ལ་ནུས་ཀྱང་ནུས་པས་གང་གིས་མ་བཟློག་ཅིང་། །གང་ཞིག་སྙན་པས་འགྲོ་བ་མཐའ་དག་ཁྱབ་པ་སྟེ། །དེ་ཡི་སྐུ་ཡི་ཆ་ཤས་འདི་ནི་བུམ་པར་གནས། །གང་ཞིག་བདག་གི་སྣང་བས་ཉི་མ་གཞན་སྣང་ཞིང་། །དེ་ཡི་
ས་ནི་སྣང་བས་རྣམ་པར་མཛད་པ་སྟེ། །གསེར་གྱི་མདོག་དང་ལྡན་པ་དེ་ཡི་སྐུ་ལུས་ནི། །མེ་རྣམས་ཀྱིས་ནི་རུས་པ་ལྷག་མར་བྱས་པའོ། །གང་གིས་ཉོན་མོངས་རི་བོ་རྒྱས་པ་རྣམས་ཕྱེ་སྟེ། །སྡུག་བསྔལ་ཐོབ་པ་ན་ཡང་བསྟན་པ་མ་ཕྱེ་ཞིང་། །སྡུག་བསྔལ་མཐའ་དག་རྣམས་ནི་བཀག་པར་གྱུར་པ་སྟེ། །དྲང་སྲོང་དེ་ཡི་སྐུ་ལུས་
མེ་ཡིས་བསྲེགས་པའོ། །གཡུལ་དུ་དགྲ་བོ་རྣམས་ཀྱིས་མཆི་མ་ཕྱུང་ནས་སུ། །སྐྱབས་འོངས་རྣམས་ཀྱི་མཆི་མ་རྣམ་པར་བཏུལ་ནས་སུ། །སྡུག་པ་ན་ཡང་མཆི་མ་བསྟན་པས་མ་བཏོན་པ། །ལམ་དུ་མཆི་མ་འཐོན་ཞིང་དེ་རྣམས་རྣམ་པར་ཟློས། །དེ་རྣམས་ང་རྒྱལ་ལྡན་ཞིང་ལག་པ་སྟོབས་དང་ལྡན་ན་ཡང་། །དེ་ལྟར་
མྱ་ངན་བྱེད་ཅིང་ནགས་བཞིན་གྲོང་ཁྱེར་དེར་ཞུགས་ཤིང་། །ལམ་རྣམས་སུ་ནི་གདུང་དེ་རྣམས་ནི་སྐྱེ་བོས་མཆོད་པ་སྟེ། །མཆོད་པའི་དོན་དུ་གཞལ་ཡས་ཁང་པར་མཛེས་པར་བྱས་པའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མྱ་ངན་ལས་འདའ་བ་བསྔགས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།
ཇི་ལྟ་བ་བཞིན་ཉིན་ཞག་འགའ་ཞིག་དེ་རྣམས་ཀྱིས། །དེ་རྣམས་མཆོད་པ་དམ་པ་རྣམས་ཀྱིས་མཆོད་པ་སྟེ། །ཆབ་འོག་རྒྱལ་ཕྲན་ཕོ་ཉ་བདུན་རྣམས་རིམ་གྱིས་ནི། །དེ་ཡི་ཆེད་དུ་གྲོང་ཁྱེར་དེར་ནི་ཉེ་བར་འོངས། །དེ་ནས་དེའི་ཚེ་གང་རྣམས་ཐོས་ནས་དུས་སུ་ནི། །ང་རྒྱལ་ལས་དང་དེ་ཡི་གུས་པའི་དབང་ལས་ནི། །
གྱད་རྣམས་འཐབ་མོ་ལ་ཡང་ངེས་པར་སོང་བ་སྟེ། །སྦྱིན་པ་ལ་ནི་ཡིད་རྣམས་བྱས་པ་མ་ཡིན་ནོ། །དེ་ནས་དེ་དག་རྣམས་ཀྱིས་རྣམ་གཞག་འདི་རྟོགས་ནས། །རླུང་བདུན་བཞིན་དུ་མི་དབང་བདུན་པོ་དེ་རྣམས་ནི། །གྱེན་དུ་ཞུགས་པའི་གང་གཱའི་ཤུགས་འདྲ་སྟོབས་ཚོགས་ནི། །ཤིན་ཏུ་དྲག་པོ་རྣམས་ཀྱིས་ཀུ་ཤ་
ཞེས་བྱར་འོངས། །དེ་ནས་གྲོང་པའི་སྐྱེ་བོ་ནགས་མཐའ་ནས་སྐྱེན་པར། །མི་སྐྱོང་དེ་དག་རྣམས་ཀྱི་མགྱོགས་འགྲོའི་སྒྲ་ཡིས་ནི། །ཁྲོས་པ་ལས་ནི་མགོ་བོ་རྣམས་ལ་བཟུང་བ་བཞིན། །འཇིགས་པས་རྒྱས་པའི་གདོང་རྣམས་གྲོང་ཁྱེར་ལ་ཞུགས་སོ། །དེ་ནས་མི་སྐྱོང་དེ་རྣམས་གྲོང་ཁྱེར་དེ་བཀག་ནས། །གླང་

པོའི་དབང་པོ་རྣམས་བཅིངས་རྩེད་མོའི་ནགས་རྣམས་སུ། །གྱད་མཆོག་རྣམས་ཀྱིས་མི་མཐུན་སྤྱད་དུ་གྱུར་པ་རྣམས། །རིགས་ཀྱི་རྗེས་མཐུན་ཆ་ལུགས་ལྡན་རྣམས་ལ་གསོས་སོ། །དེ་ནས་མདའ་ཡབ་མཛེས་ཤིང་རིང་པའི་སྨིན་མ་དེ། །སྒོ་ཡི་མིག་ནི་རྣམ་པར་བཙུམས་ཤིང་གྲོང་ཁྱེར་དེ། །མི་དགའ་བ་དང་འདུས་པའི་ཡན་
ལག་མ་བཞིན་དུ། །དཔུང་པའི་ཁྱོགས་ནི་བཏེག་པ་ཉམ་ཐག་པར་གྱུར་ཏོ། །རྒྱལ་པོ་བདུན་པོ་རྣམས་ནི་བྱ་བ་གཅིག་པ་སྟེ། །དཔལ་གྱིས་འབར་ཞིང་ཤུགས་ཀྱིས་འཕྲོ་བ་རྣམས་ཀྱིས་ནི། །མཉམ་དུ་དུས་གཅིག་ལ་ནི་གཟའ་བདུན་རྣམས་ཀྱི་ནི། །འཇིགས་པ་དང་བཅས་ནམ་མཁའ་བཞིན་དུས་གྱུར་ཏོ། །
སྣ་རྣམས་གཉིས་འཐུང་མྱོས་པའི་ཆང་དྲི་རྣམས་ཀྱིས་དང་། །མིག་རྣམས་དཔུང་གིས་བསྣུན་པའི་རྡུལ་རྣམས་དག་གིས་དང་། །རྣ་བ་རྣམས་ནི་རྟ་གླང་རྔ་ཡི་དབྱངས་རྣམས་ཀྱིས། །མི་མོའི་སྐྱེ་བོ་ཡི་ཡང་དེར་ནི་བཅོམ་པར་གྱུར། །དེ་ནས་སྐྱོགས་རྣམས་ནང་དུ་ཁུ་བ་འབབ་པ་ནི། །མདུན་དུ་བདར་རྣམས་བསྡོགས་བྱས་
རྟ་པའི་ཚོགས་རྣམས་དང་། །གླང་པོ་རྣམས་ཀྱིས་ཡོངས་བསྐོར་སྒོ་ནི་ཕྱེད་བཀག་སྟེ། །འགེགས་ཤིང་གཡུལ་ལ་ཕྱོགས་རྣམས་ཀྱིས་བྱས་སོ། །དེ་ནས་ཤག་ཏི་རལ་གྲི་མདའ་ལག་གྲོང་ཁྱེར་པ། །སྐྲག་པས་ད་ནི་དཔའ་བས་ངོ་ཚ་བཏང་བ་རྣམས། །ཁྲ་རྣམས་བཞིན་དུ་དགྲ་བོ་རྣམས་ལ་ལྟ་བཞིན་དུ། །ཉེ་བའི་འཐབ་ར་རྣམས་སུ་ཀུན་
ནས་གནས་པའོ། །བརྟན་མིན་ལྡན་པ་ཁ་ཅིག་འོ་དོད་འབོད་པ་སྟེ། །དེ་བཞིན་གཞན་རྣམས་ཚོགས་ནས་དུང་ནི་རབ་ཏུ་སྒྲོགས། །དྲག་ཏུ་དྲེགས་རྣམས་ཁ་ཅིག་རབ་ཏུ་འཕེན་པ་སྟེ། །དེ་བཞིན་གཞན་རྣམས་རལ་གྲི་སྔོན་པོ་རྣམས་འདེབས་སོ། །དེ་ནས་རྒྱལ་བའི་ཆེད་དུ་གྱད་རྣམས་འཐབ་འདོད་ཅིང་། །གྱད་རྣམས་བཞིན་དུ་མཚན་རྣམས་སྒྲོགས་
པ་མཐོང་ནས་ནི། །གཡུལ་འགྱེད་ཡན་ལག་མ་རྣམས་དག་གི་སེམས་རྣམས་དང་། །སྨན་རྣམས་དང་མཉམ་མཆོད་ཡོན་རྣམས་ནི་གཡོས་པར་གྱུར། །གཡུལ་དེར་ཐོག་མར་འགྲོ་བར་འདོད་པའི་བུ་ལ་ནི། །གཡུལ་འགྱེད་ཡན་ལག་མ་རྣམས་དེར་ནི་ཡོངས་འདར་ཞིང་། །གོ་ཆ་བཅིངས་ནས་ཞི་བའི་ཤེས་པ་བྱེད་པ་སྟེ། །སེམས་ཁྲལ་གདོང་
རྣམས་མཆི་མ་བཏོན་པ་མ་ཡིན་ནོ། །སེམས་ཁྲལ་གདོང་ལས་གཞན་རྣམས་རི་དགས་མོ་བཞིན་དུ། །ཁྱིམ་ཐབ་འགྲོ་བར་འདོད་པའི་གཞུ་ལ་འཕྱངས་པ་སྟེ། །གང་གི་གདོང་ནི་འཐབ་ལ་དཔའ་བ་དེ་མཐོང་ནས། །བཅིངས་པའི་འཕྲོ་སྤོང་སོང་བ་མ་ཡིན་གནས་མ་ཡིན། །བུམ་པའི་ནང་དུ་ཡང་དག་བཀག་པའི་སྦྲུལ་རྣམས་བཞིན། །སྟོབས་

