Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 172

Văn bản gốc(Tây Tạng)

Trang 6 / 13 (50.000 ký tự/trang)
ཀྱི། །སེམས་ནི་ཟིལ་གྱིས་ནོན་མ་ཡིན། །གནས་དེ་རྣམས་སུ་ལེགས་གོམས་བློ། །སྤྱོད་ཡུལ་རྣམས་སུ་བ་ལང་བཞིན། །ལྷ་ཡི་ཡུལ་རྣམས་ཀྱིས་འཇོམས་པར། །ནུས་མིན་མི་རྣམས་ཀྱིས་ཅི་སྨྲོས། །དེ་ཕྱིར་ཤེས་རབ་མདའ་
འཛིན་ཞིང་། །བརྩོན་འགྲུས་གཞུ་ནི་ལག་པ་ན། །དྲན་པའི་གོ་ཆ་ཡོངས་བགོས་ཤིང་། །ཡུལ་གྱི་འདུ་ཤེས་ཅན་དུ་མནོས། །ལྕགས་ཀྱི་ཐུར་མ་ཚ་མོ་ཡིས། །མིག་ལ་རེག་པ་མཆོག་ཡིན་ཞིང་། །གཡོ་བའི་མིག་ཅན་བུད་མེད་ལ། །མ་རུངས་དྲན་པས་ལྟ་ཕྱིར་མིན། །གལ་
ཏེ་དུས་ནི་དེ་ཡི་ཚེ། །ཆགས་པའི་སེམས་ཀྱིས་དུས་བྱེད་ན། །དུད་འགྲོ་འམ་ནི་འོག་ཉིད་དུ། །དབང་མེད་བཅིངས་ནས་ཁྲིད་པར་བྱེད། །དེ་ཕྱིར་འཇིགས་པ་འདི་ཤེས་ནས། །མཚན་མར་སྤྲོས་པ་མི་བྱ་ཞིང་། །ལུས་པོ་ལ་ནི་གཟུགས་ཙམ་དུ། །གང་གིས་མཐོང་བ་དེ་མཐོང་ངོ་། །
དབང་པོས་འཇིག་རྟེན་ན་ཡུལ་རྣམས། །འཆི་མིན་དབང་པོ་རྣམས་དེས་མིན། །གང་ཞིག་དེ་རྣམས་ལ་ཆགས་གྱུར། །དེ་ནི་དེ་རྣམས་ལས་འཆིང་ངོ་། །བ་ལང་གཉིས་ཀྱི་སྦྱོར་བའི་ཕྱིར། །སྦྱོར་བ་ལ་གཅིག་ཇི་ལྟར་གྱུར། །ཡུལ་དང་དབང་པོ་དེ་དག་ནི། །ཆགས་པ་
ཕན་ཚུན་དེ་ལྟར་མིན། །མིག་གིས་གཟུགས་ནི་འཛིན་པ་སྟེ། །སེམས་ཀྱིས་རྣམ་པར་རྟོག་པར་བྱེད། །རྣམ་པར་རྟོག་ལས་དེར་སྐྱེ་ཞིང་། །ཆགས་དང་ཆགས་བྲལ་ཉིད་ཀྱང་ངོ་། །རྣམ་པར་མ་བརྟགས་དབང་པོའི་དོན། །གལ་ཏེ་དོན་མེད་ཆེད་གྱུར་ན། །དབང་པོའི་
སྤྱོད་ཡུལ་ལ་སྤྱོད་པ། །ཐམས་ཅད་དོན་མེད་ཀྱིས་སྦྱོར་ཏོ། །དེ་ཕྱིར་མ་དོར་དྲན་པས་དང་། །བག་ཡོད་མཆོག་ཏུ་འགྲོ་བས་དང་། །རང་དོན་རྗེས་སུ་མཐོང་བས་དང་། །གདུང་མེད་སེམས་ཀྱིས་བསྒོམ་པར་བྱ། །དེ་ལྟར་དོན་མཐར་མ་གྱུར་པའི། །དགེ་སློང་རྣམས་ལ་དེ་རྗེས་
བསྟན། །ལྟོས་བྱས་ཨ་མྲ་སྐྱོང་མ་ནི། །ཐལ་མོ་སྦྱར་བྱས་ཉེ་བར་འོངས། །དེས་ནི་ཐུགས་ཞི་དྲང་སྲོང་མ། །ཤིང་དྲུང་གནས་པ་མཐོང་ནས་ནི། །ནགས་ཀྱི་ཡོངས་སུ་ལོངས་སྤྱོད་ཀྱིས། །མཆོག་ཏུ་རྗེས་སུ་འཛིན་པ་སྙམ། །དེ་ནས་བཀུར་སྟི་མང་པོ་ལས། །གཡོ་ཡང་ལྟ་

བྱེད་རབ་བཀོད་ནས། །མེ་ཏོག་ཙམ་པ་ཀ་རྒྱས་ལྟར། །མགོ་བོས་ཐུབ་པ་ལ་ཕྱག་འཚལ། །ཀུན་མཁྱེན་གྱིས་ཀྱང་རྗེས་གནང་མ། །དེ་ནས་ས་ལ་བསྡད་པ་སྟེ། །དེ་ཡིས་བློ་ལ་བཟོད་གསུང་གིས། །ཐུབ་པས་དེ་ལ་བཀའ་སྩལ་ཏོ། །བསམ་པ་འདི་ནི་ཡོན་ཏན་ལྡན། །
རྣམ་དག་སེམས་དཔའ་ཉིད་བསྟན་ཏོ། །བུད་མེད་བྱིས་པ་ཕུལ་གནས་པ། །ཆོས་ལ་འདོད་པ་རྙེད་པར་དཀའ། །གལ་ཏེ་ཆོས་ཀྱི་བདག་ཉིད་གྱུར། །ཞེན་པས་བཅོམ་པའི་སེམས་ལྡན་པའི། །ན་རབ་མི་མོ་རྣམས་ཀྱིས་དང་། །བློ་ལྡན་མི་རྣམས་ཀྱིས་མཚར་ཅིང་། །རང་བཞིན་
གྱིས་ནི་བློ་ཆུང་ཞིང་། །གཡོ་བའི་སེམས་ལྡན་ལང་ཚོ་མ། །ཡུལ་གཅིག་རོ་ཡིས་འཇིག་རྟེན་ན། །ཆོས་ཤེས་ཤེས་པ་ཡ་མཚན་ནོ། །ཁྱོད་ཀྱི་ཆོས་ལ་ཡིད་གྱུར་པ། །དེ་ནི་ཁྱོད་ཀྱིས་བདག་ཉིད་དོན། །མི་རྟག་གསོན་པའི་འཇིག་རྟེན་ན། །ཆོས་ལས་གཞན་ན་ནོར་ཡོད་མིན། །ནད་ཀྱིས་
ནད་མེད་འཇོམས་པ་སྟེ། །རྒ་བས་ལང་ཚོ་གཅོད་པ་ཉིད། །འཆི་བས་སྲོག་ནི་ལེན་པ་སྟེ། །ཆོས་ཀྱིས་རྒུད་པ་ཡོད་མ་ཡིན། །གང་ཕྱིར་དགའ་བ་རྣམས་དང་བྲལ། །མི་དགའ་བ་རྣམས་དང་སྦྱོར་ཞིང་། །མངོན་པར་འདོད་པ་ཐོབ་པ་ན། །དེ་ཕྱིར་ཆོས་ནི་མཆོག་ཏུ་འགྲོ། །གཞན་དབང་
སྡུག་བསྔལ་ཆེན་པོ་སྟེ། །རང་དབང་མཆོག་ཏུ་བདེ་བ་ཉིད། །མ་ནུའི་རིགས་སུ་སྐྱེས་ན་ཡང་། །བུད་མེད་ཐམས་ཅད་གཞན་དབང་ངོ་། །གང་ཕྱིར་གཞན་དབང་ཉིད་ཕྱིར་དང་། །དེ་བཞིན་ཕྲུ་གུ་འཛིན་པའི་ཕྱིར། །བུད་མེད་རྣམས་ཀྱི་སྡུག་བསྔལ་ལྷག །དེ་ཕྱིར་ཡང་དག་ངེས་པར་འོས། །དེ་
ལྟར་ཐུབ་པ་ཆེན་པོའི་གསུང་། །རང་བཞིན་གྱིས་དང་མཁས་ལས་དང་། །བརྟན་ལས་བྱིས་ཀྱང་བྱིས་མིན་བཞིན། །ཐོས་ཤིང་མངོན་པར་དགའ་བའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྨྲ་བ་ཡིས། །འདོད་པའི་བདག་ཉིད་ཅན་གྱིས་སེམས་ལ་བྲབས་པ་ནི། །བུད་མེད་ཉིད་ནི་སྨད་
ཅིང་ཡུལ་ལས་ལོག་པ་སྟེ། །གང་གི་སྐྱེ་བོའི་རྟེན་ལ་བཙོག་པར་བྱས་པའོ། །དེ་ནས་མེ་ཏོག་ཁུར་ལས་ཙུ་ཏའི་མཆོད་སྡོང་བཞིན། །ཡང་དག་ཀུན་ནས་དུད་པའི་ལུས་ཀྱི་མཆོད་སྡོང་ཅན། །ཐུབ་པ་ཆེན་པོ་ལ་ནི་གུས་པས་མིག་ཞུགས་ཤིང་། །ཡང་ཡང་ཆོས་ནི་རྣམ་པར་དག་པའི་ལྟ་བས་

གནས། །རང་བཞིན་གྱིས་ནི་ངོ་ཚ་དང་ལྡན་བུད་མེད་དེ། །ཆོས་ནི་མངོན་པར་འདོད་པས་ཡང་ཡང་བསྐུལ་བ་ནི། །འདམ་སྐྱེས་མཛོད་དང་འདྲ་བས་ཐལ་མོ་སྦྱར་ནས་ནི། །དལ་བུས་སྨྲ་བའི་སྐད་ཀྱི་གདངས་ཀྱིས་གསོལ་བའོ། །བཅོམ་ལྡན་དོན་མཛད་བདག་ལ་
གསུང་དོན་དུ། །ནང་པར་བསོད་སྙོམས་དུས་སུ་དགེ་སློང་སྡེར་བཅས་པ། །སྡུག་བསྔལ་ཉེ་བར་ཞི་བའི་མཛད་པོ་འཇིག་རྟེན་ན། །འབྲས་བུར་གྱུར་པའི་བདག་ལ་འབྲས་བུར་མཛད་དུ་གསོལ། །དེ་ནས་དེ་ཡི་གུས་པ་དེ་ལྟར་གཟིགས་ནས་དང་། །སེམས་ཅན་རྣམས་ནི་བཟའ་བའི་དབང་
ཉིད་མཁྱེན་ནས་ནི། །གསུང་མ་ཕྱེ་ནས་བདེ་བར་གཤེགས་པས་དེ་ལྟར་ཞེས། །དེ་ལ་ངེས་པར་རྣམ་འགྱུར་བརྡ་ཡིས་མཛད་པའོ། །སྐད་ཅིག་མཛད་པ་དང་ལྡན་སྤྱན་ཡངས་མཆོག་གི་ཆོས་མངའ་ཞིང་། །ཆོས་ཀྱི་སྣོད་ལ་དེས་ནི་དགའ་ཞིང་མགུ་ལ་རུངས་པ་སྟེ། །གུས་པས་རྙེད་པ་
མཆོག་ནི་རྣམ་པར་ངེས་ཤིང་བསྟོད་པར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཨ་མྲ་སྐྱོང་མའི་ནགས་གཟིགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཐུབ་པའི་ཐུགས་རིག་ནས། །ཕྱག་འཚལ་ནས་ཀྱང་གྲོང་དུ་སོང་། །དེ་
ནི་ལིཙྪ་བཱིས་ཐོས་ནས། །ལྟ་འདོད་སངས་རྒྱས་ལ་སོང་ངོ་། །དཀར་པོའི་རྟ་དང་ཤིང་རྟ་གདུགས། །ཕྲེང་བ་རྒྱན་དང་བགོ་བ་རྣམས། །ཁ་ཅིག་ཁ་ཅིག་དེ་རྣམས་དང་། །དམར་སེར་རྣམས་དང་དེ་བཞིན་གཞན། །ཁ་ཅིག་བཻ་ཌཱུརྱ་ལྗང་དང་། །གཞན་རྣམས་རྨ་བྱའི་མཇུག་མ་སྟེ། །དེ་ལྟར་ཆ་
ལུགས་རྒྱ་ཆེན་པོ། །བདག་གིས་དགའ་བྱེད་རྣམས་དང་སོང་། །རི་བོ་རྣམ་རྒྱས་རོ་སྟོད་ཅན། །གསེར་གྱི་གཉའ་ཤིང་ལག་པ་རྣམས། །དཔལ་ལྡན་བོང་རིང་དངོས་སུ་ནི། །དེ་རྣམས་མཐོ་རིས་བཞིན་དུ་མཛེས། །མཚམས་སྤྲིན་རྐང་ལ་སྣ་ཚོགས་རྣམས། །གློག་ནི་རབ་ཏུ་
སྣང་བ་བཞིན། །ཤིང་རྟ་རྣམས་ལས་བབས་འདོད་པས། །དེ་རྣམས་གནས་པ་རྣམ་པར་མཛེས། །དབུ་རྒྱན་རྣམ་གཡོ་རྣམ་བཏུད་པའི། །བརྟན་རྣམས་ཐུབ་ལ་ཕྱག་འཚལ་ནས། །ང་རྒྱལ་ལྡན་རྣམས་རྒྱགས་མེད་བཞིན། །ཆོས་ལ་དགའ་བས་དེ་རྣམས་གནས། །ཉི་མ་སྤྲིན་

དང་བྲལ་བ་ཡི། །ལོགས་སུ་ཁྱེར་འཇིགས་གཞུ་བཞིན་དུ། །ཐུབ་པའི་དྲུང་དེར་དེ་རྣམས་ཀྱི། །ཆགས་བྲལ་དཀྱིལ་འཁོར་མཛེས་པའོ། །ས་ལ་སེང་གེ་གནས་པ་རྣམས། །གསེར་གྱིས་སྤྲས་པའི་སེང་གེའི་གདན། །སེང་གེ་ལ་སོགས་དེ་རྣམས་ལ། །མི་ཡི་སེང་གེས་དེ་
ནས་གསུངས། །གཟུགས་དང་དཔལ་དང་སྟོབས་ལ་སོགས། །བཀུར་མང་རྣམས་དང་ལྡན་པ་ནི། །ཁྱེད་ཀྱི་ཆོས་ལ་གུས་འདི་གང་། །དེ་ལས་ལྷག་པར་མཛེས་པ་ཉིད། །ཚུལ་ཁྲིམས་ལ་སོགས་ཡོན་ཏན་གྱིས། །ཇི་ལྟར་འཇིག་རྟེན་མཛེས་དེ་ལྟར། །ལུས་ནི་སྣ་ཚོགས་གོས་
སམ་རྒྱན། །ཕྲེང་བ་རྣམས་ཀྱིས་མ་ཡིན་ནོ། །གང་དུ་ཁྱེད་ཅག་བདག་པོ་རྣམས། །ཆོས་ཤེས་འདུལ་བ་འདོད་པ་རྣམས། །སྤོང་བྱེད་པ་རྣམས་རྗེས་བཟུང་ཞིང་། །སྐལ་བ་བཅས་རྣམས་བདག་གི་ལུགས། །འཕགས་སྐྱེས་རྙེད་པར་དཀའ་དུས་སུ། །ཆོས་ལ་གནས་རྣམས་སྲུང་
བྱེད་གྱུར། །ཕྱིས་འབྱུང་མ་ཡིན་ཡུལ་རྣམས་ཀྱི། །སྐལ་བས་དམན་པ་རྣམས་ཀྱིས་མིན། །དཔལ་ལྡན་སྐལ་བ་ཆེན་པོ་རྣམས། །ཆོས་ཤེས་སྲུང་བར་བྱེད་རྣམས་ཀྱིས། །བསྲུང་བ་ཉིད་ཀྱིས་ཡུལ་འདི་ནི། །ཆོས་ཀྱིས་ཀྱང་ནི་རྗེས་སུ་འཛིན། །རླུང་རྣམས་རྒལ་འདོད་པ་ལ་རྣམས། །
ཁྱུ་མཆོག་རྒལ་བ་རྣམས་ཀྱི་བཞིན། །རྒྱལ་པོ་རྣམས་ཀྱིས་གང་བཟུང་བའི། །ཡུལ་ལ་དེ་ནས་སྐྱེ་དགུ་འགྲོ། །ཁྱེད་ཅག་རྣམས་ལ་ཚུལ་ཁྲིམས་དེ། །རྟག་པར་འགྱུར་བར་འོས་པ་སྟེ། །བདག་གི་དོན་ནི་འདོད་རྣམས་ཀྱི། །འདིར་དང་སོང་ནས་དབྲོག་བྱ་མིན། །ཡིད་ནི་ཚིམ་ཞིང་
བཀུར་མང་དང་། །རྙེད་དང་གྲགས་དང་ཡིད་ཆེས་ཉིད། །དགའ་བ་ཉིད་དང་སོང་ནས་བདེ། །ཚུལ་ཁྲིམས་ཀྱི་ནི་འབྲས་བུ་ཆེ། །འབྱུང་པོ་རྒྱུ་དང་མི་རྒྱུ་ཡི། །རྟེན་ནི་ཇི་ལྟར་ས་ཡིན་པ། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི། །རྟེན་ནི་ཚུལ་ཁྲིམས་དམ་པའོ། །འཕུར་འདོད་གཤོགས་
པ་མེད་པ་དང་། །རྒལ་འདོད་གྲུ་མེད་ཇི་ལྟ་བར། །མི་ནི་ཚུལ་ཁྲིམས་རྣམ་སྤངས་པར། །དགེ་ལེགས་འདོད་པ་དེ་ལྟར་ཤེས། །མེ་ཏོག་འབྲས་བུས་ཁྱབ་པའི་ཤིང་། །ཚེར་མ་ཅན་གྱུར་ཇི་ལྟ་བར། །ཐོས་དང་གཟུགས་དོན་ཕུན་ཚོགས་པ། །ཚུལ་ཁྲིམས་འཆལ་པ་དེ་ལྟར་རོ། །

སྣ་ཚོགས་གོས་དང་རྒྱན་ལྡན་ཞིང་། །ཁང་བཟངས་རྣམས་སུ་གནས་ན་ཡང་། །ཚུལ་ཁྲིམས་དང་ལྡན་སྐྱེ་བོ་གང་། །དེ་ཡི་དྲང་སྲོང་དང་མཉམ་འགྲོས། །ངུར་སྨྲིག་ཤིང་ཤུན་ཟུར་ཕུད་དང་། །གཙུག་ཕུད་སྤྱི་བོ་རལ་པ་རྣམས། །ཚུལ་ཁྲིམས་ཉམས་པ་ཀུན་རྣམས་
ཀྱི། །བཅོས་མ་ཉིད་དུ་ཤེས་པར་བྱ། །སྟེགས་ལས་དུས་གསུམ་ཁྲུས་བྱས་ནས། །མེ་ལ་ལན་གཉིས་བསྲེགས་ནས་དང་། །གདུང་བ་དྲག་པོར་གདུངས་ནས་ཀྱང་། །ཚུལ་ཁྲིམས་མེད་ན་བདག་མ་ཡིན། །ཤ་ཟ་རྣམས་ལ་ལུས་བྱིན་ནས། །རི་ཡི་ལོགས་ནས་བོར་ནས་སམ། །མེ་འམ་
ཆུར་ནི་བདག་མཆོངས་ན། །ཚུལ་ཁྲིམས་མེད་ན་བདག་མ་ཡིན། །འབྲས་བུ་རྩ་བ་ཆུ་ཟ་ཞིང་། །རི་དགས་བཞིན་དུ་རྩྭ་ཟའམ། །རླུང་གི་བཟའ་བ་འདོད་པ་ཡང་། །ཚུལ་ཁྲིམས་མེད་ན་བདག་མི་འགྱུར། །མི་གང་ཚུལ་ཁྲིམས་ཀྱིས་དམན་པ། །དེ་ནི་བྱ་དང་རི་དྭགས་མཚུངས། །རྡོལ་
བའི་སྣོད་ནི་ཆུ་ཡིས་བཞིན། །དེ་ནི་ཆོས་ཀྱི་སྣོད་མ་ཡིན། །འཇིགས་པ་དང་ནི་གཏམ་ངན་དང་། །ཡིད་མི་ཆེས་དང་མི་དགའ་ཉིད། །མངོན་སུམ་འདིར་ནི་ཐོབ་པ་སྟེ། །སོང་ནས་དོན་མེད་ཟ་བར་འགྱུར། །དེ་ཕྱིར་ཚུལ་ཁྲིམས་གཞོམ་མི་བྱ། །འབྲོག་དགོན་དག་ན་ལམ་མཁན་བཞིན། །རང་
དབང་དག་ནི་རྙེད་དཀའ་བའི། །ཚུལ་ཁྲིམས་མཐོ་རིས་དག་ན་གྲུ། །སྐྱོན་རྣམས་ཀྱིས་བཅོམ་སེམས་ཀྱིས་ནི། །ཐམས་ཅད་བཅོམ་ནས་འཇུག་པ་སྟེ། །ཚུལ་ཁྲིམས་རབ་ཏུ་གནས་བྱས་ནས། །ཉོན་མོངས་འཇོམས་ལ་འབད་པ་གྱིས། །དེ་ཕྱིར་དང་པོར་ང་སྙམ་པ། །བརྒྱན་པར་འདོད་
པས་སྤང་བར་བྱ། །བསྲེག་བྱ་ཟ་བའི་དུ་བ་བཞིན། །ཡོན་ཏན་རྣམས་ཀྱིས་ང་སྙམ་ཉིད། །སྐར་མ་ཉི་མ་ཟླ་བ་རྣམས། །སྤྲིན་གྱི་དྲ་བ་ཆེན་པོས་བཞིན། །ང་རྒྱལ་གྱིས་བཅོམ་ཡོན་ཏན་རྣམས། །ཡོད་པར་གྱུར་ཀྱང་མཛེས་མ་ཡིན། །དྲེགས་པ་ངོ་ཚ་འཇོམས་པ་སྟེ། །མྱ་ངན་གྱིས་
གཏན་དགའ་བས་ལུས། །ཡོན་ཏན་རྣམས་ཀྱི་རྩ་བ་ནས། །འཇོམས་ཕྱིར་ངའོ་སྙམ་པ་སྐྱེ། །འགྲན་པ་དང་ལྡན་ང་རྒྱལ་ལས། །ལྷ་མིན་ལྷ་རྣམས་ཀྱིས་བཅོམ་ཞིང་། །མི་སྐྱོང་ཏ་ལའི་བྱིན་པ་དང་། །དོང་གསུམ་པ་རྣམས་ཟད་པར་གྱུར། །གང་ཞིག་མི་རྟག་དངོས་རྣམས་སུ། །མཆོག་

ནི་ང་ཡིན་སྙམ་པ་དང་། །མི་དམན་པ་ནི་ང་ཞེས་སྙམ། །དེ་ནི་མཁས་པ་མིན་པར་རྟོགས། །གཟུགས་ནི་བརྟན་པ་མ་ཡིན་ཞིང་། །འཇིག་པའི་ཆོས་ཅན་གཡོ་བ་ཡིས། །ང་ཞེས་གང་ཞིག་ང་རྒྱལ་ཏེ། །ཡོངས་སུ་རྟོག་པ་མིན་གཞན་ཅི། །འདོད་པའི་འདོད་ཆགས་སྟོབས་ལྡན་
པ། །རབ་གབ་ལྷན་སྐྱེས་དགྲ་བོ་སྟེ། །བཤེས་མིན་ནང་ན་སྤྱོད་པ་བཞིན། །གང་ཞིག་བཤེས་ཀྱི་སྒོ་ནས་འཇོམས། །འདོད་ཆགས་མེ་དང་མེ་ཉིད་ནི། །སྲེག་པའི་བདག་ཉིད་ཀྱིས་མཉམ་སྟེ། །འདོད་ཆགས་མེ་ནི་འབར་བ་ན། །མཚན་མོ་དེ་ཉིད་རིང་བར་འགྱུར། །འདོད་ཆགས་མེའི་
སྟོབས་ཇི་འདྲ་བ། །མེ་ཡི་སྟོབས་ནི་དེ་འདྲར་སྨིན། །མེ་ནི་ཆུ་རྣམས་ཀྱིས་ཤེས་ཏེ། །འདོད་ཆགས་མེ་ནི་མཚོས་ཀྱང་མིན། །དུས་སུ་ནགས་སུ་མེས་ཚིག་རྣམས། །ནགས་ཀྱི་ཤིང་རྣམས་སྐྱེ་བ་སྟེ། །འདོད་ཆགས་མེས་ཚིག་བློ་མེད་རྣམས། །ཆོས་ལ་སྐྱེ་བ་མ་ཡིན་ནོ། །ཆགས་ལས་
བདེ་བ་ཚོལ་བ་སྟེ། །བདེ་ཕྱིར་མི་དགེ་བ་བྱེད་ཅིང་། །མི་དགེ་བ་ལས་དམྱལ་བར་འགྲོ། །ཆགས་པ་དང་མཉམ་དགྲ་བོ་མེད། །ཆགས་ལས་སྲེད་པ་སྐྱེ་བ་སྟེ། །སྲེད་ལས་འདོད་པ་རྣམས་ལ་ཆགས། །འདོད་པ་རྣམས་ལས་སྡུག་བསྔལ་འཐོབ། །ཆགས་པ་དང་མཉམ་ཡུལ་མེད་དོ། །ཆགས་པ་ཞེས་བྱའི་
ནད་ཆེན་པོ། །དེ་ནི་བྱིས་པས་རྟོགས་མ་ཡིན། །མི་རྟག་ཉིད་ལས་མི་གཙང་ལས། །སྡུག་བསྔལ་ཉིད་ལས་བདག་མེད་ལས། །གལ་ཏེ་མཐོང་ན་མི་ཆགས་ཏེ། །ལོག་པའི་བློ་ཡིས་ཆགས་པའོ། །དེ་ཕྱིར་དངོས་པོ་ལ་ཆགས་པ། །གང་དུ་ཉེ་བར་སྐྱེ་བ་ན། །དེར་ནི་ཇི་ལྟར་འགྱུར་བརྟག་
སྟེ། །གྱུར་པ་མཐོང་བ་ཞེས་བརྗོད་དོ། །ཡོན་ཏན་ཡོངས་སུ་རྟོགས་པ་ན། །ཇི་ལྟར་ཆགས་པར་ཉེ་བར་འགྲོ། །ཡོན་ཏན་མེད་ན་ཡོངས་རྟོགས་ན། །དེ་བཞིན་ཁྲོ་བ་འགུགས་པར་བྱེད། །དེ་ཕྱིར་ཁྲོ་བ་སྤོང་འདོད་པས། །ཞེ་སྡང་ཡོངས་སུ་བརྟག་མི་བྱ། །དཀར་མིན་འགྲོས་
ལས་ངུ་བ་བཞིན། །ཁྲོ་བ་ལས་ནི་ཞེ་སྡང་འཛག །ཁྲོ་བ་གཟུགས་ལྡན་རྣམས་ཀྱི་དགའ། །མིག་ལྡན་རྣམས་ཀྱི་མུན་པ་ཡང་། །ཆོས་དོན་འདོད་པ་རྣམས་ཀྱི་གཤེད། །མོས་པའི་མི་མཐུན་པ་ཉིད་དོ། །ཁྲོ་བ་བློ་ཡི་མུན་པ་མཆོག །མཛའ་བཤེས་གྱུར་པའི་དགྲ་བོ་མཆོག །

བཀུར་སྟི་མང་པོའི་གཅོད་པ་པོ། །ཟིལ་གྱིས་ནོན་པའི་བྱེད་པ་པོ། །དེ་བཞིན་ཁྲོ་བ་མི་བྱ་ཞིང་། །བྱས་ནས་ཀྱང་ནི་དོར་བར་བྱ། །དམུག་པའི་རང་བཞིན་ལྟོ་འཕྱེ་བཞིན། །ཁྲོ་བའི་རྗེས་སུ་འཇུག་མི་བྱ། །སྐོར་བའི་ཤིང་རྟ་བཞིན་གང་གིས། །ཁྲོ་བ་བརྟན་པས་ཐག་
པས་བཟུང་། །དེ་བདག་ཁ་ལོ་སྒྱུར་སྙམ་སྟེ། །ཅིག་ཤོས་སྐྱེ་བོ་ཐག་པ་འཛིན། །གང་ཞིག་ཁྲོ་བ་འདོད་པ་སྟེ། །སྐྱེ་བ་འགོག་པ་འདོད་མ་ཡིན། །ཕྱིས་དེ་ཁྲོ་བ་མེད་པ་ན། །མེ་ལ་རེག་པ་བཞིན་དུ་བསྲེག །ཁྲོ་བ་སྐྱེས་པས་སྔོན་རོལ་དུ། །བདག་ཉིད་ཀྱིས་ནི་སེམས་བསྲེག་སྟེ། །རྣམ་པར་
འཕེལ་ཞིང་ཕྱིན་པ་ནི། །གཞན་ནི་སྲེག་གམ་མི་སྲེག་གམ། །ནད་སོགས་ཉེ་བར་འཚེ་རྣམས་ཀྱི། །གང་ཚེ་འཇིག་རྟེན་བརྩེ་བ་རྣམས། །ལུས་ཅན་བཤེས་མ་ཡིན་རྣམས་ལ། །གནོད་སེམས་བྱས་ནས་ཡོན་ཏན་ཅི། །དེ་ཕྱིར་འཇིག་རྟེན་སྡུག་བསྔལ་བ། །ཤེས་ནས་ཁྲོ་བ་ཟློག་
པའི་ཕྱིར། །འབྱུང་པོ་ཀུན་ལ་བྱམས་པ་དང་། །སྙིང་རྗེ་ཉིད་ནི་བསྒོམ་པར་བྱ། །དེ་ལྟར་ཉོན་མོངས་ལྷག་པ་གང་། །དེ་ཡི་དེ་ཚེ་གཟིགས་པ་སྟེ། །དེ་ལ་བརྩེ་བས་སངས་རྒྱས་ཀྱིས། །དེ་རྣམས་ལ་གསུངས་སྨད་པའོ། །སེམས་ཅན་ཉམ་ཐག་རྣམས་ལ་ནི། །ཇི་ལྟར་རང་བཞིན་གྱིས་
མཁས་པའི། །སྨན་པས་སྨན་ནི་གསུངས་པ་སྟེ། །ནད་རྣམས་ཉེ་པར་ཞི་ཕྱིར་རོ། །དེ་བཞིན་ཆགས་དང་རྒ་སོགས་ཀྱི། །ནད་ཀྱིས་འབྱུང་པོ་ཉམ་ཐག་ལ། །ཐུབ་པས་བསམ་པ་མཁྱེན་ནས་ནི། །དེ་ཉིད་ཤེས་པའི་སྨན་བྱིན་ཏོ། །དེ་ལྟར་ཐུབ་པའི་གསུང་ལ་ནི། །ལིཙྪ་བཱི་རྣམས་
མངོན་དགའ་སྟེ། །རབ་འཕྱང་གཙུག་གི་ནོར་བུ་ཅན། །མགོ་བོ་རྣམས་ཀྱིས་ཕྱག་འཚལ་ལོ། །དེ་ནས་ཐལ་མོ་རྣམ་སྦྱར་ནས། །ཅུང་ཞིག་དུད་པའི་ལུས་རྣམས་ཀྱིས། །ཕུར་བུ་ལ་ནི་ལྷ་རྣམས་བཞིན། །སངས་རྒྱས་ལ་ནི་བྱོན་པར་ཞུས། །དང་པོ་ཨ་མྲ་སྐྱོང་མའི་རིགས། །ཐུབ་པས་
དེ་རྣམས་ལ་གསུངས་ཤིང་། །དམ་པ་རྣམས་ཀྱིས་ཐོག་མར་ནི། །སྙན་མནན་འདོར་བྱ་མིན་པར་གསུངས། །དེ་རྣམས་བུད་མེད་དེ་ཡིས་ནི། །བདག་ལ་བསླུས་པར་ཤེས་པ་སྟེ། །དེ་བཞིན་གཤེགས་ལ་མཆོད་མང་པོ། །ཉིས་འགྱུར་ཉིད་དུ་བྱས་པའོ། །ལེགས་བརྗོད་དྲང་སྲོང་སྔགས་

རྣམས་ཀྱིས། །སྦྲུལ་རྣམས་ཀྱི་ནི་དུག་བཞིན་དུ། །ཀུན་མཁྱེན་གྱིས་བསྟན་དེ་རྣམས་ནི། །རབ་ཏུ་ཞི་བའི་ཡིད་རྣམས་སོང་། །དེ་ཡི་མཚན་མོ་འདས་ནས་ནི། །ཨ་མྲ་སྐྱོང་མས་བཀུར་བྱས་ཏེ། །འོད་མ་ལྡན་པའི་གྲོང་དུ་ནི། །དབྱར་རྣམས་རྣམ་པར་འདས་པ་ན། །ཡངས་པ་ཅན་ཉིད་
དུ་གཤེགས་ཤིང་། །སྤྲེའུ་རྫིང་གི་འགྲམ་དུ་ནི། །ཐུབ་པ་ཆེན་པོ་བཞུགས་པའོ། །ཤིང་གི་རྩ་བར་དེ་བཞུགས་སོ། །དེ་བཞིན་དུ་ནི་འབར་བ་ལ། །ནགས་ཚལ་དེ་ནི་སྣང་བྱས་ཤིང་། །ཉེ་བར་འོངས་ནས་བདུད་ཀྱིས་སྨྲས། །ནཻ་རཉྫ་ནའི་འགྲམ་དུ་སྔོན། །ཐུབ་པ་ཁྱོད་ལ་བདག་གིས་
སྨྲས། །བྱ་བ་བྱས་པ་མྱ་ངན་ཟློས། །ཞེས་འདིར་ཁྱོད་ཀྱིས་ལན་སྨྲས་སོ། །ཉམ་ཐག་པ་རྣམས་འཇིགས་མེད་ཅིང་། །ཉན་ཐོས་རྣམས་ནི་དོན་བྱས་པར། །བདག་གི་ཇི་སྲིད་མ་གྱུར་པ། །དེ་སྲིད་མྱ་ངན་མི་འདའ་ཞེས། །དེ་འདི་མང་པོ་རྣམས་གྲོལ་ཞིང་། །དེ་བཞིན་གྲོལ་བར་
འདོད་རྣམས་དང་། །གྲོལ་བར་གྱུར་པ་རྣམས་ཉིད་དེ། །དེ་ཕྱིར་མྱ་ངན་འདའ་བར་འོས། །དེ་ནས་ཚིག་འདི་གསན་གྱུར་ནས། །ཟླ་བ་གསུམ་ན་མྱ་ངན་འདའ། །མི་བརྟན་པ་ནི་དོར་ཅིག་ཅེས། །དགྲ་བཅོམ་རྣམས་ཀྱི་མཆོག་གིས་གསུངས། །དེ་ནས་དམ་བཅའ་འདི་ཤེས་ནས། །ཡིད་ལ་རེ་
བ་གང་བ་སྟེ། །རབ་ཏུ་དགའ་ཞིང་མགུ་བ་ནི། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་དྲང་སྲོང་ཆེན་པོའི་ཐུགས་ཀྱི་ཏིང་ངེ་འཛིན། །རྣམ་པ་དེ་ལྟར་རྣལ་འབྱོར་སྟོབས་ལས་མཛད་པ་ཉིད། །སྐུ་ཚེ་ཇི་ལྟར་གྱུར་པ་སྔོན་དུ་བཏང་བ་སྟེ། །རྫུ་འཕྲུལ་མཐུ་ལས་མཚུངས་པ་མེད་པ་འཚོ་བར་གྱུར། །
དེས་ནི་སྐུ་ཚེ་བཏང་བའི་ཡུད་ཙམ་དེ་ལ་ནི། །བུད་མེད་མྱོས་མ་བཞིན་དུ་ས་ནི་གཡོས་གྱུར་ལ། །མ་ཡིས་ཚོས་པའི་ལྷུན་པོའི་རྡོ་བ་རིམ་བཞིན་དུ། །ཕྱོགས་རྣམས་དག་ལས་སྒྲོན་མ་ཆེན་པོ་རྣམས་ལྷུ་དང་། །དེ་བཞིན་ཀུན་ནས་དབང་པོའི་རྡོ་རྗེ་མི་བཟད་རྣམས། །གློག་དང་བཅས་ཤིང་མེ་ཡི་སྙིང་པོ་
ཅན་གཡོས་ཤིང་། །བསྐལ་པ་འཇིག་ཆེ་འཇིག་རྟེན་བསྲེག་པར་འདོད་པ་བཞིན། །ཕྱོགས་རྣམས་ཐམས་ཅད་རྣམས་སུ་མེ་དག་འབར་བར་གྱུར། །ཤིང་རྣམས་ཀྱིས་ནི་ཕུང་པོ་འཁོགས་པ་རྣམས་བོར་ཞིང་། །རི་རྣམས་ཀྱིས་ནི་རྩེ་མོ་རྣམས་ནི་དོར་བ་སྟེ། །རླུང་གིས་མངོན་པར་གང་བའི་རྡོ་བའི་ཕུག་

