Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 172
Văn bản gốc(Tây Tạng)
Trang 13 / 13 (50.000 ký tự/trang)
ུར་པ་བརྩོན་འགྲུས་ཏེ། །ཉོན་མོངས་རྒྱ་མཚོ་ཀུན་སྒྲོལ་བའི། །རྒྱ་ཆེན་མཆོག་ནི་བརྩོན་འགྲུས་ཡིན། །བརྩོན་འགྲུས་ཤིང་རྟ་གང་ཞོན་པ། །དངོས་པོ་ བསམས་པས་མི་ཐོབ་པ། །དེ་འདྲ་འགྲོ་ན་ཡོད་མ་ཡིན། །གླང་པོ་རྟ་དང་རྐང་ཐང་དང་། །མདའ་དང་མདའ་ཆེན་དགྲ་སྟ་དང་། །མཚོན་ཆ་ཡིས་ནི་གཡུལ་འགྱེད་ཅིང་། །དགྲ་བགེགས་མཐར་ནི་རྒྱལ་བྱེད་པ། །འདི་དེ་སྟོབས་དང་ལྡན་པ་ཡི། །བརྩོན་འགྲུས་དཔའ་བོ་ཆེན་པོ་ཡིན། །རྒྱ་ མཚོ་ཆུ་སྲིན་ཚོགས་གནས་ཤིང་། །ཆུ་རླབས་མཐོན་པོར་རིམ་རྒྱུ་བ། །བརྩོན་འགྲུས་ལྡན་པའི་དཔའ་བོ་ཡིས། །བ་ལང་རྗེས་བཞིན་འགོམ་པར་བྱེད། །རིན་ཐང་མེད་པའི་རིན་ཆེན་གྱི། །གཏེར་ནི་ལེན་པར་བྱེད་པ་ཡིན། །འདོད་ཆགས་ལ་སོགས་སྦྲུལ་གདུག་རྣམས། །ལུས་ལ་བརྩོན་ འགྲུས་ཅན་གྱིས་སྤོངས། །ཁྲིམས་ལྡན་སྐྱེ་བོ་དམ་པ་ནི། །སེམས་ནི་དྲི་མེད་ཁྱད་འཕགས་པས། །མིར་ནི་ཡང་དག་མཉམ་གཞག་འཛིན། །རི་རབ་མཛེས་པའི་རྩེ་མོ་རུ། །བལྟ་ན་སྡུག་པའི་ལྷ་མོ་ལ། །པང་དུ་ལག་པས་འཁྱུད་པ་ཡི། །བདེ་དང་ལྡན་ཞིང་དགའ་བར་བྱེད། །མཁའ་གནས་ལྷ་ནི་གང་ཡིན་ པས། །གཉིས་གཉིས་ལྡན་པ་ངེས་སྤངས་ནས། །ཡང་དག་ཉིད་ཀྱི་བདེ་བ་མྱོང་། །ཤིན་ཏུ་འབྲས་བུ་རྒྱ་ཆེ་བའི། །བསྐྱེད་པའི་རྒྱུ་ནི་བརྩོན་འགྲུས་ཏེ། །བསྟན་པ་ལ་སྦྱོར་དེ་སྦྱོར་བྱེད། །བརྩོན་འགྲུས་ཀྱི་གཏམ་སྟེ་ཉི་ཤུ་ལྔ་པའོ།། །།ཉོན་མོངས་དགྲ་ཡི་སྡེ་ཚན་རྣམས། །བསམ་གཏན་ ལྡན་པས་ཟིལ་མནན་ནས། །ཡང་དག་བྱང་ཆུབ་དཔལ་རྣམས་ཐོབ། །བྱང་ཆུབ་ཡན་ལག་རབ་སྦྱིན་ཞིང་། །འཆི་མེད་སྐྱེ་བའི་རྒྱུར་གྱུར་པ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཉེས་པ་ཐམས་ཅད་སེལ་བ་ཡི། །རྒྱུ་ནི་བསམ་གཏན་ཡིན་པ་རུ། །བློ་ལྡན་དེ་ཡིས་རབ་ཏུ་གསུངས། །ནམ་མཁའ་ དང་ནི་སེམས་མཉམ་ལ། །གསེར་དང་བོང་པར་མཉམ་པ་ཡི། །བསམ་གཏན་སྒོམ་བྱེད་སྐྱེས་བུ་ཡི། །ཡོན་ཏན་རྣམས་ཀྱི་རྒྱུ་རུ་གསུངས། །ཉོན་མོངས་དགྲ་ཚོགས་ལས་རྒྱལ་བའི། །དགེ་བའི་སྟོབས་ཀྱིས་བསྒྲུབ་པ་ལས། །མཚན་ནི་ཐམས་ཅད་ལྡན་པ་ཡི། །ཡང་དག་རྫོགས་པའི་བྱང་ ཆུབ་དཔལ། །ཡོན་ཏན་རབ་མཆོག་བདག་ཉིད་ཅན། །དཀོན་པའི་རིགས་པ་ཐོབ་པར་འགྱུར། །སེམས་ལ་ཡེ་ཤེས་ཆེན་པོ་ཡིས། །དགྲ་ཡི་འཇིགས་པ་རྣམས་སྤངས་ནས། །གང་གིས་མི་ཡི་དབང་པོ་བསྐྱེད། །བསམ་གཏན་གཅིག་བུ་དེ་རྒྱུ་སྟེ། །ཡོན་ཏན་ཀུན་གྱི་གཏེར་ཡིན་པས། །འཕགས་ པའི་ཡོན་ཏན་གྱིས་ཕྱུག་གསུང་། །རྨོངས་པའི་མུན་པ་སེལ་མཛད་ཅིང་། །རྒྱུན་གྱིས་རྟག་པའི་ཡེ་ཤེས་ཀྱིས། །རྫོགས་སངས་རྒྱས་ཀྱི་ཉི་མ་དང་། །མི་རྣམས་དང་ནི་ལྷ་རྣམས་ཀྱི། །བདེ་རྒྱུ་བསམ་གཏན་རབ་མཆོག་ཡིན། །བསམ་གཏན་གྱི་གཏམ་སྟེ་ཉི་ཤུ་དྲུག་པའོ།། །།ཤེས་རབ་ སྟོབས་དང་བྲལ་ན་ཡང་། །སྐྱེས་བུའི་གཟུགས་བརྙན་འབའ་ཞིག་སྟེ། །སྙིང་པོ་སྤངས་པའི་མཐར་ཐུག་པར། །རི་མོ་བྲིས་པའི་གཟུགས་དང་མཚུངས། །བློ་ལྡན་བརྩོན་འགྲུས་ཡང་ལྡན་པའི། །བློ་ལྡན་དེ་ལ་འབྲས་འདོད་འབྱུང་། །བླ་མེད་བདག་གསོད་པ་ཡི་དགྲ། །སྐྱེ་བ་དུ་མས་གང་ཆོད་དང་། །བདག་ ཉིད་སྐྱེ་བར་འགྱུར་བ་ཡིས། །རིགས་དང་མིང་དང་རུས་རྣམས་དང་། །དབུས་བཞིན་དུ་ནི་མཐའ་བཟུང་ལ། །རྣལ་འབྱོར་པ་ཡི་ཤེས་པ་འཇུག །ཤེས་རབ་སྟོབས་ཀྱིས་དེ་ཤེས་གསུངས། །འཇིག་རྟེན་རྣམས་ནི་དྲི་མི་ཡི། །རབ་རིབ་ཚོགས་ནི་སེལ་བྱེད་པས། །དེ་བས་བློ་དེ་ཆོས་མཆོག་ཡིན། །ཡེ་ཤེས་ སྣང་བ་སྐྱེད་པ་ཡིས། །མི་རྣམས་ཀྱི་ནི་ཉེས་པའི་ཚོགས། །རྟག་ཏུ་སྟོངས་པར་བྱེད་པ་ཡིན། །དང་པོར་དབང་པོ་འདི་བསྒྲུབ་བྱ། །ཡིད་ཀྱིས་ཕྲ་རབ་རྣམ་ཤེས་ཤིང་། །རིག་པ་ཐམས་ཅད་གསལ་བྱེད་ཡིན། །ཤེས་རབ་དེ་ཡང་རྟག་པར་ནི། །སྟོབས་ཀྱིས་དགེ་བ་སྐྱེད་བྱེད་པའི། །རྒྱུ་ཡིན་ པར་ནི་རྟག་ཏུ་གྲགས། །བྱ་བའི་རྒྱ་མཚོའི་ནང་དུ་ནི། །གདོན་མི་ཟ་བར་ནུབ་པ་དང་། །གཡུལ་གྱི་ནང་དུ་ཤེས་རབ་གཙོ། །ཤེས་རབ་སྟོབས་ཀྱིས་རྣམ་རྒྱལ་ཐོབ། །ཐོས་པའི་ཤེས་རབ་གང་ཡིན་དེ། །དགེ་བ་རྣམས་ཀྱི་རྒྱུ་རུ་འགྱུར། །དེ་ལྟར་ཡོན་ཏན་ཐམས་ཅད་ནི། །སྒྲུབ་པར་བྱེད་པ་ ཡིན་པའི་ཕྱིར། །གདོན་མི་ཟ་བར་ཤེས་རབ་སྒྲུབས། །ཤེས་རབ་མེད་པའི་སྐྱེས་བུ་ནི། །མི་གསལ་ཐོ་རངས་མར་མེ་བཞིན། །ཤེས་རབ་ཀྱི་གཏམ་སྟེ་ཉི་ཤུ་བདུན་པའོ།། །།མཐོ་རིས་ཐར་པའི་ཡོན་ཏན་ནི། །རིན་པོ་ཆེ་ཡི་གཏེར་གྱུར་པ། །ཕ་རོལ་ཕྱིན་པ་དྲུག་འདི་ཉིད། །ས་ གཞི་བཞིན་དུ་ཤེས་པའི་མིས། །བདག་ཕན་བསྒྲུབས་པ་དེ་ཡིས་ནི། །གཞན་ལ་ཕན་པར་བྱ་བའི་ཕྱིར། །མྱུར་བར་རྟག་པར་རྒྱུན་དུ་འབབ། །ཕ་རོལ་ཕྱིན་པའི་གཏམ་སྟེ་ཉི་ཤུ་བརྒྱད་པའོ།། །།ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སྙན་དངགས་ མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རུ་དྲ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུརྦི་པརྱ་ཀ་ཐཱ། བོད་སྐད་དུ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ། འཇམ་དཔལ་ གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ཡིད་འོང་ཡུལ་རྣམས་ཡོངས་སྨོད་སྨྲ་བར་གྱུར་པ་ན། །དེ་ལ་ཡིད་འབྱུང་སྐྱོ་བར་བྱེད་ན་ཁྱེད་ཡིད་སྐྱོ་བར་ཅིས་མི་བྱེད། །ཁྱེད་ཀྱི་ལུས་སྡུག་དེ་ཡང་ཉེས་མང་དེ་ལ་སྨད་པར་བྱས་པ་ནི། །ཡོན་ཏན་མང་ཡོད་དེ་ཕྱིར་བདག་གི་ ཚིག་ནི་ཅུང་ཟད་མཉན་པར་གྱིས། །འདི་ནི་རྟག་པར་གྱུར་ཏམ་མི་རྟག་གྱུར་ཀྱང་ཇི་སྲིད་གྱུར་པ་འདི་ནི་བདེ་བའི་དོན་གྱུར་ཏམ། །དེར་མ་གྱུར་ཀྱང་གཙང་བར་གྱུར་ཏམ་དེ་མེད་གྱུར་ཀྱང་དབང་ཡོད་གྱུར། །རྟག་མིན་བདེ་བའི་རྒྱུ་མིན་གཙང་བ་མ་ཡིན་རང་དབང་ཅན་མིན་ན། །ཅི་ཕྱིར་བློ་གྲོས་རབ་ཉམས་ཁྱེད་ལུས་ ཉེས་བརྒྱར་བཅས་ལ་ཆགས་བྱེད་སྨྲོས། །རི་བོ་མཐོན་པོའི་རྩེ་མོའི་སྟེང་ནས་ས་ལ་ལྷུང་བར་གྱུར་པ་ཡིས། །ཞིག་པར་གྱུར་ཚེ་ཅི་འདི་བར་སྣང་ལ་ནི་བདེ་བ་མྱོང་གྱུར་རམ། །སྐྱེས་ནས་བརྩམས་ཏེ་འཆི་བ་ཉིད་ཕྱིར་རྟག་ཏུ་རབ་ཏུ་རྒྱུགས་པ་ན། །སེམས་ཅན་རྣམས་ནི་བར་སྐབས་གང་དུ་བདེ་བ་ཇི་ལྟར་ཐོབ་ པར་འགྱུར། །གང་གིས་ས་འོག་འཛུལ་ཏེ་ཀླུ་ཡི་དབང་པོ་པདྨའི་རྩ་བ་ལྟར་འབྱིན་བྱེད། །གང་གིས་མཐོ་རིས་འཛེགས་ཏེ་དབང་པོར་བཅས་པའི་ལྷ་ཚོགས་མེད་པར་བྱེད་པ་དང་། །གང་གིས་ས་སྟེངས་འཕྱན་འཕྱན་ནི་ག་དང་ནི་ར་གུ་ན་ལ་བཏུས་འགྱུར་བའི། །འཆི་བདག་དེས་མི་ཚུགས་པར་གང་དུ་གནས་ནས་ ཁྱེད་ནི་འཇིགས་མེད་འགྱུར། །ཡུན་རིང་འཚོ་ཡང་ལུས་ནི་རྒས་པས་རབ་ཏུ་རྙིངས་པ་ཉིད་དུ་འགྱུར། །ཚེ་ནི་ཐུང་འགྱུར་ཚེ་ནི་མོད་ལ་འཆི་བདག་ཁར་ནི་འགྲོ་བར་འགྱུར། །རྒ་དང་འཆི་བའི་བར་ན་ཕོངས་པར་བཅས་པར་གནས་པར་གྱུར་པའི་མི། །ཉམ་ངར་ལྷུང་བས་འདི་དང་འདི་ལས་བདེ་བ་ཐོབ་པར་ཡོད་ མི་འགྱུར། །བྱིས་པ་རྣམས་ལ་བརྩེ་མེད་རྒན་ལ་གུས་པར་གྱུར་པ་ཅུང་ཟད་མེད། །གཞོན་ནུ་མ་ལ་ངོར་ལྟ་ཕྲ་མོ་མེད་ཅིང་ཉམ་ཐག་རྣམས་ལ་བརྩེ་མེད་པ། །དེ་ལྟར་གཞུང་ལུགས་མེད་པའི་འཆི་བདག་གང་ཡིན་དེ་ནི་བདག་ལ་ནི། །དུས་ལ་སྡོད་ཅེས་གཞོན་ལུས་ཤ་རྒྱས་སྲ་བར་ཁྱེད་ཡིད་མ་སེམས་ཅིག ། ཁྱིམ་དྲུང་གནས་པའི་ནོར་ནི་ཅུང་ཟད་རྐུས་ཞེས་ཐོས་པར་གྱུར་པ་ན། །རང་གི་ཁྱིམ་དག་བསྲུང་བར་བྱ་སྙམ་སེམས་པ་འདི་ནི་རིགས་པ་ཡིན། །མི་ནི་ཁྱིམ་ཁྱིམ་དག་ནས་ཉིན་རེ་དྲངས་ཏེ་ཁྱེར་བར་བྱེད་པ་ན། །གཤིན་རྗེ་ལ་ཅི་དོགས་མེད་གྱུར་ཏམ་འགྲོ་བ་མེལ་ཚེ་ཅིས་མི་བྱེད། །ཇི་ལྟར་གསད་བྱའི་མེ་ཏོག་ཕྲེང་ བཏགས་སིལ་ཀྲོལ་མིས་བསྐོར་ཏེ། །གསོད་སར་ཁྲིད་ལ་གོམ་པ་རེ་རེ་བོར་བས་འཆི་ཉེའི་སྡུག་བསྔལ་འགྱུར། །དེ་བཞིན་ལོངས་སྤྱོད་ལ་གནས་ཉིན་རེ་འཆི་བདག་དྲུང་དུ་འགྲོ་བྱེད་ཀྱིས། །ཀྱེ་ཁྱེད་འབྱོར་པ་དག་གིས་ཡིད་ནི་དྲེགས་པ་དག་ཏུ་མ་བྱེད་ཅིག །འདི་ནི་མི་རྣམས་ཚེ་ནི་མཆོག་ཏུ་རིང་ཡང་ལོ་ བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མར་རྒས་པས་དོན་མི་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ཡི་ལྷག་མ་ཇི་ཙམ་ཡོད། །སུམ་ཅུ་རྩ་གསུམ་བདག་པོའི་གཡུལ་ལས་རྒྱལ་བའི་རྒྱལ་པོ་དེ་རྣམས་ནི། ། ཤེས་པའི་སྣང་བས་མུན་པ་ཟད་བྱས་དྲང་སྲོང་དེ་ཡང་ཤི་བར་འགྱུར། །གཤིན་རྗེས་ཟིན་པར་གྱུར་ཚེ་ལོངས་སྤྱོད་ཀྱིས་མིན་བཤེས་པ་དག་གིས་མིན། །སྐྱེས་བུ་རྩོལ་བས་ཟློག་མི་བྱེད་ན་འདིར་ནི་མི་རྣམས་སུ་ལ་ཇི་ལྟར་སྐྱབས་སུ་འགྲོ། །བསྟན་བཅོས་ཀླགས་དང་བཅས་ཤིང་རིག་དང་བཟོ་ཡི་བྱ་བ་དང་ བཅས་དང་། །ཡིད་རྟོན་གྲོགས་བཅས་སྡུག་པའི་ཆུང་མ་དང་བཅས་དྲུང་གནས་འཁོར་བཅས་པའི། །མི་རྣམས་འཆི་བདག་སྙིང་རྗེ་མེད་པས་ས་སྟེངས་འདིར་ནི་ཁྱབ་འགྱུར་བས། །མེད་པར་བྱེད་ན་ཀུན་གྱིས་ཅི་བྱ་མ་ཡོངས་དགེ་བ་ལེགས་པར་གྱིས། །ཨེ་མའོ་སྐྱེས་བུ་རྨོངས་རྣམས་འདི་ན་བདེ་འགྲོར་སྐྱེས་ པ་བཟང་ཞེས་གྲགས། །རྒ་དང་འཆི་དང་ན་རྣམས་ཀྱིས་ཀྱང་འདི་ལ་བརྩེ་བ་མེད་པར་གྲགས། །གཞན་ལས་སྐྱེས་པའི་སྡུག་བསྔལ་བརྒྱ་ཕྲག་འདི་དག་སྐྱེས་པ་ཉིད་བྱེད་དེ། །རང་གིས་བསྐྱེད་ནས་བུ་ནི་གསོད་པའི་དོན་དུ་དེ་དག་ལ་སྟོད་བྱེད། །ཤ་མའི་རྐྱལ་པར་ཤིན་ཏུ་བསྡམས་ཤིང་དབུགས་མ་ཕྱིན་ པར་ཉམ་ངར་གནས། །མི་གཙང་ཁྲོན་པར་ལྟོ་བའི་མེ་ཡི་ཚ་བ་མི་བཟད་པས་བསྲེགས་ནས། །སྨྲ་མི་ནུས་ཤིང་ཐོས་མིན་བསྐྱོང་བའི་དབང་མེད་ཉལ་བ་མ་ཡིན་པར། །མི་ནི་མངལ་དུ་ཟླ་བཅུ་ཉེ་བའི་བར་དུ་སྡུག་བསྔལ་ཉམས་མྱོང་འགྱུར། །དཀའ་བ་དག་གིས་བྱུང་ནས་ཉི་མའི་ཟེར་རྣོས་མོད་ལ་སྲེག་ པ་དང་། ཚད་པའི་རླུང་གིས་བུད་ཤིང་སྦྲང་བུ་མཆུ་སྦྲང་དག་གིས་གནོད་པ་དང་། །ཉེ་དུ་དགྲ་བོ་དག་གིས་ལྟེ་བ་བཅད་པས་ན་ཚ་སྐྱེད་བྱེད་དང་། །མངལ་ན་གནས་ཀྱང་བླ་ཡི་སྣང་བ་དག་ཏུ་གནས་པ་འདི་མི་རུང་། །ལུས་ཀྱི་བྱ་བ་ལག་པ་དག་དང་རྐང་པ་བསྐྱོད་པ་ཙམ་དུ་ཟད། །སྨྲ་བའི་ཡུལ་གྱུར་ ཐམས་ཅད་ལ་ཡང་ཁྱད་པར་མེད་པར་དུ་བར་བྱེད། །ཉལ་བའི་ཚེ་ན་གན་རྐྱལ་གནས་པས་ཉིན་དང་མཚན་མོ་འདའ་བར་བྱེད། །ས་སྟེངས་དག་ན་ཁུ་འཇོ་བ་ལྟར་སྡུག་བསྔལ་ཉམ་ཐག་ངས་མ་མཐོང་། །འདུག་པ་དག་ལས་ལྡང་བར་མི་ནུས་ཉལ་དང་འགྲེང་དང་འགྲོ་བར་བསྐྱོད་མི་ནུས། ། འདུག་སྟེ་གནས་དང་ལུས་མི་བརྟན་པས་གོམ་གཅིག་འགྲོ་བར་ནུས་མ་ཡིན། །ཚིག་གིས་རང་དོན་བསྟན་པར་མི་ནུས་བྱེད་འཁྲུལ་ལུས་དང་ངག་ལ་ནི། །དབང་བྱར་མེད་པར་སྲོག་འཛིན་བྱེད་པས་ཀྱི་ཧུད་ན་ཚོད་འདས་སྡུག་བསྔལ། །མངལ་ན་སྡུག་བསྔལ་མང་པོ་ཡུན་རིངས་རྗེས་མྱོང་གྱུར་ཀྱང་མི་ མཐོང་ལ། །འཆི་བའི་དུས་ཀྱི་གནས་སྐབས་སྐྱེ་བོ་འདྲིས་པའི་མིག་གི་ཡུལ་མ་ཡིན། །དྲེགས་ལྡན་དགའ་བས་བཅོམ་པ་ཚོགས་སར་སྐྱེས་པ་བུད་མེད་བརྒྱ་ཕྲག་གིས། །མིག་ནི་འབེན་དུ་གྱུར་པ་མདའ་ཆར་འབབ་པས་ཉམ་ཐག་ལྟ་བུ་ཡིན། །སྐོམ་པས་ཁ་སྐམས་ཚེ་ན་བསིལ་ཞིང་དྲི་ཞིམ་ཆུ་ནི་འཐུང་བ་ དང་། །བཀྲེས་པས་ཉམ་ཐག་པ་ན་འབྲས་ཆན་ཤ་དང་བཅས་པ་ཟ་བ་དང་། །འདོད་ཆགས་མེ་འབར་གྱིས་གདུངས་ཚེ་ན་ཆུང་མ་དམ་དུ་འཁྱུད་ནས་བྱེད་པ་ཡི། །ནད་སེལ་བྱེད་པ་བདེ་བ་ཡིན་ཞེས་སྐྱེ་བོ་ཕྱིན་ཅི་ལོག་པར་འགྱུར། །སྐྱེས་བུ་ཟས་ཉུང་དག་གིས་རིང་གྱུར་ཟས་མང་དག་ལ་མངོན་དགའ་བས། །དབུགས་ མི་ཐོན་ཅིང་སྡུག་བསྔལ་གྱུར་ལ་མི་མཐུན་ཟས་ཀྱིས་འཆི་བར་བྱེད། །ཟས་མི་འཇུ་བས་ནད་སྐྱེད་འགྱུར་ཞིང་ཞུ་བས་བཀྲེས་པ་ཉིད་དུ་འགྱུར། །ཀྱེ་མ་ཟས་ཟོས་གྱུར་ན་སྡུག་བསྔལ་མི་སྐྱེད་སྐབས་དེ་ཡོད་མ་ཡིན། །ཤིང་ཡག་དག་ནི་རབ་ཏུ་འབར་བའི་སྐབས་སུ་མེ་ལས་ཐ་དད་མིན། །དེ་ནི་འཇིག་རྟེན་དག་གིས་ཀྱི་ ཧུད་མེ་ཞེས་ཟེར་ཞིང་ཡོངས་སུ་སྡོང་། །དེ་བཞིན་ལུས་ལ་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཉམས་མྱོང་གནས་སྐབས་སུ། །འདི་ནི་སྡུག་བསྔལ་ལུས་འདི་མྱོང་ཞེས་ཁྱད་པར་མེད་ལ་འཇུག་མི་བྱེད། །མི་གཙང་སྣོམ་ཞིང་སྲིན་བུའི་ཚོགས་ནི་བརྒྱ་ཡིས་ཡོངས་སུ་བསྐོར་གྱུར་ལ། །སླད་སའི་དྲོད་ཀྱི་དུགས་ཀྱིས་མཚུངས་པ་ མེད་པའི་སྡུག་བསྔལ་ཉམས་མྱོང་ཞིང་། །སྣང་བ་མེད་པའི་བཙོན་རའི་ཁྱིམ་ནང་ལྟ་བུའི་མ་ཡི་ལྟོ་ན་གནས། །དེ་བསྐྱེད་པ་ན་དེ་ཡང་དེ་ལྟར་མིན་ནམ་ཅི་ཕྱིར་ཁྱོད་རིག་བྱེད། །ཇི་ལྟར་ཁྱི་དག་རུས་སྐམ་སྲ་ལ་རོ་མེད་པ་ལ་བརྐམ་པར་འཆའ། །རང་གི་ཁ་ཆུ་ཁྲག་གིས་གོས་ལ་རྙི་ཞིང་ཞིམ་པ་ཡིན་སྙམ་སེམས། །དེ་ བཞིན་ལུས་ཞེས་བྱ་བ་ཤིན་ཏུ་འཇིགས་སུ་རུང་བའི་ཚོགས་དེ་ལ། །རྨོངས་རྣམས་རང་གི་རྟོག་པས་ཡོན་ཏན་བརྒྱ་ཡིས་སྒྲོ་བཏགས་དགའ་བར་བྱེད། །ཤ་རྒྱས་མཐོ་ཞིང་ཟླུམ་ལ་ནུ་མའི་བློ་ཡིས་ཀུན་ནས་འཁྱུད་པ་དང་། །ཁ་ནི་ཁ་ཆུས་གང་བ་ཆང་བཅས་སྣོད་ལྟར་འཐུང་བར་བྱེད་པ་དང་། །རེག་པའི་སྲེད་པས་ མི་གཙང་རླན་པའི་ལམ་ལ་ཆགས་པས་ན། །འགྲོ་བ་རྨོངས་པ་ཆེན་པོས་ལྡོངས་པ་དག་ལ་ཡིད་དུ་མི་འོང་ཅི་ཞིག་ཡོད། །འཁྲུ་བས་དྲི་མས་སྦགས་དང་དྲི་ཞིམ་སྐུད་པས་མི་རོའི་དྲི་འདྲ་དང་། །སོ་རྩི་འཆའ་ལ་བརྩོན་པར་བྱེད་པས་ཁ་ནི་དྲི་མི་ཞིམ་པ་ཉིད། །གོས་ཀྱིས་ཀུན་ནས་དཀྲིས་པས་ཤིན་ཏུ་མི་སྡུག་ཡིན་ པར་འདི་བྱེད་དེ། །ལུས་འདི་འཇིགས་སུ་རུང་བས་བདག་ནི་གཞོན་ནུ་མ་ལ་སྨྲ་ཞིང་རྟོན། །ཡིད་བརྟན་རུང་ལས་ཉན་པར་མི་བྱེད་བདག་ཉིད་ཀྱིས་ཀྱང་རྟོག་མེད་པས། །ཁྱེད་ལ་རྣ་བ་དང་ནི་སྙིང་མེད་པ་ཞེས་བྱ་བར་ཤིན་ཏུ་རིགས། །རློན་བྱེད་འཇིགས་སུ་རུང་ཞིང་མི་སྡུག་ལུས་ཀྱི་དྲི་ནི་མ་ཚོར་བ། །ཁྱེད་ལ་འགྲོ་བ་ སྣ་མེད་ཡིན་ཞེས་ཀྱང་ནི་ཅི་ཡི་ཕྱིར་མི་སྨྲ། །ཤིན་ཏུ་གཙང་བའི་དར་དང་དྲི་ཞིམ་མེ་ཏོག་སྦྲང་རྩི་གུར་ཀུམ་ལ། །དེ་དང་དེ་ནི་གང་དུ་རེག་ན་སྐད་ཅིག་གིས་ནི་མི་གཙང་འགྱུར། །རྨ་ཡི་སྒོ་དགུ་དག་ནས་མི་གཙང་དྲི་ངའི་ལྗན་ལྗིན་འཛག་འགྱུར་གང་། །དེ་ལ་ཁྱེད་ནི་སྐལ་བཟང་ཡིན་ཞེས་འདིར་ནི་རློམ་སེམས་ཇི་ལྟར་བྱེད། ། ཕུང་པོ་ལྔ་པོ་འདི་ལ་ཡུལ་དང་ཡུལ་ཅན་ཉིད་དུ་བརྟགས་ནས་ནི། །བདག་དང་བདག་གིར་མེད་པ་དག་ལ་ང་དང་ང་ཡི་ངེས་བྱས་པ། །འཇིག་རྟེན་རྨོངས་པ་འདི་ནི་འཇིག་རྟེན་སྐོམ་གྱིས་གདུངས་པ་མྱ་ངམ་དུ། །སྨིག་རྒྱུའི་ཆུ་ཡི་ཆུ་བུར་ལས་བྱུང་སྣོད་དུ་འཐུང་སྙམ་སེམས་དང་མཚུངས། །བདག་ནི་རྟག་པ་ཡིན་ཞིང་བདེ་ དང་སྡུག་བསྔལ་ཉམས་སུ་མྱོང་འགྱུར་ལ། །ལུས་ཀྱི་ཡུལ་ནི་གཅིག་པུ་དག་ལ་བདག་གི་ཞེས་བློ་བསྐྱེད་དུ་ཟད། །བུ་དང་ཆུང་མ་ཕྱུགས་རྣམས་ཞེས་བྱ་འདི་དག་ལས་གཞན་གྱིས་བསྐྱེད་པ། །དེ་ལ་ཇི་ལྟར་བདག་གི་ཞེས་རྩི་འདིར་ནི་གཏི་མུག་སྟོབས་ཅན་ཡིན། །དེ་ནི་རྒྱུ་ལས་བྱུང་ཞིང་གནས་པའང་རང་གི་རྐྱེན་གྱི་ དབང་ལས་བྱུང་། །དུས་ཀྱིས་རྒས་ཤིང་ཚེ་དང་བསོད་ནམས་ཟད་ལ་སོགས་པས་འཆི་བར་འགྱུར། །སྐྱེ་ལ་དབང་བྱར་མ་ཡིན་རྒས་ལ་མ་ཡིན་ཤི་ལ་དབང་མེད་ན། །བདག་གི་ཆུང་མ་ཞེས་སྨྲ་ངོ་ཚ་བར་ནི་ཇི་ལྟར་དེ་མ་གྱུར། །གང་ཞིག་རྟག་ཏུ་རང་དབང་གྱུར་དང་གང་ཞིག་བདེ་བ་ཉིད་གྱུར་པ། །གང་ཞིག་ སྐད་ཅིག་ཙམ་ཡང་འདོར་མི་འགྱུར་བ་དེ་ནི་བདག་གིར་བཤད། །ལུས་འདི་དབང་བྱར་མེད་ཅིང་སྡུག་བསྔལ་དག་ཀྱང་སྐྱོ་བར་འདོར་གྱུར་ན། །འདི་ལ་རིམ་པ་གང་ཞིག་མཐོང་ན་འདི་ལ་གང་ཞིག་མངོན་ཞེན་འགྱུར། །མི་རྟག་པ་ལ་རྟག་སྙམ་སེམས་ལ་སྡུག་བསྔལ་བ་ལ་བདེར་མངོན་དགའ། །མི་གཙང་ལུས་ ལ་གཙང་བ་ཉིད་དུ་ཤས་ཆེར་ཞེན་པར་བྱེད་པ་དང་། །བདག་མེད་པ་ལ་བདག་ཅེས་འཛིན་པའི་རྡུལ་རྣམས་རྣམ་པར་བསལ་ནས་ནི། །སྐྱེ་མེད་འགག་མེད་འཆི་བ་མེད་ཅིང་རྟག་པའི་གནས་ནི་འབད་པས་མངོན་དུ་གྱིས། །ཕྱིན་ཅི་ལོག་བཞི་འགག་པར་བྱེད་པའི་གཏམ། །འདི་བྱས་པ་ལས་བདག་གིས་དགེ་བསགས་པ། ། གང་ཡོད་དེས་ནི་འགྲོ་གསུམ་མ་ལུས་པ། །ཕྱིན་ཅི་ལོག་བཞི་ལས་ནི་ཡིད་གྲོལ་ཤོག །ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༄༅༅། །རྒྱ་གར་སྐད་དུ། ཀ་ལཱི་ཡུ་ཀ་པ་རི་ཀ་ཐཱ། བོད་སྐད་དུ། རྩོད་པའི་དུས་ཀྱི་གཏམ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ལས་ཉམས་ཐོས་པའི་ནོར་བྲལ་འདོད་པས་འདི་ཉིད་ཅུང་ཟད་མཆོད་པར་བྱེད། །ཉེས་མེད་ཚུལ་ཁྲིམས་ལྡན་ལ་ཡོན་ཏན་རོ་ལ་རྒྱབ་ ཕྱོགས་ཞེ་སྡང་ཅུང་ཟད་ཉེས་པ་རྒོད། །རབ་བྱུང་རྣམས་ལ་ཁྱིམ་པས་ལས་བསྒོ་དེ་ནས་རབ་བྱུང་དེས་ཀྱང་ཁྱིམ་པ་མགུ་བར་བྱེད། །ཅི་སྤྱད་འགྲོ་བ་འདིར་ནི་འགྲོ་བའི་ཁྱིམ་དུ་མ་ལུས་དུས་ཀྱི་སྙིགས་མ་ཞུགས་པ་ཡིན། །ད་ལྟར་ལེགས་པར་སྤྱོད་པའི་སྐྱེ་བོ་ངོ་ཚ་སྡིག་པ་ཅན་བསྔགས་དགའ་བར་འགྱུར། །སློབ་དཔོན་ནོར་ རྣམས་མཆོག་ཏུ་སེམས་པས་འཇོམས་ཕྱིར་སློབ་མ་རྣམས་ནི་ཞུམ་པར་གནས། །འདི་ན་བྱིས་པའི་ཉེ་དུའི་འཁྲུལ་འཁོར་གྱིས་བཅིངས་པ་ནི་སུན་འབྱིན་བྱེད་པ་བཞིན། །ད་ལྟར་རྩོད་པའི་དུས་ན་འཇིག་རྟེན་རྣམས་ལ་གཡོ་སྒྱུའི་མཚོན་དྲག་སྟོབས་དང་ལྡན། །བཅུད་རྣམས་སས་འཐུང་དངོས་རྣམས་སྟོབས་ཆུང་ལྷ་རྣམས་ཆར་ནི་ འབེབས་མི་བྱེད། །རླུང་རྣམས་རབ་ཏུ་དྲག་ལྡང་ལོ་ཏོག་རྣམས་ནི་མི་སྨིན་སྐྱེ་མི་འགྱུར། །སྐྱེས་ལ་སེར་འབབ་ས་རྣམས་རྩོད་པའི་དུས་ཀྱིས་དབང་སྒྱུར་འབྲས་བུ་མེད། །དངོས་རྣམས་མཐུ་མེད་དགོས་པ་སྒྲུབ་རྣམས་ཉམས་པ་ཐོབ་ལ་བརྟག །འགྲོ་ལ་ནད་འཕེལ་ས་ནི་དེ་དག་སྐྱེ་བོ་རྣམས་ཀྱིས་སྟོངས། །ལྗོན་པའི་ནགས་ཚལ་ སྐོམ་པས་ཡལ་གའི་ལག་པ་གྱེན་དུ་འགྲེང་བྱེད་དེ། །རྩོད་པའི་དུས་ཀྱིས་བཅོམ་བྱས་བཟང་པོའི་དུས་ནུབ་རི་བོ་ཆོ་ངེས་འདེབས། །ཡུལ་བཟང་ཆགས་པ་རྣམ་སྤངས་ས་རྣམས་སུ་ནི་དུས་བཟང་ཡོངས་སུ་ཟད། །ཡོན་ཏན་མཁས་ལ་མི་བཀུར་ནོར་ལྡན་རྣམས་ལ་མཆོད་བྱ་མིན་པར་མཆོད། །སྐྱེ་རྨོངས་མཆོད་བྱེད་གཤིན་རྗེས་འཇིག་རྟེན་སྡུག་ བསྔལ་དེས་ཁྲིད་གང་གིས་བཟློག །ཚུལ་ཁྲིམས་འཆལ་བ་སྟོབས་ལྡན་ཚུལ་ཁྲིམས་ལྡན་པ་བསྡིགས་ཤིང་ཚར་གཅོད་བྱེད། །སྡིག་པ་དགའ་བའི་སྟོབས་ལྡན་གཡོན་ཅན་རྣམས་ཀྱིས་དམ་ཆོས་བསྣུབ་པར་འགྱུར། །གང་ཞིག་སྡོམ་པ་ལ་གནས་བརྟན་པའི་མཆོག་ལ་འཇུག་པར་བྱེད་པ་ཉུང་། །ཐེ་ཚོམ་ཡོད་མིན་དྲང་སྲོང་བསྟན་པ་རིང་པོ་ མི་ཐོགས་ནུབ་པར་འགྱུར། །གཡུལ་འགྱེད་རྩོད་པ་དུ་མས་གོས་ལྟར་ས་གཡོགས་ལོ་ཏོག་སྐྱེས་ལ་འདོད་མི་འབྱུང་། །རླུང་རྣམས་མི་བཟད་ལྡང་ཞིང་དེ་བཞིན་སྐྱེ་བོ་དམ་པ་ཡང་དག་མཆོད་མི་བྱེད། །རྒྱལ་པོ་དགྲ་དང་རྐུན་མའི་འཇིགས་པས་མི་དག་བག་ཕེབས་ནོར་རྣམས་ལོངས་མི་སྤྱོད། །ད་ལྟར་སྐྱེ་བོ་སྡུག་བསྔལ་བཅས་འཚོ་འགྲོ་བ་རྣམས་ ལ་འཇིགས་པ་འབྱུང་། །གང་ཞིག་དུས་སུ་ཆར་མེད་གང་དུ་ལམ་ཞུགས་སེར་བ་མི་མཐུན་དུ་མ་འབབ། །གང་ཞིག་བ་རྣམས་འོ་མ་མི་འབྱུང་དུས་རྣམས་འཁྲུགས་ཤིང་ས་ལས་འབྲུ་མི་སྐྱེ། །སྨན་རྣམས་གང་ཡིན་ནུས་མེད་དེ་བཞིན་ཁྱད་པར་རྣམས་ནི་རབ་ཏུ་ཉམས། །ཡིད་ནི་ངེས་བཅོམ་ཆོས་མིན་རྩོད་པས་དངོས་པོ་འདི་རྣམས་ཉེས་དང་ བཅས། །རྩོད་པའི་དུས་འདིར་ཆོས་སྤངས་མི་བཟད་པ་ལ་ཡང་དག་ཞུགས་པས་ན། །གང་དུ་དབང་པོས་ཆར་ཕབ་ལྗོན་ཤིང་ཡལ་ག་དག་ལས་མེ་ཏོག་འབྲས་བུ་ཅུང་ཟད་སྣང་། །ས་གཞི་རླན་པ་དང་བཅས་ས་རྣམས་གང་ཡིན་པ་ལས་ལོ་ཏོག་སྨིན་གྱུར་པ། །དེ་ཀུན་ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་སྡོམ་ལྡན་ཆོས་དང་ལྡན་པའི་ མཐུ། །དུས་རྣམས་འཁྲུལ་ཞིང་ས་ལ་བཅུད་རྣམས་ནུབ་འགྱུར་ཉི་ཟླ་ལོག་པར་རྒྱུ། །ཆུང་མ་ཁྱོ་ལ་གཅུགས་པས་འབྲེལ་པའི་སེམས་མེད་དམན་པ་རྣམས་ནི་མཐོན་པོར་འགྱུར། །རྒྱལ་པོ་ཆོས་སྤངས་ནོར་རྣམས་མཆོག་ཏུ་དོན་གཉེར་བུ་རྣམས་ཕ་ལ་སྡང་། །ཀྱི་ཧུད་སྡུག་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགས་སུ་ སོང་། །ཆོས་དང་རབ་བྱུང་དཀའ་ཐུབ་རྣམས་འབྲོས་བདེ་བ་རྣམས་ནི་རིང་དུ་སོང་བར་གྱུར། །ས་རྣམས་འབྲས་བུ་ཉུང་ཞིང་རྒྱལ་པོ་འཁྲུག་བྱེད་མཚོན་གྱིས་རྒྱལ་བྱེད་རྣམ་པར་གནོན། །འཇིག་རྟེན་བུད་མེད་ལ་དད་བུད་མེད་ཀྱང་གཡེམ་བྲམ་ཟེ་རྣམས་ནི་འདོད་ཆེན་བཅས། །ལེགས་པ་རྣམས་ནུབ་སྐྱེ་ངན་སྟོབས་ལྡན་དུ་མ་རྩོད་པའི་དུས་ སུ་བཟང་པོ་ཡི། །དུས་སོང་བདེ་བ་རྣམས་འདས་དུས་དེར་སྦྱོར་བའི་སྐྱེས་བུ་རྣམས་ཀྱང་འདས། །འདིར་ཡང་དུས་མཐའ་དེ་རྣམས་མུན་བཅས་ཕུག་བཞིན་ཤེས་མ་ཡིན། །ལེགས་སྤྱད་བརྒྱ་ཕྲག་དྲི་ཡིས་བསྒོས་པ་ཡི། །སྐལ་ལྡན་ནུབ་ཅིང་དུས་ནི་འདས་པར་འགྱུར། །བད་གཞོན་རྩ་བའི་སྐུད་པ་བཞིན། ། དཀར་པོའི་ཆོས་རྣམས་ཕྲ་བར་འགྱུར། །བློ་ལྡན་སྐྱེས་བུ་གཏམ་མཁས་དྲི་མས་རྒོད། །འགྲོ་འདི་དགའ་མེད་དགའ་སྟོན་ཟིན་པ་བཞིན། །བདག་ཉིད་ཆེན་པོ་འདི་ནི་ཡང་དག་འགགས། །གང་ན་ཡོན་ཏན་རྣམས་ཀྱི་སྟོབས་ཕྲ་ལ། །ཡོན་ཏན་ལ་བདུད་འབབ་པས་གཅོད་བྱེད་ཅིང་། །སྐྱེ་བོ་སྨྲ་བ་ལ་བརྟེན་འཚོ་བར་ བྱེད། །རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བི་བེ་ཀ་ཀ་ཐཱ། བོད་སྐད་དུ། དབེན་པའི་གཏམ། བྱང་ཆུབ་ སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་རྙེད་པའི་བདེ་བ་འདོད་རྣམས་ཀྱིས། །འཆོལ་བར་སྤྱོད་པ་རྣམས་ནི་མཐོང་གྱུར་པ། །རབ་ཏུ་དབེན་པ་ཡང་དག་བསྟེན་པ་ཡི། །དགེ་སློང་འདི་སྐད་ཚིག་ཏུ་བརྗོད་པས་སྨྲ། །ཕོངས་པ་སྤང་ཕྱིར་དེ་བཞིན་གཤེགས་པ་ཡིས། །རབ་བསྔགས་ཞི་བའི་ དབང་བསྐུར་ཉེར་བླངས་ནས། །དཀའ་ཐུབ་ཁྱིམ་དང་འདྲིས་པས་རབ་ཆགས་པའི། །ཕོངས་ཉིད་རྒལ་དཀའ་བྱིང་བ་ཇི་ལྟ་བུར། །འཕགས་པ་འགྲན་མེད་ཤིང་དྲུང་གནས་ནས་ནི། །འགྲོ་བ་སྐྱེ་དང་འགག་པ་མཐོང་བས་ན། །ཞི་བའི་བདེ་བ་ཡོངས་སྨིན་ཚེ་དགེ་བ། །མི་ལས་ཤིན་ཏུ་འཕགས་པ་ཐོབ་པར་འགྱུར། །སེམས་ཀྱི་རྣམ་པར་འཆིང་ བ་གཉེན་པོ་ཡི། །སྟོབས་ཀྱིས་བསལ་བས་སྐྱེ་བྲལ་ནགས་དག་ཏུ། །རྣལ་འབྱོར་ཉེར་ཞིའི་བདུད་རྩིས་ཚིམ་གྱུར་པས། །བདེ་བར་གཉིད་ལོག་པ་དང་སད་པར་འགྱུར། །མཚན་མོ་ཟླ་བའི་སྣང་དང་རབ་གསལ་བའི། །སྐར་མའི་མེ་ཏོག་བཀྲམ་པར་ཉེར་མཆོད་ནས། །དགོན་པར་བརྟེན་པའི་ཡིད་ནི་ངེས་ཞི་བའི། །ལྷག་པར་དགའ་བ་དག་ནི་སྐྱེ་བར་འགྱུར། །གང་ དུ་དགེ་སློང་དབེན་པའི་རྒྱུ་མཚན་གྱིས། །ཁ་ན་མ་ཐོ་མེད་པ་ཞི་འགྱུར་བདེ། །གང་དུ་ཡོ་བྱད་ཡང་དག་བསྟེན་ཆགས་པས། །སེམས་ནི་སྣ་ཚོགས་ཕོངས་པས་གདུངས་པར་འགྱུར། །ཇི་ལྟར་ཆུ་ཤིང་སྨྱུག་མ་འོད་མ་དག །འབྲས་བུ་འབྱིན་ནས་རང་ཉིད་འཇིག་པ་སྟོན། །དེ་བཞིན་དཀའ་ཐུབ་ཁྱིམ་ལས་རྣམ་གྲོལ་ནས། །བདག་ཉིད་ཟིལ་གྱིས་གནོན་ལ་ ཆགས་མཐོང་འགྱུར། །ས་ཡི་རྡུལ་གྱིས་གོས་པའི་རི་དགས་དག །རྩྭ་དང་འདབ་ནས་ཙམ་ཞིག་སྒྲུབ་བྱེད་ལྟར། །སེམས་ནི་དབེན་པར་གཞོལ་བ་འདོད་འགྱུར་གྱི། །གླིང་བཞིའི་ཕུན་ཚོགས་རྒྱ་ཆེན་དག་ལའང་མིན། །ཤིང་དྲུང་འབབ་ཆུ་བསྟན་པའི་དཀའ་ཐུབ་དག །ཡོངས་སུ་འཛིན་པ་དག་ནི་རྣམ་སྤངས་ནས། །རང་སེམས་ཙམ་དང་རབ་ཏུ་འབྲེལ་པ་ ཡི། །བདེ་འབྱུང་གང་དེ་རྒྱལ་པོ་རྣམས་ལ་མེད། །ལྗོན་ཤིང་སྔོན་པོའི་རྩེ་མོ་རླུང་དག་གིས། །རྣམ་གཡོ་ཕྲ་ལ་སྙོམས་པའི་ཆར་འབབ་པའི། །མི་གཡོ་རྣམ་བརྟགས་རི་ཡི་སུལ་གནས་ནི། །དགེ་སློང་མཚན་མོ་དགེ་བ་སྐྱེད་པར་བྱེད། །རྙོག་ཅན་འདོད་ལ་འདྲིས་པས་འཕོས་པ་ཡི། །བདག་བསྙེན་པ་ཡི་ཆགས་སྤངས་ལྟོས་མེད་ཅིང་། །སྐྱེ་བྲལ་ནགས་གང་ ཡིན་པར་དགའ་བྱ་ཡི། །དགེ་སློང་གྱུར་ནས་དོན་མེད་འགྱུར་མི་བྱ། །དགེ་སློང་རྟགས་ནི་བདག་ཉིད་གནོད་མེད་པར། །ཉེར་བླངས་གང་ཞིག་སྒྲུབ་པར་མི་བྱེད་ཅིང་། །དམན་ལ་ཡོངས་སུ་འཛིན་པའི་འདམ་བྱིང་བ། །དེ་ནི་འཚོ་བའི་འཇིག་རྟེན་སླུ་བྱེད་ཡིན། །ཆུ་དང་རྡོ་ཁུ་རྩ་བ་མེད་པ་ཡི། །ས་དབང་འཛེགས་ནས་མི་བཟད་ཡང་དག་ཏུ། །རྟོག་དང་ལྡན་ པས་ཤི་བ་བཟོད་བྱ་ཡི། །བསླབ་པ་ཡོངས་སུ་ཉམས་པས་འཇུག་མི་བྱ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་སུ། །རིན་ཆེན་ཁུར་གྱིས་གྲུ་དག་ནུབ་པ་བཞིན། །ཁྱིམ་དང་འདྲིས་པའི་རྙེད་ཆགས་ཁུར་དག་གིས། །གང་དག་མཆོག་བརྟེན་རྒྱ་ཆེན་སྣུབ་པར་བྱེད། །ནགས་ན་བརྟེན་པའི་ཞི་བའི་རི་དགས་ནི། །གཞོན་ནུ་མ་ཡི་འགྲོ་བས་ དཀྲུགས་མཚོན་པ། །གཉེན་པོ་ཇི་བཞིན་བདག་ཉིད་ཞི་འདོད་རྣམས། །སྡོམ་ཅན་རབ་ཏུ་དབེན་ཉིད་ཡང་དག་རྩོམ། །ཡུལ་གྱི་རོ་ཡི་དུག་གིས་ཉེར་གདུང་བློ་ཅན་དག །ཆགས་པ་ཉུང་ངུ་དག་གིས་གདུང་གྱུར་ན། །དེ་དག་ཡོངས་སུ་སྤོང་ལ་རྩོད་མེད་པའི། །དཀའ་ཐུབ་ཀྱི་ཧུད་ཨེ་མའོ་རབ་ཉམས་འགྱུར། །སྡོམ་ཅན་རྐང་པས་འགྲོ་ཞིང་འཇོག་པ་ ལྟར། །དེ་ལྟར་འདྲིས་པ་འདོད་པ་འཕེལ་འགྱུར་ཏེ། །རང་རླབས་ཆབ་ངོགས་མངོན་བརྡབས་འཇིགས་རུང་བས། །སྤྲིན་ཆེན་ཆར་གྱིས་ཡ་མུ་ན་བཞིན་ནོ། །དཀའ་ཐུབ་ཇི་ལྟར་དམན་པ་དག་ལ་ཡང་། །འདོད་ལྷའི་དབང་གིས་རྗེས་སུ་ཞུགས་གྱུར་པ། །དེ་ལྟར་རང་ལག་གིས་དྲང་ཕུན་སུམ་ཚོགས། །རྒྱལ་ཆེན་ཁྱིམ་ལ་ཁྱིམ་པ་ཆགས་པ་མེད། །རང་གི་ ཁྱིམ་དང་གདོང་དག་མཆི་འཛག་པས། །བརླན་པའི་གཉེན་དག་སྤངས་པར་གྱུར་ནས་ནི། །དམན་པ་གཞན་གྱི་ཁྱིམ་ལ་ཆགས་པ་ཡི། །རབ་བྱུང་འདི་ལ་ཤིན་ཏུ་ངོ་ཚ་མེད། །ཐར་པ་འདོད་གང་རང་ཁྱིམ་སྤངས་ནས་ནི། །མི་ཤེས་གཞན་གྱི་ཁྱིམ་དག་འདོད་བྱེད་པ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་ལས། །བདག་ཉིད་རྒལ་ནས་གླང་རྗེས་ བྱིང་དང་མཚུངས། །སྡིག་པ་སྤོང་བྱེད་དེ་བཞིན་གཤེགས་པ་ཡིས། །གནང་བའི་སྒྲུབ་པ་དག་གིས་འདི་བརྟགས་གང་། །དམན་པའི་ནོར་ལ་འདོད་པའི་སྲེད་པ་ཡིས། །གཞན་ཁྱིམ་ལ་ཆགས་དྲི་མ་ཅན་དུ་འགྱུར། །ཆུ་བོ་ནི་ལུ་ཚ་ཡི་མེ་ཏོག་ལྷུང་བའི་དུམ་བུས་མཐའ་མར་བྲིས། །བྱེ་མ་དཀར་པོའི་ངོགས་དང་ངང་པ་ཀ་དམ་པ་ དག་གནས། །ནགས་ཀྱི་གླང་ཆེན་ཁྱུ་དག་རྩེ་བས་ཐ་དད་འཐོར་རླབས་ཅན། །དགོན་གནས་བརྟུལ་ཞུགས་ཅན་ལ་དགའ་བ་རབ་ཏུ་སྐྱེད་པར་བྱེད། །སྲིད་པའི་ལོངས་སྤྱོད་དོན་དུ་གཉེར་བའི་ཡི་དགས་རྣམས་བསལ་ནས། །མ་བརྩམས་ཡིད་འོང་བདེ་བ་བསྟེན་པ་རྣམས་ཀྱི་གནས་སྐབས་ནི། །པདྨ་ཁ་བྱེ་བཞིན་དུ་དཀའ་ཐུབ་རང་གི་གྲགས་པ་ཡིས། ། འཇིག་རྟེན་ཡོངས་སུ་དགའ་བ་རབ་སྐྱེད་ཀུན་དུ་དཔེ་ལས་འདས། །དཀའ་ཐུབ་རི་དང་ཉེ་བའི་ཤིང་རྩ་རབ་ཡངས་དང་འབྲེལ་བར། །གནས་པའི་ཚོམ་བུ་མི་སྙོམས་ལྷོད་པའི་སྲུབས་བར་ལ་ཆགས་པའི། །བ་མོའི་དུམ་བུས་གོས་པ་ཐོ་རངས་ཉི་མའི་འོད་ཟེར་གྱིས། །ལག་པ་དག་གིས་ཉུལ་བ་བཞིན་དུ་རྣམ་པར་སྐེམས་པར་བྱེད། །ཁང་སྟོང་ཤིང་དྲུང་ རླུང་ནི་རྒྱུ་གྱུར་ཁ་བའི་ཚོགས་ཆེན་འབབ། །མདངས་ཟད་རབ་རྩུབ་ལོ་མ་དག་གིས་གདུ་བུ་བཞིན་བསྐོར་བའི། །འདོད་པ་ཀུན་སྤངས་ཤེས་རབ་རྣོ་བའི་བརྟུལ་ཞུགས་ཅན་དག་ལ། །མཚན་མོ་རྣམ་པར་སྐྱོ་བ་དག་ནི་སྐྱེད་པར་ཟད་མི་བྱེད། །ཤིང་གི་ལོ་མའི་ཐ་མ་ལ་ཆགས་བ་མོའི་ཆུ་དག་གི །དུམ་བུ་ཉི་མ་འཆར་ཚེ་མདོག་ནོར་བུ་དང་འདྲ། ། ཐིགས་པ་དག་ནི་ཤིང་དྲུང་གནས་པའི་དགེ་སློང་ལ། །འགྲོ་བའི་སྐྱེ་དང་འཇིག་པ་ཇི་བཞིན་རབ་ཏུ་སྟོན་པར་བྱེད། །རབ་ཞིའི་བདེ་རོ་ཤེས་པས་འཁོར་ལོས་སྒྱུར་བའི་དཔལ་འབྱོར་ཀྱང་། །ཡོངས་སུ་དཔྱད་པས་རྙིངས་པའི་མེ་ཏོག་ཕྲེང་བཞིན་རྣམ་སྤངས་ནས། །ལང་ཚོ་རང་བཞིན་གྱིས་གཡོ་ངང་ཚུལ་ཅན་དག་ཡོལ་བྱས་ཏེ། །དགོན་པར་རི་ དགས་འདྲར་འཆི་ཞི་བའི་སེམས་ནི་བརྟན་པར་བྱ། །འདོད་པ་ལ་འཇེན་ཕྱིན་ཅི་ལོག་པའི་སེམས་ལ་ཀུ་མུ་ཏའི། །དུམ་བུ་ལྟར་དཀར་མི་ཐོད་སོ་དང་འབྲེལ་པས་ཉེར་དགོད་དང་། །རླུང་གིས་བུད་པའི་རོ་བསྲེགས་མེ་ཡིས་ཉེ་འཁོར་ཤིང་བསྲེགས་པའི། །དུར་ཁྲོད་དཀའ་ཐུབ་གཅིག་པུ་ལ་ནི་མཚན་མོ་དགའ་བ་སྐྱེད་པར་བྱེད། །ལྗོན་ ཤིང་ཚོགས་དང་རྒྱ་ཆེས་རི་ཡི་རྩ་བ་སྔོར་གྱུར་ཅིང་། །རྡོ་བས་ཁྱབ་དང་བསིལ་ལ་རབ་དང་བ་ཡི་ཆུ་འཛག་འབབ། །རྨ་བྱ་རབ་དགའ་སྒྲ་ཡིས་ཁྱབ་པའི་རི་སུལ་ནང་དུ་ནི། །ཁྱིམ་དུ་འཆི་བའི་སྐྱོ་བའི་སེམས་ནི་རབ་ཏུ་དགའ་བར་བྱེད། །འགྲོ་བའི་དོན་མ་བྱས་པའི་འཆི་བར་འགྱུར་བ་ཁྱིམ་དག་ལ། །དགའ་བ་དག་ལ་དབེན་པ་མཆོག་ལ་སློབ་ བྱེད་སེམས་ཅན་མཆོག །རྫོགས་པའི་བྱང་ཆུབ་སེམས་ནི་རྙེད་གྱུར་ཕ་རོལ་ཚོགས་འཐོབ་པ། །སྲིད་པའི་དུག་གི་སྡོང་པོའི་རྩ་བ་བརྟན་པོ་འབྱིན་པར་བྱེད། །ནགས་ཚིག་པ་ཡི་བྱ་དང་འདྲ་བར་སྡུག་བསྔལ་བརྒྱ་ཡི་གཞིར་གྱུར་པའི། །ཁྱིམ་གང་ཡིན་པ་ཡོངས་སུ་སྤངས་ནས་ནགས་སུ་འགྲོ་བྱེད་པ། །དེས་ནི་སྲིད་པའི་གཉིད་རབ་བསལ་ བ་འགྲོ་བ་ཀུན་གྱི་མགོན། །སངས་རྒྱས་རབ་ཏུ་མཉེས་པར་བྱེད་པ་ཡིན་ཞེས་དེ་སྐད་གྲགས། །མརྒད་སྔོན་པོ་དང་འདྲ་ནེའུ་གསེང་ཚོགས་དག་ནི། །ཤིང་རྩ་ཉེ་བར་བཀོད་དང་ཡལ་ག་མེ་ཏོག་གིས་བསྐོར་བའི། །ཞི་བའི་ནགས་མཐའ་ཀྱེ་མའོ་དགེ་སློང་མཆོག་གིས་སྤོང་བྱེད་པ། །གསད་ཕྱིར་རྔོན་པའི་གླུ་ཡིས་དྲངས་པར་གྱུར་པའི་རི་དགས་ མཚུངས། །འཕགས་པའི་བཞེད་པ་བདེ་བར་གཤེགས་པའི་ལམ་གྱི་རྗེས་འབྲངས་ནས། །ནགས་དང་འདྲ་བར་ཁྱིམ་གྱི་རང་གི་དོན་དག་སྒྲུབ་བྱེད་ཀྱང་། །རྣམ་པར་འཚེ་བ་རང་བཞིན་གྱིས་མེད་ནགས་ནི་དབེན་པ་ཡིས། །སེམས་ཀྱི་འཆིང་བ་དག་ནི་འབད་པ་མེད་པར་གཅོད་པར་བྱེད། །འདོད་ཆགས་གང་དག་དེ་ལ་དགོས་པར་འགྱུར་བས་ཀུན་འཕེལ་ཞིང་། །ལེགས་ སྤྱད་ཐུབ་པའི་བསྟན་པ་དག་ཀྱང་ཉམས་བྱས་ནས། །མེ་དཔུང་རབ་ཏུ་འབར་བ་རྒལ་དཀའི་ཁོངས་ནི་མཐར་ཐུག་པའི། །ངན་སོང་དག་ཏུ་དགེ་སློང་བདེ་ཆུང་ལ་ཆགས་འགྲོ་བར་འགྱུར། །གང་ཞིག་ཉེས་པ་མ་ལུས་གདུང་བ་ཟད་བྱེད་སངས་རྒྱས་པའི། །ལེགས་པར་བཤད་པ་ཁས་བླངས་ནས་ནི་ངན་འགྲོར་ངན་འབྱིན་པ། །ཨུཏྤལ་སྔོན་པོའི་སྙིང་ པོའི་དྲི་མཆོག་དག་དང་ཆུ་དུམ་བུ། །སར་ལ་བསིལ་ལྡན་རླུང་གིས་དེ་དག་ཇི་ལྟར་ཚིམ་པར་འགྱུར། །ས་ར་ས་ཡི་སྒྲ་ནི་རང་བཞིན་སྙན་པའི་གླུ་དབྱངས་དག །ལྡོག་པ་མེད་པར་སྒྲོགས་པར་གྱུར་པས་མཆོག་རྣམས་ཁྱབ་གྱུར་པས། །བརྟུལ་ཞུགས་ཅན་གྱིས་འགྲོ་དང་གནས་པ་དག་ལས་དུབ་སྐྱེས་དང་། །ལུས་ལྷོད་གྱུར་པའི་ མཚན་གྱི་གུང་ཐུན་གཉིད་དག་སད་པར་བྱེད། །རང་གི་འོད་ཀྱི་དཀྱིལ་འཁོར་གྱིས་སྤྲས་ཡོངས་སུ་གནས་པ་ཡིས། །ཟླ་བའི་འོད་ཟེར་ཚོགས་ཀྱི་དཔལ་འཇོམས་ཤིན་ཏུ་ཟིལ་གནོན་པས། །དགེ་བའི་རྩ་བ་ཉེར་བསགས་སྐལ་ལྡན་འཇིག་རྟེན་ལ་གཟིགས་ཤིང་། །རང་བྱུང་འཕགས་པ་མཆོག་ནི་དགོན་པ་དེ་ཡང་སྟེན་པར་ མཛད། །ཅི་སྟེ་གང་ཞིག་ནང་གི་དགྲ་ལས་ངེས་རྒྱལ་བྱ་བ་བྱས་པ་ཡི། །སྟོན་པ་འཇིག་རྟེན་མཐའ་གཟིགས་དེ་ཡང་ནགས་དག་སྟེན་མཛད་ན། །ཡང་དག་མི་རྟོགས་སྐྱེ་བོ་མི་གཙང་འདམ་དུ་བྱིང་གྱུར་པའི། །སྡོམ་ཅན་ཞི་འདོད་བདེ་གཤེགས་རྗེས་སུ་ཅི་ཕྱིར་འཇུག་མི་བྱེད། །བདག་ཏུ་ལོག་པར་འཛིན་པར་གྱུར་པས་ཉིན་དང་མཚན། །སྲིན་བུས་ཇི་ བཞིན་རྣམ་རྟོག་སྡིག་ཅན་དག་གིས་ཟོས་པས་ན། །ཉོན་མོངས་རྣག་གིས་ཉེར་གོས་ཞི་བའི་ཆུ་ཡི་བུམ་པ་ཡིས། །བཀྲུས་པ་བཞིན་དུ་སེམས་ནི་སྐྱེ་བ་མེད་ནགས་བསྟེན་པར་གྱིས། །འབྲས་བུའི་ལྕིད་ཀྱིས་ཡལ་ག་གུག་པའི་ཐ་མ་ལོ་མ་ཡིས། །གསལ་གྱུར་ལྕུག་མ་མེ་ཏོག་ཁ་བྱེའི་དགའ་བྱེད་རྒྱུ་ལྡན་པའི། །ནགས་ཀྱི་ཤིང་ནི་ དགེ་སློང་ཕོངས་བྲལ་བསྟེན་པ་ལ། །མཛའ་བོ་བཞིན་དུ་ཤིན་ཏུ་དབུགས་ནི་འབྱིན་པར་བྱེད། །ཟླ་བ་ཤར་བ་ཁ་བ་འབབ་པ་བསྒྲིགས་པས་འགོག་འགྱུར་བའི། །དགུན་གྱི་མཚན་མོ་དག་ནི་རབ་ཞི་བདེ་བ་འདོད་རྣམས་ཀྱི། །རྣལ་འབྱོར་རྩྭ་ཡི་སྟན་ལ་དགའ་བ་དག་ལ་ཐོ་རངས་དག །ནགས་ཀྱི་ཤིང་ན་ཡིབ་པའི་བྱ་རྣམས་འདྲ་བར་བྱེད། །ཤིང་དང་ ཉེ་བའི་རི་ཡི་རྐེད་དུ་མི་གཡོ་སྐྱིལ་ཀྲུང་བཅས། །མེ་ཏོག་གིས་བསྐོར་རབ་དགའི་རླུང་གིས་གཡོ་བར་བྱེད་པ་ན། །འགྲོ་གཉེན་སྲིད་གསུམ་རྣམ་རྒྱལ་དུས་ན་བྱང་ཆུབ་སྙིང་པོ་ཡི། །གདན་ལ་བཞུགས་བཞིན་སྡོམ་ཅན་མཚན་མོ་རྗེས་སུ་སྒྲུབ་པར་བྱེད། །དམན་པའི་འགྲོ་བའི་སེམས་ཀྱིས་རེག་བྱས་དྲེགས་པའི་ཆགས་པ་དག །འདོད་བྱ་དོན་དུ་ གཉེར་བ་རྣམས་ཀྱིས་ཁྱད་པར་སྤངས་ནས་ནི། །འཕགས་པས་རྗེས་ཆགས་བརྟན་པ་མི་སྣང་འཆིང་བ་འཇིགས་པ་ཡི། །འདོད་པ་ལྷག་མ་མེད་པར་དགའ་བཞིན་ནགས་སུ་ཞི་བར་བྱ། །སྐྱེ་དང་འཆི་དང་ན་བའི་སྡུག་བསྔལ་མཐར་ནི་མ་བྱས་པར། །སྲིད་པའི་རྒྱ་མཚོ་དག་ཏུ་བྱིང་འགྱུར་བག་མེད་མ་བྱེད་ཅིག །མཐར་བྱེད་ཀུན་གྱི་སྲོག་ཀྱང་འཕྲོག་པར་ བྱེད་པ་གང་འདི་ནི། །རྒྱུན་མི་ཆད་པར་འགྲོ་ལ་སྟ་རེའི་སོ་དག་འདར་བར་བྱེད། །ས་འཛིན་པ་ཡི་ཆུ་བོའི་ཚོགས་དག་འབབ་པ་ལྟ་བུ་ནི། །ཆོས་ཀུན་གནས་པའི་རང་བཞིན་རྗེས་སུ་ཤེས་ནས་ནི། །རོ་ལ་སེམས་ལྡན་གཞན་ལས་དམ་པས་ལེགས་པར་འགྲོ་བ་ཡིས། །སྲིད་ལ་ཆགས་བྲལ་རབ་ཞི་དགའ་བ་དག་ལ་བརྟེན་པར་གྱིས། །སྨྲ་བ་ཙམ་ནི་ ནུས་སུ་ཟིན་ཀྱང་ཚིག་ལ་གནས་པའང་གྲུབ་མེད་དེ། །སྐྱེས་བུ་ཚིག་དང་སྙིང་པོར་བྱེད་པ་སྟོན་གྱི་ཆུ་བྲལ་སྤྲིན་དང་མཚུངས། །གང་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་སྒྲུབ་པ་སྙིང་པོ་ཉིད། །དེ་ཕྱིར་དེ་ཉིད་ལ་འཇུག་བློ་གྲོས་ཡིན་བཟོའི་ཚིག་ལ་མཁས། །ཀུན་ནས་ཉོན་མོངས་དགྲ་འདི་ཡི། །བདག་ཉིད་བྲན་དུ་གྱུར་པ་སྟེ། །དེ་ བས་བདག་སེམས་ཞི་བྱེད་ཅིང་། །རང་ཉིད་ཡོངས་སུ་སྨྲ་བར་བྱེད། །དབེན་པའི་གཏམ་སློབ་དཔོན་ཆེན་པོས་འཚོ་བྱིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།