ཀྱིས་དེ་ལྟར་རབ་ཏུ་འཕྲོ་བ་དེ་རྣམས་ནི། །དེ་ལྟར་རྣམ་པར་གཞག་པའི་གྱད་རྣམས་མཐོང་ནས་ནི། །མི་དབང་རྣམས་ཀྱིས་གཡུལ་གྱི་ཆེད་དུ་བློ་བསམས་སོ། །ཤིང་རྟ་གླང་པོ་རྟ་དང་རྐང་ཐང་དྲེགས་པ་ནི། །གཡུལ་ལ་ཀུན་ནས་ཉེ་བར་གཞོལ་བ་མཐོང་ནས་ནི། །
མཁས་པ་ཉིད་ཀྱིས་དང་ནི་མཛའ་བོ་ཉིད་ཀྱིས་ནི། །གཉིས་སྐྱེས་བྲེ་བོས་ཚིག་ནི་འདི་སྐད་ཅེས་སྨྲས་སོ། །གཡུལ་དུ་དགྲ་བོ་རྣམས་ཀྱི་སྲོག་དང་དྲེགས་པ་ནི། །ཁྱེད་ཅག་རྣམས་ཀྱི་མདའ་ཡིས་འཇོམས་པར་ནུས་པ་སྟེ། །རྫོད་པ་ཐ་དད་གནས་རྣམས་བདེ་བར་
མི་ནུས་ན། །ཕ་རོལ་བྱ་བ་གཅིག་པ་རྣམས་ནི་སྨོས་ཅི་དགོས། །ཅི་སྟེ་ཀུན་ནས་བཀག་པས་ཕ་རོལ་འཇོམས་པ་ལ། །བློ་ནི་བྱས་རྣམས་དེ་ནི་རྣམ་པར་ཟློག་མཛོད་དང་། །ཉེས་པ་མེད་པའི་གྲོང་པའི་སྐྱེ་བོ་འགེགས་པ་ཡི། །གཙེ་བར་བྱེད་པ་དེ་ནི་ཆོས་ནི་ཅི་ཞིག་ཡིན། །དོང་དུ་ཞུགས་
པའི་ནག་པོའི་སྦྲུལ་རྣམས་བགྲོད་པ་ནི། །གཅིག་ལ་གནས་པ་རྣམས་ཀྱིས་དུས་སུ་རྨུགས་པ་བཞིན། །བཀག་ནས་རྒྱལ་བ་མཐའ་གཅིག་ཡོད་པ་མ་ཡིན་ཞིང་། །བརྒྱ་ལ་བཀག་པ་རྣམས་ཀྱིས་རྒྱལ་བ་འཐོབ་པར་འགྱུར། །གྲོང་གི་ནང་དུ་བཀག་པའི་གཏད་རྣམས་
ཞུགས་པ་རྣམས། །ཡིད་དང་ལྡན་པ་ཉིད་ལས་མི་རྣམས་ཀྱིས་ཐོས་ནས། །བསྲེག་བྱ་རྣམས་ཀྱིས་འཐོར་བའི་ཆུང་ངུའི་མེ་བཞིན་དུ། །གཟི་བརྗིད་དམན་ཀྱང་ལེགས་པ་ཆེན་པོར་འགྲོ་བར་འགྱུར། །ཆོས་ཀྱི་བདག་ཉིད་ཅན་རྣམས་གྲོང་དུ་བཀག་ན་ཡང་། །འཇོམས་འདོད་
ཐོབ་པ་རྣམས་ནི་དཀའ་ཐུབ་གྱིས་གཏོར་ཏེ། །དཔུང་ནི་ཟད་པར་གྱུར་ཀྱང་ཀཱ་ཤའི་གྲོང་ཁྱེར་དུ། །ལག་པ་སྒྲ་བྱེད་ཆོས་ཀྱི་སྟོབས་ལས་རྣམ་པར་རྒྱལ། །སྙན་གྲགས་ཆེད་དམ་ཡུལ་ནི་འཐོབ་པའི་ཆེད་དུ་ས། །མཐའ་དག་གང་རྣམས་ཀྱིས་ཀྱང་མངོན་པར་ཐོབ་པ་སྟེ། །བ་ལང་
རྣམས་ཀྱིས་ཆུ་གནས་ནས་ཆུ་འཐུངས་ནས་བཞིན། །བོར་ནས་ནོར་འཛིན་བདག་པོ་དེ་རྣམས་ས་ལ་སོང་། །དེ་ཕྱིར་ཆོས་དང་དོན་ནི་ཡང་དག་མཐོང་ནས་སུ། །ཁྱེད་ཅག་རྣམས་ཀྱིས་ཞི་བས་འབད་པ་མཛོད་ཅིག་དང་། །མདའ་ཡིས་འཕམ་པ་རྣམས་ནི་སླར་ཡང་འབར་བ་སྟེ། ཞི་བས་

འཕམ་པ་རྣམས་ཀྱི་རྣམ་འགྱུར་ཡོད་མ་ཡིན། །འདི་ཀུན་ཁྱེད་ཅག་རྣམས་ཀྱི་ཚད་མ་མ་ཡིན་ཏེ། །ཁྱེད་ཀྱི་སྟོབས་ཀྱི་དགྲ་ཡི་སྟོབས་ལས་འགྲོ་བར་ནུས། །ཤཱཀྱ་ཐུབ་པ་གང་ལ་མཆོད་པར་བློ་ཡོད་ན། །དེ་ཉིད་ཀྱི་ནི་གསུང་ལ་བཟོད་པས་བསྙེན་མཛོད་ཅིག །དེ་སྐད་ཅེས་སོགས་འདོད་པ་
རྣམ་པར་ངེས་པ་ནི། །བྲམ་ཟེའི་དྲང་པོས་དང་ནི་རབ་ཏུ་དགའ་བ་ཡིས། །རྒྱལ་པོ་ཡིན་ཡང་རྗེས་སུ་བསྟན་ནས་ལེགས་པ་དེས། །དགེ་ལེགས་སྨྲས་ཤིང་དེ་ནས་དེ་རྣམས་ཀྱིས་སྨྲས་སོ། །དུས་དང་སྦྱར་ཏེ་མཁས་ཤིང་ཕན་ལ་བཤེས་ཀྱིས་ནི། །ཚིག་གང་འདི་དེ་ཁྱེད་ཀྱིས་རྣམ་པར་སྨྲས་པ་སྟེ། །
ཆོས་ལ་དགའ་བ་ཉིད་དང་སྟོབས་ལ་བརྟེན་པ་ལས། །རྒྱལ་པོ་རྣམས་ཀྱིས་བསམ་པ་ངེས་པར་ཤེས་པར་མཛོད། །འདོད་པའི་ཕྱིར་དང་ཁྲོ་ཕྱིར་སྟོབས་ཕྱིར་འཆི་བའི་ཕྱིར། །ཕལ་ཆེ་བར་ནི་བྱ་བར་སོང་ཞིང་འགྲོ་བ་སྟེ། །མངོན་པའི་ང་རྒྱལ་དང་བཅས་ཁོ་བོ་ཅག་རྣམས་ཀྱིས། །སངས་རྒྱས་ཉིད་ལ་
མཆོད་པ་ལ་ནི་གཞུ་རྣམས་བཟུང་། །ང་རྒྱལ་དོན་དུ་མཆོད་ཡོན་བླངས་ལ་རྩོད་པ་ནི། །བྱིས་པ་སྐྱོང་དང་དྲག་པོ་དག་གིས་ཁྱབ་འཇུག་བྱུང་། །ང་རྒྱལ་སྤང་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས། །ཚེ་རྣམས་དག་ཀྱང་འདོར་བར་མི་བགྱི་གང་ལས་ཡིན། །བུ་མོ་ལ་ནི་ས་སྐྱོང་དག་གི་རྒྱལ་
པོ་རྣམས། །གཏུམ་པོ་ལོང་བྱེད་རྣམས་ནི་རྩོད་པར་སོང་བ་སྟེ། །འདོད་པ་འཇོམས་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས། །ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན། །རྒྱལ་རིགས་ཟད་ཕྱིར་དྲང་སྲོང་དྲག་ཏུ་ཁྲོས་པ་ནི། །ངན་སྤོང་བུ་ཡིས་གཡུལ་དུ་མཚོན་རྣམས་བཟུང་
བ་སྟེ། །ཁྲོ་བ་འཇོམས་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས། །ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན། །ལྷ་མོ་སཱི་ཏར་མངོན་བརྗོད་འཆི་བ་ཡོངས་བཟུང་ནས། །སྲིན་པོ་ཤིན་ཏུ་དྲེགས་པ་ཡང་ནི་ཉམས་པ་སྟེ། །ཡོངས་འཛིན་སྤོང་ཕྱིར་མཆོད་པ་དོན་དུ་ངེད་རྣམས་
ཀྱིས། །ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན། །ཨེ་ཌི་ལམ་ནི་པ་ཀ་ཞེས་ནི་དགྲ་འཕེལ་ཞིང་། །རྒྱལ་རིགས་བྱེ་བ་རྣམས་ནི་དེ་ལྟར་ཉམས་པ་སྟེ། །རྨོངས་མུན་གཏོར་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས། །ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན། །

དེ་སྐད་ཅེས་སོགས་འཇིག་རྟེན་དག་ན་འཐབ་མོ་ནི། །སྐྱོན་ལས་སྐྱེས་པ་མང་པོ་རྣམས་ནི་བྱུང་གྱུར་ཏེ། །སྟོན་པ་བླ་ན་མེད་པའི་གུས་པས་མཆི་བ་དང་། །བཅས་པ་ཡིན་ཀྱང་འཐབ་མོ་མི་བགྱིད་གང་ལས་ཡིན། །དེ་ལྟ་ན་ཡང་བདག་ཅག་རྣམས་ཀྱི་ངེས་པ་འདི། །
ཁྱེད་ཀྱི་ཕོ་ཉར་གྱུར་ཅིག་སྐྱེན་པར་གཤེགས་མཛོད་ལ། །ཇི་ལྟར་དོན་ནི་འཐབ་མོ་མིན་པས་འགྲུབ་པ་ཅིག །དེ་ལྟར་བདག་ཉིད་ཀུན་གྱིས་འབད་པ་གྱིས་མཛོད་ཅིག །ཁྱེད་ཀྱིས་ཆོས་ལྡན་ཚིག་རྣམས་ཀྱིས་ནི་ངེད་ཅག་རྣམས། །འཐབ་པར་འདོད་ཅིང་མདའ་ཡི་མཆེ་བ་རྣོན་པོ་ཅན། །
ནང་དུ་རབ་ཏུ་འཕེལ་བའི་དུག་ནི་འཐུངས་པ་རྣམས། །སྔགས་རྣམས་ཀྱིས་ནི་སྦྲུལ་རྣམས་བཞིན་དུ་བཀག་པའོ། །དེ་ལྟར་བགྱི་ཞེས་རྒྱལ་པོ་རྣམས་ཀྱི་ཚིག་བཟུང་ནས། །བྲམ་ཟེ་དེ་ནི་གྲོང་ཁྱེར་དེ་ལ་རབ་ཞུགས་ཤིང་། །ཇི་ལྟར་རིམ་གྱིས་གྱད་རྣམས་དག་ནི་མཐོང་བ་སྟེ། །མཐོང་ནས་
དུས་སུ་ཚིག་ནི་འདི་སྐད་ཅེས་སྨྲས་སོ། །གཞུ་རྣམས་ལག་ན་གནས་པའི་མི་དབང་འདི་རྣམས་ནི། །ཉི་ལྟར་བྱི་དོར་གོ་ཆ་འབར་རྣམས་ཀྱིས། །ཁྱེད་ཅག་རྣམས་ཀྱིས་གྲོང་འདིར་ངེས་པར་རོ་མྱང་ཞིང་། །སེང་གེ་བཞིན་དུ་རྣམ་པར་འགྱིང་ཞིང་གནས་པའོ། །དེ་རྣམས་ཀྱི་ནི་ཤུབས་སུ་བཀོད་
པའི་རལ་གྲི་དང་། །གསེར་གྱི་རྒྱབ་ལྡན་གཞུ་རྣམས་ངེས་པར་རྟོགས་པ་སྟེ། །གྲུབ་པའི་ཆོས་དྲན་ནས་ནི་ཆོས་མིན་གྱིས་འཇིགས་ཤིང་། །ཞུ་བ་གསོལ་བར་བྱེད་དེ་གཡུལ་ལ་འཇིགས་རྣམས་མིན། །དེ་རྣམས་མངོན་པར་འོངས་རྣམས་ས་ཡི་ཕྱིར་མིན་ཞིང་། །ནོར་ཕྱིར་མ་ཡིན་
རྒྱགས་ཕྱིར་མ་ཡིན་དགྲ་ཕྱིར་མིན། །ཐུབ་པའི་གུས་པས་ངེད་ཅག་རྣམས་ཀྱི་ཞེ་ས་འདི། །དེ་ཕྱིར་ཁྱེད་ཅག་རྣམས་ཀྱི་བྱ་བས་བཀུར་སྟི་མཛད། །ཐུབ་པ་དེ་ལ་ཁྱེད་ཅག་གི་དང་ངེད་ཅག་གི །བླ་མ་ཉིད་དུ་མཉམ་སྟེ་འདི་ལས་ངལ་བ་འདི། །དེ་ཕྱིར་སྤུན་གྱི་ཚོགས་ནི་འདུས་ནས་
འོངས་པ་སྟེ། །བླ་མའི་གདུང་རྣམས་མཆོད་པ་ལ་ནི་བྱ་བ་གཅིག །ཇི་ལྟར་ཆོས་ཀྱི་ཆོ་ག་ལ་ནི་སེར་སྣ་ཉིད། །ནོར་རྣམས་ལ་ནི་སེར་སྣ་དེ་ལྟར་སྐྱོན་མ་ཡིན། །སེར་སྣ་སྨྲ་བ་ངེས་པ་ཉིད་དུ་སྐྱོན་ཡིན་ཞིང་། །སྐྱོན་ནི་ཆོས་ཀྱི་དགྲ་བོར་གྱུར་པ་ཉིད་ཡིན་ནོ། །གལ་ཏེ་མི་སྦྱིན་པར་ནི་ཁྱེད་