བཞིན་དུ། །མཁའ་ལ་རྔ་རྣམས་ཀྱི་ནི་མ་རུངས་སྒྲ་རྣམས་བསྒྲགས། །དེ་ནས་དེ་ལྟར་ཀུན་དུ་བསྐྱོད་ཚེ་ཡུད་ཙམ་ལ། །མི་ཡི་འཇིག་རྟེན་ན་དང་ལྷ་དང་ནམ་མཁའ་ལ། །ཏིང་འཛིན་ཆེན་པོ་དེ་ལས་རྣམ་པར་བཞེངས་མཛད་ནས། །ཐུབ་པ་ཆེན་པོས་གསུང་ནི་འདི་ཉིད་
གསུངས་པའོ། །ཤིང་རྟ་སྲོག་ཤིང་རྣམ་པར་ཉམས་པ་དང་འདྲ་བའི། །ཚེ་བཏང་ལུས་པོ་ནང་གི་སྟོབས་ལས་འདྲེན་བགྱི་ཞིང་། །སྒོ་ངའི་སྐྱེ་གནས་པ་རྣམས་སྒོ་ང་ཕྱེ་ནས་བཞིན། །སྲིད་པའི་འཆིང་ལས་ཚེ་དང་ལྷན་ཅིག་འགྲོལ་བར་བགྱི། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་
ཆེན་པོ་ལས། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་བསྐྱོད་པ་དེ་མཐོང་ནས། །ཀུན་དགའ་བོ་ནི་སྤུ་ལངས་ཤིང་། །ཅི་ཞིག་གྱུར་ཞེས་ཤུགས་འོངས་ཏེ། །འདར་བར་གྱུར་ཅིང་དགའ་མ་གྱུར། །ཀུན་མཁྱེན་གཏན་ཚིགས་
མཁས་པ་ལ། །དེས་དེར་གཏན་ཚིགས་དྲིས་པ་སྟེ། །དེ་ནས་དེ་ལ་ཐུབ་པས་ནི། །ཁྱུ་མཆོག་མྱོས་པའི་དབྱངས་ཀྱིས་གསུངས། །རྒྱུ་མཚན་གང་གིས་གཡོས་པ་འདི། །བདག་གི་ཚེ་འདི་བཏང་བ་ལ། །ཟླ་བ་གསུམ་ནི་ཡོངས་བགྲངས་པར། །བྱིན་གྱིས་བརླབས་ནས་དེ་ནི་འཚོ། །དེ་
ལྟར་ཐོས་ནས་ཀུན་དགའ་བོ། །ཙནྡན་ལྗོན་པའི་ཐང་ཆུ་ནི། །གླང་པོ་ཆེ་ཡིས་བྲབས་པ་བཞིན། །མཆི་མ་ཕྱུང་ཞིང་གཡོས་པར་གྱུར། །དེས་གཉེན་ཉིད་ཕྱིར་བླ་མའི་ཕྱིར། །ཆགས་བྲལ་མིན་ཕྱིར་སྡུག་བསྔལ་ཞིང་། །སྙིང་རྗེ་བར་ནི་རྣམ་ཟློས་ཏེ། །ཡོངས་སུ་དགའ་བ་མེད་པར་
ངུས། །མགོན་གྱི་ངེས་པ་ཐོས་གྱུར་ནས། །བདག་གི་ལུས་ནི་ལྷུང་བ་བཞིན། །བདག་གི་ཕྱོགས་རྣམས་སྤོབས་པ་མེད། །བདག་གིས་ཆོས་རྣམས་ཐོས་པ་རྨོངས། །གངས་ཀྱིས་གཙེར་རྣམས་ལ་མེ་བཞིན། །རྒ་བ་རྙིངས་པའི་ཆོས་རྣམས་སུ། །ཀྱི་ཧུད་མིས་བསྔགས་སྐྱེན་པར་ནི། །
དེ་བཞིན་གཤེགས་པ་མྱ་ངན་འདའ། །ཉོན་མོངས་འབྲོག་དགོན་ཆེན་པོ་རུ། །ཆུད་ཟོས་ལུས་དང་ལྡན་རྣམས་ལ། །ལམ་མཁྱེན་ཤིན་ཏུ་སྐྱེན་པ་རུ། །ལམ་མཁན་ངེས་པར་ཉམས་པར་འགྱུར། །ཐག་རིང་ལམ་ལ་རབ་ཞུགས་པའི། །སྲེད་པ་ཡོངས་ལྡན་བདག་རྣམས་ཀྱི། །ལམ་

ན་རྫིང་བུ་བསིལ་བའི་ཆུ། །ཤིན་ཏུ་མྱུར་བར་བསྐམ་པར་གྱུར། །བློ་ནི་རྫི་མ་ཞི་བ་སྨིན། །འདས་དང་མ་འོངས་ད་ལྟར་གཟིགས། །ཡེ་ཤེས་རྣམ་སྤངས་འཇིག་རྟེན་གྱི། །མིག་ནི་ངེས་པར་ཟུམ་པར་འགྱུར། །ངེས་པར་ལོ་ཐོག་སྐྱེད་རྣམས་སུ། །ཆུ་ནི་དོན་གཉེར་ངལ་རྣམས་ལ། །ཆར་
བབ་གྱུར་ནས་སྐྱེན་པ་རུ། །ཆུ་སྦྱིན་སྤྲིན་ནི་ནུབ་པར་འགྱུར། །མི་ཤེས་མུན་པས་ཕྲོགས་རྣམས་སུ། །སེམས་ཅན་ལམ་གོལ་བ་རྣམས་ལ། །རབ་ཏུ་གསལ་བའི་སྒྲོན་མ་ནི། །ཤིན་ཏུ་སྐྱེན་པར་ཞི་བར་འགྱུར། །དེ་ནས་དེ་ལྟར་མྱ་ངན་གྱིས། །སེམས་གཟིར་ཀུན་དགའ་བོ་གཟིགས་ནས། །
ཞི་བྱེད་མགོན་པོས་དེ་ཉིད་ནི། །དེ་ཉིད་རིག་པའི་མཆོག་གིས་གསུངས། །འགྲོ་བའི་རང་བཞིན་ཤེས་ནས་ནི། །མྱ་ངན་མ་བྱེད་ཀུན་དགའ་བོ། །འདུས་བྱས་ངོ་བོ་མི་རྟག་ཅིང་། །འགྲོ་བ་འདི་ཀུན་འཛད་པ་ཉིད། །ལུས་ཅན་རྩོད་པའི་སྐྱེད་ཚལ་དུ། །སྡུག་པ་ཀུན་དང་བྲལ་བ་སྟེ། །བརྩེ་
བ་ཀུན་ནས་ཐང་ཅིག་ཅེས། །སྔོན་དུ་བདག་གིས་སྨྲས་པ་ཉིད། །འདུས་བྱས་གཡོ་བ་སྐྱེས་པ་གང་། །རྟེན་ནས་འབྱུང་བ་དབང་མེད་དེ། །བདག་གིས་རྟག་པར་གྱུར་ཅིག་ཅེས། །འདི་ནི་རྙེད་པར་མི་ནུས་སོ། །ས་སྟེངས་འབྱུང་པོ་རྟག་གྱུར་ན། །འཇུག་པ་གཡོ་བ་མ་ཡིན་ཞིང་། །ཐར་
པས་བྱ་བ་སུ་ཡིས་འགྱུར། །དེ་ཕྱིར་མཐར་ཐུག་འདོད་པའོ། །ཅི་སྟེ་ཁྱོད་དམ་སྐྱེ་བོ་གཞན། །བདག་ལ་ཁྱོད་ཀྱི་སྲེད་པ་ཅི། །གང་ཕྱིར་ངལ་བ་སྐྱེས་པ་འདི། །ཁྱོད་ཀྱིས་བདག་དང་བྲལ་བས་བྱས། །ལམ་ནི་མཐའ་དག་ཁྱེད་ཅག་ལ། །བདག་གིས་བསྟན་ཅིང་བཤད་པ་སྟེ། །སངས་
རྒྱས་རྣམས་དང་སློབ་དཔོན་གྱི། །དཔེ་མཁྱུད་མེད་ཅེས་གཟུང་མཛོད་ཅིག །བདག་གི་གནས་སམ་ཉེར་ཞི་ན། །དོན་ནི་དེ་ཙམ་ཉིད་ཡིན་ཏེ། །དེ་བཞིན་གཤེགས་རྣམས་ཆོས་ཀྱི་སྐུ། །ལུས་ཀྱིས་ཁྱེད་ཅག་ལ་དོན་ཅི། །དེ་ཕྱིར་དང་ངམ་བདག་འདས་ཚེ། །སྐྱོ་བ་ཡིས་དང་བག་ཡོད་
དང་། །བདག་གི་སྒྲོན་མས་གསལ་བྱས་ཏེ། །ཆོས་ཀྱི་སྒྲོན་མ་རྟག་པར་རོ། །དེར་ཞུགས་བརྩོན་འགྲུས་བརྟན་པ་དང་། །རྩོད་མེད་བདག་གི་དོན་ལ་མཁས། །བློ་ནི་གཞན་དབང་མ་ཡིན་པ། །བདག་གི་སྒྲོན་མ་ཞེས་ཤེས་བྱ། །རིག་པ་དང་ལྡན་མཁས་པ་ནི། །གང་གི་སྒྲོན་མས་

མུན་པ་བཞིན། །ཤེས་རབ་སྒྲོན་མས་འཇོམས་པ་སྟེ། །ཆོས་ཀྱི་སྒྲོན་མར་ཤེས་པར་བྱ། །དགེ་ལེགས་ཉེ་བར་ཐོབ་བྱའི་ཕྱིར། །དེ་དག་རྣམས་ཀྱི་སྤྱོད་ཡུལ་ཞི། །ལུས་དང་ཚོར་བ་ཉིད་དང་ནི། །སེམས་དང་བདག་མེད་པ་ཉིད་དོ། །རུས་ལྤགས་ཁྲག་དང་རྒྱུས་
པ་དང་། །ཤ་དང་སྤུ་སོགས་རྣམས་ཀྱིས་དཀྲིས། །མི་གཙང་ལུས་སུ་མཐོང་བས་ནི། །ལུས་ལ་ཆགས་པ་མ་ཡིན་ནོ། །དེ་ལྟ་དེ་ལྟར་རྐྱེན་རྣམས་ཀྱིས། །འཇུག་པའི་ཚོར་བ་རྣམས་སུ་ནི། །སྡུག་བསྔལ་ཞེས་དེ་ལྟར་མཐོང་བའི། །བདེ་བའི་ཤེས་རབ་རབ་ཏུ་འཇོམས། །སྐྱེ་བ་དང་ནི་
གནས་པ་དང་། །ཆོས་ཀྱི་འགོད་པ་ཉིད་དག་ནི། །ཞི་བའི་སེམས་ཀྱིས་མཐོང་བ་ཡིན། །རྟག་པར་འཛིན་པ་ལྡོག་པའོ། །རྐྱེན་རྣམས་ལས་ནི་སྐྱེས་པ་རྣམས། །ཕུང་པོ་རྣམས་ནི་མཐོང་བ་ཡི། །ངར་འཛིན་གྱིས་ནི་སྐྱེད་པ་པོ། །བདག་ཏུ་འཛིན་པ་འཇུག་མ་ཡིན། །སྡུག་བསྔལ་ཉེ་བར་
ཞི་བའི་ཕྱིར། །བགྲོད་པ་གཅིག་པའི་ལམ་འདི་ནི། །ལམ་ནི་བཞི་པོ་དེ་རྣམས་སུ། །དེ་ལྟར་དྲན་པ་ཉེ་བར་གཞག །དེ་ལྟར་རམ་ནི་བདག་འདས་ཚེ། །གང་རྣམས་འདི་ལ་གནས་འགྱུར་བ། །དེ་རྣམས་འགོད་མེད་གོ་འཕང་མཆོག །ངེས་པར་ལེགས་པ་ཐོབ་པར་འགྱུར། །དེ་ལྟར་ཀུན་
དགའ་བོ་ལ་གཏམ། །དེ་རྣམས་རྣམ་པར་འདྲེན་པས་མཛད། །ལིཙྪ་བཱི་རྣམས་ཀྱིས་ཐོས་ནས། །དེ་ལ་གུས་ཕྱིར་སྐྱེན་པར་སོང་། །ཐུབ་ལ་བརྩེ་དང་གུས་པའི་ཕྱིར། །གདུང་བས་ཕྲོག་པའི་སེམས་ཅན་རྣམས། །སྤྱོད་མཐས་བཀོད་པའི་དོན་རྣམས་ཀུན། །མྱུར་ལས་རྫུ་འཕྲུལ་དོན་
རྣམས་སོ། །སྟོན་པ་ལ་ནི་སྨྲ་འདོད་པ། །དེ་རྣམས་བཏུད་ནས་ཉེ་བར་གནས། །སྨྲ་བར་འདོད་རྣམས་སྟོན་པ་ཡིས། །མཁྱེན་ནས་ཐུབ་པས་ཚིག་གསུངས་སོ། །གང་འདི་བདག་ལ་སོང་བའི་སེམས། །ཁྱེད་ཅག་རྣམས་ཀྱིས་དེ་ཀུན་ཤེས། །དེ་ཉིད་གཞན་བཞིན་མྱ་ངན་གྱིས། །དེ་རིང་ཁྱེད་
ཀྱིས་སྤོབས་པར་གྱུར། །དཔལ་གྱི་བདེ་རྣམས་ལ་གནས་ཀྱང་། །ཁྱེད་ཅག་རྣམས་ཀྱིས་ཐམས་ཅད་ནས། །མངོན་པར་ཞུགས་པ་འདི་ཡིས་ནི། །གསལ་བ་ཉིད་དང་ཆོས་མཁན་ཉིད། །གལ་ཏེ་ཡེ་ཤེས་བདག་ལས་ཀྱང་། །ཅུང་ཞིག་ཐོས་ཤིང་ཤེས་པ་ན། །བདག་གི་ཞིང་བ་རབ་དམིགས་ཏེ། །

གདུང་བ་མ་བྱེད་བརྟན་པར་སོང་། །མི་རྟག་འདུས་བྱས་དངོས་པོ་རྣམས། །གཡོ་ཞིང་ཡོངས་སུ་གྱུར་པ་ཅན། །སྙིང་པོ་དང་བྲལ་བློ་གཏད་མིན། །ཅུང་ཞིག་བརྟན་པར་གནས་པ་མེད། །གནས་འཇོག་རྒྱུན་ཤེས་ལ་སོགས་དང་། །གང་གཞན་ཐིག་ལེ་གཞན་རྣམས་དང་། །དུས་ཀྱི་དབང་
དུ་སོང་བ་སྟེ། །སྲིད་པ་འདི་ནི་མ་རུངས་ཉིད། །ས་འཛིན་ང་ལས་ནུ་དང་ནི། །བརྒྱ་བྱིན་དང་མཚུངས་དབྱིག་ནོར་དང་། །སྐལ་བ་ཆེ་དང་སྐལ་མེད་མིན། །འབྱུང་པོར་མཉེས་གཤིན་འབྱུང་བའོ། །འགྲོ་མགྱོགས་དེ་ནས་འགྲོ་བྱར་འགྲོ། །སྐལ་ལྡན་ཤིང་རྟ་ཤིང་རྟ་བཟང་། །སྒྲ་ངན་གྱིས་སྨད་སྒྲ་ངན་
རྫོགས། །རངས་བྱེད་རི་མོ་རྡུལ་མ་སྐྱེས། །མི་སྐྱོང་དྲང་སྲོང་བདག་ཉིད་ཆེ། །དེ་རྣམས་དང་གཞན་མང་པོ་རྣམས། །དབང་ཆེན་དང་མཚུངས་ཉམས་པ་སྟེ། །མི་ཉམས་པ་ནི་ཡོད་མ་ཡིན། །ཉི་མ་གནས་ལས་འཕོས་པ་སྟེ། །ནོར་ལྷ་རྣམས་ནི་ས་ལ་སོང་། །དབང་པོ་བརྒྱ་
རྣམས་འདས་པ་སྟེ། །རྟག་པ་ཅི་ཡང་ཡོད་མ་ཡིན། །གང་གཞན་ཡང་དག་སངས་རྒྱས་རྣམས། །འགྲོ་བའི་སྣང་བ་མཛད་ནས་སུ། །མར་མེ་སྣུམ་ཟད་བཞིན་དུ་ནི། །དེ་རྣམས་མྱ་ངན་འདས་པར་གྱུར། །གང་གཞན་བདག་ཉིད་ཆེན་པོ་རྣམས། །འབྱུང་འགྱུར་དེ་བཞིན་གཤེགས་རྣམས་
ཀྱང་། །བུད་ཤིང་ཚིག་པའི་མེ་བཞིན་དུ། །དེ་རྣམས་མྱ་ངན་འདའ་བར་འགྱུར། །ཐར་འདོད་དཀའ་ཐུབ་ནགས་སུ་བཞིན། །དེ་ཕྱིར་བདག་ཀྱང་འགྲོ་བར་བགྱི། །བདག་གི་དོན་མེད་ལུས་མིང་ནི། །འགྲན་པ་ལ་ནི་རྒྱུ་མཚན་མེད། །གང་དུ་གདུལ་བྱ་འགའ་ཞིག་ཡོད། །གང་ཕྱིར་འདི་ནས་
འགྲོ་བར་བློ། །ཉམས་དགའ་ཡངས་པ་ཅན་ལ་ནི། །ཁྱེད་ཅག་བློ་གཞན་མ་གྱུར་ཅིག །དེ་ཕྱིར་འཇིག་རྟེན་སྐྱབས་མེད་ཅིང་། །དབང་མེད་གཡོ་བར་ཤེས་ནས་སུ། །ཆགས་བྲལ་ལ་ནི་འགྲོ་བར་དང་། །སྐྱོ་བ་ཐོབ་པར་འོས་པའོ། །དེ་ལྟར་གཏམ་བཅད་ནས་དུས་སུ། །ལྟོས་མེད་
དེ་བཞིན་གཤེགས་པ་ནི། །སྟོན་གྱི་ཟླ་བ་སྣང་བྱེད་བཞིན། །ལུས་ངན་ཕྱོགས་སུ་རབ་ཏུ་གཤེགས། །དེ་ལ་མཆི་མས་ཡོངས་གང་མིག །ལི་ཙྪ་བཱི་རྣམས་རྗེས་སོང་ཞིང་། །རྒྱན་བཅས་ལག་པ་རྒྱས་རྣམས་ཀྱིས། །ཐལ་མོ་སྦྱར་ནས་རྣམ་པར་སྨྲས། །ཀྱི་ཧུད་འོ་བརྒྱལ་གསེར་