རྣམས་ཀྱིས་ངས་ན། །རྫོང་ནས་འཐོན་ནས་འགྲོན་པོ་རྣམས་ལ་བསྙེན་པར་མཛོད། །གང་རྣམས་ཀྱིས་སྟོབས་མངའ་རྣམས་མ་ཡིན་སྒོ་གླེགས་རྣམས། །དེ་རྣམས་རིགས་སུ་སྐྱེས་པའི་རྒྱལ་རིགས་མ་ཡིན་ནོ། །བྱམས་པ་དང་ནི་གཟི་བརྗིད་སྟོན་པར་བྱེད་བཞིན་དུ། །མི་དབང་རྣམས་
ཀྱིས་ཁྱེད་ཅག་རྣམས་ལ་དེ་སྐད་སྨྲས། །བདག་གི་སྨྲ་འདོད་གང་ཡང་རང་གིས་རྟོགས་ནས་སུ། །དགའ་ལས་བདག་གི་དེ་ནི་ཁྱེད་ཅག་རྣམས་ཀྱིས་ཉོན། །འགའ་ཞིག་རྩོད་པ་དགེ་བ་མ་ཡིན་ཆོས་མིན་ཏེ། །རྣམ་པར་འགྲས་པར་མ་འགྲོ་ཞི་བ་བསྙེན་པར་མཛོད། །ཐུབ་པ་དེས་ནི་བཟོད་
པ་རབ་ཏུ་བསྔགས་པ་སྟེ། །གང་གིས་གུས་པས་མེ་ནི་ཀུན་ནས་འཕེལ་བར་འགྱུར། །ནོར་དང་འདོད་པ་དག་གི་གཅིག་གི་ཆེད་དུ་ནི། །རྣམ་པར་རྩོད་པ་ཚུལ་ནི་ཉེ་བར་འགྱུར་བ་སྟེ། །ཆོས་ཀྱི་ཆེད་དུ་སླར་ཡང་འཕགས་པར་གྱུར་པ་ནི། །ཞི་བ་དང་ནི་དགྲ་བོ་རྣམ་པར་རྩོད་པར་སྨྲ། །གང་ཞིག་ཉེ་
བར་ཞི་ཞིང་བྱམས་པའི་ཐུགས་ཀྱིས་ནི། །སེམས་ཅན་ཐམས་ཅད་རྣམས་ལ་བརྩེ་བ་གསུངས་པ་སྟེ། །ཐུགས་རྗེ་ཆེན་པོ་མངའ་བ་དེ་ལ་མཆོད་པ་ནི། །འཚེ་བ་བྱས་ནས་བདག་གི་ལུགས་དང་མཚུངས་མ་ཡིན། །དེ་ཕྱིར་གདུང་ནི་རབ་ཏུ་སྦྱིན་ལས་འདི་རྣམས་ལ། །གྲགས་པ་དང་ནི་ཆོས་ཀྱིས་
ཡང་དག་བགོ་བ་མཛོད། །དེ་ལྟར་གྱུར་ན་ཁྱེད་ཀྱིས་རྩོད་མིན་དེ་དག་དང་། །དེ་དག་གིས་ཀྱང་ཆོས་དང་གྲགས་པ་འཐོབ་པར་འགྱུར། །ཆོས་ལྡན་སྐྱེས་བུ་རྣམས་ཀྱིས་ཆོས་ལས་གཡོས་པ་ནི། །ཆོས་ལ་འབད་པ་ལས་ཀྱང་ངེད་རྣམས་ཀྱིས་སྦྱོར་ན། །གང་བདག་རྣམས་ཀྱིས་གཞན་དག་ཆོས་ལ་སྦྱོར་
བྱེད་པ། །དེ་དག་རྣམས་ཀྱིས་ཆོས་ནི་གནས་པའི་ཆེད་དུ་འཇུག །དྲང་སྲོང་དམ་པ་མཆོག་གིས་ཆོས་ཀྱི་སྦྱིན་པ་ནི། །སྦྱིན་པ་ཐམས་ཅད་ཀྱི་ནི་ཁྱད་པར་འཕགས་པར་གསུངས། །གང་ཞིག་ལ་ལས་ནོར་ལ་སྦྱོར་བར་བྱེད་པ་སྟེ། །ཆོས་ཀྱི་སྦྱིན་པ་པོ་ནི་རྣམ་པར་བསགས་པ་ཡིན། །དེ་ནས་
སྙན་གྲགས་དང་ནི་བདེ་བ་འདྲེན་པ་དང་། །ཆོས་ཀྱི་ཚིག་ནི་དེ་ལས་ཉེ་བར་ཐོབ་ནས་ནི། །ངོ་ཚ་དང་བཅས་ཕན་ཚུན་ལྟ་བ་དེ་རྣམས་ཀྱིས། །བྲེ་བོའི་རིགས་མཉམ་བྲམ་ཟེ་ལ་ནི་སྨྲས་པའོ། །ཨེ་མ་མཛའ་བོའི་དགེ་ལ་ཁྱོད་ཀྱིས་ངེས་པ་སྟེ། །ཡོན་ཏན་རྣམས་ལ་བྲམ་ཟེའི་རྗེས་སུ་མཐུན་པས་

ཆགས། །ལམ་གཞན་གྱིས་ནི་འཁྲུལ་བའི་རྟ་ངན་རྣམས་བཞིན་དུ། །གང་གིས་ལེགས་པར་བསྙེན་པའི་ལམ་ལ་བཀོད་པར་འགྱུར། །ཇི་ལྟར་སྨྲས་པ་དེ་ལྟར་དེ་ནི་ལྡན་འགྱུར་ཞིང་། །བརྩེ་ཞིང་མཉེན་པའི་ཚིག་འདི་འཛིན་པར་རིགས་པ་སྟེ། །མཛའ་བོའི་སྐྱེ་བོའི་ཚིག་ལ་
ཤིན་ཏུ་འདས་ནས་སུ། །ཕྱི་ནས་སྡུག་བསྔལ་ཉིད་དུ་ལྷུང་རྣམས་མྱ་ངན་འགྱུར། །དེ་ནས་འགྲོ་བའི་ཁམས་རིག་གདུང་ནི་གྱད་རྣམས་ཀྱིས། །དེ་རྣམས་བརྒྱད་དུ་གུས་པས་ཡོན་ཏན་ལས་བགོས་སོ། །དེ་ནས་རང་ཉིད་ཀྱིས་ནི་ཆ་ཤས་བཟུང་ནས་ནི། །བདུན་པོ་སོ་སོ་སོ་སོར་གཞན་རྣམས་ལ་བྱིན་ཏོ། །
གྱད་རྣམས་དག་གིས་མངོན་མཆོད་ས་སྐྱོང་དེ་རྣམས་ཀྱང་། །དགའ་ཞིང་དོན་བྱས་རྣམས་ནི་རང་ཡུལ་རྣམས་སུ་གཤེགས། །དེ་ནས་དྲང་སྲོང་གིས་གདུང་དེ་རྣམས་ཆོ་ག་བཞིན། །རང་གྲོང་རྣམས་སུ་མཆོད་རྟེན་རབ་གནས་རྣམས་དེ་བྱས། །དེ་ནས་རང་གི་ཡུལ་དུ་ཐུབ་པའི་མཆོད་རྟེན་ནི། །བྱེད་འདོད་
བྲེ་བོས་སོ་སོར་བགོས་པའི་བུམ་པ་བླངས། །སོལ་བ་ལྷག་མ་རྣམས་ཀྱང་པི་ས་ལ་ཞེས་པའི། །གུས་པས་རྗེས་སུ་རབ་ལྡན་རྣམས་ཀྱིས་བསླངས་པར་གྱུར། །དེ་ནས་གདུང་གི་སྙིང་པོ་ཅན་གྱི་སྔོན་དུ་བརྒྱད། །བྲག་རི་དཀར་པོ་དང་མཚུངས་མཆོད་རྟེན་རྣམས་གྱུར་ཞིང་། །དེ་ཡི་བུམ་པས་
བསྙེན་པ་བྲམ་ཟེའི་དགུ་པ་སྟེ། །སོལ་བའི་སྙིང་པོ་དང་ལྡན་བཅུ་པ་བྱུང་བར་གྱུར། །ཐུབ་པའི་མཆོད་རྟེན་སྣ་ཚོགས་བ་དན་གཡོ་བ་རྣམས། །ཏི་སེའི་གངས་རིའི་རྩེ་མོ་དང་མཚུངས་དེ་རྣམས་ལ། །རང་གི་སྐྱེ་བོ་དང་བཅས་མི་སྐྱོང་དེ་རྣམས་དང་། །སྐྱེ་དགུ་དང་བཅས་བྲམ་ཟེ་རྣམས་ཀྱིས་
ས་ན་མཆོད། །ཕྲེང་བ་མངོན་སྦྱར་རྣམས་དང་དྲི་བཟངས་མཆོག་རྣམས་དང་། །ཕྲེང་བ་དགེ་བ་རྣམས་དང་སིལ་སྙན་དབྱངས་རྣམས་ཀྱིས། །མཆོད་པ་དམ་པ་མི་སྐྱོང་དེ་རྣམས་དེ་རྣམས་ཀྱིས། །རྒྱལ་བའི་གདུང་ནི་འཛིན་པ་དེ་རྣམས་ལ་བྱས་སོ། །དེ་ནས་དུས་སུ་དགྲ་བཅོམ་རྣམས་ཀྱི་ལྔ་བརྒྱ་
རྣམས། །རི་བོ་ལྔས་མཚན་གྲོང་ཁྱེར་དུ་ནི་ཡོངས་འདུས་ནས། །སླར་ཡང་ཇི་ལྟ་བ་བཞིན་ཆོས་ནི་གནས་པའི་ཕྱིར། །ཐུབ་པའི་གསུང་ནི་རི་ཡི་ལོགས་སུ་ཡང་དག་བསྡུས། །གནས་སྐབས་ཀུན་དུ་དྲང་སྲོང་ཆེ་ལས་ཐོས་པ་ནི། །ཀུན་དགའ་བོ་ཉིད་ཡིན་ཞེས་ངེས་པར་གྱུར་པ་ཡི། །དགེ་

སློང་དེ་རྣམས་ཀྱིས་ནི་འདུས་པ་མཐུན་པ་རུ། །གསུང་བར་ཞུ་ཞེས་ལུས་འཕགས་ཐུབ་པ་ལ་ཞུས་སོ། །དེ་ནས་དེ་དག་རྣམས་ཀྱི་དབུས་སུ་དེ་བཞུགས་ནས། །སྨྲ་བ་རྣམས་ཀྱི་མཆོག་གིས་ཇི་ལྟར་གསུངས་པའི་ཚིག །གང་དུ་གང་ལ་གང་གི་ཚེ་ན་གང་ཞིག་དང་། །འདི་སྐད་བདག་
གིས་འདི་ནི་ཐོས་ཞེས་གསུངས་པར་གྱུར། །དེ་ཕྱིར་དགྲ་བཅོམ་རྣམས་ཀྱིས་རྗེས་སུ་བཅིངས་པ་དེས། །ཐུབ་པ་ཆེན་པོའི་ཆོས་ཀྱི་བསྟན་བཅོས་གནས་པ་སྟེ། །གང་ཞིག་འབད་པས་ཡང་དག་རབ་ཏུ་ཐོབ་པ་ནི། །མྱ་ངན་འདས་ཤིང་འདའ་ལ་མྱ་ངན་འདའ་བར་འགྱུར། །དགྲ་བོ་ཁེངས་
པ་རྣམས་ཀྱི་མྱ་ངན་སྟེར་བ་པོ། །སྐྱེ་དགུ་སྡུག་བསྔལ་རྣམས་ཀྱི་མྱ་ངན་གཅོད་པ་པོ། །མེ་ཏོག་འབྲས་ལྡན་མྱ་ངན་མེད་ལྟར་བལྟ་ན་སྡུག །དུས་སུ་དེ་གུས་ས་བདག་མྱ་ངན་མེད་པ་བྱུང་། །འཕགས་པ་མཽ་རྒྱའི་དཔལ་དེས་སྐྱེ་དགུར་ཕན་དོན་དུ། །འཇིག་རྟེན་ཀུན་ལ་མཆོད་རྟེན་མཚན་མ་
བྱེད་དུ་བཅུག །གཏུམ་པོ་མྱ་ངན་མེད་ཉིད་ཐོབ་ནས་ས་ལ་ནི། །ཆོས་རྒྱལ་མྱ་ངན་མེད་ཉིད་ལས་དེ་ཐོབ་པར་གྱུར། །མངོན་དུ་བྱས་པའི་མཆོད་རྟེན་བདུན་པོ་དེ་རྣམས་ལས། །དྲང་སྲོང་དེ་ཡི་གདུང་རྣམས་མཽ་རྒྱ་དེས་བླངས་ནས། །དཔལ་ལྡན་མཆོད་རྟེན་སྟོན་ཀའི་སྤྲིན་གྱི་འོད་རྣམས་ཀྱི། །
སྟོང་ཕྲག་བརྒྱད་ཅུར་བབས་པ་དུས་སུ་ཞག་གིས་བྱས། །དགའ་བྱེད་གྲོང་གནས་མཆོད་རྟེན་བརྒྱད་པ་དང་པོ་ནི། །དེ་ཡི་དུས་སུ་གུས་ལྡན་ཀླུ་རྣམས་ཀྱིས་བསྲུངས་ཏེ། །དེ་ཕྱིར་གདུང་རྣམས་ཐོབ་པ་མ་ཡིན་རྒྱལ་པོ་དེས། །དེར་བྱས་པ་ལ་མ་དད་རྒྱ་ཆེན་གྱུར་པའོ། །དེའི་ཕྱིར་ཡིད་ཀྱིས་
དགྲ་བོ་འབྲས་བུ་རྣམས་ལ་ནི། །ཀུན་ནས་གནས་ཤིང་གཡོ་བའི་དཔལ་ནི་བསྲུངས་ན་ཡང་། །མི་སྐྱོང་དེས་ནི་ངུར་སྨྲིག་གོན་པ་ལས་གཞན་དུ། །ལྟ་བ་རྣམ་པར་དག་ཅིང་འབྲས་བུ་དང་པོ་ཐོབ། །དེ་ལས་གཞན་དུ་གཞན་གྱིས་ཐུབ་པའི་མཆོད་པ་ནི། །གང་གིས་བྱས་ཤིང་བྱེད་ལ་བྱེད་
པར་འགྱུར་བ་སྟེ། །དམ་པའི་སྐྱེ་བོས་བསྙེན་པའི་འབྲས་བུ་བླ་ན་མེད། །དེ་ཡིས་ཐོབ་ཅིང་འཐོབ་ལ་འཐོབ་པར་འགྱུར་བ་ཉིད། །དྲང་སྲོང་བཞུགས་པ་ལ་ནི་མཆོད་པ་སྦྱར་ནས་སམ། །ཡོངས་སུ་མྱ་ངན་འདས་པའི་གདུང་ལ་ཕྱག་བྱས་ནས། །ཡིད་ཀྱི་དང་བ་མཉམ་ན་འབྲས་བུ་མཉམ་པ་

སྟེ། །སངས་རྒྱས་ཡོན་ཏན་རྣམས་ནི་མཁས་རྣམས་ཤེས་པར་མཛོད། །དེ་ཕྱིར་རྟག་ཏུ་མཆོག་གི་ཆོས་ནི་མཁྱེན་པའོ། །མཆོག་ཏུ་མི་འགྱུར་འཕོ་བ་མེད་པ་བརྙེས་ལྡན་པ། །བརྩེ་བ་དང་བཅས་ཐུབ་པ་བློ་གྲོས་ཆེན་པོ་ནི། །མཆོད་འོས་མཆོག་ལ་མཆོད་ལ་དམ་
པ་འོངས་པའོ། །མཆོག་ཏུ་ཐུགས་རྗེ་དང་ལྡན་མཆོག་གི་ཐུགས་མཁྱེན་པ། །གཞན་ལ་ཕན་ཕྱིར་མཆོག་ཏུ་ངལ་བར་བྱོན་པ་དེ། །མཛད་པ་མཁྱེན་པ་ཉིད་ཀྱིས་དམ་པ་མཁས་རྣམས་ཀྱི། །འདི་ན་གཏང་རག་མཆོད་པ་གང་ཕྱིར་འོས་མ་ཡིན། །ས་ན་འཆི་དང་རྒ་བ་དང་མཉམ་
འཇིགས་པ་དང་། །མཐོ་རིས་དག་ན་འཕོ་བ་དང་མཉམ་ཡོད་མིན་ཏེ། །འགྲོ་བའི་དེ་གཉིས་མཁྱེན་ནས་གང་ཞིག་གནས་པ་སྟེ། །དེ་ཕྱིར་མཆོད་པར་བྱ་བ་དམ་པ་སུ་འདྲ་ཡོད། །སྐྱེ་བ་ཡོད་ན་བདེ་བ་མིན་པ་འབྱུང་བ་སྟེ། །ཡང་སྲིད་མེད་ལས་ཤིན་ཏུ་བདེ་བས་བདེ་བ་མེད། །དེ་
ནི་བརྙེས་ཤིང་གང་གིས་འགྲོ་ལ་བྱིན་པ་སྟེ། །དེའི་ཕྱིར་མཆོད་པར་བྱ་བ་དམ་པ་སུ་འདྲ་ཡོད། །དེ་ལྟར་ཐུབ་པའི་སྐྱེས་མཆོག་དེ་ཡི་གུས་པ་ཡིས། །མཁས་ཉིད་ཡོན་ཏན་ལས་མིན་སྙན་དངགས་ནུས་པས་མིན། །ཐུབ་པའི་ལུང་གི་རྗེས་སུ་འབྲངས་ནས་འདི་བརྩམས་ཏེ། །སྐྱེ་དགུ་
རྣམས་ཀྱི་ཕན་དང་བདེ་བའི་ཕྱིར་གྱུར་ཅིག །ཡུལ་ཤཱ་སེ་ཏ་ཀའི་གསེར་མིག་མའི་བུ་དགེ་སློང་སློབ་དཔོན་སྙན་དངགས་མཁན་ཆེན་པོ། །སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ། བཙུན་པ་རྟ་དབྱངས་ཀྱིས་མཛད་པའི། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་
ལས་སྐུ་གདུང་རྣམ་པར་བགོ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་ཡོངས་སུ་རྫོགས་སོ།། །།ས་སྟེངས་རྒྱ་མཚོའི་མཐར་ཐུག་བསྟན་པའི་བདག་པོ་མཆོག །ཡོན་ཏན་མཚུངས་མེད་ཕུལ་བྱུང་དུ་མའི་གཏེར་ཆེན་པོ། །མཁས་པ་རྣམས་ཀྱི་བླ་མ་སྐྱེ་དགུ་རྣམས་ཀྱི་དཔལ། །
བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས། །འཇིག་རྟེན་ཀུན་ན་ཟླ་བྲལ་སྐྱེས་མཆོག་དེ་ཉིད་ཀྱི། །ཕྲིན་ལས་སྒྲུབ་པ་སྙེ་བའི་ཐུགས་དགོངས་རྣམ་དག་དང་། །མི་རྗེ་ལྷ་སྲས་གུང་ཐང་རྒྱལ་མོ་ཡུམ་སྲས་དང་། །ཆོས་ལ་གཅིག་ཏུ་དཀར་བའི་ལྷ་གཅིག་ཀུན་དགའ་འབུམ། །མང་ཡུལ་

སྐྱི་རོང་བཟང་མོ་ཡོན་ཏན་སྐྱིད་ལ་སོགས། །ཆོས་ལྡན་དམ་པ་རྣམས་ཀྱིས་སྦྱིན་བདག་བགྱིས་པའི་ངོར། །འཕགས་པ་རྟ་དབྱངས་ཀྱིས་མཛད་ཐུབ་པའི་མཛད་པ་འདི། །ས་དབང་བཟང་པོ་དང་ནི་བློ་གྲོས་རྒྱལ་པོས་བསྒྱུར། །འདི་བསྒྱུར་བསོད་ནམས་རྒྱལ་པོ་གང་དེས་ཕ་མ་དང་། །འགྲོ་
རྣམས་ལམ་གྱི་རྒྱལ་པོ་དམ་པ་འདིར་ཞུགས་ཏེ། །ཉེས་ཚོགས་ཚང་ཚིང་ཀུན་དང་བདུད་བཞིའི་རྒྱལ་པོ་རྣམས། །བཅོམ་ནས་ཆོས་ཀྱི་རྒྱལ་པོ་དམ་པ་ཐོབ་པར་ཤོག། །།༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཛཱ་ཏ་ཀ་སྱ་དྷརྨྨ་གཎྜཱི། བོད་སྐད་དུ།
བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་མཐོ་བྲག་རིའི་རྩེ་ཡི་ཡུལ་ངོས་རབ་ཞི་བདེ་བའི་ལོངས་སྤྱོད་འདུག་འདུག་པས། །དེ་འོག་སྟག་མོ་བཀྲེས་པས་གནམ་གཡོས་མཐའ་དག་ཕྱོགས་
སུ་མཆི་མར་ལྡན་ཞུམ་མིག་བལྟ་བ། །བདག་ཉིད་བུ་ཡང་གསད་འདོད་དེ་ལ་དེར་ནི་ཐུགས་བརྩེས་རང་གི་ལུས་བྱིན་མཛད་པ་གང་། །དེ་ནི་འཇིག་རྟེན་གསུམ་གྱིས་ཕྱག་བྱས་འདོད་ལྷའི་སྟོབས་འཇོམས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །རབ་ཏུ་དབང་འབྱོར་བདག་པོ་ཤི་བའི་མི་བདག་དུས་
རྣམས་ཐམས་ཅད་དུ། །འཇིག་རྟེན་གཅིག་ཏུ་ཐུགས་བརྩེས་བསྐུལ་ཏེ་རྒྱས་པར་སྦྱིན་པའི་ཆུ་ཡི་ཆར་གྱིས་ཚིམ་མཛད་ལ། །ལོང་བའི་བྲམ་ཟེས་སྤྱན་ནི་གཅིག་བླངས་པ་ལས་གཉིས་ཀ་ཡང་ནི་བྱིན་པར་འགྱུར། །རང་དགའི་མཆོག་བརྙེས་དེས་ནི་སྲིད་པ་གསུམ་པོའི་འཇིགས་བཅོམ་
ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གྲོང་ཁྱེར་འདིར་ནི་དམན་པའི་གླ་མིས་རང་ཉིད་ཟས་བཅད་དོན་གཉེར་རང་སངས་རྒྱས་ཞིག་ལ། །ལྷད་ཟན་ཆངས་པས་ཡང་དག་བཀུར་བྱས་མཆོད་པ་དེ་ཡིས་གྲོང་ཁྱེར་དེར་ནི་ཀོ་ས་ལའི། །དབང་ཕྱུག་ཉིད་ཐོབ་དགེ་བ་ཡོངས་གྱུར་རྨད་དུ་བྱུང་བའི་རྒྱལ་
པོར་གྱུར་ཏེ་དེ་ལ་འདིར། །འཇིག་རྟེན་གསུམ་དུ་ངོ་མཚར་སྒྲ་བསྒྲགས་འདིར་ནི་ཐུབ་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བསོད་སྙོམས་དོན་གཉེར་འདོད་ཆགས་བྲལ་ལ་བདག་ཉིད་སྔོན་སྐྱིད་བསོད་སྙོམས་སྦྱིན་པ་ལས། །རབ་ཏུ་རབ་འཇིགས་དམྱལ་བ་སྤྲུལ་ཏེ་མངོན་པར་ལོག་བརྗོད་ལྷ་