མཚུངས་ཤིང་། །སུམ་ཅུ་རྩ་གཉིས་མཚན་མངའ་བ། །སྟོན་པའི་སྐུ་ལུས་དབྱེ་འགྱུར་ཞིང་། །ཐུགས་རྗེ་མངའ་བ་མི་རྟག་ཉིད། །སྲིད་ཅིང་འོ་མ་མེད་པ་ཡི། །སེམས་མ་ཐོབ་པའི་བེའུ་ནི། །བཀྲེན་རྣམས་ཡེ་ཤེས་འཇོ་བའི་བས། །ཀྱེ་མ་ཤིན་ཏུ་སྐྱེན་པར་འབོར། །
འགྲོ་ན་མིག་ལྡན་མི་རྣམས་ཀྱིས། །རྨོངས་པའི་མུན་པ་བཅོམ་མཛད་ནས། །ཡེ་ཤེས་འོད་ཟེར་སྐྱེན་པ་རུ། །ཐུབ་པ་ཉི་མ་ནུབ་པར་འགྱུར། །མི་ཤེས་རྒྱུན་གྱིས་འཇིག་རྟེན་ན། །དེ་ལས་དེ་ལས་ཁྱེར་བ་ལ། །རྣམ་ཡངས་ཆོས་ཀྱི་ཟམ་པ་ནི། །ཤིན་ཏུ་མྱུར་བར་ཆག་པར་འགྱུར། །བརྩེ་ལྡན་
སྨན་པ་ཆེན་པོ་ནི། །ཡེ་ཤེས་མཆོག་གི་སྨན་མངའ་བས། །སེམས་ནད་ཀྱིས་ན་འཇིག་རྟེན་ནི། །བོར་ནས་ངེས་པར་གཤེགས་པར་འགྱུར། །སེམས་ཀྱིས་གཟེར་བུའི་ཡོ་བྱད་དང་། །ཤེས་རབ་རྒྱན་གྱིས་བརྒྱན་པ་སྟེ། །ལྟད་མོ་ལ་ནི་སྐོམ་རྣམས་ཀྱིས། །དབང་པོའི་ཏོག་ནི་འགྱེལ་བར་འགྱུར། །
འགྲོ་བ་སྡུག་བསྔལ་སྐལ་བ་ཅན། །འཁོར་བའི་འཆིང་བས་བཅིངས་པ་ལ། །གལ་ཏེ་ཐར་པའི་སྒོ་འདི་ནི། །དུས་ཀྱིས་སྡོམ་པར་འགྱུར་བའོ། །དེ་ལྟར་རྣམ་ཟློག་ལིཙྪ་བཱི། །མིག་རྣམས་མཆི་མས་རྣམས་འཁྲུགས་པ། །རྗེས་སུ་འོངས་པ་དེ་རྣམས་ནི། །ཐུབ་པས་སླར་ལ་ཟློག་
པར་མཛད། །དེ་ནས་ཐུབ་པས་བཅད་ཤེས་ནས། །བསྟན་པ་རབ་ཏུ་བཟུང་ནས་སུ། །ཕྱིར་ལ་ལྡོག་ཕྱིར་ངེས་པ་ནི། །སྡུག་བསྔལ་སྡུག་བསྔལ་གྱིས་བྱས་སོ། །རླུང་གིས་བསྐྱོད་པའི་མེ་ཏོག་རྣམས། །ཀར་ནི་ཀ་རའི་ལྗོན་ཤིང་བཞིན། །གསེར་གྱི་རི་ལྟར་དཀར་དེ་རྣམས། །
ཐུབ་པའི་ཞབས་ལ་ཕྱག་འཚལ་ཏེ། །དེ་ལ་སེམས་རྣམས་ཀྱིས་ཆགས་ཤིང་། །རྐང་པ་རྣམས་ཀྱང་འཁྱར་བ་སྟེ། །གཉེན་པོའི་རླུང་ལ་ཆུ་གཉེར་བཞིན། །འགྲོ་བ་མེད་པར་དེ་རྣམས་ལོག །ཞེ་ས་ཡིན་ཞིང་དགའ་མ་ཡིན། །དགའ་བ་ཡིན་ཞིང་ཞེ་ས་མིན། །ཐུབ་པ་ལ་ནི་དེ་དག་
གིས། །དགའ་དང་ཞེ་ས་གཡོ་བ་མེད། །འབྲོག་མཐའ་ནས་འཐོན་ཁྱུ་མཆོག་ཆེ། །ཁྱུ་མཆོག་ཆེན་པོ་རྣམས་ཀྱིས་བཞིན། །གནས་ན་གནས་ཀྱང་དེ་རྣམས་ཀྱིས། །ཡང་ཡང་སྟོབས་བཅུ་ལྡན་ལ་ལྟ། །དེ་བཞིན་གཤེགས་པར་སེམས་སོང་བ། །ལུས་དང་ལྡན་ཡང་འོད་མེད་

རྣམས། །རྐང་པས་དེ་ནས་མྱ་ངན་འདས། །ལོག་པའི་འཁྲུས་བཞིན་རྗེས་སུ་འོངས། །རྣམ་པར་མ་འཁྲུགས་མདའ་གཞུ་རྣམས་ཀྱི་སྒྲ་རྣམས་ཟིལ་མནན་ནས། །དེ་རྣམས་ང་རྒྱལ་ལྡན་ཡང་སྟོབས་དང་ལྡན་ཡང་འགུགས་ལྡན་ཡང་། །འགྲོ་ན་དཔལ་འདོད་ལི་ཙྪ་བཱི་ནི་འདོད་པ་ཆེན་པོ་རྣམས། །མྱ་ངན་
གྱིས་འཁྲུགས་གདོང་རྣམས་རང་གི་ཁང་པ་རྣམས་སུ་འོངས། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ལི་ཙྪ་བཱི་རྣམས་ལ་ཐུགས་བརྩེ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།སྣང་བྱེད་འཛིན་པར་གྱུར་པ་ན། །མུན་བཅས་ཀྱིས་འཁྲུགས་ནམ་མཁའ་བཞིན། །
ཐུབ་པ་འདའ་ཕྱིར་གཤེགས་པ་ན། །དེ་ཕྱིར་ཡངས་པ་ཅན་མ་མཛེས། །དཔལ་ལྡན་དྲེགས་པ་མི་ལྡན་ཞིང་། །ཐམས་ཅད་དུ་ནི་ཉམས་དགའ་ཡང་། །བདག་པོ་ཉམས་ལས་བུད་མེད་བཞིན། །ཀུན་ནས་གདུངས་པས་མཛེས་མ་གྱུར། །ཐོས་པས་དམན་པའི་གཟུགས་བཞིན་དང་། །ཡོན་ཏན་
དང་བྲལ་རིག་པ་བཞིན། །ངག་གིས་དམན་པའི་བློ་བཞིན་དང་། །འདུ་བྱེད་དང་བྲལ་ངག་བཞིན་ནོ། །སྤྱོད་པས་དམན་པའི་དཔའ་བཞིན་དང་། །དང་པོ་དང་བྲལ་བྱམས་པ་བཞིན། །རྣམ་གནོན་ཕུན་སུམ་ཚོགས་པ་བཞིན། །ཆོས་ཀྱིས་དམན་པའི་བྱ་བ་བཞིན། །སྟོན་ཀར་ཆར་ནི་ལོག་པ་ན། །
ཤ་ལི་བསྐམས་པས་ནོར་འཛིན་བཞིན། །དེ་ཚེ་མྱ་ངན་ལས་མ་མཛེས། །གང་དུ་དེར་ནི་མ་བཙོས་ཤིང་། །ཟོས་པ་མ་ཡིན་མྱ་ངན་དེས། །ཀུན་དུ་ངུ་ཞིང་ཐམས་ཅད་ཀྱིས། །གྲགས་ལྡན་ཐུབ་པ་གྲགས་པ་བྱས། །གཞན་ནི་མ་གཏམས་མ་བྱས་ཤིང་། །སུས་ཀྱང་བསམས་པ་མ་ཡིན་ལ། །མྱ་
ངན་དང་ནི་ངུ་བ་སྟེ། །གྲོང་ཁྱེར་པ་ཀུན་བྱ་བ་གཅིག །དེ་ནས་དགའ་འདུན་གཙོ་བོ་ལ། །བརྟན་ཀྱང་མྱ་ངན་གྱིས་ཉམ་ཐག །སྡེ་ཆེན་བདག་པོ་སེང་གེ་ནི། །བསམས་ཤིང་རྣམ་པར་ཟློས་པའོ། །ལམ་ལོག་མུ་སྟེགས་རྣམས་འཕམ་ནས། །འདི་འདྲའི་ལམ་ལ་གཤེགས་ནས་སུ། །གང་
གིས་དམ་པའི་ལམ་བསྟན་ཏེ། །སླར་མི་ལྡོག་ཕྱིར་གཤེགས་པ་ཉིད། །ཉམ་ཐག་ཉམས་པར་གྱུར་པ་ཡི། །སྣང་མེད་འཇིག་རྟེན་བོར་ནས་སུ། །སྐྱེ་དགུ་མགོན་མེད་མཛད་ནས་ནི། །མགོན་པོ་དེ་ནི་ཞི་ཕྱིར་གཤེགས། །རྣལ་འབྱོར་གཙོ་བོ་བླ་མ་མཆོག །མཐར་ཐུག་ཞི་ལ་མངོན་ཕྱོགས་ནས། །

ཚེ་ཟད་པ་ལས་གཟི་མདངས་བཞིན། །བདག་གི་བརྟན་པ་ཉམས་པར་འགྱུར། །མི་སྐྱོང་སྒྲ་ངན་མཐོ་རིས་ལས། །རྫུ་འཕྲུལ་དང་ལྡན་ལྷུང་པ་བཞིན། །དེ་དང་བྲལ་བ་རྩེ་བྱར་གྱུར། །ས་ལ་མི་ཤེས་བྱ་བ་ཅི། །ཚ་བས་དུབ་པ་ཆུར་བཞིན་དང་། །གྲང་བས་ཉམ་ཐག་མེ་
ལ་བཞིན། །ཐེ་ཚོམ་གཅོད་ལ་སྐྱེ་བོ་རྣམས། །ད་ནི་སུ་ལ་བརྟེན་པར་འགྱུར། །མེ་ནི་འཕེལ་ཕྱིར་སྦུད་པ་བཞིན། །གང་གིས་སྦུད་བ་དགེ་ལེགས་ཕྱིར། །འཇིག་རྟེན་སློབ་དཔོན་ཐུབ་པ་དེར། །ཉམས་ཚེ་ཆོས་ནི་ཉམས་པར་འགྱུར། །ཚུལ་མེད་ཚུལ་ངན་གྱིས་བཅིངས་པའི། །རྒ་ཤི་དབང་བདག་
རྣམས་ཀྱི་ནི། །སྡུག་བསྔལ་འཁྲུལ་འཁོར་ཆེན་པོ་ཡི། །བཤིག་བྱེད་དེ་འདྲ་སུ་ཞིག་ཡོད། །སིན་དྷུར་ཤིང་ནི་སྐམས་པ་རྣམས། །དཔྱིད་མཐར་ཆུ་གཏེར་གྱིས་བཞིན་དུ། །ཆགས་སྐྱེས་རྒོད་པའི་མི་རྣམས་ནི། །གསུང་གིས་ཚིམ་མཛད་སུ་ཞིག་ལགས། །གང་དུ་བླ་མ་ལྷུན་པོའི་སྙིང་། །ཀུན་མཁྱེན་
ཉིད་ཀྱང་རྒུད་འགྱུར་ན། །བློ་གྲོས་ལྡན་པ་འཇིག་རྟེན་ན། །བློ་གཏད་ལ་འགྲོ་འོས་པ་སུ། །ཇི་ལྟར་གསང་བྱ་བསྐྱངས་བྱས་ནས། །འཆི་བའི་ཆེད་དུ་འཁྲིད་པར་བྱེད། །དེ་བཞིན་གསོན་པའི་འཇིག་རྟེན་སྡུག །འཆིང་བའི་ཆེད་དུ་སྐྱེ་བར་བྱེད། །ཇི་ལྟར་ཤིང་ནི་རྣོ་བ་ཡི། །སོག་ལེ་ཡིས་ནི་
གཤེགས་པར་བྱེད། །དེ་བཞིན་འགྲོ་འདི་ཉམས་པ་ཡི། །སོག་ལེ་ཡིས་ནི་གཤེགས་པར་བྱེད། །ཉོན་མོངས་མཐའ་དག་བསྲེགས་ནས་ཀྱང་། །ཡེ་ཤེས་ཀྱི་ནི་སྟོབས་ལྡན་ཀྱང་། །འགྲོ་བའི་མཆོག་གི་སློབ་དཔོན་ནི། །རབ་ཏུ་ཉམས་ཕྱིར་གཤེགས་པར་གྱུར། །ལྟ་ངན་སྲོག་ཆགས་ངན་པ་
ཆུ། །སྲིད་པའི་དབའ་རླབས་རྡུལ་ནི་ཉ། །ཡེ་ཤེས་གྲུ་པོ་ཆེན་པོ་ཡིས། །གང་གི་སྲིད་པའི་མཚོ་ལས་རྒལ། །རྒ་བའི་ཡལ་ག་ནད་མེ་ཏོག །འཆི་བའི་རྩ་བ་སྲིད་མྱུ་གུ། །ཡེ་ཤེས་མཚོན་ཆ་ཆེན་པོ་ཡིས། །གང་གིས་སྲིད་པའི་ལྗོན་ཤིང་བཅད། །མ་རིག་གཙུབ་ཤིང་ལས་སྐྱེས་ཤིང་། །
འདོད་ཆགས་མེ་ལྕེ་ཡུལ་བུད་ཤིང་། །གང་གིས་ཡེ་ཤེས་བསིལ་བའི་ཆུས། །སྐྱོན་གྱི་མེ་ནི་ཞི་བར་མཛད། །གང་གིས་ཞི་བའི་ལམ་ལ་གཤེགས། །གང་གིས་མུན་པ་ཆེན་པོ་སྤངས། །གང་གིས་དགེ་ལེགས་མཆོག་མཁྱེན་ཞིང་། །མཁྱེན་ནས་བྱམས་པ་ཡིས་བསྟན་ཏོ། །ངེས་ཀྱང་ཉོན་མོངས་ཀུན་

མཐར་ཕྱིར། །ཀུན་དུ་ཞི་བ་གཟིགས་པ་སྟེ། །ཀུན་མཁྱེན་ཀུན་ལ་ཕན་པ་མཛད། །ཀུན་སྤངས་ཆེད་དུ་གཤེགས་པ་ཉིད། །མཉེན་ཞིང་རྣམ་ཡངས་དབྱངས་མངའ་བའི། །ཕྱག་རིང་ཐུབ་པ་ཆེན་པོ་དེའི། །གལ་ཏེ་མཐའ་ན་སུ་ཡི་མཐའ། །འབྱུང་འགྱུར་མ་ཡིན་འབྱུང་འགྱུར་མིན། །འབྲོག་
དགོན་དག་ན་ཆུ་མཐོང་ནས། །ལམ་འགྲོ་དོན་བཅས་འཁྲུལ་བ་བཞིན། །མྱུར་བ་དང་ལྡན་མཁས་པས་ནི། །དེ་ཕྱིར་ཆོས་ལ་བསྙེན་པར་འོས། །ཉམས་ཕྱིར་ཁྱད་པར་མེད་པ་ཡི། །སྡིག་པ་མི་རྟག་ཉིད་ཤེས་ནས། །གང་ཞིག་ཆོས་ལ་གཉིད་མ་ལོག །དེ་ནི་ཉལ་ཡང་གཉིད་མ་
ལོག །དེ་ནས་མི་ཡི་སེང་གེ་ཡི། །ཡེ་ཤེས་ཟ་ཕོད་སེང་གེ་དེས། །སྐྱེ་བའི་ཉེས་པ་རྣམས་སྨད་ཅིང་། །སྲིད་པ་ཟད་པའི་བསྟོད་པ་ཉིད། །སྲིད་པའི་རྩ་བ་འདོར་འདོད་ཅིང་། །བརྟུལ་ཞུགས་དམ་པ་ལེན་འདོད་ལ། །གཡོ་བའི་སེམས་ནི་ཐུལ་འདོད་དེ། །དགེ་བའི་ལམ་ལ་གནས་པར་
འདོད། །ཞི་བའི་ལམ་ལ་འགྲོ་འདོད་ཅིང་། །སྲིད་པའི་མཚོ་ལས་རྒལ་འདོད་ལ། །རྟག་པར་སྦྱིན་པ་གཏོང་འདོད་དེ། །ཡང་སྲིད་གཅོད་པར་འདོད་པའོ། །སྦྱིན་པ་བྱིན་ཞིང་ང་རྒྱལ་སྤངས། །ཆོས་ནི་བསམས་ཤིང་ཞི་བར་སོང་། །ཐུབ་པ་མྱ་ངན་འདའ་བཞེད་ཚེ། །དེ་ཡིས་ས་ནི་སྟོང་པར་
གོ། །དེ་ནས་སྐུ་ལུས་ཐམས་ཅད་ཀྱིས། །གཉིས་འཐུང་རྒྱལ་པོ་བཞིན་བཟློག་ནས། །གྲོང་ཁྱེར་ལ་ནི་གཟིགས་བཞིན་དུ། །ཐུབ་པས་འདི་སྐད་བཀའ་སྩལ་ཏོ། །ཡངས་པ་ཅན་གྱི་བདག་གི་འདི། །ཁྱོད་ལ་ལྟ་བའི་ཕྱི་མ་ཡིན། །གྱད་གནས་ཀྱི་ཚེ་ཚོང་དུས་སུ། །མྱ་ངན་
འདའ་ཕྱིར་འགྲོ་པར་གྱིས། །དེ་ནས་གུས་ལྡན་ཆོས་འདོད་པ། །ཉེ་བར་འོངས་པ་རྣམས་གཟིགས་ནས། །དེ་ཡི་རབ་སྤྱོད་ལས་རྣམས་ལ། །ཐུབ་པས་མངོན་པར་རྗེས་གནང་མཛད། །དེ་ནས་རིམ་གྱིས་རྣམ་འདྲེན་པ། །ལོངས་སྤྱོད་གྲོང་ལ་བསྙེན་པ་སྟེ། །དེར་བཞུགས་
ཐམས་ཅད་མཁྱེན་པ་ཡིས། །དགེ་སློང་རྣམས་ལ་མངོན་པར་གསུངས། །ད་ལྟར་རམ་ནི་བདག་འདས་ནས། །ཆོས་ལ་མཆོག་ཏུ་གཞོལ་བར་བྱ། །དེ་ནི་ཁྱོད་ཀྱི་དོན་མཆོག་སྟེ། །གང་གཞན་དེ་ནི་ངལ་བར་འགྱུར། །གང་ཞིག་མདོ་སྡེར་མ་ཞུགས་ཤིང་། །འདུལ་བ་ན་ཡང་མི་སྣང་