ཡི་བུ་ཡིས་བཀག་པ་ལས། །དེ་དག་མ་མཉན་དམྱལ་སྐྱེས་པདྨའི་སྡོང་བུ་མཛེས་ལ་རིམ་གྱིས་གོམ་པ་དོར་ནས་ནི། །དེ་འདིར་བདུད་ལས་རྒྱལ་གྱུར་ལྷ་མིའི་བླ་མ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །སྦྱིན་ལ་གོམས་པས་རབ་ཏུ་ཕུལ་བྱུང་མཐའ་དག་རྟོག་
པའི་ཚོང་དཔོན་གང་གི་ནོར། །ལྷ་ཡི་དབང་པོ་དེ་ཡི་ནོར་སྦས་ན་ཡང་ཟད་པར་མ་ནུས་དེ་ནི་སྦྱིན་པའི་ཆོས་དང་ལྡན། །འདི་ལྟར་དེས་ནི་ཕོངས་པ་ཟིལ་མནན་ཉམས་པར་བྱེད་བཅོམ་པ་དེ་ཡི། །ཉོན་མོངས་རབ་ཟད་སྟོབས་བཅུའི་སྟོབས་མདའ་སྟོན་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །
རི་བོང་ལུས་འཛིན་བརྒྱ་བྱིན་ལུས་གཞན་བསྒྱུར་བ་གང་དེ་རྣམ་སྤྲུལ་དུ་མེད་པ་ཡི་མེ། །རབ་གསལ་གསེར་གྱི་འོད་འཚེར་མེ་སྟག་ཚོགས་འཕྲོ་མི་བཟད་པར་ནི་མཆོངས་ནས་བྱིན་པར་གྱུར། །དེ་ནི་དབང་པོས་མངོན་པར་གསལ་བར་བསྟན་པའི་དོན་དུ་སྦྱིན་པ་འདི་ནི་ངོ་མཚར་ཚུལ། །ཟླ་བའི་དཀྱིལ་
འཁོར་ལ་མཚན་དེ་རྗེས་ཐུབ་པ་མཆོག་གི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བྲམ་ཟེ་ཨ་ག་སྟི་ཞེས་བྱ་བ་གང་བྱུང་རྒྱས་པའི་ཁྱིམ་སྐྱེས་རྩྭ་དང་འདྲ་བར་ནི། །བདེ་བས་ཡིད་བྱུང་རབ་ཞི་ངེས་པར་བྱུང་བའི་གླིང་ནི་ཉེ་གྱུར་ཏེ། །འདབ་མ་བཙོས་པ་ཙམ་ཞིག་གིས་ཚིམ་དེ་ཡང་དབང་པོས་སྦས་བྱས་
མཐའ་དག་རིག་མོད་ཀྱི། །གང་འདུག་ངེས་ཚིམ་བསྟན་པས་ཕུང་ཚོགས་མཐའ་དག་རྩོད་རྒྱལ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ས་ཡི་བདག་པོའི་བླ་མ་བྱམས་པའི་སྟོབས་ནི་བྱུང་གྱུར་གང་གི་ཡང་དག་དོན་གྱི་མིང་། །བདག་ཉིད་ལུས་ནི་བདག་གིས་བཅད་ཅིང་ཕུག་སྟེ་ཤ་དང་ཁྲག་
དག་ཟོས་ཤིང་འཐུང་གྱུར་གང་། །གནོད་སྦྱིན་ལྔ་ནི་ཐོག་མར་མངོན་པར་བྱུང་བས་དེ་ཁོ་ན་ཉིད་ཐོབ་པས་ཚིམ་མཛད་རྒྱལ་བ་ཉིད། །གཅིག་པུ་རྗེས་བརྩེ་དྲི་མ་མེད་པའི་རྒྱ་མཚོའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །རང་གི་སྲོག་དང་མཉམ་པའི་བུ་ནི་གསར་པའི་ལུས་དང་ཡིད་འོང་བཙུན་མོ་
རྗེས་སུ་མཐུན་པ་དག །སྡུག་བསྔལ་ཟུག་རྔུར་ལྡན་པའི་མུན་སྦྲུལ་བྲམ་ཟེས་རབ་འགྱེད་བཞིན་ཡང་རབ་དགས་ལེགས་པར་བྱིན། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ་ནི་སྨོན་ལམ་མི་གཡོ་གང་གིས་ཐམས་ཅད་སྒྲོལ་དེ་ཡིས། །སྲིད་གསུམ་དམན་པའི་འདོད་ལས་རྣམ་པར་

རྒྱལ་བར་གྱུར་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །མཆོད་སྦྱིན་བརྩམས་ཕྱིར་རང་གི་འཇིག་རྟེན་དག་ལ་འདི་སྐད་སྨྲས་ཏེ་སྐྱེས་བུ་དག །འདི་ལྟར་སྐྱེ་བོ་སྡིག་པས་མཆོད་སྦྱིན་བྱེད་རྣམས་མྱུར་དུ་རླག་པར་འགྱུར་རོ་ཞེས་ཐོས་ཀྱི། །འདིར་ནི་སྐྱེ་བོའི་ཚོགས་རྣམས་སྡིག་པ་ལས་
ལྡོག་དགེ་བ་བཅུ་ཡི་ལམ་ཉིད་ལ་གཞག་ཅིང་། །འཕེལ་བར་བྱེད་པ་གང་ཡིན་ཐུབ་དེའི་རྗེས་སུ་སྙན་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ལྷ་མིན་གྲོང་ཁྱེར་ཚལ་དུ་ལྷ་རྣམས་ཕམ་གྱུར་ལྷན་ཅིག་བྲོས་ཚེ་བརྒྱ་བྱིན་གཟུགས་འཛིན་ཀྱིས། །མཁའ་ལྡིང་ཕྲུ་གུ་ཤིང་རྟའི་ལམ་
གནས་ཉམས་པར་མཐོང་སྟེ་ལྷ་རྣམས་ལྷ་སྨྲ་བརྩེ་བ་ཡིས། །བདག་ཉིད་གཅིག་པུའི་ཤིང་རྟ་ཕྱིར་ལོག་གྲོང་ཁྱེར་ས་གཞིར་ཞུགས་ཏེ་གང་གིས་ལྷ་མིན་ལས། །རྒྱལ་གྱུར་དེ་ཡི་རྗེས་བརྩེས་འགྲོ་བ་གསུམ་ལས་རྣམ་རྒྱལ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བྲམ་ཟེ་གང་ཞིག་ལེགས་
པར་སྤྱོད་དང་ཡུལ་གཞན་བརྟན་ཞིང་ཟབ་མོའི་ཤེས་དང་ལྡན་དབུལ་བོར། །རང་གི་རྣམ་གསལ་བྱས་ནས་སུས་ཀྱང་མ་ཚོར་བར་ནི་བརྐུར་རུང་ཞེས། །མཁན་པོའི་ཆོ་གས་གཞན་ནོར་བརླག་བསྟན་འགོག་པར་བྱེད་ལྡན་དེ་ནི་སློབ་མས་མ་མཉན་ཏེ། །གཞན་གྱི་ནོར་བརླག་མི་བྱེད་རྙོག་
པ་མེད་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བུད་མེད་རིན་ཆེན་གང་ཞིག་ཇི་བཞིན་དོན་མིང་མཐའ་དག་འཇིག་རྟེན་མྱོས་བྱེད་བྱུང་བར་གྱུར། །ས་ཡི་བདག་པོ་ཤིན་ཏུ་གཞོན་སྡུག་དེ་ལས་སྐྱེས་པའི་འདོད་ཆགས་ཐོབ་གྱུར་ན་འང་གང་དེ་ལ། །དེ་ལས་བྱུང་བའི་མེ་ཡིས་བདག་གི་
སྲོག་བསྲེགས་ཀྱང་ནི་ཚུལ་ཁྲིམས་ལྷོད་ཅིང་ཉམས་མ་གྱུར། །དེ་ལྟའི་ཚུལ་ཁྲིམས་ཕུང་པོས་གསལ་ཞིང་རབ་ཏུ་སྙན་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གང་ཞིག་གྲུ་བོའི་ཚོང་པས་འགྲོན་བསྒྲུབས་འདོད་པས་གསོལ་བཏབ་དེ་དག་བལྟས་ནས་གྲུ་བོར་ནི། །དཀའ་བས་བདག་
ཉིད་ཞུགས་གྱུར་རླུང་ཆེན་ཤུགས་རླབས་ཀྱིས་ནི་རྒྱ་མཚོར་བྱིང་བར་གྱུར་པའི་ཚེ། །བདེན་པའི་ཚིག་བརྗོད་པས་ནི་རླུང་གིས་གྲུ་བོ་ཕྱིར་ལོག་དགའ་མཐའི་ངོས་སུ་ཁྱེར་སོང་གྱུར། །རབ་མཐོ་བསྟེན་པའི་བདེན་པའི་ཚིག་དེས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ལྟེང་ཀ་ཉི་མའི་ཟེར་གྱིས་སྐམས་པར་