ལ། །རིགས་པར་སོ་སོར་གནོད་པ་སྟེ། །དེ་ནི་ཅིས་ཀྱང་གཟུང་མི་བྱ། །དེ་ནི་ཆོས་མིན་འདུལ་བ་མིན། །དེ་ནི་བདག་གི་ཚིག་མ་ཡིན། །མང་པོ་རྣམས་ཀྱི་ཚིག་ཡིན་ཀྱང་། །ནག་པོའི་གདམས་པ་དེ་དོར་བྱ། །དག་པའི་གདམས་པ་གཟུང་བྱ་ཞིང་། །གང་
ལ་ཡོད་མིན་ཟློག་པ་སྟེ། །དེ་ནི་ཆོས་ཡིན་འདུལ་བ་སྟེ། །དེ་ནི་བདག་གི་ཚིག་ཡིན་ནོ། །དེ་ཕྱིར་བདག་གིས་མདོར་བསྡུས་ནས། །ཚད་མ་འདི་རྣམས་བཤད་པ་སྟེ། །གང་ཞིག་བྱེད་དེ་ཚད་མ་ཡིན། །འདི་ལས་གཞན་དུ་ཚད་མ་མིན། །བདག་གི་དགོངས་པ་ཕྲ་མོ་དེ། །རྣམ་པར་མ་
བཞག་མ་ཤེས་ནས། །རྨོངས་ལས་ཆོས་མ་ཡིན་པ་ལ། །ཆོས་ཀྱི་བློ་རྣམས་འབྱུང་བར་འགྱུར། །མུན་པ་དང་བཅས་ལྟ་བས་སམ། །ཁྱད་པར་རྣམས་ནི་ཤེས་མིན་ལས། །གསེར་དང་རབ་ཏུ་མཚུངས་པ་ཡི། །ཇི་ལྟར་ཟངས་ཀྱིས་སླུ་བར་བྱེད། །ཤེས་རབ་ཁྱབ་པ་མེད་པས་སམ། །
དེ་ཉིད་འཛིན་པ་མ་ཡིན་པས། །དམ་པའི་ཆོས་ཀྱི་གཟུགས་བརྙན་གྱི། །དེ་ལྟར་ཆོས་མ་ཡིན་པས་སླུ། །བརྡར་ལས་གཅད་ལས་བསྲེགས་པ་ལས། །མཁས་པ་རྣམས་ཀྱིས་གསེར་བཞིན་དུ། །འདུལ་བ་མདོ་ལས་རིགས་པ་ལས། །དེ་ཕྱིར་ཡོངས་སུ་རྟོག་པར་རིགས། །བསྟན་
བཅོས་རྣམ་པར་མི་ཤེས་པས། །མཁས་པ་རྣམས་ནི་མ་ཡིན་ཞིང་། །ཚུལ་མིན་ལ་ཚུལ་བློ་གྲོས་དང་། །ཚུལ་ལ་ཚུལ་མིན་མཐོང་བ་ཉིད། །དེ་ཕྱིར་དོན་དང་ཚིག་གིས་ནི། །ཡང་དག་ཐོས་པས་གཟུང་བྱ་སྟེ། །བསྟན་བཅོས་ལོག་པར་གཟུང་བ་ཡིས། །མཚོན་ཆ་བཞིན་དུ་རྣམ་པར་འཇོམས། །
སྔར་མེད་ལྡན་པས་འཁྱོག་མང་པོའི། །མཚན་མོའི་འོད་བྱེད་ཁྱིམ་ལ་བཞིན། །ཚིག་ནི་ལོག་པར་བརྗོད་པ་ཡི། །དོན་ལ་སྡུག་བསྔལ་གྱིས་འཇུག་གོ། །དོན་ཉམས་པ་ལས་ཆོས་ཉམས་ཤིང་། །ཆོས་ཉམས་པ་ལས་ནུས་པ་སྟེ། །དེ་ཕྱིར་མ་ལོག་དོན་ལ་ནི། །གང་གི་བློ་དེ་བློ་ལྡན་ནོ། །དགེ་
མང་དེ་སྐད་གསུངས་ནས་ནི། །དུས་སུ་སྡིག་པའི་གྲོང་ལ་གཤེགས། །དེར་ནི་འདི་ལ་མཁྱེན་རྣམས་ཀྱིས། །བསྙེན་བཀུར་དམ་པ་བྱས་པའོ། །དེ་ནས་དེར་ནི་གུས་ལྡན་པ། །སྐུལ་བྱེད་ལེགས་པའི་ཁྱིམ་ཉིད་དུ། །བཅོམ་ལྡན་འདས་ཀྱིས་ཟས་མཛད་དེ། །དེ་ཡི་ཕྱིར་ཡིན་རྒྱས་ཕྱིར་

མིན། །དེ་ནས་ཉན་ཐོས་ཚོགས་བཅས་ཏེ། །དེ་བཞིན་གཤེགས་པས་ཟས་མཛད་ནས། །སྐུལ་བྱེད་ལ་ནི་ཆོས་གསུངས་ཏེ། །ཀུ་ཤ་ལྡན་པའི་གྲོང་དུ་གཤེགས། །དེ་བཞིན་ནོར་ལྡན་ཞེས་པའི་ཀླུང་། །སྐུལ་བྱེད་བཅས་པ་དེ་རྒལ་ནས། །གྲོང་ཁྱེར་དེར་ནི་ཞི་བ་ཡི། །པད་མའི་ནགས་
བཅས་ནགས་སུ་བསྙེན། །གསེར་དང་འདྲ་བའི་འོད་མངའ་དེས། །གསེར་ལྡན་ལ་ནི་ཁྲུས་མཛད་ནས། །ཀུན་དགའ་བོ་ནི་དགའ་མེད་ལ། །འཇིག་རྟེན་དགའ་བས་བཀའ་སྩལ་ཏོ། །ཀུན་དགའ་གཤིན་རྗེའི་ར་བ་ཡི། །དབུས་སུ་བདག་གི་ཁྲི་ཤོམས་ཤིག །དེ་རིང་ནམ་གྱི་ཆ་སྨད་ལ། །
དེ་བཞིན་གཤེགས་པ་མྱ་ངན་འདའ། །ཞེས་གསུངས་ཀུན་དགའ་བོས་ཐོས་ནས། །མཆི་མས་ཞག་ངན་མིག་ལྡན་པས། །ཐུབ་པའི་གཟིམས་མལ་བཤམས་པ་སྟེ། །བཤམས་ནས་བསྟོད་ཅིང་ཀྱི་ཧུད་དོ། །དེ་ནས་གཟིམས་མལ་བསྟབས་པ་ལ། །རྐང་གཉིས་རྣམས་ཀྱི་མཆོག་བྱོན་ཏེ། །
ཡང་ཡང་སད་པ་མེད་ཕྱིར་དང་། །སྡུག་བསྔལ་ཐམས་ཅད་ཟད་ཕྱིར་རོ། །དེ་ནི་རྩིབ་ལོགས་གཡས་ཀྱི་ནི། །ཕྱག་ལ་དབུ་ནི་རྣམ་གཞག་ནས། །ཞབས་ལ་ཞབས་ནི་བཀོད་ནས་སུ། །སློབ་མས་མདུན་བདར་གཟིམས་པའོ། །དེ་ནས་ཡུད་ཙམ་དེ་ན་དེར། །བྱ་རྣམས་སྐད་ནི་མི་སྒྲོགས་ཏེ། །
ཟགས་ཤིང་སྙོམས་པའི་ལུས་རྣམས་ཀྱིས། །བསམ་གཏན་ལ་ནི་གཞོལ་བཞིན་གནས། །དེ་ཚེ་འདབ་མ་གཡོ་རྣམས་ལས། །རླུང་རྣམས་ཀྱིས་ཀྱང་མ་གཡོས་པའི། །ལྗོན་ཤིང་རྣམས་ཀྱི་མཆི་མ་བཞིན། །མདོག་ངན་མེ་ཏོག་རྣམས་གཏོར་ཏོ། །ནུབ་རིའི་རྩེ་ལ་ཉིན་མོར་བྱེད། །གནས་ལ་
ལམ་འགྲོ་རྣམ་པ་བཞིན། །ཁྲི་ལ་ཐུབ་པ་ལྟ་བཞིན་དུ། །དོན་དམ་མཐོང་རྣམས་སྐྱེན་པར་གྱུར། །དེ་ནས་མཐར་ཐུག་གཟིམས་མལ་ལ། །ཐམས་ཅད་མཁྱེན་པ་གཟིམས་པ་ཡིས། །མཆི་མས་རྣམ་འཁྲུག་ཀུན་དགའ་ལ། །རྗེས་སུ་བརྩེ་བས་བཀའ་སྩལ་ཏོ། །བདག་ནི་མྱ་ངན་འདའ་བའི་
དུས། །གྱད་རྣམས་ལ་སྨྲོས་ཀུན་དགའ་བོ། །མྱ་ངན་འདའ་བ་མ་མཐོང་ན། །ཕྱིས་ནས་བདག་ལ་གདུང་བར་འགྱུར། །དེ་ནས་གསུང་ནི་རབ་བཟུང་ནས། །མཆི་མས་བརྒྱལ་བའི་ཀུན་དགའ་བོས། །ཐུབ་པའི་གཟིམས་མལ་མཐར་ཐུག་པ། །གྱད་རྣམས་ལ་ནི་སྨྲས་པའོ། །དེ་ནས་དེའི་ཚེ་ཀུན་

དགའ་བོ་ཡི་ཚིག་ཐོས་ནས། །མིག་ནས་ཆུ་ཡི་ཆར་ལྡན་དེ་རྣམས་ངུ་བཞིན་དུ། །སེང་གེའི་འཇིགས་ལས་ས་འཛིན་དག་ནས་ཁྱུ་མཆོག་ལྟར། །བརྟན་མིན་རྣམ་པར་གནོན་རྣམས་གྲོང་ཁྱེར་ནས་འཐོན་ཏོ། །ཞེན་པ་མེད་པས་གོས་རྣམས་གཡེངས་ཤིང་རྣམ་བཀྲམ་
སྟེ། །འགྲོས་ཀྱིས་ཀུན་ནས་བསྐྱོད་པས་ཅོད་པན་གཡོ་བ་རྣམས། །ལྷ་ན་གནས་རྣམས་བསོད་ནམས་ཡོངས་སུ་ཟད་ལས་བཞིན། །དེ་ན་ཉམ་ཐག་འོངས་པ་རྣམས་ནི་ནགས་དེར་སོང་། །དེ་ལྟར་འོངས་པ་རྣམས་ཀྱིས་ཐུབ་པ་མཐོང་བ་སྟེ། །མཐོང་ནས་མཆི་མའི་གདོད་ལྡན་རྣམས་
ཀྱིས་ཕྱག་འཚལ་ཞིང་། །ཕྱག་འཚལ་ནས་ནི་ཡོངས་གདུང་སེམས་རྣམས་གནས་པ་སྟེ། །གནས་པ་དེ་རྣམས་ལ་ནི་ཐུབ་པས་བཀའ་སྩལ་ཏོ། །དགའ་བའི་དུས་སུ་མྱ་ངན་བྱེད་པར་རིགས་མིན་ཞིང་། །ཡིད་མི་བདེ་བས་དོན་མེད་བསྟན་པ་བསྙེན་པར་གྱིས། །བསྐལ་པ་དུ་མ་རྣམས་སུ་
བདག་གི་འདོད་པ་གང་། །ཤིན་ཏུ་རྙེད་དཀའི་དོན་དེ་བདག་ལ་ཉེ་བར་གནས། །ས་དང་ཆུ་དང་མེ་དང་རླུང་དང་མཁའ་མེད་པའི། །དགེ་ཞིང་འགྱུར་མེད་དབང་པོའི་དབང་དོན་ལས་འདས་པ། །ཞི་ཞིང་དབྲོག་བྱ་མ་ཡིན་མཆོག་དེ་གང་ཐོབ་ནས། །སྐྱེ་བ་མེད་ཅིང་འཕོ་བ་མེད་ལ་མྱ་ངན་མེད། །
ག་ཡ་རྣམས་སུ་བྱང་ཆུབ་ཚེ་ན་བདག་གིས་སྔོན། །དགེ་མིན་སྲིད་པའི་རྒྱུ་རྣམས་སྦྲུལ་བཞིན་དོར་བ་སྟེ། །སྔོན་ཚེ་བསགས་པའི་ལུས་ཀྱིས་རྣམ་པར་གནས་པ་འདི། །ལུས་འདི་ཉིད་ནི་དེ་རིང་ཉེ་བར་འགྲོ་བར་འགྱུར། །སྡུག་བསྔལ་གྱི་ནི་གཏེར་ཆེན་ཕུང་པོ་སོང་བ་ན། །འཇིགས་པ་ཆེན་པོ་
ཡང་སྲིད་ཉེ་བར་ཞི་བ་ན། །གང་ཚེ་སྡུག་བསྔལ་ཆེན་པོ་ལས་ནི་བྱུང་བ་སྟེ། །གང་གིས་ངུ་བ་བདག་ལ་མྱ་ངན་འོས་ཅི་ཡོད། །རབ་ཏུ་ཞི་བའི་དུས་ཡིན་ན་ཡང་འབྲུག་གི་དབྱངས། །ཤཱཀྱ་ཐུབ་པའི་གསུང་ནི་དེ་རྣམས་ཀྱིས་ཐོས་ནས། །དེ་ནས་ཁ་རྣམས་བྱེ་ཞིང་སྨྲ་འདོད་གྱུར་པ་སྟེ། །དེ་དག་
རྣམས་ཀྱི་ཚིག་དེ་གནས་བརྟན་གྱིས་གསོལ་ཏོ། །གང་གིས་ངུ་བ་ཁྱོད་ཀྱི་མྱ་ངན་འོས་ཅི་ཡོད། །མེ་ནི་ཁང་པ་འབར་ལས་རྣམ་པར་འཐོན་པ་ལྟར། །དེ་ལྟར་ཐུབ་པ་དེ་ནི་ལྷ་གཙོ་རྣམས་ཀྱིས་ཀྱང་། །ངེས་པར་བསྙེན་བྱ་ཡིན་ན་མི་རྣམས་ཀྱིས་སྨྲོས་ཅི། །ཁྱབ་བདག་སྐྱེ་བོ་གང་འདི་དེ་བཞིན་

གཤེགས་པ་ནི། །མྱ་ངན་འདས་འདི་མཐོན་མིན་དེས་ན་མྱ་ངན་བྱེད། །འབྲོག་དགོན་དག་ན་སོང་བའི་ལམ་མཁན་བཟང་པོ་ནི། །རྣམ་པར་ཉམས་ཚེ་ཀུན་ནས་འཁྲུལ་བར་ཅིས་མ་འགྱུར། །བླ་མ་དྲང་སྲོང་ཆེན་པོ་ཐམས་ཅད་གཟིགས་པ་ནི། །དངོས་སུ་མཐོང་ནས་གལ་ཏེ་ཁྱད་པར་མ་ཐོབ་ན། །
གསེར་གྱི་འབྱུང་གནས་དག་ནས་དབུལ་པོ་སོང་རྣམས་བཞིན། །དེ་ཚེ་འདི་ན་བཞད་གད་ཉིད་དུ་འགྲོ་བ་ཉིད། །དེ་ལྟར་དོན་ལྡན་མང་པོ་དེ་དེ་སྨྲ་བ་རྣམས། །བུ་རྣམས་ལ་བཞིན་གུས་ལྡན་ཐལ་མོ་སྦྱར་བ་རྣམས། །དགེ་ཞིང་ཞི་ལ་དམ་པའི་དོན་ནི་བསྔགས་པ་ཡིས། །གྱད་རྣམས་དག་ལ་
མཆོག་བདག་རྣམས་ཀྱི་མཆོག་གིས་གསུངས། །དེ་ལྟར་ངེས་པ་དེ་ནི་ཁོ་བོ་མཐོང་བ་ལས། །རྣལ་འབྱོར་ཆོ་གར་འབད་རྩོལ་མེད་པར་གྲོལ་མིན་ཏེ། །བདག་གི་ཆོས་འདི་གང་ཞིག་རྗེས་སུ་རྟོག་བྱེད་པ། །སྡུག་བསྔལ་དྲ་བ་ལས་དེ་མ་མཐོང་ན་ཡང་གྲོལ། །ཇི་ལྟར་སྨན་ནི་བསྙེན་པར་མི་བྱེད་
སྐྱེས་བུ་ཡིས། །སྨན་པ་མཐོང་བ་ལས་ཀྱང་ནད་ནི་འཇོམས་མིན་ཏེ། །དེ་བཞིན་བདག་གིས་ཡེ་ཤེས་འདི་ནི་མ་བསྒོམས་ན། །བདག་ནི་མཐོང་བ་ལས་ཀྱང་སྡུག་བསྔལ་འཇོམས་མ་ཡིན། །འདི་ནི་བདག་ལྡན་གང་ཞིག་བདག་གི་ཆོས་མཐོང་བ། །རྒྱང་རིང་དག་ན་གནས་ཀྱང་དེས་ནི་བདག་
མཐོང་སྟེ། །གང་ཞིག་དགེ་ལེགས་ལ་ནི་གཞོལ་ཞིང་མི་འཇུག་པ། །བདག་གི་ཉེ་བར་གནས་ཀྱང་དེ་ནི་རྒྱང་རིང་ཉིད། །དེ་ཕྱིར་བརྩོན་འགྲུས་མ་སྤངས་བསྡམས་པའི་སེམས་རྣམས་ཀྱིས། །དགེ་བའི་ལས་རྣམས་ལ་ནི་བག་དང་ལྡན་པར་གྱིས། །སྡུག་བསྔལ་དུ་མ་ཉེ་བར་འདུས་ཤིང་གཡོ་བ་
སྟེ། །སྲོག་ནི་ཐོ་རངས་མར་མེ་དང་ནི་མཚུངས་པ་ཉིད། །དེ་ལྟར་ཐུབ་པའི་སྐྱེས་མཆོག་གིས་བསྟན་དེ་རྣམས་ནི། །མིག་ནས་ཆུ་ནི་རྣམ་བྱུང་ཉམ་ཐག་ཡིད་རྣམས་ཀྱིས། །ཆུ་བོའི་གཞུང་ནི་སོ་སོར་སྒྲོལ་བར་བྱེད་པ་བཞིན། །ཀུ་ཤ་ཞེས་བྱའི་གྲོང་ལ་དལ་བུས་དབང་མེད་ཞུགས། །སངས་རྒྱས་
ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མྱ་ངན་ལས་འདའ་བར་གཤེགས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་བཟང་པོས་ཡང་དག་ཉེར་ལྡན་ལེགས་བཟང་ནི། །དབྱུ་གུ་གསུམ་འཛིན་འབྱུང་པོའི་ཚོགས་སུ་མི་མཆོད་པ། །བདེ་བར་གཤེགས་པ་ལྟ་འདོད་

དགེ་སློང་ཐར་འདོད་པས། །ཀུན་དགའ་བྱེད་པའི་ཀུན་དགའ་བོ་ལ་སྨྲས་པའོ། །ཐུབ་པ་མྱ་ངན་འདའ་བའི་དུས་ནི་བདག་གིས་ཐོས། །གང་གི་ཆེད་དུ་བདག་གིས་ལྟ་འདོད་སྐྱེས་པ་སྟེ། །འཇིག་རྟེན་དག་ན་མཆོག་གི་ཆོས་ཀྱི་རྟོགས་པ་པོ། །ཟླ་བ་གནམ་སྟོང་ལ་བཞིན་མཐོང་
བར་ཟླ་བ་མིན། །སྡུག་བསྔལ་མཐའ་དག་རྣམས་ཀྱི་ཐ་མར་གཤེགས་བཞེད་པ། །ཁྱོད་ཀྱི་འདྲེན་པ་དེ་ནི་ལྟ་བར་འདོད་པ་སྟེ། །སྤྲིན་གྱིས་མངོན་པར་བཀག་པའི་མཁའ་ལ་ཉི་མ་བཞིན། །བདག་གིས་མ་མཐོང་བར་དེ་ནུབ་པར་འགྲོ་མ་ཡིན། །དེ་ནས་ཡོངས་སུ་འགྲོ་བ་པོ་ནི་འོངས་པ་སྟེ། །སྨྲ་
བར་འདོད་ཅིང་ཆོས་འདོད་པ་ནི་དེས་ཤེས་ནས། །ངལ་བ་དང་ནི་ལྡན་པའི་སེམས་ལྡན་ཀུན་དགའ་བོས། །དུས་མ་ཡིན་ཞེས་མཆི་མའི་གདོང་གིས་སྨྲས་པའོ། །དེ་ནི་ཟླ་བའི་འོད་མངའ་བསམ་པ་མཁྱེན་པ་པོ། །འདབ་མ་རྒྱས་པའི་སྤྱན་ཡངས་རྣམ་པར་མཁྱེན་ནས་སུ། །གང་ཕྱིར་ཁོ་བོ་འཇིག་
རྟེན་ཕན་ཕྱིར་སྐྱེས་པ་སྟེ། །ཀུན་དགའ་བོ་ཀྱེ་གཉིས་སྐྱེས་མ་འགོགས་ཞེས་གསུངས་སོ། །དེ་ལས་ལེགས་བཟང་མཆོག་ཏུ་དགའ་ཞིང་ཡིད་ཆེས་ཤིང་། །དཔལ་སྟུག་དགེ་ལེགས་མཛོད་ལ་མངོན་དུ་སོང་བ་སྟེ། །དེ་ནས་དུས་ཀྱི་རྗེས་སུ་མཐུན་པས་ཞི་བ་ཡི། །གསུང་ནི་མངོན་པར་གསུངས་
ནས་སླར་ཡང་དེ་གསོལ་ཏོ། །ཁོ་བོ་ལྟ་བའི་ཡོངས་སུ་རྟོག་པ་པོ་རྣམས་ལས། །ཐར་པའི་ལམ་གཞན་ལྷག་པར་ཁྱེད་ཀྱིས་ལྷག་པར་ཐོབ་ཅེས་གྲག །དེ་ཕྱིར་བདག་ལ་གསུང་མཛོད་བདག་ལ་འཛིན་འདོད་ཡོད། །བདག་གིས་ལྟ་འདོད་རྩེ་བར་འདོད་པའི་ཕྱིར་མ་ཡིན། །དེ་ནས་གཉིས་
སྐྱེས་མངོན་པར་འོངས་པ་དེ་ལ་ནི། །ཡན་ལག་བརྒྱད་ཀྱི་ལམ་ནི་སངས་རྒྱས་ཀྱིས་གསུངས་ཤིང་། །རབ་ཏུ་ཆུད་ཟོས་ལམ་ནི་ཡང་དག་དྲན་པ་བཞིན། །ཐོས་ནས་གང་ནི་གང་གིས་ཡང་དག་རྟོགས། །དེས་ནི་སྔོན་དུ་མཐོང་བར་གྱུར་པའི་ལམ་གཞན་ལ། །དེས་ནི་མཐར་ཐུག་དམ་པ་ཉེ་བར་མ་ཐོབ་
སྟེ། །སྔོན་དུ་མ་མཐོང་ལམ་ནི་ལྷག་པར་ཐོབ་ནས་སུ། །སྙིང་ལ་མུན་པ་དང་བཅས་ལམ་དེ་དོར་བར་གྱུར། །རྡུལ་དང་ལྷན་ཅིག་མུན་པ་རབ་ཏུ་འཕེལ་བ་སྟེ། །དེ་དག་རྣམས་ཀྱི་མི་དགེའི་ལས་ནི་སོགས་ཞེས་གྲགས། །སྙིང་སྟོབས་དང་བཅས་རྡུལ་ནི་རབ་ཏུ་འཕེལ་བ་སྟེ། །དེ་དག་རྣམས་

ཀྱི་དགེ་བའི་ལས་ནི་རྒྱས་ཞེས་གྲགས། །ཐོས་དང་བློ་དང་འབད་པས་སྙིང་སྟོབས་འཕེལ་བ་ན། །རྡུལ་དང་མུན་པ་ནག་ནི་རྣམ་པ་མེད་པའི་ཕྱིར། །ལས་ཉམས་པ་ལས་ལས་ནི་ཟད་པར་འགྲོ་བ་སྟེ། །དེ་དག་རྣམས་ཀྱི་ལས་དེ་འཐད་པ་ཡིན་ཞེས་གྲགས། །ཡིད་ནི་རྨོངས་པར་བྱེད་
པ་རྡུལ་དང་མུན་པ་དག །རང་བཞིན་པར་ནི་འཇིག་རྟེན་དག་ན་སྨྲ་བ་སྟེ། །དེ་ཕྱིར་དེ་གཉིས་ཟད་པ་ཡོད་མིན་བརྟན་ཉིད་ཕྱིར། །རང་བཞིན་པར་ནི་བརྟན་པ་ཉིད་དུ་རབ་ཏུ་གྲུབ། །སྙིང་སྟོབས་སྦྱོར་ལས་དེ་དག་བདེ་བར་གྱུར་ན་ཡང་། །དུས་ཀྱི་དབང་གིས་སླར་ཡང་འབྱུང་བར་འགྱུར་བ་
སྟེ། །བསིལ་བའི་ཆུ་ནི་ཚན་མོ་བཞིན་དུ་རིམ་གྱིས་ནི། །དུས་ཀྱི་རིམ་ལས་རང་བཞིན་དུ་ནི་འགྲོ་བར་འགྱུར། །རྟག་པའི་བདག་ཉིད་སྙིང་སྟོབས་དེ་ལྟར་འཕེལ་བ་རུ། །ཐོས་པ་བློ་དང་འབད་པ་རྣམས་ཀྱིས་མི་ནུས་ཏེ། །དེ་མ་འཕེལ་ན་དེ་དག་ཉམས་པ་ཡོད་མིན་ཞིང་། །དེ་དག་མ་
ཉམས་པ་ལས་ཞི་བ་ཡོད་མ་ཡིན། །སྔོན་དུ་དེས་ནི་རང་བཞིན་ལས་ནི་སྐྱེས་སྙམ་སྟེ། །དེས་ཀྱང་དེར་ནི་ཐར་པ་མཐོང་བ་མ་ཡིན་ཞིང་། །མེ་ཡི་འབར་བའི་འོད་ཀྱི་ཉམས་པ་ཇི་ལྟ་བར། །རང་བཞིན་ལ་ནི་གནས་ན་མཐར་ཐུག་གང་ལས་ཡིན། །སངས་རྒྱས་པ་ཡི་ལམ་གྱིས་དེ་ཉིད་མཐོང་བ་
སྟེ། །སྲིད་པ་ལ་ནི་བརྟེན་ནས་འཇིག་རྟེན་དེས་རྟོགས་ཤིང་། །དེ་ཡི་རྣམ་པར་ཉམས་པས་ཞི་བ་རིགས་པ་སྟེ། །རྒྱུ་ནི་རབ་ཏུ་ཉམས་ཕྱིར་འབྲས་བུ་ཉམས་པའོ། །གསལ་བ་འདི་ཡིན་རྣམ་པར་འགྱུར་བ་མེད་པའི་བདག །ལུས་ལས་གཞན་ནི་དེ་ཡིས་སྔོན་དུ་རྟོགས་པ་སྟེ། །ཐུབ་པའི་
གསུང་ནི་ཡོངས་སུ་ཐོབ་ནས་འཇིག་རྟེན་ནི། །བདག་མེད་པ་དང་བདག་ཏུ་བྱ་བ་མེད་པར་ཤེས། །ཆོས་ནི་དུ་མ་སོ་སོར་བརྟེན་ནས་སྐྱེས་པ་སྟེ། །རང་ཉིད་དབང་མེད་ཡོངས་སུ་ཤེས་ནས་ནི། །དེས་ནི་རབ་ཏུ་འཇུག་པ་སྡུག་བསྔལ་ཉིད་དུ་དང་། །ངེས་པར་ལྡོག་སྟེ་སྡུག་བསྔལ་ཉིད་དུ་ཀྱེ་མ་མཐོང་། །
ཇི་ལྟར་འཇིག་རྟེན་དག་ནི་སྐྱེ་བ་རྟོགས་ནས་སུ། །དེས་ནི་ཆད་པའི་ལྟ་བ་རྣམ་པར་སྤངས་པ་སྟེ། །འཇིག་རྟེན་དག་གི་ནུབ་པར་འགྲོ་བ་ཤེས་ནས་སུ། །རྟག་པའི་ལྟ་བ་བརྟན་པོ་སྐྱེན་པར་སྤངས་པའོ། །དྲང་སྲོང་ཆེན་པོའི་གསུང་ནི་ཐོས་ནས་བཟུང་བ་སྟེ། །དེ་ལྟར་འདི་ན་དེས་ནི་སྔོན་གྱི་ལྟ་བ་དང་། །

དེ་ཡིས་སྔོན་དུ་ཡོངས་སུ་ལས་ནི་བྱས་པས་ཏེ། །གང་གིས་སྐྱེན་པར་དམ་པའི་ཆོས་ལ་རྗེས་སུ་སོང་། །ཡིད་ནི་རབ་ཏུ་དང་བས་མཆོག་དང་ལྡན་པ་དེས། །ཞི་ཞིང་འགྱུར་མེད་གོ་འཕང་དེ་ནི་རབ་ཐོབ་ནས། །ཐུབ་པ་གཟིམས་པ་ལ་ནི་བསྔགས་པ་བྱས་པ་སྟེ། །ལྟ་བཞིན་འདི་
ལས་བློ་འདི་རྣམས་ནི་བྱས་པའོ། །མཆོད་འོས་དམ་པ་མྱ་ངན་འདའ་བར་འོས་པ་ཡི། །མགོན་པོ་མཐོང་ནས་བདག་ནི་གནས་པར་འོས་མ་ཡིན། །སྟོན་པ་ཐུགས་རྗེ་ལྡན་པ་མྱ་ངན་འདའ་བ་ཡི། །སྔོན་དུ་རེ་ཞིག་བདག་ནི་མཐར་ཐུག་ལ་འགྲོའོ། །དེ་ནས་དེས་ནི་ཐུབ་པ་ལ་ནི་ཕྱག་འཚལ་ནས། །
སྦྲུལ་བཞིན་གཡོ་བ་མེད་པའི་གདན་ནི་བཅིངས་ནས་སུ། །སྤྲིན་རླུང་གིས་ནི་ཕྲ་མོའི་ཕྲ་མོར་བྱེད་པ་བཞིན། །དེ་མ་ཐག་ཏུ་ཞི་བ་མྱ་ངན་འདའ་བར་གཤེགས། །དེ་ནས་དེ་ཕྱིར་གདུང་གི་འདུ་བྱེད་ཆོ་ག་ནི། །ཆོ་ག་མཁྱེན་པའི་ཐུབ་པས་རྣམ་པར་བཀའ་སྩལ་པ། །མཐར་གྱུར་དེ་ནི་སྐྱེ་
བ་མཐར་མཛད་དྲང་སྲོང་ཆེ། །རྒྱ་ཆེན་སློབ་མ་མངའ་བའི་སློབ་མར་གྱུར་པའོ། །དེ་ནས་ནམ་གྱི་ཐུན་ནི་འདས་པ་ན། །ཟླ་བས་སྐར་མ་རྣམས་ཀྱི་འོད་ནི་ཕྲོགས་པ་ན། །ནགས་རྣམས་ཉལ་བ་བཞིན་དུ་སྒྲ་མེད་གྱུར་པ་ན། །དགེ་སློང་རྣམས་ལ་ཐུགས་རྗེ་ཆེན་པོ་མངའ་བས་བསྟན། །སློབ་དཔོན་
བཞིན་དུ་སྒྲོན་མ་བཞིན་དུ་དོན་བཞིན་དུ། །བདག་འདས་ཚེ་ན་སོ་སོར་ཐར་པ་བསྟན་བྱ་སྟེ། །ཁྱེད་ཀྱི་སྟོན་པ་དེ་ཡིན་དེའི་དབང་གིས་འགྱུར་བྱ། །ཁོ་བོ་གནས་པ་ན་ཡང་དེ་ཙམ་ཉིད་སྨྲའོ། །ལུས་དང་ངག་གི་ལས་ནི་རྣམ་པར་དག་འདོད་པས། །དེ་བཞིན་འཇིག་རྟེན་ཐ་སྙད་ཐམས་ཅད་འདོར་
བ་དང་། །ས་དང་སྲོག་ཆགས་ས་བོན་རྫས་ལ་སོགས་རྣམས་ཀྱིས། །རབ་ཏུ་འཛིན་པ་ལས་ནི་མེ་བཞིན་ལྡོག་པའོ། །ས་ལ་སྐྱེ་བ་གཅོད་དང་འབྱེད་པ་དག་ལས་དང་། །ས་ཡི་ལོགས་ལ་རྐོ་དང་རྨོ་བ་དག་ལས་དང་། །གསོ་བ་དང་ནི་སྐར་རྩིས་མཚན་ཉིད་རྣམས་ལས་ནི། །ངེས་པར་
ལྡོག་པ་བཟའ་བའི་ཆོ་ག་དུས་ཡིན་ནོ། །ཕོ་ཉའི་རིགས་པ་སྨན་དང་སྔགས་ནི་བསྙེན་རྣམས་ལ། །སྦྱོར་མིན་ཉིད་དང་འཆབ་པ་ཉིད་ནི་མེད་པ་ཉིད། །ཆོས་ལས་མ་བཀག་པ་ཡི་སྒྲུབ་པ་རྣམས་ལ་ནི། །ཚོད་ཤེས་ཉིད་དང་ཚིམ་དང་སོགས་པ་མ་ཡིན་ནོ། །རྣམ་པ་དེ་ལྟར་ཚུལ་ཁྲིམས་

ཡང་དག་བསྡུས་པ་འདི། །ཐར་པའི་རྩ་བ་ཞེས་པ་སོ་སོར་ཐར་པ་སྟེ། །འདི་ལས་ཏིང་ངེ་འཛིན་རྣམས་རབ་ཏུ་སྐྱེ་བ་སྟེ། །ཡེ་ཤེས་ཐམས་ཅད་རྣམས་དང་མཐར་ཐུག་རྣམ་འདའོ། །དེ་ཕྱིར་མ་རལ་མ་ཉམས་དབྲོག་བྱ་མ་ཡིན་པའི། །གང་གིས་ཚུལ་ཁྲིམས་གཙང་མ་ཡོད་པ་དེ་ཡི་
ཆོས། །དེ་མེད་གལ་ཏེ་འདི་ཡི་ཐམས་ཅད་མེད་པ་སྟེ། །ཚུལ་ཁྲིམས་ཡོན་ཏན་དམ་པ་རྣམས་ཀྱི་རྟེན་ཡིན་ནོ། །ཚུལ་ཁྲིམས་མ་ཉམས་རྣམ་པར་དག་པ་གནས་པ་ན། །དབང་པོ་སྤྱོད་ཡུལ་རྣམས་ལ་འཇུག་པ་མ་ཡིན་ཞིང་། །དབྱུག་པས་བ་ལང་ཚོགས་རྣམས་ལོ་ཐོག་ལ་
བཞིན་དུ། །བརྟན་ལས་དབང་པོ་དྲུག་རྣམས་བསྒྲིབ་པར་བྱ་བའོ། །དབང་པོའི་རྟ་རྣམས་ཡུལ་རྣམས་ལ་གྲོལ་གང་ཞིག་གཞན། །ལེན་ཞིང་དེ་རྣམས་ལས་ནི་དེ་ཙམ་ཉིད་མ་ཡིན། །གཡོ་བའི་རྟ་རྣམས་ཀྱིས་ཕྲོགས་ལམ་ངན་ལ་བཞིན་དུ། །དེས་ནི་དེ་ཡི་ཆེད་དུ་དོན་མེད་ཐོབ་པར་
འགྱུར། །དགྲ་བོ་ཆེན་པོ་རྣམས་ཀྱི་དབང་དུ་སོང་བ་རྣམས། །འདི་ན་ཁ་ཅིག་སྡུག་བསྔལ་འཐོབ་པར་འགྱུར་བ་སྟེ། །རྨོངས་པས་ཡུལ་རྣམས་དག་གི་དབང་དུ་སོང་ནས་ནི། །སོང་ནས་དེང་འདིར་དབང་མེད་རྣམས་ནི་སྡུག་བསྔལ་འོས། །དེ་ཕྱིར་དགྲ་བོ་མ་རུངས་དབང་པོ་རྣམས་ཀྱི་
བཞིན། །དབང་པོ་རྣམས་ཀྱི་འགྲོ་བ་འགྲོ་བྱ་མ་ཡིན་ཞིང་། །དབང་པོ་རྣམས་ཀྱི་དགའ་བོ་འཇིག་རྟེན་ན་བྱས་ནས། །དབང་པོ་རྣམས་ཀྱི་གཤེད་མ་འཇིག་རྟེན་ན་མཐོང་ངོ་། །རང་གི་གཡོ་བའི་སེམས་ལས་འཇིགས་པ་ཇི་ལྟ་བར། །སྟག་རྣམས་ལས་དང་སྦྲུལ་དང་འབར་བའི་མེ་
ལས་དང་། །དགྲ་བོ་ལས་ནི་དེ་ལྟར་འཇིགས་པར་མི་བྱ་སྟེ། །གང་གིས་སྦྲང་རྩི་དང་ནི་ཡང་དག་རྟོག་པ་མེད། །ལྕགས་ཀྱུ་མེད་པའི་གཉིས་འཐུང་མྱོས་པ་ལྟ་བུ་དང་། །ཡལ་གའི་རི་དགས་ཤིང་ལ་རབ་ཏུ་མ་ཞི་ལྟར། །སེམས་ནི་ཇི་ལྟར་འདོད་བཞིན་ཕྱོགས་སུ་སྐོར་བ་སྟེ། །གཡོ་ཞིང་
བསྐྱོད་པ་དེ་ལ་གོ་སྐབས་སྦྱིན་མི་བྱ། །དེ་ནི་རང་དབང་ཡིན་ན་ཞི་བ་ཡོད་མིན་ཞིང་། །དེ་ཡི་གནས་པ་ཡིན་ན་བྱེད་པ་བྱས་པ་ཉིད། །དེ་ཕྱིར་སེམས་འདི་ཇི་ལྟར་རྣམ་པར་མི་གཡོ་བ། །དེ་ལྟར་རབ་ཏུ་འབད་པ་ཡིས་ནི་གྱིས་མཛོད་ཅིག །བཟའ་བ་ཙམ་ནི་སྨན་བཞིན་ངེས་པར་བསྟེན་