གཉེན་ཚོགས་དང་བཅས་ཉ་དག་ལ་ནི་ཁྭ་ལ་སོགས། །བྱ་ཚོགས་རྒྱགས་པས་ཕྱོགས་ཀུན་ནས་བསྐོར་ཟ་བར་འདོད་པ་རྣམས་ལ་བདེན་པའི་ཚིག་དག་གིས། །བྱིན་རླབས་གང་བརྗོད་མྱུར་བར་ལྷ་ཡི་བདག་པོས་ཆར་གྱི་རྒྱུན་ཕབ་སྲོག་ཆགས་རྣམས་ལ་ཡིད་མཐུན་པས། །
རྗེས་སུ་སྲུང་བྱེད་རབ་ཞིའི་རང་བཞིན་བློ་གྲོས་ཅན་དེས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གང་ཞིག་ཆུ་འཛིན་གཞན་གྱི་ཟེར་ལས་རྒྱལ་བའི་མེ་ཡིས་བསྲེགས་ཏེ་དེ་དག་རླུང་གིས་བསྐྱོད་པ་ཡི། །མེ་རྣམས་ཀྱིས་ནི་ནམ་མཁའ་ཁྱབ་པར་བྱས་ཏེ་སྲེག་པ་ཕྲུ་གུ་ཟ་བར་འདོད་འདྲ་ལ། །དེས་ནི་ཞི་
བྱེད་བདེན་པའི་ཚིག་གིས་བྱིན་གྱིས་བརླབས་བརྗོད་པ་ལས་ཞི་བ་ཐོབ་པར་གྱུར། །བརྫུན་གྱི་ཚིག་ལས་སླར་ལོག་བཟོད་པ་དང་ལྡན་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །མི་ཡི་བདག་པོ་ཐམས་ཅད་བཤེས་གཉེན་ཆང་འཐུང་བ་ལས་མངོན་པར་དགའ་བ་ཉིད་གྱུར་དབང་པོས་ནི། །སྐྱེས་བུ་དེ་
དག་མཐོང་སྟེ་བྲམ་ཟེའི་གཟུགས་བསྒྱུར་ཆང་གིས་གང་བའི་བུམ་པ་གང་ཞིག་ཐོགས། །མི་བདག་སྐྱེ་ཚོགས་བཅས་པ་དེ་དག་མདུན་དུ་ཆང་གི་ཉེས་པ་གང་དག་བསྟན་པ་ཡིན། །དེ་ལས་དེས་ནི་ཐམས་ཅད་རྣམ་པར་བཏུལ་ཏེ་སྐྱོན་སྤངས་པ་ཡི་མཐུ་ལྡན་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །
བདག་ཉིད་རིགས་དང་ལྡན་པ་འགའ་ཞིག་བྱུང་གྱུར་འདོད་པ་རྒྱས་པའི་ཁྱིམ་ལས་ཡིད་ཕྱུང་ནས། །ཞི་བདེ་འདོད་པས་ཞི་བའི་ནགས་མཐར་སོང་སྟེ་རབ་ཏུ་བྱུང་གྱུར་ཕ་མཚུངས་དེས། །ཉེ་བར་འདོད་པའི་ཡིད་ལས་གཉེན་གཅིག་དེ་ལ་རང་ཁྱིམ་ཉེས་པ་མངོན་པར་བསྟན་ནས་ཀྱང་། །འདོད་བྱ་མིན་
བློས་རབ་མཆོག་གནས་ཀྱི་བདེ་རྙེད་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ཕ་མ་དུས་འདས་ཁྱིམ་གྱི་བདེ་ལས་སྐྱོ་བར་གང་གྱུར་བས་མཐའི་ནགས་སུ་གནས་བཅས་ཏེ། །དེས་ནི་དྲན་གཞག་བི་ས་ལ་ཡི་འདབ་མ་རྟག་ཏུ་རུང་བ་ཁམ་གྱི་ཟས་ཀྱིས་འཚོ་བྱེད་དེ། །བརྟན་ཏེ་ཉམས་སད་བྱ་
ཕྱིར་ལྷ་ཡི་དབང་པོ་དེར་སོང་གང་གི་སྐལ་བའི་འདབ་མ་ནི། །ཉིན་ལྔ་བརྐུས་ནའང་བསམ་གཏན་བརྟན་པ་བདུད་རྩིའི་རོས་འཚོ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །རྒྱལ་པོའི་གནང་ཆེན་གྱུར་ནས་ནོར་གྱི་བདག་པོ་ན་ཚོད་ཐོག་མ་ནད་མེད་པ་ཡི་ལུས་ལྡན་ཞིང་། །གཉེན་ཚོགས་རྣམས་

ལ་བྱམས་དང་ལྡན་པའི་འཇིག་རྟེན་དག་གི་དེད་དཔོན་མཆོག་ཏུ་གྱུར་པ་གང་། །རབ་ཏུ་བྱུང་བར་གྱུར་ཅེས་འདི་ལྟར་མི་བདེན་པར་ཡང་ཡོན་ཏན་བསྒྲགས་པས་བསྐུལ་ནས་ནི། །ལེགས་པར་རབ་བྱུང་མཐའ་དག་ཡོན་ཏན་གཏམ་གྱི་འབྲས་བཅས་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ཁྱིམ་
གནས་དགའ་ཡང་ཉེ་བར་སྤངས་གྱུར་གང་འགར་བརྩེ་བ་ཁོ་ནས་ཆུང་མ་གཅིག་ཡོད་ལས། །བས་མཐའ་གང་དུ་གནས་བཅས་རབ་ཞི་དགའ་བས་གནས་ལས་དེར་ནི་རྒྱལ་པོ་གང་གིས་དེ། །བརྟག་ཕྱིར་བརྟུལ་ཞུགས་ལེགས་ཞེས་བསྟོད་ནས་ཁྱིམ་ཐབ་ཕྲོགས་ཀྱང་རབ་ཏུ་ཁྲོ་བ་ངེས་བཅོམ་སྟེ། །དེ་ལ་སླར་
ཡང་ཆོས་བསྟན་རྣམ་རྒྱལ་དེ་ཡི་རྗེས་སུ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །སྣ་ཚོགས་ཡིད་བཞིན་མཚོ་ནི་དྲི་མ་མེད་པར་བཞིན་བཟངས་མདུན་བདར་ངང་པའི་རྒྱལ་པོ་ནི། །རྒྱལ་པོ་ཐོབ་གྱུར་བློན་པོར་བཅས་བཟུང་ནས་ནི་ཚངས་པས་བྱིན་གྱིས་རྒྱལ་པོ་ཐོབ་གྱུར་ཏེ། །ཆོས་བསྟན་ཀུན་ནས་ཉོན་མོངས་
སྲ་བའི་བྱ་རྙི་ལས་གྲོལ་གང་གྱུར་འགྲོ་བ་གསུམ་པོ་ཡི། །ཉོན་མོངས་རྙི་རྣམས་རབ་ཏུ་བཅོམ་པའི་མཁས་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །རྒྱལ་པོ་གང་གི་གནས་ན་གཅིག་ཏུ་བྱམས་དང་ལྡན་པའི་ཀུན་དུ་རྒྱུ་ཞིག་ཡོད་གྱུར་ལ། །དེ་ཡི་བཀའ་རིག་ནས་ནི་བདག་ཉིད་དེ་གནས་ལས་སོང་
གང་ཞིག་གཅིག་ཏུ་ཞི་བའི་ནགས་མཐར་གནས། །དེར་ནི་མངོན་ཤེས་ཡེ་ཤེས་ཐོབ་བྱས་སླར་ཡང་མི་བདག་དེ་ཡི་ལོག་ལྟའི་དྲ་བ་ལས། །རབ་ཏུ་བསྲུངས་ཏེ་ལྟ་བ་སྤངས་གྱུར་སྨན་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བས་མཐའ་གང་དུ་སྤྲེའུའི་བདག་ཉིད་གྱུར་ནས་མི་ཡི་ཡོན་ཏན་ལས་རྒྱལ་
ལེགས་པའི་ཡོན་ཏན་ཅན། །དེར་ནི་མི་ཞིག་སྡོང་པོ་མཆོག་ཆག་གཡང་ས་ཆེར་ལྷུང་ཁུང་བུར་ཆོ་ངེས་འདོན་པ་མཐོང་བར་གྱུར། །མཐོང་ནས་ཀྱང་ནི་འདི་ལྟར་སྙིང་ལ་རྗེས་བརྩེ་ཡོངས་ལྡན་གང་དེས་མཆོངས་ནས་ཕྱུང་སྟེ་བརྟས། །མི་བདེ་རྣམས་ལས་སྲིད་གསུམ་ཕན་པར་མཛད་པ་དེ་ཡི་ཆོས་ཀྱི་
གཎྜཱིའི་སྒྲ་བསྒྲགས་སོ། །མི་བདག་གང་ཞིག་དངོས་སུ་རི་དགས་ཤ་ར་བྷ་ཡི་རི་དགས་གསད་ཕྱིར་རྟ་ལ་ཞོན་ནས་ནི། །མགྱོགས་བརྒྱུགས་པ་ལས་ཁྲོན་པར་ལྷུང་ནས་དེ་མངོན་སོང་སྟེ་གཡང་ས་ལས་གང་ཕྱུང་གྱུར་པ། །མི་ཤེས་པ་དང་བུ་ཡང་མཚུངས་ཉིད་ལྟ་བུ་ཁོ་ནར་བྱས་ཏེ་རྗེས་སུ་བརྩེ་བ་

ཡིས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཀུན་ཟད་མཛངས་པར་གྱུར་དེས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །མི་གང་ཆུ་བོས་ཁྱེར་གྱུར་སྣ་ཚོགས་མཛེས་པའི་རུ་རུའི་རི་དགས་ཀྱིས་ནི་ཕྱུང་ནས་སུ། །འདི་སྐད་མངགས་ཏེ་འཇིག་རྟེན་སུ་ལའང་མ་སྨྲ་ཁོ་བོ་གནས་ཀྱང་མ་
བརྗོད་ཞེས་པ་ལས། །དེས་ནི་ས་འཛིན་ལ་ནི་ལག་པས་མི་རྣམས་ལ་བསྟན་མཁྲིག་མ་གཅིག་ནི་ཆད་པར་གྱུར། །མི་དེའང་སྐྱབས་ཤིང་མི་ཡི་དབང་པོ་ལ་ནི་གདམས་བྱས་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གནས་གང་ཞིག་ན་ལྗོན་པའི་རི་དང་ལྡན་པའི་འབྲས་བུ་ལྷུང་གྱུར་ཆུ་བོས་ཁྱེར་བ་
ཞིག །རྒྱལ་པོ་དེ་ཡི་མཐུ་རྩལ་རྗེས་སུ་འཚོལ་བས་རང་གི་གཉེན་རྣམས་གསད་འདོད་རི་བོའི་རྩེར། །རང་གི་རྐང་པ་གཉིས་ཆར་རབ་ཏུ་སྲ་བར་བཅིངས་ཏེ་སྲ་བར་བྱས་ནས་མཐར་ཕྱུང་ནུས། །ངལ་བས་དེར་ནི་བདག་ཉིད་དོར་གྱུར་དེ་ཡི་རྗེས་སུ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །བརྫུན་
པས་རབ་ཏུ་བརྟགས་པའི་སྐྱོན་གྱིས་ཉམས་པར་འོས་པའི་བློ་གྲོས་ཅན་ཡིད་རང་གི་ལུས། །འདར་ཞིང་ཁྲོ་བས་མི་བདག་འཇིགས་བྱེད་མིག་ནི་དམར་ཞིང་ཉོན་མོངས་རལ་གྲི་ས་རབ་ཏུ་བཅོམ། །བདེན་པའི་དོན་ཅན་བཟོད་པར་སྨྲ་བས་རང་ལུས་ལྟོས་དོར་གང་ཞིག་འགར་ཡང་མི་བཟོད་པས་
རབ་ཏུ་གནོད་པར་བྱེད་ལ་གནོད་བཟོད་ཡིད་ལ་བྱེད་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །མི་ཡི་བདག་པོ་ཡན་ལག་བྱིན་ནི་མི་དགེ་ཆད་ལྟ་རབ་ཏུ་བསྐྱེད་ལ་ཚངས་པར་གྱུར་པ་ཡིས། །མདུན་གྱི་ནམ་མཁར་གནས་ཏེ་རབ་ཏུ་གསལ་བའི་ཚིག་གིས་སུན་ཕྱུང་འཇིག་རྟེན་གཞན་པ་ནི། །ཐུགས་
བརྩེས་བསྲུངས་ཏེ་མི་ཤེས་པ་ཡི་མུན་པ་མཐའ་དག་རབ་ཏུ་བཅོམ་ནས་མི་བདེན་པའི། །ལྟ་བའི་དྲ་བ་གཅོད་བྱེད་བློ་གྲོས་ལྡན་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ཤིན་ཏུ་མཐུག་པའི་ནགས་སུ་གནས་ནས་ཕྱུང་ཚེ་མི་ནི་བདུན་བརྒྱ་མཐོང་ནས་ཉེ་བ་ཡི། །རི་བོའི་སྟེང་ན་གླང་ཆེན་མཆོག་ནི་ཤི་
བའི་ཤ་ཡོད་སོང་ལ་ལམ་བརྒྱགས་བྱོས་ཞེས་སྨྲས། །གླང་པོའི་རྒྱལ་པོ་གང་ཞིག་བརྩེ་བར་ལྡན་བྱའི་རི་བོའི་རྩེ་ནས་བདག་ཉིད་ལུས་མཆོངས་དོར། །སྲོག་ཆགས་རྣམས་ལ་བྱམས་ལྡན་རྡུལ་རྣམས་སྤངས་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གང་ཞིག་ཤིན་ཏུ་དུལ་བས་ཚ་གདུང་མི་ཡི་སྒྱུ་