བྱ་སྟེ། །འདིར་ནི་ཁོང་ཁྲོ་བྱ་བ་མ་ཡིན་ཆགས་པ་མིན། །ཇི་སྲིད་བཀྲེས་པ་ཉིད་ནི་ལྡོག་པའི་ཆེད་དུ་དང་། །ལུས་ཀྱི་འཁྲུལ་འཁོར་གྱིས་འཛིན་པ་ཡི་ཆེད་དུའོ། །ཇི་ལྟར་ནགས་སུ་བུང་བ་རྣམས་ཀྱིས་མེ་ཏོག་རོ། །འཐུང་སྟེ་མེ་ཏོག་རྣམས་ནི་ཉམས་པར་བྱེད་
མ་ཡིན། །དེ་བཞིན་དུས་ཀྱི་དབང་ལས་བསོད་སྙོམས་རྒྱུ་བ་སྟེ། །ཕ་རོལ་དད་པ་རྣམས་ནི་ཉམས་པར་བྱེད་མ་ཡིན། །དྲང་པོས་རྟག་པར་ཁུར་བར་བྱེད་ཅེས་ཁུར་བྱ་དང་། །སྐྱེ་བོ་སྦྱིན་པ་པོ་ཡང་ཡོད་པ་མ་ཡིན་ཏེ། །འདི་ན་སྦྱོར་བ་མིན་ལས་ཁུར་བ་ལྟུང་བ་སྟེ། །ཇི་ལྟར་ཁུར་བུ་དེ་
ལྟར་སྦྱིན་པ་པོ་ཡིན་ནོ། །རྣལ་འབྱོར་རིམ་ལས་ཉིན་མོ་མཐའ་དག་ཕུལ་ནས་དང་། །མཚན་མོའི་དང་པོའི་ཐུན་དང་ཅིག་ཤོས་དག་ཀྱང་སྟེ། །དྲན་པ་དང་བཅས་སྔ་མའི་ཅིག་ཤོས་ལ་ཉོལ་ལ། །གཉིད་ཀྱི་ཚེ་ནི་དོན་མེད་བྱེད་པ་མ་ཡིན་ནོ། །དུས་ཀྱི་མེ་ཡིས་འདི་ན་འགྲོ་བ་སྲེག་པ་ན། །
མཚན་མོ་མཐའ་དག་ལ་ནི་གཉིད་པར་འོས་པ་སུ། །ཉོན་མོངས་དགྲ་བོ་དང་མཚུངས་འཇོམས་པ་པོ་རྣམས་ནི། །སྙིང་ལ་གནས་པ་ཡིན་ན་སུ་ཡི་གཉིད་ལོག་འགྱུར། །དེ་ཕྱིར་ཁྱིམ་ན་ནག་པོའི་སྦྲུལ་རྣམས་ཉལ་བ་ལྟར། །ཡིད་ལ་ཉེས་སྐྱོན་སྦྲུལ་རྣམས་རབ་ཏུ་ཉལ་བ་རྣམས། །རིགས་པ་དང་ནི་
རྐང་པ་སྨན་གྱིས་སྟོན་ནས་སུ། །གཉིད་ལོག་པར་འོས་འདི་ལས་གཞན་དུ་ངོ་ཚའོ། །ངོ་ཚ་རྒྱན་ཉིད་དང་ནི་མཆོག་གི་གོས་ཡིན་ཞིང་། །ངོ་ཚ་ལམ་ལས་འཁྱོག་པ་རྣམས་ཀྱི་ལྕགས་ཀྱུས་ཏེ། །ངོ་ཚ་ལྡན་པས་དེ་ལྟར་གྱུར་ན་འཇུག་བྱ་ཞིང་། །ངོ་ཚས་རྣམ་པར་སྤངས་པའི་ཡོན་ཏན་
རྣམས་ཀྱིས་སྤངས། །ཇི་སྲིད་པ་ལ་སྐྱེས་བུ་ངོ་ཚ་དང་བཅས་པ། །དེ་སྲིད་དེ་ཡི་མི་ཡི་ངོ་ཚ་ཉིད་ཡིན་ཏེ། །དོན་དང་དོན་མིན་རྣམས་ལ་རྣམ་དཔྱོད་མེད་པ་ནི། །ངོ་ཚས་རྣམ་པར་དམན་པ་ཕྱུགས་དང་མཉམ་པའོ། །གང་ཡང་ཡན་ལག་ཉིང་ལག་རྣམས་ནི་རལ་གྲིས་གཅོད། །དེར་ཡང་
ཡིད་ཀྱིས་ཉེས་པ་བྱ་བ་མ་ཡིན་ཞིང་། །ཞི་བ་མ་ཡིན་དག་ནི་བརྗོད་པར་མི་བྱ་སྟེ། །བདག་གི་དེ་ཡིས་ཁྱེད་ཅག་རྣམས་ཀྱི་བར་ཆོད་ཡིན། །བཟོད་པ་དང་མཉམ་དཀའ་ཐུབ་ཡོད་པ་མ་ཡིན་ཞིང་། །གང་གི་བཟོད་པ་དེ་ཡིས་སྟོབས་དང་བརྟན་པ་སྟེ། །གང་རྣམས་ཕ་རོལ་རྣམས་ལས་

རྩུབ་མོ་མི་བཟོད་པ། །དེ་རྣམས་ཆོས་བྱེད་རྣམས་ཀྱི་ལུགས་མིན་གྲོལ་བ་མིན། །ཆོས་ཀྱི་འབྱེད་པ་པོ་དང་གྲགས་པའི་འཇོམས་པ་པོ། །གཟུགས་ཀྱི་དགྲ་བོ་དང་ནི་སྙིང་གི་མེ་ཡིན་ཏེ། །ཁྲོ་བ་དེ་ཡིས་གོ་སྐབས་རབ་འབྱམ་མི་སྦྱིན་ཞིང་། །ཡོན་ཏན་རྣམས་ཀྱི་དགྲ་བོ་དེ་འདྲ་གཞན་མ་ཡིན། །
ཡོངས་སུ་བསིལ་བའི་ཆུ་ལས་གློག་གི་མེ་བཞིན་དུ། །ཇི་ལྟར་རབ་བྱུང་ལས་ནི་ཁྲོ་བ་འགལ་བ་སྟེ། །དེ་ལྟར་ཁྱིམ་པ་རྣམས་ཀྱི་སྐྱེས་པ་མི་འགལ་ཏེ། །ཆགས་ལྡན་དེ་རྣམས་དེ་ལ་དམ་བཅའ་མ་ཡིན་ནོ། །མཛེས་པའི་སྐྲ་ནི་རྒྱང་རིང་མགོ་ལ་རེག་ནས་དང་། །རྣམ་པར་འགྱུར་བའི་གོས་དང་
ལྷུང་བཟེད་མཐོང་ནས་དང་། །གཞན་ལས་མཐར་གྱུར་སྤྱོད་པ་རྣམ་པར་བསམས་ནས་སུ། །སྙིང་ལ་སྐྱེས་པའི་ང་རྒྱལ་རབ་ཏུ་སྤང་བར་བྱ། །ཁྱིམ་ལ་བརྟེན་པ་ཁེངས་པ་ལྡན་པ་རྣམས་ཀྱི་ཡང་། །ང་རྒྱལ་རྣམ་པར་འཕེལ་བ་འཇོམས་པའི་ཕྱིར་ཡིན་ན། །སློང་མོ་ཟ་བས་བདག་ཉིད་
ཡོངས་སུ་རྟོག་པ་པོ། །ཐར་པ་ལ་དམིགས་སྐྲ་བཞར་རྣམས་ཀྱི་སྔོན་ཉིད་དོ། །ངན་གཡོ་དང་ནི་ཆོས་ཀྱི་མཚམས་སྦྱོར་ཡོད་མིན་ཏེ། །གང་ཕྱིར་འདི་ལས་འཁྱོག་པོ་ཉིད་ནི་བསྙེན་མི་བྱ། །ངན་གཡོ་ཉིད་དང་སྒྱུ་ནི་སླུ་བའི་དོན་དུ་སྟེ། །ཆོས་ཀྱི་བདག་ཉིད་རྣམས་ཀྱི་བསླུ་བྱ་ཡོད་མ་ཡིན། །
གང་ཞིག་རྒྱ་ཆེན་རྣམས་ལས་སྡུག་བསྔལ་འོངས་པ་སྟེ། །ཉུང་ངུ་འདོད་ལ་འོང་བ་མ་ཡིན་དེ་དང་བྲལ། །དེ་ཡི་ཕྱིར་ཡང་ཉུང་ངུ་འདོད་ཉིད་བསྙེན་བྱ་སྟེ། །གང་ཞིག་ཡོན་ཏན་རྣམས་ཀྱིས་རྫོགས་བྱེད་ཀྱེ་མ་ཅི། །དེ་ནི་བཀྲེན་པའི་ལྟ་བ་རྣམས་ལ་མི་འཇིགས་ཤིང་། །དབང་པོ་
རྣམས་ལས་གང་ཞིག་ཅུང་ཟད་འཇིགས་མིན་ལ། །གང་ཞིག་ཐོས་ནས་མེད་ཅེས་མྱ་ངན་མེད་པ་སྟེ། །གང་གིས་ཉུང་ངུ་འདོད་དེ་དེ་ཡི་ཐར་པ་མིན། །གལ་ཏེ་གྲོལ་བར་འདོད་ན་ཚིམ་པ་བསྙེན་མཛོད་དང་། །ཚིམ་པ་ན་ནི་འདིར་བདེ་དེ་འདི་ཆོས་ཡིན་ཞིང་། །ཚིམ་པ་རྣམས་ནི་སར་ཡང་བདེ་བར་
གཉིད་ལོག་སྟེ། །ཚིམ་མེད་རྣམས་ནི་མཐོ་རིས་ན་ཡང་རྣམ་པར་སྲེག །ཕྱུག་ཀྱང་ཚིམ་པ་མེད་པ་རྟག་ཏུ་དབུལ་པོ་སྟེ། །དབུལ་ཡང་ཚིམ་པ་དང་ལྡན་རྟག་ཏུ་ཕྱུག་པོ་ཉིད། །ཚིམ་པ་མེད་པ་སྡུག་པའི་ཡུལ་རྣམས་དང་འབྱེ་ཞིང་། །ཚིམ་པས་འགྲོ་བ་ངལ་བ་ལྡན་ལ་མྱ་ངན་བྱེད། །ཞི་

བའི་བདེ་བ་དམ་པ་ཐོབ་པར་འདོད་རྣམས་ཀྱིས། །དེ་ལྟར་ཚོགས་ལ་དགའ་བ་རྣམས་སུ་འགྱུར་མི་བྱ། །ཞི་བའི་བདག་ཉིད་གཅིག་ཏུ་རྒྱུ་ཕྱིར་འཇིག་རྟེན་ན། །བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས་ཀྱང་རེ་འདོད་བྱེད། །ཆགས་པོ་སྡུག་བསྔལ་གྱི་ནི་གནས་པའི་ཤིང་ཡིན་
ཏེ། །རང་གི་སྐྱེ་བོ་ལ་འམ་སྐྱེ་ལ་ཆགས་པ་སྤངས། །ཆགས་པ་རྣམ་རྒྱས་སྡུག་བསྔལ་ལ་ནི་འཇིག་རྟེན་ན། །གཉིས་འཐུང་འཁོགས་པ་འདམ་ལ་བཞིན་དུ་ཆགས་པར་འགྱུར། །རྟག་པར་རབ་ཞུགས་ཆུ་ཡི་རྒྱུན་ནི་མཉེན་ན་ཡང་། །རྡོ་ཡི་ལོགས་ལ་དུས་སུ་རྣམ་པར་འབིགས་པ་སྟེ། །བརྩོན་
འགྲུས་ཀྱིས་ནི་རྙེད་པར་དཀའ་བ་ཅི་ཡང་མེད། །དེ་ཕྱིར་ཁུར་རྣམས་མི་འབོར་བར་ནི་བཟོད་བགྱིས་དང་། །གང་ཞིག་ཡང་ཡང་ངལ་བསོ་ནས་ནི་སྲུབ་བྱེད་པ། །དེ་ཡི་ཤིང་ལ་མེ་ནི་རྙེད་པར་སླ་མིན་ཞིང་། །བརྩོན་འགྲུས་བརྩམས་པས་རྙེད་པར་སླ་བར་འགྱུར་བ་སྟེ། །དེ་ཕྱིར་སྦྱོར་བ་ཡོད་ན་བྱ་བ་
འགྲུབ་པ་ཉིད། །དྲན་པ་ཡོད་ན་སྐྱོན་རྣམས་འཇུག་པ་མ་ཡིན་ཏེ། །དྲན་པ་དང་མཉམ་མཛའ་བོ་མེད་ཅིང་བསྲུང་བ་མེད། །དྲན་པ་ཉམས་ལས་ངེས་པར་ཐམས་ཅད་ཉམས་པ་སྟེ། །དེ་ཕྱིར་ལུས་ལ་སོང་བའི་དྲན་པ་སྤང་མི་བྱ། །ཇི་ལྟར་དཔའ་བོ་རྣམས་ནི་གོ་ཆ་བཟུང་ནས་སུ། །དགྲ་བོའི་
སྡེ་ལ་འཇིགས་པ་མེད་རྣམས་འཇུག་པ་སྟེ། །དེ་བཞིན་ལུས་ལ་དྲན་པའི་གོ་ཆ་བགོས་ནས་སུ། །བརྟན་པ་རྣམས་ནི་ཡུལ་གྱི་གཡུལ་རྣམས་ལ་སྤྱོད་དོ། །མཉམ་པར་གཞག་པའི་བློ་དང་སེམས་ནི་ཡོངས་བསྡམས་ཤིང་། །འཇིག་རྟེན་དག་གི་སྐྱེ་དང་འགོད་པ་ཤེས་པ་སྟེ། །དེ་ཕྱིར་ཏིང་ངེ་
འཛིན་ལ་ཡོངས་སུ་འཇུག་བྱ་སྟེ། །ཏིང་འཛིན་རབ་ཏུ་ཐོབ་པའི་སེམས་ནད་ཡོད་མ་ཡིན། །རྣམ་པར་འཐོར་བའི་ཆུ་ནི་རྣམ་པར་འཛིན་དོན་དུ། །ཇི་ལྟར་འབད་པས་དོང་དང་འོབས་ནི་བྱེད་པ་སྟེ། །ཡེ་ཤེས་ཆུ་ནི་གནས་པའི་དོན་དུ་ཏིང་ངེ་འཛིན། །དེ་ལྟར་དོང་དང་འོབས་དང་མཚུངས་པར་རབ་
ཏུ་བསྟན། །ཤེས་རབ་ལྡན་པ་ཡོངས་སུ་འཛིན་པ་བཏང་བ་ཡི། །ཆོས་འདི་ནང་ལ་མཆོག་ཏུ་གཞོལ་བ་དག་གིས་ཏེ། །དེ་ལྟར་གནས་པའི་གྲོལ་བ་ཡོད་ཅིང་འདི་ཡི་ནི། །ཕྱིན་ཅི་ལོག་ནི་ཁྱིམ་པ་མ་ཡིན་དགེ་སློང་མིན། །ཤེས་རབ་དགའ་དང་འཆི་བའི་མཚོ་ཆེན་དག་ལ་གྲུ། །རྨོངས་

པའི་མུན་པ་རྣམས་ལ་ཇི་ལྟར་སྒྲོན་མ་སྟེ། །ནད་རྣམས་ཐམས་ཅད་འཇོམས་པ་དག་གི་སྨན་ཡིན་ཞིང་། །ཉོན་མོངས་ལྗོན་ཤིང་འཇོམས་བྱེད་མཚོན་ཆ་རྣོན་པོ་ཡིན། །དེ་ཕྱིར་ཐོས་པ་བསམ་པ་བསྒོམ་པ་རྣམས་ཀྱི་ནི། །ཤེས་རབ་རྣམ་པར་འཕེལ་ལ་རབ་ཏུ་འཇུག་པར་བྱ། །གང་གི་ཤེས་
རབ་རང་བཞིན་ལྟ་བྱེད་མིག་ཡོད་པ། །དེ་ནི་མིག་དང་བྲལ་ཡང་མིག་དང་ལྡན་པ་ཉིད། །སེམས་ལ་རྒྱུ་བའི་སྤྲོས་པ་དེ་དང་དེ་རྣམས་ཀྱིས། །ཁྱིམ་ན་གནས་པ་སྤངས་ནས་ཀྱང་ནི་གྲོལ་མིན་ཉིད། །མཆོག་ཏུ་ཞི་བ་ཐོབ་པར་འདོད་པ་རྣམས་ཀྱིས་འདི། །ཤེས་ནས་སྤྲོས་པ་མེད་པ་རྣམས་སུ་
འགྱུར་བར་བྱ། །དེ་ཕྱིར་བག་ཡོད་བླ་མ་བཞིན་དུ་བསྙེན་མཛོད་ལ། །བག་མེད་དགྲ་བོ་བཞིན་དུ་རྣམ་པར་སྤོངས་མཛོད་དང་། །བག་ཡོད་པ་ལས་བརྒྱ་བྱིན་གྱི་ན་དཔལ་ཐོབ་ཅིང་། །བག་མེད་པ་ལས་ལྷ་མིན་ཁེངས་རྣམས་རྣམ་པར་ཉམས། །ཕན་པ་དང་ལྡན་རྗེས་སུ་བརྩེ་བ་མངའ་བ་ཡི། །
སྟོན་པ་ཐུགས་རྗེ་མངའ་བས་མཛད་བྱ་གང་ཡིན་པ། །དེ་ནི་བདག་གིས་བྱས་ཤིང་དང་ནི་རབ་བསྡམས་པ། །ཁྱེད་ཅག་རྣམས་ཀྱི་སེམས་ནི་ཞི་བས་བྱས་པའོ། །ཅི་སྟེ་རི་རྣམས་དང་ནི་ཁང་པ་སྟོང་པ་དང་། །དགོན་པ་དེ་རྣམས་གང་དང་དེར་ནི་ཡོད་པ་ན། །རབ་ཏུ་སྦྱོར་ལ་རྟག་ཏུ་འབད་པ་བྱ་བ་སྟེ། །
ཕྱི་ནས་ཡོངས་སུ་གདུང་བ་ལྡན་པར་མ་གྱུར་ཅིག །སྨན་པ་རང་བཞིན་ཡང་དག་ལེགས་པར་ཤེས་ནས་ནི། །ནད་པ་རྣམས་ལ་དམ་པའི་སྨན་ནི་བརྗོད་བྱ་སྟེ། །དེ་ཡི་དུས་ཀྱིས་སྦྱར་བར་ངེས་པར་བསྟེན་པ་ལ། །ནད་པ་གང་དེ་བདག་པོ་ཡིན་ཏེ་སྨན་པ་མིན། །དཔལ་ལྡན་དྲང་ཞིང་མཉམ་ལ་འཇིགས་
པ་མེད་པ་ཡི། །ལམ་ནི་ལམ་མཁན་གྱིས་ནི་རྣམ་པར་བསྟན་པ་ན། །ཐོས་ནས་གང་ཞིག་མི་འགྲོ་དེ་ཡི་ཉམས་པ་སྟེ། །བསྟན་པས་འདྲེན་པ་པོ་ནི་བུ་ལོན་ཡོད་མ་ཡིན། །སྡུག་བསྔལ་ལ་སོགས་བདེན་པ་བཞི་པོ་ཁོ་བོ་ཡིས། །བསྟན་པ་རྣམས་ལ་འདི་ནི་གང་གི་འདོད་པ་ཡོད། །དེ་ནི་མྱུར་ཞིང་
སྤོབས་པར་བདག་ལ་སྨྲོས་ཤིག་དང་། །ཐེ་ཚོམ་ཤིན་ཏུ་རྣམ་པར་དཔྱད་བྱ་བཅད་པར་བགྱི། །དེ་ལྟར་མཐོན་པོར་གསུངས་པའི་དྲང་སྲོང་ཆེན་པོ་ལ། །ཐེ་ཚོམ་མེད་པ་དེ་རྣམས་ཅི་ཡང་མ་གསོལ་ཏོ། །སེམས་ཀྱིས་དེ་དག་རྣམས་ཀྱི་སེམས་ཀྱི་གཏིང་དཔགས་ནས། །བྱེད་ལྡན་མ་འགགས་པས་

ཀྱང་ཚིག་འདི་སྨྲས་པའོ། །རླུང་ནི་གཡོ་བ་མ་ཡིན་ཉི་མ་བསིལ་བ་དང་། །རི་བོང་མཚན་མ་ཅན་ནི་དྲོ་བ་ཉིད་ན་ཡང་། །འཇིག་རྟེན་དག་ན་རྐང་པ་བཞི་པོ་དེ་རྣམས་ནི། །བདེན་པ་མིན་པར་བྱེད་པར་ནུས་པ་མ་ཡིན་ནོ། །གང་ཞིག་སྡུག་བསྔལ་བརྗོད་པ་དེ་ནི་བདེ་བ་མིན། །
འདི་ཡི་རྒྱུ་གང་རབ་ཏུ་སྐྱེ་བོ་དེ་གཞན་མིན། །རྒྱུ་ནི་འགགས་པ་ལས་ནི་ངེས་པར་ཐར་པ་སྟེ། །གང་ཞིག་འདི་ཡི་ལམ་ནི་ཐབས་མ་ཡིན་པ་མིན། །དེ་ཕྱིར་བདག་ཉིད་ཆེན་པོ་བདེན་པ་བཞི་རྣམས་ལ། །དགེ་སློང་སྐྱེ་བོ་དེས་འདི་གཏམ་ཅི་ཡོད་མ་ཡིན། །སྟོན་པ་མྱ་ངན་འདའ་བ་རྙེད་པར་འགྱུར་
ཞེས་ཏེ། །གང་ཞིག་དོན་ནི་རྫོགས་པ་མ་ཡིན་སྡུག་བསྔལ་ཏེ། །གང་ཞིག་ཚོགས་པ་འདི་ནི་བརྟུལ་ཞུགས་གཞོན་ཉིད་ལས། །སྔོན་དུ་དོན་ནི་མཐོང་བར་གྱུར་པ་མ་ཡིན་པ། །དེ་ཡང་ཁྱེད་ཀྱི་གསུང་འདིས་ད་ནི་དེ་མ་ཐག །གློག་གི་འོད་ཀྱིས་ལམ་བཞིན་ཡང་དག་མཐོང་བར་གྱུར། །གང་
གི་དོན་གྱི་ལྷག་མ་ཡོད་པ་མ་ཡིན་ཞིང་། །གང་ཡང་སྲིད་པའི་མཚོ་ཡི་ཕ་རོལ་ཕྱིན་པ་སྟེ། །མགོན་པོ་ཤིན་ཏུ་སྐྱེན་པར་ངེས་པར་གཤེགས་ཐོས་ཏེ། །དེ་དག་གི་ཡང་སྙིང་ལ་བསམས་པར་གྱུར་པ་ཉིད། །དེ་ལྟར་འཕགས་པ་མ་འགགས་པ་ཡི་ཚིག་དེ་ཡིས། །དོན་ནི་རྣམ་པར་ཤེས་ཀྱང་
ཤེས་ནས་སླར་ཡང་ནི། །གུས་ལྡན་རྣམས་ཀྱི་བློ་གྲོས་བརྟན་པོ་མཛད་བཞེད་པ། །བྱམས་པས་སླར་ཡང་སངས་རྒྱས་ཀྱིས་ནི་བཀའ་སྩལ་ཏོ། །གང་ཕྱིར་སྐལ་བར་གནས་ཀྱང་དེ་ནི་ཉམས་པ་སྟེ། །ཕན་ཚུན་དུ་ནི་འདུ་བ་ངེས་པར་ཡོད་མ་ཡིན། །བདག་ཉིད་ཀྱི་དང་གཞན་གྱི་དོན་ནི་བྱས་ནས་
ནི། །ཁོ་བོ་གནས་པ་ལ་ནི་དགོས་པ་ཡོད་མ་ཡིན། །གང་རྣམས་མཁར་དང་ས་ན་བདག་གི་གདུལ་བྱ་རྣམས། །དེ་རྣམས་ཐར་པར་བྱས་ཤིང་རྒྱུན་ལ་བཅུག་པ་སྟེ། །འདི་ལས་གཞན་དུ་སློབ་མ་རིམ་དང་རིམ་རྣམས་ཀྱིས། །ང་ཡི་ཆོས་འདི་སྐྱེ་དགུ་རྣམས་ལ་གནས་པར་འགྱུར། །དེ་
ཕྱིར་འགྲོ་བའི་རང་བཞིན་རྣམ་པར་ཤེས་བྱས་ནས། །བསམ་མནོ་མ་བྱེད་ངེས་པར་རྣམ་པར་འབྲལ་བ་སྟེ། །རྣམ་པ་དེ་ལྟར་འགྲོ་བ་ཤེས་ནས་སུ། །ཇི་ལྟར་འདི་ལྟར་མ་ཡིན་དེ་ལྟར་གྱིས་མཛོད་ཅིག །ཡེ་ཤེས་སྒྲོན་མས་མུན་པ་རྣམ་པར་བསལ་བྱས་ནས། །སྲིད་པ་རྣམས་ལ་སྙིང་པོ་

མེད་པར་མཐོང་ནས་སུ། །ཇི་ལྟར་ནད་ནི་ཉེ་བར་ཞི་བ་དེ་ལྟར་ནི། །ཚེ་ནི་རྣམ་པར་འགགས་ན་ཚིམ་པ་ཉིད་ཡིན་ནོ། །དོར་བར་བྱ་ཞིང་རྩོད་ལྡན་ལུས་ཞེས་བྱ་བ་ནི། །སྲིད་པའི་མཚོ་ཡི་རྒྱུན་ནི་རྣམ་པར་འགགས་པ་ན། །དོན་མེད་བྱེད་པའི་དགྲ་བོའི་རྣམ་པར་ཉམས་ལས་བཞིན། །ཚེ་ནི་ཉེ་བར་
ཞི་བས་ཚིམ་པ་མ་ཡིན་སུ། །རྒྱུ་དང་མི་རྒྱུ་ཐམས་ཅད་རྣམ་པར་འགོད་པ་སྟེ། །དེ་ཕྱིར་ཁྱེད་ཅག་རྣམས་ནི་ལེགས་པར་བག་ཡོད་གྱིས། །མྱ་ངན་འདའ་བའི་དུས་ནི་ཡོངས་སུ་གྱུར་པ་སྟེ། །ཁྱེད་ཅག་མ་སྨྲ་འདི་ནི་བདག་གི་ཕྱི་མའི་ཚིག །དེ་ནས་བསམ་གཏན་རིག་པ་རྣམས་ཀྱི་མཆོག་
གིས་ནི། །ཡུད་ཙམ་དེ་ལ་བསམ་གཏན་དང་པོ་ཐོབ་མཛད་ནས། །དེ་ལས་རྣམ་པར་བཞེངས་ནས་གཉིས་པར་གཤེགས་པ་སྟེ། །རིམ་གྱིས་མ་ཚང་མེད་པར་ཐམས་ཅད་ལ་གཤེགས་སོ། །དེ་ནས་རྗེས་སུ་རིམ་པས་རབ་ཏུ་བྱེད་པ་དགུ། །སྙོམས་པར་འཇུག་པའི་ཚོགས་ནི་མཐའ་དག་
བསམ་གཏན་མཛད། །དེ་ནས་དྲང་སྲོང་ཆེན་པོས་སླར་ཡང་རིམ་གྱིས་ནི། །བསམ་གཏན་དང་པོ་དེ་ཉིད་ལ་ནི་བབ་པའོ། །དེ་ལས་རྣམ་པར་བཞེངས་ནས་ཀྱང་ནི་རིམ་གྱིས་ནི། །བསམ་གཏན་བཞི་པ་ལ་ནི་སླར་ཡང་འཛེགས་པ་སྟེ། །བསམ་གཏན་བཞི་པའི་ཆོ་ག་ལས་དེ་རྣམས་
བཞེངས་ཤིང་། །མངོན་སུམ་ཉིད་དུ་ཉེ་བར་ཞི་བ་ལ་གཤེགས་སོ། །དེ་ནས་ཐུབ་པ་མྱ་ངན་འདའ་བར་གཤེགས་པ་ན། །ཆར་གྱིས་སྣུན་པའི་བ་ལང་བཞིན་དུ་ས་གཡོས་ཤིང་། །ཕྱོགས་ཀྱི་གླང་པོ་རྣམས་ཀྱིས་སྦྱངས་པ་བཞིན་དུ་ནི། །ནམ་མཁའ་ལས་ཀྱང་སྒྲོན་མ་རྣམས་ནི་ལྷུང་བར་གྱུར། །
ལྷ་ཡི་ནགས་ཚལ་སྣ་ཚོགས་ཤིང་རྟ་སྲེག་འདོད་པའི། །ནགས་ཀྱི་མེ་ནི་བར་སྣང་དག་ལ་བྱུང་བ་བཞིན། །བུད་ཤིང་མེད་ཅིང་རླུང་མེད་དུ་བ་མེད་པའི་མེ། །ཕྱོགས་ནི་སྲེག་པར་བྱེད་པ་བྱུང་བར་གྱུར་པ་ཉིད། །ལྷ་མིན་འཇོམས་པར་འདོད་པ་གཡུལ་དུ་འཇུག་པ་ན། །ཁྲོ་བ་བརྒྱ་བས་ཁྲོ་བ་
རྣམ་པར་གཏོང་བ་བཞིན། །དེ་བཞིན་མེ་སྟག་བརྒྱ་པའི་མེ་ནི་སྐྱུག་པ་ཡི། །དབང་པོའི་རྡོ་རྗེ་མི་བཟད་པ་རྣམས་ལྷུང་བར་གྱུར། །འཇིག་པའི་རླུང་རྣམས་དག་གིས་བཏགས་པ་རྣམས་ཀྱི་བཞིན། །འཛིན་པ་འཛིན་པ་རྣམས་ཀྱི་རྩེ་མོ་རྣམས་ལྷུང་ཞིང་། །འཁྲི་ཤིང་ཤིང་རྣམས་དག་ནི་

ཟུག་རྔུ་བྱེད་པ་ཡི། །ཕྱག་དར་ཁུར་བའི་རླུང་ནི་དྲག་ཏུ་གཡོས་པར་གྱུར། །འདམ་གྱི་ཆུས་བསྒོས་སྡོང་དུ་གཞོན་ནུ་རྣམས་ཀྱིས་ནི། །ལུས་ནི་ཡོངས་སུ་དཀྲིས་པའི་ངང་པའི་རྒྱལ་པོ་བཞིན། །ཅུང་ཞིག་འོད་ཟེར་ཁ་དོག་ངན་པ་དེ་རྣམས་ཀྱིས། །འོད་ནི་བཅོམ་སྟེ་ཟླ་
བ་མངོན་པར་གསལ་བར་གྱུར། །སྤྲིན་དང་བྲལ་ཡང་མཁའ་ལ་ཟླ་བ་གནས་ན་ཡང་། །མུན་པ་མི་བཟད་རྣམས་ཀྱིས་ཕྱོགས་རྣམས་རྒྱས་པ་སྟེ། །ཡུད་ཙམ་དེ་ལ་མྱ་ངན་གྱིས་ནི་ཟིལ་ནོན་བཞིན། །ཆུ་བོ་རྣམས་ནི་དེ་མ་ཐག་ཏུ་ཆུ་དྲོན་འབབ། །དེ་ནས་ཉེ་སར་སྐྱེས་པའི་ཤ་ལའི་ཤིང་དག་གིས། །
རང་གིས་མེ་ཏོག་མཛེས་པ་འཇུག་པ་དུས་མིན་ལ། །རྣམ་པར་བཏུད་ནས་དྲང་སྲོང་ཆེན་པོའི་སྐུ་ལུས་ནི། །གསེར་གྱི་སྟེགས་བུའི་གཟུགས་བརྙན་ལ་ནི་ཡང་དག་གཏོར། །མཁའ་ལ་མགོ་བོ་ལྔ་རྣམས་མི་གཡོའི་ཀླུ་རྣམས་ནི། །མྱ་ངན་གྱིས་སླར་སོ་སོར་དམར་བའི་མིག་ཅན་རྣམས། །རབ་
ཏུ་གཉིད་ལོག་གདེངས་ཀ་སྟོད་པའི་ལུས་རྣམས་ཀྱིས། །ཐུབ་པ་ལ་ནི་གུས་པས་ལྟ་བཞིན་གནས་པར་གྱུར། །ནང་དུ་སོང་བའི་ཀུན་ནས་གདུང་བ་རྣམས། །དེ་རྣམས་ཤིན་ཏུ་དྲོན་པོའི་དབུགས་ནི་བརྒྱུས་པ་སྟེ། །འགྲོ་བའི་རང་བཞིན་མི་རྟག་པ་ནི་རྟོགས་ནས་སུ། །མྱ་ངན་འོངས་པ་མིན་རྣམས་
མྱ་ངན་སྨད་པར་གྱུར། །ངེས་པར་ལེགས་པའི་ཆོས་ཀྱིས་ཆོ་གར་རབ་ཞུགས་པ། །རྒྱལ་པོ་རྣམ་ཐོས་སྲས་ཀྱི་འདུས་པ་དམ་པ་དེ། །ཆོས་ལ་མངོན་པར་ཆགས་པས་མྱ་ངན་མ་བྱས་ཤིང་། །ལྷ་ཡི་རྟེན་ལ་མཆི་མ་ཕྱུང་བར་མ་གྱུར་ཏོ། །གཙང་མར་ལྷག་པར་གནས་པའི་བྱེད་ལྡན་ལྷ་རྣམས་
ཀྱང་། །དྲང་སྲོང་ཆེན་པོའི་ཡང་དག་ཤིན་ཏུ་གུས་ལྡན་རྣམས། །རང་གནས་གྱུར་ཞིང་རྣམ་པར་འགྱུར་བ་མ་སོང་སྟེ། །འཇིག་རྟེན་དག་ནི་རང་བཞིན་རྣམ་པར་སྨད་པའོ། །དྲི་ཟའི་རྒྱལ་པོ་རྣམས་དང་དེ་ནས་ཀླུ་ཡི་རྒྱལ་པོ་རྣམས། །གནོད་སྦྱིན་རྣམས་དང་དམ་ཆོས་ལ་དགའ་ལྷ་རྣམས་ནི། །མྱ་
ངན་བྱེད་ཅིང་མྱ་ངན་མཆོག་ལ་གཞོལ་རྣམས་ཀྱིས། །རིགས་ཆེན་པོ་ཡི་ཉམ་ཐག་བཞིན་དུ་ཁ་ལ་གྱུར། །ཡིད་ལ་རེ་བ་ཐོབ་པའི་བདུད་ཀྱི་སྡེ་རྣམས་ནི། །རབ་ཏུ་དགའ་བས་སྐད་ནི་འཐོན་ཞིང་དགོད་པ་སྟེ། །འཕྱོ་ཞིང་གླུ་དབྱངས་གར་བྱས་དགའ་བར་གྱུར་པ་རྣམས། །རྔ་བོ་ཆེ་དང་རྫ་རྔ་པ་ཊ་

ཧ་རྣམས་བརྡུངས། །དེ་ནས་རྡོ་རྗེ་རྩེ་མོ་བཅོམ་པའི་རི་བོ་བཞིན། །ཆང་དང་བྲལ་བའི་གཉིས་འཐུང་དགའ་བ་མེད་པ་བཞིན། །ནོག་གིས་རྣམ་པར་དམན་པའི་དབྱིབས་ཅན་ཁྱུ་མཆོག་བཞིན། །ཐུབ་པའི་ཁྱུ་མཆོག་ནུབ་པ་ན་ནི་འཇིག་རྟེན་གྱུར། །ཉིན་མོར་བྱེད་པས་རབ་ཏུ་དམན་པའི་ནམ་མཁའ་
བཞིན། །བ་མོས་བསྲེགས་པའི་པདྨ་དང་ལྡན་རྫིང་བུ་བཞིན། །ནོར་དང་བྲལ་ཞིང་བྱ་བ་མེད་པའི་རིགས་བཞིན་དུ། །སྲིད་པ་ཉམས་མཛད་རབ་ཏུ་ཉམས་ལས་འགྲོ་བར་གྱུར། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་ལེའུ་སྟེ་ཉི་
ཤུ་རྩ་དྲུག་པའོ།། །།དེ་ནས་ངང་པ་སྟོང་དང་ལྡན་པའི་ལྷ་ཡི་ནི། །གཞལ་མེད་ཁང་ནས་གདོང་ནི་ཅུང་ཞིག་རབ་བཏུད་ནས། །ཡུད་ཙམ་ཐམས་ཅད་མཁྱེན་པ་ལ་ནི་བལྟས་ནས་སུ། །ལྷ་ན་གནས་པ་ཆེན་པོ་གཞན་ཞིག་གིས་སྨྲས་པའོ། །ཀྱེ་མ་འགྲོ་ན་དངོས་པོ་ཐམས་ཅད་
མི་རྟག་ཅིང་། །སྐྱེ་བའི་ཆོས་ཅན་དང་ནི་འཛད་པའི་ཆོས་ཅན་ལ། །སྐྱེ་བ་རྣམས་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་སྟེ། །དེ་དག་རྣམས་ནི་ལྷག་མེད་ཞི་བས་ཞི་བ་ཉིད། །སྐྱེ་བའི་བུད་ཤིང་ཚད་མ་མིན་པ་བསྲེགས་མཛད་ནས། །ཡེ་ཤེས་མེ་ལྕེ་གྲགས་པས་རྣམ་ཁྱབ་དུ་བ་ཅན། །ཆུ་ཡིས་
མེ་བཞིན་དུ་ནི་དུས་ཀྱི་ཆུ་ཡིས་ནི། །དེ་བཞིན་གཤེགས་པའི་མེ་དེ་མྱ་ངན་འདའ་བར་བྱ། །དེ་ནས་མཆོག་གི་དྲང་སྲོང་དང་མཚུངས་དྲང་སྲོང་གཞན། །མཐོ་རིས་གནས་ཀྱང་འབྲས་བུ་རྣམས་ལ་མ་ཆགས་པས། །རབ་ཏུ་ཞི་བའི་དགྲ་བཅོམ་དྲང་སྲོང་མཐོང་ནས་སུ། །རི་དབང་བརྟན་པས་ཚིག་
ནི་རྣམ་པར་སྨྲས་པའོ། །འཇིག་རྟེན་དག་ན་འགའ་ཞིག་ཉམས་པར་མི་འགྲོ་མེད། །དེ་ལྟར་འགྲོ་བ་མེད་ཅིང་སོང་བ་མེད་པ་སྟེ། །མཆོག་དང་མཆོག་མིན་མཁྱེན་པ་མཆོག་གི་དོན་རིག་པ། །སྟོན་པ་མཚུངས་མེད་གང་དུ་རབ་ཏུ་ཞི་བར་གྱུར། །ཤེས་རབ་རྣམ་པར་དག་ཅིང་མཆོག་གི་སྤྱན་མངའ་
བ། །ཡོངས་སུ་འདྲེན་པ་པོ་ཉིད་འདི་ཡིས་དམན་པ་ནི། །རྨོངས་པ་ངེས་པར་མིག་ལོང་གསོན་པའི་འཇིག་རྟེན་ནི། །འདུ་ཤེས་ཉམས་ཤིང་ལམ་ངན་ལ་ནི་གནས་པར་འགྱུར། །དེ་ནས་འགྲོ་བའི་འགལ་བ་མ་ཡིན་མ་འག
Luận tạng Tây Tạng (Tengyur) — Tập 172 | Tra cứu Kinh điển | Tàng Kinh Việt