མ་དང་ནི་ཤ་ཚིལ་གློ་བས་མངོན་གང་བར། །སུ་ད་ས་ནི་ཆོས་ཀྱི་དབྱི་གུས་དཔེ་མེད་བརྩེ་བ་བརྩོན་འགྲུས་བདེན་པ་རབ་ཏུ་འཁྲུངས། །དེ་ཐབས་སྨོན་པས་སྲོག་ཆགས་སྨན་པ་དང་ནི་བདེ་བའི་ཆོ་གས་སྲིད་པའི་གནས། །སྡུག་བསྔལ་རྒྱུ་དང་སྡུག་བསྔལ་སླར་ཟློག་པ་ཡི་དོན་བྱས་ཆོས་ཀྱི་གཎྜཱིའི་སྒྲ་
བསྒྲགས་སོ། །ན་དང་སྐྱེ་བ་ལ་སོགས་ཟུག་རྔུ་འཇིགས་པ་མང་པོ་མཐོང་སྟེ་འབར་བའི་མེ་སྟག་རབ་འཕྲོ་བའི། །ཁང་པ་ཉེ་བར་ཞི་བྱའི་ཕྱིར་ནི་འགྲོ་འདི་མཐའ་དག་སྐྱོ་བའི་སེམས་གྱུར་ཅིང་། །རྒྱལ་པོའི་ཕུན་ཚོགས་ཇི་ལྟར་རྩྭ་བཞིན་གང་སྤངས་ལྕགས་ཁྱིམ་ཆེན་པོར་བསྲུངས་ན་ཡང་། །
ནགས་མཐར་རབ་ཏུ་སོང་གྱུར་དེ་ཡི་རྗེས་སུ་ལེགས་པའི་སྤྱོད་ལྡན་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །རྟག་ཏུ་མང་པོའི་རྣམ་པས་རྣམ་པར་གནོད་བྱེད་ཡལ་ག་རི་དགས་འདུག་པ་འཁྲུགས་པས་ནི། །གང་འདོད་མཆོག་གི་ལུས་ཅན་ལང་ཚོ་ལྡན་པའི་མ་ཧེ་ལ་ནི་གནོད་སྦྱིན་གྱིས་བསྐུལ་ནས། །
གང་བརྗོད་མཐའ་དག་ཤིན་ཏུ་བཟོད་པའི་ཡོན་ཏན་གཏེར་གྱུར་ཐར་པའི་ལམ་གྱི་གཙོ། །བཟོད་པའི་འབྱུང་གནས་དང་མཚུངས་པ་ཡི་མི་གཡོ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །གང་ཞིག་འདབ་གཤོག་རྒྱས་པ་ཡོན་ཏན་བརྒྱ་ཕྲག་རབ་མཆོག་ཡང་དག་བརྒྱན་པའི་བདག་ཉིད་ཀྱི། །
བྱ་ཞིག་བྱུང་གྱུར་རི་དགས་དགྲ་ཡི་མགྲིན་པར་རུས་པའི་དུམ་བུ་རིང་པོར་ཟུག་པ་ཕྱུང་བྱས་ཏེ། །རི་དགས་དེས་སླར་བསད་ཅིང་ཟ་ཕྱིར་བརྙས་ཐོབ་གྱུར་མོད་དེ་ནི་ནུས་ནའང་ཁྲོ་མ་གྱུར། །བཟོད་པའི་ཞིང་དེའི་འཆི་མེད་རང་བཞིན་འབྲས་བུ་བཅས་གྱུར་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། །ཇི་
སྲིད་རི་རབ་ཉི་མ་ཟླ་བས་རབ་གསལ་རྩེ་ནས་འོད་ཆེན་འཕྲོས་པས་སྣང་བར་བྱས་ལྗོངས་དང་། །ཇི་སྲིད་ཆུ་བོ་འཛིན་ཁྲི་ཉ་དང་ཆུ་སྲིན་རླུང་རྣམས་ཀྱིས་དཀྲུགས་གནས་ནི་ལན་ཚྭའི་རྒྱ་མཚོ་དང་། །ཇི་སྲིད་ས་ནི་རི་དང་གྲོང་དང་ལྗོན་ཤིང་ནགས་ཚལ་གྲོང་ཁྱེར་ལྗོངས་དང་ལྟེང་རྒྱུན་འབབ་བཅས་
གནས། །དེ་སྲིད་མདོར་ན་སྟོན་པའི་བཀའ་ཡིས་སྲིད་པའི་ཁང་པ་མི་བཟད་ལྷུང་གྱུར་འགྲོ་བ་མཐའ་དག་རབ་ཞི་ཤོག །བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ་རྫོགས་སོ།། །།དཔལ་

ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོ་དང་། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀ་ཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་
བྱ་བ་རིན་པོ་ཆེའི་ཕྲེང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ། །རྒྱལ་པོ་ཁྱོད་ལ་ཆོས་
སྒྲུབ་ཕྱིར། །གཅིག་ཏུ་དགེ་བའི་ཆོས་བཤད་དེ། །དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ་གང་ཞིག་ལ། །དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང་། །
དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ཡི་བསྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་པོ། །དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་སྔོན་འགྲོ་བ་དད་པ་ཡིན། །འདུན་དང་
ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་
མཁས་པ། །མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྦོད་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་
ཡིན། །ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་མི་འཚེ་དང་གུས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ལུས་གདུང་བྱེད་པ་འབའ་ཞིག་ལས། །ཆོས་མེད་འདི་ལྟར་དེ་ཡིས་ནི། །གཞན་ལ་གནོད་པ་སྤོང་མེད་ཅིང་། །གཞན་ལ་ཕན་འདོགས་

ཡོད་མ་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་གསལ་བ། །དམ་ཆོས་ལམ་པོ་ཆེ་ལ་གང་། །མ་གུས་ལུས་གདུང་གནག་ལམ་ལྟའི། །ལམ་གོལ་དག་ནས་འགྲོ་བ་དེ། །འཁོར་བའི་འབྲོག་ནི་མི་བཟད་པའི། །མཐའ་ཡས་སྐྱེ་བོ་ཤིང་ཅན་དུ། །ཉོན་མོངས་གདུག་པས་འཁྱུད་པའི་ལུས། །
ཤིན་ཏུ་ཡུན་རིང་འཇུག་པར་འགྱུར། །གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་
འབྲེལ་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུངས་པས་ནི་བློ་འཁྲུལ་ཏེ། །སྦྱིན་པ་མ་བཏང་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་
རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་དང་པོ་ངན་འགྲོར་རོ། །མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་
ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་དེ་དགེ་བ་ཡིན། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་
བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་ལྡོག་བྱ་ཞིང་། །དགེ་ལ་རྟག་ཏུ་འཇུག་བྱ་བ། །ཆོས་འདི་རྣམ་པ་གཉིས་སུ་བཤད། །ཆོས་འདིས་དམྱལ་བ་ཡི་དགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །
ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ཀྱི། །ཚངས་སྩོགས་བདེ་བ་མྱོང་བར་བྱེད། །དེ་ལྟར་མངོན་མཐོའི་ཆོས་འདི་དང་། །དེ་ཡི་འབྲས་བུ་མདོར་བསྡུས་པའོ། །ངེས་པར་ལེགས་པའི་ཆོས་དག་ཀྱང་། །ཕྲ་ཞིང་

ཟབ་པར་སྣང་བ་དང་། །བྱིས་པ་ཐོས་དང་མི་ལྡན་ལ། །སྐྲག་པར་བྱེད་པར་རྒྱལ་བས་གསུངས། །བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་དག་ནི་དེ་ལྟར་སྐྲག །མཁས་པ་ལ་ནི་སྐྲག་པ་ཟད། །སྐྱེ་དགུ་འདི་ནི་མ་ལུས་
པ། །ངར་འཛིན་པ་ལས་བྱུང་བ་དང་། །ང་ཡིར་འཛིན་ལྡན་སྐྱེ་དགུ་ལ། །ཕན་པ་གཅིག་ཏུ་གསུང་བས་གསུངས། །བདག་ཡོད་བདག་གིར་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་ལོག །གང་ཕྱིར་ཡང་དག་ཇི་ལྟ་བ། །ཡོངས་སུ་ཤེས་པས་གཉིས་མི་འབྱུང་། །ངར་འཛིན་ལས་བྱུང་ཕུང་
པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གིས་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཕུང་པོ་དེ་ལྟར་མི་བདེན་པར། །མཐོང་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཇི་ལྟར་མེ་ལོང་བརྟེན་ནས་སུ། །
རང་བཞིན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཉིད་དུ་དེ་འགའ་མེད། །ཇི་ལྟར་མེ་ལོང་མ་བརྟེན་
པར། །རང་བཞིན་གཟུགས་བརྙན་མི་སྣང་ལྟར། །ཕུང་པོ་རྣམས་ལ་མ་བརྟེན་པར། །ངར་འཛིན་པ་ཡང་དེ་དང་འདྲ། །འཕགས་པ་ཀུན་དགའ་བོ་ཡིས་ནི། །དེ་ལྟ་བུ་ཡི་དོན་ཐོས་ནས། །ཆོས་ལ་མིག་འཐོབ་བདག་ཉིད་ཀྱིས། །དགེ་སློང་རྣམས་ལ་བཟླས་ཏེ་སྨྲས། །ཇི་སྲིད་ཕུང་པོར་
འཛིན་ཡོད་པར། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་
གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །དེ་ལྟར་རྒྱུ་འབྲས་སྐྱེ་བ་དང་། །དེ་དག་ཟད་པ་ཉིད་མཐོང་ནས། །ཡང་དག་ཉིད་དུ་འཇིག་རྟེན་ལ། །ཡོད་མེད་ཉིད་དུ་མི་སེམས་སོ། །སྡུག་བསྔལ་ཐམས་ཅད་ཟད་པ་ཡིས། །

ཆོས་འདི་ཐོས་ནས་རྟོག་མེད་པ། །མི་འཇིགས་གནས་ལ་སྡར་བ་དག །ཡོངས་སུ་མི་ཤེས་ཕྱིར་སྐྲག་གོ། །མྱ་ངན་འདས་ལ་འདི་དག་ཀུན། །མེད་པར་གྱུར་ན་ཁྱོད་མི་འཇིགས། །འདིར་ནི་མེད་པར་བཤད་པ་ལ། །ཁྱོད་ནི་ཇི་སྟེ་འཇིགས་པར་བྱེད། །ཐར་ལ་བདག་མེད་ཕུང་པོ་
མེད། །གལ་ཏེ་ཐར་པ་དེ་འདྲར་འདོད། །བདག་དང་ཕུང་པོ་གསལ་བ་ལ། །འདིར་ནི་ཁྱོད་ཀོ་ཅིས་མི་དགའ། །མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་མེད་དེར་འཛིན་པ། །ཟད་པ་མྱ་ངན་འདས་ཤེས་བྱའོ། །མདོར་ན་མེད་པར་ལྟ་བ་
ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཤེས་པས་མེད་དང་ཡོད་
ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡིས་ངན་འགྲོ་བདེ་འགྲོ་ལ། །དེ་ནི་ཐར་པར་དམ་པས་བཤད། །རྒྱུ་དང་བཅས་པས་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །རྒྱུ་དང་བཅས་པས་འགག་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །སྔར་
སྐྱེས་པ་དང་ལྷན་ཅིག་སྐྱེས། །རྒྱུ་མིན་དོན་དུ་རྒྱུ་མེད་དོ། །བཏགས་དང་ཡང་དག་ཉིད་དུ་ན། །སྐྱེ་བའང་རབ་ཏུ་མ་གྲགས་ཕྱིར། །འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་པས་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། །
རིང་པོ་ཡོད་ན་ཐུང་ངུ་ཉིད། །རང་གི་ངོ་བོ་ལས་མ་ཡིན། །མར་མེ་བྱུང་བ་མེད་པའི་ཕྱིར། །འོན་ཀྱང་འབྱུང་བ་མེད་པ་བཞིན། །དེ་ལྟར་རྒྱུ་འབྲས་སྐྱེ་མཐོང་ཞིང་། །འཇིག་རྟེན་འདི་ན་ཇི་བཞིན་དུ། །སྤྲོས་ལས་བྱུང་བར་ཁས་བླངས་ནས། །མེད་པ་ཉིད་དུ་ཁས་མི་ལེན། །འགོག་
པ་སྤྲོས་ལས་མ་བྱུང་བ། །ཡང་དག་ཇི་བཞིན་ཉིད་གྱུར་པ། །ཁས་ལེན་ཡོད་པ་ཉིད་མི་འགྱུར། །དེས་ན་གཉིས་མི་བརྟེན་པ་གྲོལ། །ཐག་རིང་ནས་ནི་མཐོང་བའི་གཟུགས། །ཉེ་བ་རྣམས་ཀྱིས་གསལ་བར་མཐོང་། །སྨིག་རྒྱུ་གལ་ཏེ་ཆུ་ཡིན་ན། །ཉེ་བ་རྣམས་ཀྱིས་ཅིས་མི་མཐོང་། །

ཇི་ལྟར་རིང་བ་རྣམས་ཀྱིས་ནི། །འཇིག་རྟེན་འདི་ནི་ཡང་དག་མཐོང་། །དེ་ལྟར་དེ་དང་ཉེ་རྣམས་ཀྱིས། །མི་མཐོང་མཚན་མེད་སྨིག་རྒྱུ་བཞིན། །ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ། །ཆུ་མིན་དོན་དུ་མ་ཡིན་པ། །དེ་བཞིན་ཕུང་པོ་བདག་འདྲ་བ། །དེ་དག་བདག་མིན་དོན་
དུ་མིན། །སྨིག་རྒྱུ་ལ་ནི་འདི་ཆུ་ཞེས། །བསམ་དེ་དེ་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་པའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མེད་པ་
པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །
གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །གང་དག་དོན་གྱི་མེད་ཉིད་དུ། །དམ་མི་འཆའ་ཞིང་མི་སྤྱོད་པ། །བྱང་ཆུབ་རྟེན་ཕྱིར་སེམས་མེད་ན། །དེ་དག་ཇི་ལྟར་མེད་པར་བཤད། །གང་
ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་འདི་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་
ཞེས་གྱིས། །ཞིག་ནས་འགྲོ་མེད་འོང་མེད་ཅིང་། །སྐད་ཅིག་ཀྱང་ནི་མི་གནས་པ། །དེ་ལྟར་དུས་གསུམ་འདས་པའི་བདག །འཇིག་རྟེན་དོན་དུ་ཅི་ཡོད་དམ། །གང་ཕྱིར་གཉིས་ཀའང་ཡང་དག་ཏུ། །འགྲོ་དང་འོང་དང་གནས་མེད་པ། །དེ་ཕྱིར་འཇིག་རྟེན་མྱ་ངན་
འདས། །དོན་དུ་ཁྱད་པར་ཇི་ལྟ་བུ། །གནས་པ་མེད་ཕྱིར་སྐྱེ་བ་དང་། །འགག་པ་ཡང་དག་ཉིད་མིན་ན། །སྐྱེ་བ་དང་ནི་གནས་པ་དང་། །འགག་པ་དོན་དུ་ག་ལ་ཞིག །གལ་ཏེ་རྟག་ཏུ་འགྱུར་ན་ནི། །ཇི་ལྟར་སྐད་ཅིག་མ་ཡིན་དངོས། །གལ་ཏེ་འགྱུར་བ་མེད་ན་ནི། །དོན་

དུ་གཞན་ཉིད་ག་ལ་འགྱུར། །ཕྱོགས་གཅིག་གམ་ནི་ཐམས་ཅད་དུ། །ཟད་པས་སྐད་ཅིག་འགྱུར་གྲང་ན། །མི་འདྲ་བ་ཉིད་མི་དམིགས་ཕྱིར། །དེ་རྣམས་གཉིས་ཀའང་རིགས་ལྡན་མིན། །སྐད་ཅིག་ཡིན་ན་རིལ་མེད་ཕྱིར། །རྙིང་པ་འགའ་ལྟ་ག་ལ་ཞིག །ཇི་ལྟར་སྐད་ཅིག་མཐའ་
ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་གོ། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་པར་བྱ། །ཐོག་མ་དབུས་དང་ཐ་མ་ཉིད། །རང་བཞིན་ལས་ཀྱང་མ་ཡིན་ནོ། །ཐ་དད་
ཕྱོགས་ཕྱིར་གཅིག་པུ་མིན། །ཕྱོགས་མེད་པ་ནི་འགའ་ཡང་མེད། །གཅིག་མེད་པར་ནི་དུ་མའང་མེད། །ཡོད་པ་མེད་ཕྱིར་མེད་པའང་མེད། །ཞིག་པ་འམ་ནི་གཉེན་པོ་ཡིས། །ཡོད་ཉིད་མེད་པར་འགྱུར་གྲང་ན། །ཡོད་པ་སྲིད་པ་མ་ཡིན་ཕྱིར། །འཇིག་པའམ་གཉེན་པོར་ཇི་ལྟར་
འགྱུར། །དེ་ཕྱིར་མྱ་ངན་འདས་པ་ཡིས། །འཇིག་རྟེན་དོན་དུ་འགྲིབ་མི་འགྱུར། །འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་ཕྱིར། །དེ་ལྟར་ཟབ་མོའི་ཆོས་རྣམས་ནི། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་
པར་ཤེས། །དེ་ལྟར་ངེས་པར་ལེགས་པའི་ཆོས། །ཟབ་མོ་ཡོངས་སུ་འཛིན་མེད་ཅིང་། །གནས་མེད་ཅེས་ནི་རྫོགས་སངས་རྒྱས། །ཐམས་ཅད་གཟིགས་པ་རྣམས་ཀྱིས་གསུངས། །གནས་མེད་ཆོས་འདིས་སྐྲག་པ་ཡིས། །སྐྱེ་བོ་གནས་ལ་མངོན་དགའ་ཞིང་། །ཡོད་དང་མེད་ལས་མ་
འདས་པ། །མི་མཁས་རྣམས་ནི་ཕུང་བར་འགྱུར། །འཇིགས་མིན་གནས་འཇིགས་དེ་དག་ནི། །ཕུང་ལ་གཞན་ཡང་ཕུང་བར་བྱེད། །རྒྱལ་པོ་ཕུང་བ་དེ་དག་གིས། །ཅི་ནས་མི་ཕུང་དེ་ལྟར་གྱིས། །རྒྱལ་པོ་ཁྱོད་ནི་མི་ཕུང་བར། །བགྱི་སླད་འཇིག་རྟེན་འདས་ཀྱི་ཚུལ། །གཉིས་ལ་མི་
བརྟེན་ཡང་དག་པ། །ཇི་བཞིན་ལུང་གི་དབང་གིས་བཤད། །སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀྲོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་གི་ཡང་། །གནས་མེད་འཇིགས་པས་མ་མྱངས་པའོ། །སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་

མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བ། །དེ་བཞིན་ཁམས་ནི་རེ་རེ་ལའང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་
དེ་མིན་དེ་མེད་མིན། །ཕུང་བདག་མེ་ཤིང་ལྟར་འདྲེས་མིན། །དེ་ཕྱིར་བདག་ནི་ཇི་ལྟར་ཡོད། །འབྱུང་གསུམ་ས་མིན་འདི་ལ་མིན། །དེ་ལ་འདི་མིན་དེ་མེད་མིན། །རེ་རེའང་དེ་བཞིན་དེ་ཡི་ཕྱིར། །འབྱུང་བ་རྣམས་ཀྱང་བདག་བཞིན་བརྫུན། །ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེའང་ངོ་བོ་ཉིད་དུ་
མེད། །གང་གསུམ་མེད་པར་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་དོ། །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་ན། །སོ་སོར་ཡོད་པ་མ་ཡིན་ཏེ། །ཇི་ལྟར་འདུས་པ་སྐྱེད་པར་འགྱུར། །འོན་ཏེ་སོ་སོར་རང་ཡོད་ན། །བུད་ཤིང་མེད་པར་མེ་ཅིས་
མེད། །གཡོ་དང་ཐོགས་དང་སྡུད་པ་དང་། །ཆུ་དང་རླུང་དང་ས་དེ་བཞིན། །འོན་ཏེ་མེ་འདི་གྲགས་ཡིན་ན། །ཇི་ལྟར་ཁྱོད་ཀྱིས་གསུམ་གཞན་རང་། །གསུམ་པོ་རྟེན་ཅིང་འབྱུང་བ་དང་། །ཆོས་མི་མཐུན་པར་རུང་བའང་མིན། །སོ་སོར་རང་ཡོད་དེ་དག་ནི། །ཇི་ལྟ་བུར་ན་ཕན་ཚུན་ཡོད། །སོ་སོར་
རང་ཡོད་མ་ཡིན་པ། །དེ་དག་ཇི་ལྟར་ཕན་ཚུན་ཡོད། །སོ་སོ་རང་གི་ཡོད་ཅེ་ན། །གང་ན་གཅིག་དེར་ལྷག་མ་རྣམས། །མ་འདྲེས་པ་རྣམས་གཅིག་གནས་མེད། །འདྲེས་པ་སོ་སོར་རང་ཡོད་མིན། །སོ་སོར་རང་མེད་འབྱུང་བ་རྣམས། །སོ་སོའི་རང་མཚན་ག་ལ་ཡོད། །སོ་སོ་རང་མེད་ཤས་
ཆེར་འང་མེད། །མཚན་ཉིད་དག་ནི་ཀུན་རྫོབ་བཤད། །ཁ་དོག་དྲི་རོ་རེག་པ་དག །དེ་དག་ལ་ཡང་ཚུལ་འདི་ཡིན། །མིག་དང་རྣམ་ཤེས་གཟུགས་རྣམས་དང་། །མ་རིག་ལས་དང་སྐྱེ་བ་དང་། །བྱེད་པོ་ལས་དང་བྱ་བ་གྲངས། །ལྡན་དང་རྒྱུ་འབྲས་དུས་དང་ནི། །ཐུང་དང་རིང་སོགས་
ཤེས་བྱ་དང་། །མིང་དང་མིང་ཅན་དེ་བཞིན་ནོ། །ས་དང་ཆུ་དང་མེ་དང་རླུང་། །རིང་ཐུང་ཕྲ་དང་སྦོམ་ཉིད་དང་། །དགེ་སོགས་ཉིད་ནི་རྣམ་ཤེས་སུ། །འགག་པར་འགྱུར་ཞེས་ཐུབ་པས་གསུངས། །རྣམ་ཤེས་བསྟན་མེད་མཐའ་ཡས་པ། །ཀུན་དུ་བདག་པོ་དེ་ལ་ནི། །ས་དང་ཆུ་དང་

མེ་དང་ནི། །རླུང་གིས་གནས་ཐོད་འགྱུར་མ་ཡིན། །འདིར་ནི་རིང་དང་ཐུང་བ་དང་། །ཕྲ་སྦོམ་དགེ་དང་མི་དགེ་དང་། །འདིར་ནི་མིང་དང་གཟུགས་དག་ཀྱང་། །མ་ལུས་པར་ནི་འགག་པར་འགྱུར། །གང་མ་ཤེས་ཕྱིར་རྣམ་ཤེས་ལ། །སྔོན་ཆད་འབྱུང་བ་དེ་ཀུན་ནི། །དེ་ཤེས་ཕྱིར་ན་རྣམ་
ཤེས་སུ། །ཕྱིས་ནི་དེ་ལྟར་འགག་པར་འགྱུར། །རྣམ་ཤེས་མེ་ཡི་བུད་ཤིང་ནི། །འགྲོ་ཆོས་འདི་ཀུན་ཡིན་པར་འདོད། །དེ་དག་ཇི་བཞིན་རབ་འབྱེད་པའི། །འོད་དང་ལྡན་པས་བསྲེགས་ནས་ཞི། །མི་ཤེས་པ་ནི་སྔོན་བརྟགས་པ། །ཕྱིས་ནི་དེ་ཉིད་ངེས་པ་དང་། །གང་ཚེ་དངོས་པོ་མི་
རྙེད་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་ཡིན།