Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 172
Văn bản gốc(Tây Tạng)
Trang 11 / 13 (50.000 ký tự/trang)
ུང་ངུ་ནི་ཆུ་ར་ཆུང་ངུའོ། །རྟག་པར་ནི་རྟག་ཏུའོ། །ཐུགས་བརྟན་པ་ནི་ཡིད་བརྟན་དུ་རུང་བའོ། །ཅི་བདེ་ཞེས་བྱ་ བ་ནས་སོ། །གཙེས་པ་ནི་རྒྱལ་པོ་ལ་སོགས་པས་བྱས་པའོ། །གནོད་པ་ནི་སྤྱིར་གནོད་པའོ། །ཡམས་ནད་ནི་འདྲ་བར་འབྱུང་བའི་ནད་དོ། །བཏང་བ་ནི་ཡོངས་སུ་བཏང་བའོ། །ཆགས་ཉེན་པ་ལས་ཡོངས་སུ་བསྐྱབས་པ་ནི་བུ་ལོན་པས་ཉམ་ཐག་པ་རྣམས་སོ། ཤོ་གམ་བཏང་བ་ནི་གང་ལ་དེ་ ཉིད་ཀྱིས་གནོད་པ་ལ་ཤོ་གམ་བཏང་བའོ། །ལ་ལར་ནི་ཤོ་གམ་དབྲི་སྟེ། ཤོ་གམ་ཆེ་བས་འཇིགས་པ་རྣམས་ལའོ། །དབྱིག་ལ་སོགས་པ་ཉོ་ཚོང་བྱེད་པས་འཚོ་བའི་སྤོགས་ཏེ། མཉམ་པ་དང་། རིན་ཆེ་བ་སྤངས་པ་དང་། རིན་ཐང་རིགས་པ་སྟེ། རིན་ཆུང་བ་སྤངས་པ་བགྱིད་དུ་གསོལ་ཅིག་པའོ། ། འདོད་དགུ་ནི་ཅི་བདེར་རོ། །ཁ་ཅིག་བུ་མོ་སྦྱིན་པ་ནི་བཀག་གོ་སྙམ་པ་དེའི་ཕྱིར། རྒྱན་རྣམས་ཀུན་དང་ལྡན་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྩོལ་ཅེས་བྱ་བ་ནི་བྱིན་ཅིག་པའོ། །འཇིག་རྟེན་པའི་གཏམ་ནི་གཡེང་བར་བྱེད་པས་དགའ་བར་མ་མཛད་ཅིག་པའོ། །རྣམ་པར་དབྱེ་བ་ ནི་རབ་ཏུ་བསྟན་པའོ། །བསྔགས་པ་ནི་བདག་ནི་འདི་འདྲའོ་ཞེས་ངོམ་པའོ། །གནད་ལ་དབབ་པ་ནི་གསང་བ་རབ་ཏུ་སྒྲོགས་པ་སྟེ། གནད་འཆི་བའི་གནས་རྣམས་སུ་འབེབས་ཤིང་བསྣུན་པས་ན་གནད་དུ་དབབ་པའོ། །མངོན་སུམ་དུ་དོན་གཞན་གྱིས་གསང་བ་བརྗོད་པ་ནི་གླེང་བའོ། །དེ་ངན་ སེམས་ཀྱིས་ཏེ། མི་ཕན་པའི་སེམས་ཀྱིས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་རྣམས་ཀྱི་ཞེས་བྱ་བ་ནི་གོང་དུ་སྦྱར་རོ། །ནུས་པས་ཞེས་བྱ་བ་ནི་ཅི་ནུས་ཀྱིས་སོ། །ཉེས་པ་མེད་པ་ཉིད་དུ་བགྱི་བའོ། །རེ་བ་ནི་འདོད་པའོ། །ཁེངས་པ་ནི་ང་རྒྱལ་ལོ། །ཡི་ དགས་དང་འདྲ་བར་རོ། །ཞུམ་པ་ནི་ཡི་ཤི་བ་སྟེ་ཡིད་མི་བདེ་བའོ། །བརྗོད་པ་ནི་སྨྲ་བའོ། །གཞན་དུ་ཞེས་བྱ་བ་ནི་གཞན་གྱི་དོན་ལའོ། །རང་གི་དང་ས་གཞན་པའི་བློན་པོ་རྣམས་ཀྱང་ཀུན་དུ་འདུད་ཅིང་མང་པོས་བཀུར་བ་སྟེ། དེ་ཐམས་ཅད་ནི་ཆོས་སྤྱད་པ་ལས་འགྱུར་རོ། །ཉམས་ བདེ་བ་ནི་ཡིད་བདེ་བའོ། །ལྟོག་མོ་ནི་ཆོག་པ་སྟེ་ཏེ་པོར་མང་བའོ། །ནང་གི་བདག་ཉིད་ནི་སེམས་སོ། །ལོངས་སྤྱོད་རུང་བ་ཐུན་མོང་དུ་སྤྱོད་པའོ། །འཇམ་པ་ནི་རད་རུད་མེད་པའམ་མུར་འཇམ་པའོ། །བྱམས་པ་ནི་སེམས་སོ། །ཆ་ནི་ཤིན་ཏུ་ཉུང་བའི་ཆའོ། །གལ་ཏེ་གྲོལ་བར་མ་གྱུར་ ཀྱང་ཞེས་བྱ་བ་ནི་གལ་ཏེ་ཐར་པར་མ་གྱུར་ཀྱང་ངོ་། །བརྒྱད་ནི་ལྷ་མི་བྱམས་པར་འགྱུར་བ་དང་ཞེས་བྱ་བ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །ཞེས་བྱ་བའི་བར་རོ། །གཡོ་ནི་ཡོན་པོའོ། །དེ་ལྟ་བུ་མ་ཡིན་པས་ན་གཡོ་མེད་པ་སྟེ་དྲང་བའོ། །དེ་ནི་དད་པ་ཅན་ཞེས་བྱ་བའི་ དོན་ཏེ། ལྷག་པའི་བསམ་པས་མཉན་པ་དེའི་དོན་ཉམས་སུ་མྱོང་བ་གསལ་བར་འགྱུར་རོ། །དེ་ལས་ནི་དྲང་བའོ། །བཀུར་སྟི་ནི་ཆོས་རྣམས་ལའོ། །རྟོགས་པ་ནི་ཁོང་དུ་ཆུད་པའོ། །སྒྲིབ་པ་མེད་པ་ནི་མཉམ་པར་ཆོས་སྟོན་པས་སློབ་དཔོན་གྱིས་དཔེ་མཁྱུད་མེད་པའོ། །འདོད་པ་ ནི་དོན་གྲུབ་པའོ། །སྙིང་པོ་ལྔ་ནི་བུ་རམ་དང་། ཞུན་མར་དང་། སྦྲང་རྩི་དང་། ཏིལ་མར་དང་། ལན་ཚྭའོ། །གང་ལ་སྟོབས་ཆེན་པོའི་མཆོག་གཙོ་བོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་པར་ཞེས་བྱ་བ་ནི་མཆོད་པའི་ཆེད་དུའོ། ཡན་ལག་ཉམས་ པ་ནི་ཡན་ལག་དང་བྲལ་བ་སྟེ། ཡན་ལག་དམན་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་རྗེས་སུ་བསྲུངས་པ་ནི་གཞན་དག་གིའོ། །གཞོན་པས་བླ་མ་བཀུར་བའི་ཕྱིར་རོ། །དྲིན་མེད་པ་ནི་ལན་ལ་རེ་བ་དང་བྲལ་བའི་ཕྱིར་རོ། །མཉམ་ལྡན་པ་ནི་དངོས་པོ་ཐམས་ཅད་ལའོ། །བརླན་པ་ནི་མེད་པ་ སྟེ། རླན་དང་བཅས་ཤིང་མི་རླང་བའོ། །དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་བསྒོམས་པ་སྟེ། ཡང་དང་ཡང་མངོན་དུ་བྱས་པས་སོ། །སྣ་ཚོགས་ནི་རྣམ་པ་སྣ་ཚོགས་སོ། །དག་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའོ། །འཇིག་རྟེན་གྱི་ ཁམས་ཇི་སྙེད་ནས་སངས་རྒྱས་གང་གིས་གདུལ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་འདུས་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་ནི་སངས་རྒྱས་ཀྱི་ཞིང་ཡིན་ཏེ། དེར་དེ་འབྱུང་བའི་ཕྱིར་རོ། །རྣམ་པར་དག་པའི་སེམས་ཅན་འབྱུང་བའི་ཕྱིར་དག་པར་འགྱུར་རོ། །དེ་བས་ཞེས་བྱ་བ་ནི་ བརྗོད་པར་འདོད་པའི་དོན་མཇུག་བསྡུ་བའོ། །དེ་ལྟར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་བརྗོད་པའི་ཚུལ་བཤད་མ་ཐག་པའི་རྒྱུས་སོ། །མཐུན་པ་ནི་འདྲ་བ་སྟེ། རྒྱུ་དང་མཐུན་པའི་འབྲས་བུ་ཞེས་བྱ་བ་ཡིན་ནོ། །དོན་དུ་ཞེས་བྱ་བ་ནི་དོན་གྱི་སྒོ་ནས་ཏེ། དོན་གྱི་སྒོ་ནས་རྒྱུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ ཚིག་གོ། །དཀའ་བ་ནི་མི་ནུས་པའོ། །ཆོས་མིན་ནི་ཆོས་དང་བྲལ་བའོ། །འདི་ལྟར་དེ་ནི་རིགས་པ་མིན་པ་སྟེ་རིགས་པ་དང་བྲལ་བའོ། །རྗེས་སུ་འཚོ་བ་ནི་འབངས་སོ། །རྒྱལ་པོ་ལ་བསྟོད་པ་ནི་བསྔགས་པའོ། །ཆོས་མ་ཡིན་པ་སྤྱོད་བཞིན་དུ་ཅིའི་ཕྱིར་བསྟོད་ཅེ་ན། འཇིགས་པའི་ཕྱིར་ཏེ་བཟློག་ ན་གལ་ཏེ་ན་ཁྲོས་ནས་གནོད་པ་བྱེད་པར་འགྱུར་རོ་སྙམ་པས་སོ། །རྒྱལ་པོ་ལྟ་ཞོག་གི་དེ་ལས་གཞན་པའི་ཕྱི་མའི་ཕལ་པ་སུ་ཡང་རུང་བ་ལ་ཡང་ངོ་། །བརྗོད་དཀའ་བ་ནི་སྨྲ་དཀའ་བའོ། །མི་སྙན་པ་ཇི་ལྟ་བུ་ཞིག་ཅེ་ན་བསྟད་པ་སྟེ་རིགས་པའོ། །ས་ཆེན་མངའ་བ་ནི་ས་ཆེན་པོའི་དབང་ཕྱུག་སྟེ། དབང་ཕྱུག་དམ་པ་ཆེན་པོའོ། །དགེ་སློང་ནི་སློང་བའི་ངང་ཚུལ་ཅན་ཏེ། སློང་མོ་ཟ་བ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱིས་བདག་ལ་དགྱེས་པར་མཛད་པ་དེའི་སླད་དུའམ། བདག་གིས་ཁྱོད་ལ་དགའ་བར་བགྱིས་པ་གང་ཡིན་པ་དེའི་སླད་དུའོ། །མི་སྙན་ནི་ཡིད་ལ་མི་འབབ་པའི་ཕྱིར་རོ། །ཏེ་པོར་ ཞེས་བྱ་བ་ནི་ཤིན་ཏུའོ། །དོན་ལྡན་ནི་འདོད་པའི་དོན་དང་ལྡན་པའོ། །དེ་ལྟ་བས་ན་དེ་སྐད་ཅེས་བྱ་བ་ནི་དེ་བས་ན་དེ་སྐད་དུའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དགྱེས་པ་འབའ་ཞིག་གི་ཕྱིར་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་བཀའ་ལས་འབྱུང་བས་ཀྱང་ངོ་། །ད་ནི་ བརྗོད་པར་བྱ་བ་གང་ཡིན་པ་དེ་བརྟན་པ་ཁྲོ་བ་མེད་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཁྲོ་བ་མེད་པ་ནི་བྱམས་པའོ། །བསྟད་པ་ནི་རིགས་པ་སྟེ་ཕན་པའོ། །བརྗོད་བགྱི་བ་ཞེས་བྱ་བ་ལ་སོགས་པས་བརྗོད་པར་འོས་པའོ། །བདག་ནི་ཚིག་འདི་གཉི་གར་བསྟད་དམ་མི་ བསྟད་པའི་ཚིག་གི་དོན་མཁྱེན་པར་མཛོད་དེའོ། །སྦྱིན་པ་གང་བྱས་པ་དེ་མི་ཤེས་པས་ན་བྱས་པ་མི་གཟོ་བའོ། །སློང་བ་ནི་ཕན་འདོགས་པའི་དམ་པ་ཡིན་ནོ་ཞེས་འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ལས་བྱེད་པ་ནི་གླ་མིའོ། །གླ་མེད་པ་ནི་མ་བརྔན་པར་རོ། །ལམ་ དུ་བཟའ་ཞིང་བཅའ་བ་གང་ཡིན་པ་དེ་ནི་ལམ་བརྒྱགས་ཏེ་ལམ་གྱི་བརྒྱགས་སོ། །དམན་པ་ནི་འགྲོ་བ་དམན་པར་སོང་བ་སྟེ། དུད་འགྲོ་འམ་མི་ངན་པའོ། །ཁྱེར་བ་ནི་ཁྱེར་བར་བྱེད་པའོ། །རྒྱ་ཆེན་པོ་ནི་ཡངས་པ་དང་ཆེ་བའོ། །དམན་པ་ནི་ཕྲ་མོའམ་བསམ་པ་དམན་པའོ། །ཡིད་ལའམ་ ཞེས་བྱ་བ་ནི་འདོད་པའོ། །བསམ་པར་མ་གྱུར་པ་ནི་མ་མྱངས་པའམ་མི་འདོད་པའོ། །ཆོས་བཞི་ཞེས་བྱ་བ་ནི་སྤྱིའོ། །དེའི་ཁྱད་པར་ནི་དཀོན་མཆོག་གསུམ་གྱི་རྟེན་ཏེ། རྟེན་ནི་གཞིའོ། །ཀུན་ནས་རྣམ་པ་ཐམས་ཅད་དུ་ལོངས་སྤྱོད་འབྱོར་པ་ནི་ཀུན་འབྱོར་པའོ། །དེའི་ཁྱད་པར་ནི་རྒྱལ་པོ་ ཞེས་བྱ་བའི་སྒྲ་ཡིན་ཏེ། རྒྱལ་པོའི་ཡང་རྒྱལ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །སྙན་པ་ལ་ཕན་པ་ནི་སྙན་པར་མི་འགྱུར་བའོ། །རྒྱ་ཆེ་ནི་སེམས་ཅན་རྒྱ་ཆེན་པོ་རྣམས་སོ། །སྙེམས་པ་དང་བྲལ་བས་ན་སྙེམས་བྲལ་ཏེ་ང་རྒྱལ་ཆགས་པའོ། །སྤྲོ་བ་ནི་བརྩོས་འགྲུས་སོ། །དམན་པ་ནི་རྒྱ་མི་ཆེ་བའམ་སེམས་ཞུམ་པའོ། ། རྒྱལ་པོ་སར་པའི་གང་ཡིན་པ་དེའི་འོ། །འདི་དག་ལ་བྱམས་ཤིང་དགའ་བར་འདོད་པའི་ངང་ཚུལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །རྣལ་གནས་ནི་མ་ཉམས་པའོ། །ཆོས་ཀྱི་གཞི་ནི་ས་གཞི་ཕུལ་བ་ལ་སོགས་པས་སྤགས་པའོ། །ལྷ་ཁང་ནི་ལྷའི་གནས་ཏེ་ལྷའི་ཁབ་པོ། །སྔ་ལུགས་ བཞིན་དུ་ཞེས་བྱ་བ་ནི་ལྷག་ཆད་མེད་པར་རོ། །དེ་དག་ནི་ལྷ་ཁང་ལ་སོགས་པའོ། །འཚེ་མེད་ནི་སེམས་ཅན་དང་རྫས་ལའོ། །དགེ་སྤྱོད་ནི་བསོད་ནམས་བྱེད་པའོ། །བརྟུལ་ཞུགས་ལ་གནས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྤངས་པའོ། གང་ལ་འོང་བའི་དུས་ངེས་པ་མེད་པ་ཡོད་པ་ དེ་ནི་གློ་བུར་བ་སྟེ། འཕྲལ་ལ་འོངས་པའོ། །གང་དག་ལ་བདེན་པ་ལ་བཟོད་པ་ཡོད་པ་དེ་དག་ནི་བདེན་བཟོད་དོ། །རྟག་ཏུ་བརྩོན་པ་ནི་བརྩོན་འགྲུས་བརྩམས་པའོ། །དམན་པ་ནི་ནོར་མེད་པའམ་སློང་མོ་པའོ། །སྡུག་ཕོངས་ནི་ལམ་དུ་ཞུགས་པའོ། །དགག་པ་མེད་པ་ནི་བཟློག་པ་མེད་ པའོ། །སྙོམས་པ་ནི་བྱེ་བྲག་མེད་པའོ། །དོན་དུ་གཉེར་བ་རྣམས་ནི་བཤད་ཟིན་ཏོ། །དོན་དུ་མི་གཉེར་བ་ནི་ཆོག་ཤེས་པའོ། །ཅི་རིགས་པ་ནི་སྦྱིན་པ་ལ་སོགས་པའི་བྱ་བ་སྟེ། ཆོས་ཀྱི་དོན་གྱི་དབང་དུ་བྱས་པ་ལ་དེ་སྐད་ཅེས་བྱའོ། །མི་གཡེལ་བ་ནི་སྙོམ་ལས་མི་བྱེད་པའོ། །དེ་དག་ རྣམས་ལ་ཞེས་བྱ་བ་ནི་ཆོས་ཀྱི་གཞི་ན་གནས་པ་རྣམས་ལའོ། །ལུགས་ནི་རྒྱལ་པོའི་བསྟན་བཅོས་ཏེ། དེ་ཤེས་པས་ན་ལུགས་ཤེས་པའོ། །དེ་ནི་སྡིག་པ་དང་ལྡན་པ་ལ་ཡང་ཡོད་པས་དེའི་ཕྱིར་ཆོས་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །རྒྱལ་པོ་ལ་འཇར་བ་སྟེ་སེམས་མི་རྩུབ་པའོ། །གཙང་ བ་ནི་འདོད་ཚན་མེད་པ་སྟེ། ཆགས་པ་ལ་སོགས་པའི་རྩ་བ་དང་བྲལ་བས་དཀར་བའོ། །རན་པར་སྤྱོད་པ་ནི་ལེགས་པར་སྤྱོད་པ་སྟེ། དྲོད་ཟིན་པར་སྤྱོད་པའམ་བགོ་བཤའ་བྱས་ཏེ་སྤྱོད་པའོ། །བག་ཡོད་པ་ནི་བྱ་བ་ཐམས་ཅད་ལའོ། །དམག་ནི་དཔུང་གི་ཚོགས་སོ། །དེའི་དཔོན་པོ་ནི་གཙོ་བོའོ། ། གང་དག་ཆོས་ཁོ་ན་བྱེད་པའི་ངང་ཚུལ་ཡོད་པ་དེ་དག་ནི་ཆོས་ཀྱི་ངང་ཚུལ་ལོ། །སྙོམས་པ་ནི་བསམ་པ་མཉམ་པའོ། །སྣ་བོ་ནི་སྣ་ལ་གཏོགས་པའོ། །ཕན་ཚུན་ལྟོར་འཇུད་པ་ནི་མ་རུང་བར་བྱེད་པ་སྟེ། སྔར་ནི་ཆོས་ཉི་ཚེ་བ་བསྟན་ཏོ། །ད་ནི་རྒྱལ་སྲིད་དང་ལྷན་ཅིག་སྟོན་ཏོ། །ནང་གཤིན་པ་ནི་ ནང་འཕྲོད་པ་སྟེ་ནང་མཐུན་པའོ། །གསོད་བྱེད་པ་ནི་གསོད་པའི་ངང་ཚུལ་ཅན་ཏེ། གསོད་པར་བྱེད་པའོ། །སྡོམ་པ་མིན་པ་ནི་སྡོམ་པའི་མི་མཐུན་པའི་ཕྱོགས་སོ། །རྒྱུན་མི་འཆད་པ་ནི་རྟག་པར་རོ། །ཚར་གཅད་པ་ནི་ཚིག་དག་གིས་སམ་གཟུང་བས་སོ། །བརྟགས་ཏེ་ཞེས་བྱ་བ་ནི་དཔྱད་ དེའོ། །བག་ཡོད་པ་ནི་ཡུལ་རྣམས་ཀྱིས་འཇིགས་པའོ། །ཡོན་ཏན་གནས་དེ་ཡོན་ཏན་ཅན་རྣམས་ལ་སྦྱར། །ཞེས་བྱ་བ་ཡིན་ཏེ། ང་རྒྱལ་གྱིས་ཉམས་པ་རྣམས་ལ་ནི་བཀུར་སྟིའོ། །ལྷག་མ་རྣམས་ལ་ནི་ཚིག་གི་རིམ་གྲོའོ། །ལྷག་མ་ནི་ཡོན་ཏན་ལ་གནས་པ་མ་ཡིན་པའོ། །རྒྱས་པ་ནི་མང་བ་ སྟེ། རྒྱལ་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་ལྗོན་ཤིང་མངོན་དུ་འགྲོ་བར་བྱ་བ་ལྟ་བུ་བྱའོ་ཞེས་བྱ་བའི་དོན་ཏོ། །གསར་དང་ལྡན་པ་ནི་ཉེས་པ་མི་བཟོད་པའོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་དུའོ། །འཇིག་རྟེན་ན་གྲགས་པའི་རིགས་པ་མ་ཡིན་པར་མི་ འགྱུར་རོ། །དེའི་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱིའོ། །འཚོག་ཆས་ཟོང་ནི་ཉོ་ཚོང་བྱ་བ་ལ་དགོས་པ་ཡིན་པར་བལྟ་བར་བྱ་སྟེ། འཚོག་ཆས་ཉོ་བར་བྱ་བའི་རིན་ཡིན་པས་སོ། །རྗེད་འགྱུར་བ་སྟེ་འགྱུར་བར་འབོད་ཅིག་པའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་འོ། །འདུ་ཤེས་རང་བཞིན་ནི་རྣམ་པར་ རྟོག་པས་བྱས་པའོ། །བདེ་བའི་བདོག་པ་ཀུན་ནི་མདོར་ན་འདི་ཁོ་ནར་ཟད་དེ། བདེ་བ་ཉིད་བདོག་པ་ཀུན་ཡིན་ནོ། །དེ་ལ་ལུས་ཀྱི་ནི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་ཡིན་ལ། སེམས་ཀྱི་ཡང་རྟོག་པ་ཙམ་དུ་ཟད་ན་དེ་དག་ཀྱང་དོན་མེད་དེ་བདེ་བའི་དོན་མེད་པའི་ཕྱིར་ཐམས་ཅད་ལ་དབང་ ཡང་སྤྱོད་པར་བྱ་བ་ནི་དེའི་ཚེ་རེ་རེར་ཟད་དོ། །གྲག་ཅེས་བྱ་བ་ནི་མ་དད་པར་སྟོན་པའོ། །ཡུལ་རྣམས་ལ་ཡིད་གཏོད་པ་ནི་ཡིད་ལ་བྱེད་པའོ། །དེ་མེད་པ་ནི་ཡིད་ལ་མི་བྱེད་པའོ། །འདིར་ཇི་སྐད་ཡོངས་སུ་བསྒྲགས་པ་དེ་རྣམས་ནི་དོན་མེད་དེ་དགོས་པ་མེད་པ་ཉིད་དོ། །གང་གི་ ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། འདི་ནི་ཡིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །དབང་པོ་ལྷག་མ་རྣམས་ཀྱིས་མ་ཡིན་ནོ། །གང་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་ཡིན་པས་སོ། །རྣམ་པ་རང་གི་ངོ་བོ་ལ་ཕྱིས་ཡིད་ཀྱིས་དམིགས་ནས་ཏེ། དེ་ཡང་རྟོག་པ་ཙམ་དུ་ཟད་པའི་ཕྱིར་བདེ་བ་མ་ ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་འདི་ན་དབང་པོ་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པས་དབང་པོ་དང་དོན་དག་མེད་པ་ཉིད་དུ་སྟོན་ཏོ། །གང་ཡང་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་དང་། དེས་དྲངས་པ་རྣམ་པར་རྟོག་པ་སྐྱེ་ལ་དེ་རྣམ་པར་རྟོག་པ་དང་བཅས་པ་དེའི་ ཚེ་ཡང་བདེ་བ་ནི་དོན་མེད་པ་ཉིད་དེ། དེ་གཉི་ག་དོན་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་གཉིས་ལ་བརྟན་པ་ཉིད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། མིག་གི་རྣམ་པར་ཤེས་པ་ནི་མཚོན་པར་ཟད་དོ། །སྔར་ནི་ཡན་ལག་གཅིག་མ་ཚང་བ་ལས་དབང་པོ་དང་དོན་དག་དོན་མེད་པ་ཉིད་དུ་ བཤད་དོ། །ད་ནི་ཡུལ་ནི་འདས་དང་ཞེས་བྱ་བ་ལ་སོགས་པ་དུས་ཀྱིས་བྱས་པ་སྟོན་ཏོ། །དེ་གཉིས་ལས་ནི་མ་འདས་ཕྱིར། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་དུས་གཉིས་ལས་མ་འདས་པའི་ཕྱིར་རོ། འདས་པ་དེ་དག་ནི་མེད་དོ། །མ་འོངས་པ་རྣམས་ནི་མ་བྱུང་ངོ་། །གང་གི་ཚེ་ད་ ལྟར་གྱུར་པ་དེ་ལ་ཡང་ཉེས་པ་བཤད་ཟིན་ཏོ། །ཡང་ན་གཏན་ཚིགས་མཇུག་ཐོགས་ནས་འབྱུང་བ་འདི་ཡིན་ཏེ། ཇི་ལྟར་མགལ་མེའི་འཁོར་ལོ་མ་ཡིན་པ་འཁོར་ལོའི་ངོ་བོར་སྣང་བ་དེ་བཞིན་དུ་ཡུལ་ད་ལྟའི་ངོ་བོ་མ་ཡིན་པ་ཡང་ད་ལྟ་ཉིད་དུ་སྣང་སྟེ། སོ་སོར་རེ་རེའི་ངོ་བོར་ཉམས་པའི་ཕྱིར་ རོ། །འདི་དག་ཅེས་བྱ་བ་ནི་རྟེན་དང་དབང་པོ་དང་དོན་རྣམས་སོ། །སོ་སོར་ཐ་དད་ན་ཞེས་བྱ་བ་ནི་རྣམ་པ་གཉིས་ལྟ་བུར་སོ་སོར་ཐ་དད་ན་སྟེ། ཡང་དག་པར་རང་གི་ངོ་བོ་སོ་སོ་བ་ཡིན་ནའོ། །གཟུགས་ཀྱི་མཚན་ཉིད་ནི་འདུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་ཕུང་པོ་དོན་མེད་ པ་ཉིད་དུ་བརྗོད་ནས། མཇུག་ཐོགས་ནས་འབྱུང་བས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་སྟོན་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །བདག་ཉིད་དོན་མེད་ཕྱིར་ཞེས་བྱ་བ་ནི་དོན་དམ་པར་བདག་མེད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་རྣམ་ པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་རིགས་པས་ཇི་སྐད་བཤད་པའི་ཚུལ་དུ་མཐོང་བའོ། །གལ་ཏེ་ལ་ལ་དེ་ལྟར་ངོ་བོ་ཉིད་མེད་པ་ཡིན་ན་སུ་ཞིག་གིས་མཐོང་ཞེ་ན། དེའི་ཕྱིར་ཐ་སྙད་དུ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་ཡང་དག་པ་ཉིད་དུ་མ་ཡིན་ཞེ་ན། འདི་སྐད་དུ་བཤད་པ་ཡིན་ནོ། །བདེ་ བ་དང་ཕྲད་པར་འདོད་པའི་སེམས་འབྱུང་བ་གང་ཡིན་པ་དེ་བརྟན་པ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་གཉིས་པ་ཕྱིས་འབྱུང་བས་མཐོང་བར་འགྱུར་གྱི། དེ་མེད་ན་ཅི་ཞིག་མཐོང་བར་འགྱུར། དོན་མེད་པའི་ཕྱིར་སེམས་གཉིས་ལྷན་ཅིག་འབྱུང་བར་མི་འདོད་དེ། ལྷན་ཅིག་བྱུང་བ་དག་ནི་དེ་མ་ཐག་ཏུ་འཇིག་པའི་ཕྱིར་ དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་ངོ་བོ་མེད་དོ། །དོན་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །གནས་མེད་ཅེས་བྱ་བ་ནི་རྟེན་མེད་པའོ། །ལེན་མེད་ཅེས་བྱ་བ་ནི་རྒྱུ་མེད་པ་སྟེ། ལེན་པ་ནི་རྒྱུ་ཡིན་པའོ། །དེ་ལྟར་ངོ་བོ་ཉིད་མེད་པར་མཐོང་བའི་མཐུས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ རོ། །འདོད་པ་ནི་བཞེད་པའོ། །གལ་ཏེ་ཆོས་དེ་ལྟ་བུ་ཤེས་ན་ཅིའི་ཕྱིར་འཁོར་བར་འཁོར་ཞེ་ན། དེ་ནི་སྙིང་རྗེ་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རང་གི་དོན་ལ་མི་ལྟ་བར་སྙིང་རྗེ་འབའ་ཞིག་གིས་སྲིད་པར་མཚམས་སྦྱོར་ཞིང་སྲིད་པ་རྒྱུན་ཆགས་པར་བྱེད་ དོ། །གང་དག་ཐེག་པ་ཆེན་པོ་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་སྙམ་དུ་བསམས་ནས་སྤོང་བར་བྱེད་པ་དེ་དག་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་དུ་རྨོངས་པ་ནི་གཏི་མུག་གིས་ལྡོངས་པ་སྟེ་ དོན་མི་ཤེས་པའོ། །ཇི་ལྟ་བུ་ཞེ་ན། མཇུག་ཐོགས་ནས་འབྱུང་བས་དེ་སྟོན་ཏེ། ཡོན་ཏན་སྡང་བ་ཞེས་བྱ་བ་ནི་འདི་ནི་གཞན་ལ་ཕན་འདོགས་པ་ནི་ཡོན་ཏན་ཞེས་བྱ་ན། དེ་ལ་སྡང་བས་ན་དེ་སྐད་ཅེས་བྱའོ། །སྡང་བས་ཕྱིར་ཕྱོགས་ནི་ཞེ་སྡང་གིས་ཕྱིར་ཕྱོགས་པ་སྟེ་སྙིང་རྗེ་མེད་པའོ། །ཇི་ལྟར་སེལ་ བར་བཤད་ཅེ་ན། དུག་གིས་ཞེས་བྱ་བའི་དཔེའི་ངོ་བོ་སྨོས་ཏེ། །ཇི་ལྟར་སྙིང་རྗེས་སྨན་དཔྱད་ལས་བཤད་པ་བཞིན་འདི་ལ་ཡང་དེ་དང་འདྲའོ། །ཕན་པའི་བསམ་པས་ཕན་པར་བྱེད་པ་ལ་འཇིག་རྟེན་གྱི་གནོད་པ་ཡང་མེད་དོ་ཞེས་མཇུག་ཐོགས་ནས་འབྱུང་བས་སྟོན་ཏོ། །གྲགས་པས་ཞེས་བྱ་བ་ནི་གྲགས་པས་ སོ། །ཕྱི་རྗེས་ཕན་འགྱུར་བ་ནི་མ་འོངས་དུས་ན་ཕན་པའོ། །བདེ་བ་ནི་ཕྱི་རྗེས་སུ་ཕན་པ་ལྟ་ཅི་སྨོས་ཏེ། དཔེར་ན་བྲམ་ཟེའི་བུ་སྐར་མཁན་ལ་བྱང་ཆུབ་སེམས་དཔས་རེག་པའི་མཐུས་བདེ་བ་དང་ཕན་པར་གྱུར་པ་ལྟ་བུའོ། །གནའི་ལུགས་ནི་གནའི་ལམ་ཡོངས་སུ་དག་པ་སྟེ། སྨན་དཔྱད་ལ་སོགས་པ་ ལས་དེ་བསྟན་པའི་ཕྱིར་རོ། །དོན་ཁ་ཅིག་ལ་གནོད་པར་མཐོང་བ་གང་ཡིན་པ་དེ་ཉིད་ལ་ལར་མཁས་པ་རྣམས་ཀྱིས་ཕན་པར་མཐོང་ངོ་། །སྤྱིར་བཏང་བ་ནི་འདི་ནི་གནོད་པའོ་ཞེས་སྤྱིར་བཏང་བ་སྟེ་དཔེར་ན་དུག་ལྟ་བུའོ། །དམིགས་ཀྱིས་བསལ་བ་ནི་བྱེ་བྲག་ཏུ་བྱ་བ་སྟེ། སྔ་མ་ཅུང་ཟད་སེལ་བས་ སོ། །བདག་ཉིད་མ་སྦྱངས་པ་ནི་མི་མཁས་པའོ། །སྐྱེ་བ་མེད་པ་དང་སྐད་ཅིག་མ་ལ་དོན་གྱི་ཁྱད་པར་འགའ་ཡང་མེད་དོ། །ཇི་ལྟར་ཞེ་ན། ཐེག་པ་ཆེ་ལས་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་གང་སྨོས་ཏེ། སྐྱེ་བ་མེད་པ་ནི་སྟོང་པ་ཉིད་དོ། །གཞན་དག་ནི་མི་ཟད་པ་སྟེ། བསྐལ་པར་གནས་པ་མ་གྲུབ་པ་ཁོ་ ནའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་བཤད་པའི་ལུས་སུའོ། །དགོངས་ཏེ་གསུངས་པ་ནི་དགོངས་པ་ཅན་གྱི་བཀའོ། །གཞུང་ལས་ཐེག་པ་གཅིག་དང་ཐེག་པ་གསུམ་གསུངས་པས་སོ། །བཏང་སྙོམས་ནི་མི་འཇུག་པའོ། །སངས་རྒྱས་ཀྱི་བཀའ་ལ་བཏང་སྙོམས་བྱས་པས་ནི་ཉེས་པར་མི་འགྱུར་ རོ། །དེའི་ཕྱིར་མཇུག་ཐོགས་ནས་འབྱུང་བ་སྨོས་སོ། །དགེ་བ་ནི་བསོད་ནམས་སོ། །གལ་ཏེ་འདི་སྙམ་དུ་ཉན་ཐོས་ཀྱི་ཐེག་པ་ཁོ་ནས་སངས་རྒྱས་ཉིད་འཐོབ་པས་གླགས་གླགས་པ་འདིས་ཅི་ཞིག་བྱ་སྙམ་དུ་སེམས་ན། དེའི་ཕྱིར་མཇུག་ཐོགས་ནས་འབྱུང་བ་སྨོས་ཏེ། བྱང་ཆུབ་སེམས་ དཔའི་སྨོན་ལམ་དུ་བྱ་བ་གང་དག་ཡིན་པའི་འགྲོ་བའི་དོན་འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་ཞེས་བྱ་བ་དེ་ལས་མ་བཤད་དོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་གོམས་པའི་མཚན་ཉིད་དོ། །ཡོངས་སུ་བསྔོ་བ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །བྱིན་རླབས་ནི་སངས་རྒྱས་ རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལའམ། དེ་དག་གིས་སེམས་ཅན་གྱི་དོན་གྲུབ་པར་བྱ་བའི་ཕྱིར་བྱ་བ་གང་དག་ཡིན་པའོ། །གཞན་དག་གིས་བཤད་དོ་སྙམ་ན་དེའི་ཕྱིར་ལྷག་པ་སྨོས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་དོན་ནམ་སྨོན་ལམ་གྱི་དོན་འདི་ལའོ། །ཚད་མ་ནི་མི་སླུ་བའོ། །གཞན་ནི་བཅོམ་ལྡན་འདས་རྣམས་ ལས་སོ། །བྱིན་རླབས་ནི་བྱིན་གྱི་རླབས་གང་གིས་ཉན་ཐོས་ཉིད་འཐོབ་པའོ། །བདེན་པའི་དོན་ནི་དེའི་རང་གི་ངོ་བོའོ། །བྱང་ཆུབ་ཕྱོགས་མཐུན་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། །ལྡན་པ་ནི་ཉེ་བར་འགྲེལ་པའོ། །ཉན་ཐོས་རྣམས་དང་ཐུན་མོང་མ་ ཡིན་པ་ལས་སོ། །ཐབས་གང་གིས་ཏེ། རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་འགྱུར་ན་དེ་མེད་པའི་ཕྱིར་ཇི་ལྟར་སྙམ་དུ་དགོངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་ནི་བརྟེན་ཅིང་གནས་པའོ། །མདོ་སྡེ་ནི་ཉན་ཐོས་ཀྱི་ཐེག་པས་བསྡུས་པའོ། །ཅིའི་ཕྱིར་ཆོས་གཞན་དང་གཞན་དུ་བསྟན་ཅེ་ན། དེའི་ ཕྱིར་མཇུག་ཐོགས་ནས་འབྱུང་བ་སྨོས་ཏེ། སྣ་ཚོགས་དང་ཁྱད་པར་བྱེད་པ་སྟེ་འདོད་པས་ན་བརྡ་སྤྲོད་པའོ། །ཡི་གེའི་ཕྱི་མོ་ཀློག་ཏུ་འཇུག་གི་ཐམས་ཅད་དུ་བརྡ་སྤྲོད་པ་པ་ཡིན་ཏེ། རྒྱས་པར་ནི་མི་སྟོན་ཏོ། །སྡིག་པ་དག་ལས་རྣམ་པར་བཟློག་པའི་ཕྱིར་ཏེ། དཔེར་ན་དགའ་བྱེད་ལ་སོགས་པའི་མདོ་ལས་ འབྱུང་བ་ལྟ་བུའོ། །བསོད་ནམས་འགྲུབ་བྱའི་ཕྱིར་ཞེས་བྱ་བ་ནི། འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ལས་འབྱུང་བ་ལྟ་བུའོ། །སྔར་བཤད་པ་རྣམས་བསོད་ནམས་བསྒྲུབ་པ་མ་ཡིན་ནམ་ཅི་ཞེ་ན། སྡིག་བ་བྱེད་པ་རྣམས་ནི་དེ་ལས་ཟློག་པའི་སྒོ་ནས་སོ། །བསོད་ནམས་བྱེད་ པ་རྣམས་ནི་བསོད་ནམས་ཁོ་ན་འགྲུབ་པར་བྱ་བའི་ཕྱིར་རོ། །གཉིས་བརྟེན་པ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་པ་རྣམས་ལའོ། །གཉིས་མི་བརྟེན་པ་ནི་ཐེག་པ་ཆེན་པོ་པ་ལའོ། །ཁུ་འཕྲིགས་ཅན་དེ་དམིགས་པ་ཅན་རྣམས་འཇིགས་པ་སྟེ་འཇིགས་པར་བྱེད་པའོ། །གང་ལ་སྙིང་པོ་སྟེ་འབྱུང་བའི་ གནས་སྟོབ་པ་ཉིད་དང་སྙིང་རྗེའི་བདག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་ཞེ་འགྲས་པ་རྣམས་ཀྱིས་དེ་ལྟར་བསམས་ནས་སོ། །ཞེ་མ་འགྲས་པ་ཡེ་ཤེས་མཐའ་ཡས་པ་འདོད་པ་གང་དག་ཡིན་པ་དེ་དག་གིས་ནི་རབ་ཏུ་དང་བའོ། །ཐོབ་པ་ནི་རྙེད་པའམ་རྟེན་པའོ། །སོ་སོར་ཐར་པ་ནི་འདུལ་བ་མདོར་ བསྡུས་པ་དེ་རྒྱས་པའོ། །འདུལ་བ་ནི་འདུལ་བ་གཞིའོ། །མང་དུ་ཐོས་པ་ནི་མདོ་ལ་སོགས་པའོ། །དོན་གཏན་ལ་དབབ་པ་ནི་དེ་དག་ཉིད་ཀྱིའོ། །དེ་དང་ཞེས་བྱ་བ་ནི་ཁྲོ་བ་དང་ངོ་། །སྡིག་ལ་ཞེན་པ་ནི་ཆགས་པའོ། །ཁྲོས་བས་བསླད་པ་ནི་ཀུན་ནས་དཀྲུགས་པའོ། །ཁྱད་པར་འཕགས་པ་དག་དང་ བདག་ཉིད་མཉམ་པར་རོ། །ཁྱད་འཕགས་ནི་མཆོག་སྟེ། དེ་བས་ཀྱང་མཆོག་གོ་སྙམ་པ་ལ་དེ་སྐད་ཅེས་བྱའོ། །མཆོག་པས་ཀྱང་མཆོག་གོ་སྙམ་པ་དེ་ཇི་ལྟ་བུ་ཞིག་ཅེ་ན། མཇུག་ཐོགས་ནས་འབྱུང་བས་སྨོས་ཏེ། འབྲས་ཀྱི་ཐོག་ཏུ་ཕོལ་མིག་བྱུང་བ་བཞིན་ནོ། །ཉེ་བར་ལེན་ཞེས་བྱ་བ་ཟག་པ་དང་ བཅས་པའི་ཕུང་པོ་རྣམས་སོ། །དགོས་པ་མེད་པ་ནི་མི་ནུས་པའོ། །ཚིག་འཇམ་པ་ནི་ཁ་སྙན་པའོ། །དེ་སྔར་སྨྲ་བ་ནི་ཇེ་སྨྲ་བའམ། གཙོར་བྱེད་པའོ། །མཚན་མས་ཐ་སྙད་འདོགས་པ་དེ་ལ་གནས་པ་ན་གཞོགས་སློང་བྱེད་པའོ། །སྨོད་བྱེད་པ་ནི་སྐྱོན་བརྗོད་པའོ། །རྙེད་པས་རྙེད་པ་འདོད་པ་ རྣམས་ཞེས་བྱ་བར་སྦྱར་བར་བྱའོ། །ཟློས་པ་ནི་ཉེས་པ་ཡང་དང་ཡང་དུ་བརྗོད་པའོ། །མགུ་བ་ནི་རངས་པའོ། །དེ་ལྟ་བུ་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །སློང་བ་ནི་སེམས་སོ། །ཡང་ན་སྦུངས་མེད་པ་ནི་འདི་ལྟ་བུ་ཡིན་ཏེ། ཆགས་པ་ནི་ཞེན་པའོ། །དེའི་ཕྱིར་སྦུངས་མེད་པ་ནི་ཆགས་ཅན་གྱི་ཡིད་དེ། བརྩོན་འགྲུས་མེད་པའི་ཞེན་པ་ཡིན་ནོ། །ཐ་དད་པ་ཉིད་ཀྱི་འདུ་ཤེས་ནི་བདག་དང་གཞན་ནོ་སྙམ་པ་སྟེ། དེས་ན་ཐམས་ཅད་དུ་བདག་ཅེས་བྱ་བའི་དོན་སྒྲུབ་པའོ། །ལྟ་བ་མེད་པ་ནི་ཆགས་པའམ་སྡང་བའམ་རྨོངས་པ་ཞིག་ཅེས་དཔྱོད་པ་མེད་པའོ། །བཀུར་སྟི་དང་ལྡན་པའི་ཚུལ་ནི་བཅོམ་ ལྡན་འདས་ཀྱི་ཚུལ་ཡིན་ཏེ། བཅོམ་ལྡན་འདས་རྣམས་ལ་བྱ་བ་དང་འདྲ་བས་སོ། །ཡང་ན་རབ་ཏུ་འབད་པ་དང་ལྡན་པའི་ཚུལ་ལ་དེ་སྐད་ཅེས་བྱའོ། །ལུས་དང་ངག་ཡོན་ཏན་དང་ལྡན་པ་ལྟར་སྟོན་པ་དེ་ནི་ཚུལ་འཆོས་པ་དེ་སྒྲུབ་པ་ཡིན་ནོ། །དམ་པ་རྣམས་མགུ་བ་ནི་ཆོས་ཤེས་པ་ སྟེ་དེ་ཉིད་དཔལ་ཡིན་ནོ། །རྗེས་རྣམ་རིག་ནི་ཕྱིས་ཤེས་པར་འདོད་པའོ། །འདོད་པ་ནི་རེ་བའོ། །བརྙོགས་པ་ནི་སེམས་ཡོངས་སུ་ཉམས་པའོ། །བརྩོན་པ་མེད་པ་ནི་བརྩོན་འགྲུས་མེད་པའོ། །སྒྱིད་ལུག་པ་ནི་བྱ་བ་རྣམས་ལ་སྒྲིམ་པ་མེད་པའོ། །ལུས་འགྱུར་བ་ནི་མི་ཐུབ་པའོ། །འདོད་ པ་ནི་དགའ་བའོ། །དེ་ལྟ་བུ་མ་ཡིན་པས་ན་མི་འདོད་པའོ། །ཡོན་ཏན་ལྔ་དག་ལ་འདོད་པ་ནི་དོན་དུ་གཉེར་བ་གང་ཡིན་པའོ། །གནོད་དོགས་ཞེས་བྱ་བ་ནི་དེ་སེམས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དགུ་ནི་འདིས་བདག་ལ་ཞེས་བྱ་བ་ལ་སོགས་པའོ། །རྨྱ་བ་ནི་ལུས་དང་སེམས་ལྕི་བ་ ཉིད་དེ། ལུས་ལས་སུ་མི་རུང་བ་ཉིད་དང་། སེམས་ལས་སུ་མི་རུང་བ་ཉིད་དོ། །ལས་བྲལ་བ་ནི་བྱ་བ་མེད་པའོ། །གཉིད་ནི་སེམས་མངོན་པར་སྡུད་པའོ། །འགྱོད་པ་ནི་ཡིད་མི་བདེ་བའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཁྱིམ་པས་སོ། །སྡོམ་བརྩོན་ཅན་གྱིས་ཞེས་བྱ་བ་ནི་རབ་ཏུ་ བྱུང་བས་སོ། །སྙིང་རྗེ་རོ་གཅིག་པ་ནི་སྡུག་བསྔལ་དང་བྲལ་བར་རོ་གཅིག་པའོ། །མདངས་ནི་མཛེས་པ་ཉིད་དོ། །དགེ་བས་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་མཚན་ཉིད་ཀྱིས་སོ། །བརྗིད་པ་ནི་སྦ་བ་སྟེ་ཟིལ་གྱིས་མི་ནོན་པ་ཉིད་དོ། །ཞི་བ་ནི་ཉེ་བར་ཞི་བའོ། །ཅིའི་ཕྱིར་འདི་ཁོ་ན་ལས་རྣམ་པར་གཞག་ཅེ་ ན། མཇུག་ཐོགས་ནས་འབྱུང་བ་སྨོས་ཏེ། ས་དང་པོ་ལ་ཀུན་དུ་སྦྱོར་བ་གསུམ་པོ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་ཐེ་ཚོམ་རྣམས་སྤངས་པའི་ཕྱིར་རོ། །སྐྱེས་ཕྱིར་ཞེས་བྱ་བ་ནི་འཁྲུངས་པའི་ཕྱིར་རོ། །ངང་གིས་རང་བཞིན་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ལ་གནས་པའི་ཕྱིར་རོ། ། འདོད་ཆགས་དང་ཞེ་སྡང་ཆེན་པོ་དང་འབྲིང་ཡོངས་སུ་ཟད་པའི་ཕྱིར་རོ། །བཟོད་པ་དང་བརྩོན་འགྲུས་ལྷག་པར་སྤྱོད་པ་ནི་བཟོད་པ་དང་བརྩོན་འགྲུས་ཀྱི་མཆོག་ཅེས་བྱ་བའི་དོན་ཏོ། །དབང་ཆེན་ནི་མང་པོའི་དཔོན་པོ་སྟེ་ལྷའི་ཚོགས་ཆེན་པོའི་བདག་པོའོ། །འདོད་པ་ནི་ གཟུགས་ལ་སོགས་པའོ། །དེ་དག་ལ་འདོད་ཆགས་པ་ནི་འདོད་ཆགས་པའོ། །ཟློག་པ་ནི་ཟློག་པར་བྱེད་པའོ། །གང་ལ་འོད་འཕྲོ་བ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །ས་དང་པོ་ལ་གནས་པ་ལ་སོགས་པ་ཡང་དེ་དག་སྒོམ་པར་བྱེད་པས་ཁྱད་པར་དུ་ཞེས་བྱ་བ་སྨོས་སོ། །འཇིག་ཚོགས་ལ་ལྟ་བ་ རབ་ཏུ་འབྱུང་བ་ནི་རྒྱུ་ཡིན་ཏེ། འདི་ལས་རབ་ཏུ་འབྱུང་བས་ན་མ་རིག་པའོ། །དེ་ལས་ནི་ངར་འཛིན་པ་རབ་ཏུ་འབྱུང་སྟེ། མ་རིག་པ་བསྲབས་པའི་ཕྱིར་དེ་སྤོང་ངོ་། །ཀུན་ནས་འཇོམས་པ་ནི་དྲུངས་འབྱིན་པའོ། །ཆོས་བདག་མེད་པའམ་རྣམ་པར་ཐར་པ་ལ་སོགས་པ་གང་ལ་དང་པོ་འཕགས་པའི་ བདེན་པ་རྣམས་ཡོད་པ་སྟེ་དེ་རྣམས་ཤེས་པའོ། །དེ་ལ་མཁས་པ་ནི་ཁོང་གཟོ་བ་སྟེ་དེ་བྱུང་བའི་ཕྱིར་རོ། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི་ཉོན་མོངས་པ་ནི་ལུས་ཀྱི་གདུང་བ་ལྔ་ལ་སོགས་པའོ། །འདིས་ཐར་རོ་སྙམ་པའི་ལོག་པར་ལྟ་བའོ། །སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བ་ལ་མངོན་དུ་ ཕྱོགས་ཤིང་མཐུན་པའི་ཕྱིར་རོ། །ཞི་གནས་ནི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་ཤེས་རབ་པོ། །དེ་དག་གོམས་པ་ཡིས་ཞེས་བྱ་བ་ནི་ཡང་དང་ཡང་དུ་མངོན་དུ་བྱེད་པས་སོ། །འགོག་པ་ནི་སྙོམས་པར་འཇུག་པའི་མཚན་ཉིད་དམ་ཉོན་མོངས་པའི་འགོག་པའོ། །དེ་ཐོབ་པས་རྒྱས་པའི་ཕྱིར་རམ། ཡོངས་སུ་དག་པའི་ཕྱིར་རམ། ཡོངས་སུ་རྒྱས་པའི་ཕྱིར་རམ། གང་ལ་སྤྲུལ་པ་བཟང་པོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མི་འཕྲོགས་པ་ནི་ཟིལ་གྱིས་མི་ནོན་པའོ། །ང་རྒྱལ་ལྷག་པ་ནི་ལྷག་པའི་ང་རྒྱལ་ཏེ། དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་ཞི་བར་བྱེད་པ་ ནི་ཉེ་བར་ཞི་བར་བྱེད་པའོ། །འདི་ནི་གྲངས་ཀྱང་ཡིན་ལ་རིང་དུ་སོང་བ་ཡང་ཡིན་པས་ན་གྲངས་རིང་དུ་སོང་བ་སྟེ། དེ་དང་ལྡན་ཞིང་རྗེས་སུ་འབྲེལ་པའི་ཕྱིར་རོ། །རིང་དུ་སོང་བ་ཉིད་ཀྱི་རྒྱུ་སྨོས་པ། གང་གི་ཕྱིར་ས་འདི་ཐོབ་ནས་སྐད་ཅིག་ལ་འགོག་པ་ལ་སྙོམས་པར་འཇུག་པ་དེའི་ཕྱིར་ས་དེ་དུས་ དང་ཡོན་ཏན་གྱི་གྲངས་ཀྱིས་རིང་དུ་སོང་བའི་ཕྱིར་རོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གང་ལ་གྲངས་དང་ཡོན་ཏན་གྱི་སྒོ་ནས་རིང་དུ་སོང་བ་ཡོད་པ་དེ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་དབང་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དབང་སྒྱུར་ནི་ཉོན་མོངས་པ་རྣམས་སམ་འགོག་པ་ལའོ། ། དེ་ཉིད་ཀྱི་ཕྱིར་འདིའི་མིང་ནི་དེ་ཁོ་ན་ཉིད་དོ། །བྱང་ཆུབ་སེམས་དཔའ་མཚན་དང་རྩོལ་བའི་རྣམ་པར་རྟོག་པ་དག་གིས་མི་གཡོ་བས་ན་མི་གཡོ་བ་སྟེ། དེ་ཉིད་མི་གཡོ་བ་ཞེས་བྱ་བས་བསྟན་ཏོ། །ཇི་ལྟར་མི་གཡོ་ཞེ་ན་མི་རྟོག་པའི་ཕྱིར་རོ། །མི་གཡོ་བ་ཇི་ལྟ་བ་དེ་བཞིན་དུ་ལུས་དང་ནི་ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །ས་གང་ལ་གནས་པའི་ལུས་ལ་སོགས་པའི་སྤྱོད་ཡུལ་བསམ་པར་མི་ནུས་པ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་འཇིག་རྟེན་ན་བྱིས་པའི་གནས་སྐབས་ལས་འདས་པ་ལ་གཞོན་ནུ་ཞེས་བྱ་བ་དང་འདྲ་བར་ཐེག་པ་ཆེན་པོ་འདིར་ཡང་ཉོན་མོངས་པའི་གནས་སྐབས་ལས་འདས་ པ་ལ་གཞོན་ནུ་ཞེས་བྱ་བ་སྟེ། ཉོན་མོངས་པ་རྣམས་ཀྱིས་ནི་བྱིས་པར་འགྱུར་རོ། །དེ་བཞིན་དུ་ནར་སོན་པ་ལ་རྒྱལ་ཚབ་ཅེས་བྱ་བ་དང་འདྲ་བར་འདིར་ཡང་ཆོས་ཀྱི་ནར་སོན་པ་ལ་རྒྱལ་ཚབ་ཅེས་བྱའོ། །གང་ལ་བློ་གྲོས་ས་འོག་མ་པ་དག་ལས་ཁྱད་པར་དུ་འཕགས་པར་བཟང་བ་ཡོད་པ་དེ་ ནི་ལེགས་པའི་བློ་གྲོས་སོ། །སོ་སོ་ཡང་དག་པར་རིག་པ་ནི་དོན་ལ་སོགས་པའི་མཚན་ཉིད་གཞིའོ། །སྤྲིན་ཞེས་བྱ་བའི་སྒྲ་ནི་མང་པོ་ཉིད་ཉེ་བར་མཚོན་པའོ། །གང་ལ་དེ་བཞིན་གཤེགས་པ་རྣམས་ལས་ཆོས་ཀྱི་སྤྲིན་འཐོབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་དམ་པའི་ཆོས་ཀྱི་ ཆར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དབང་ཕྱུག་ཆེན་པོ་ནི་མིང་ངོ་། །གནས་དང་གནས་མ་ཡིན་པ་ལ་སོགས་པའི་མཚན་ཉིད་ཀྱི་སྟོབས་བཅུ་དང་ངོ་། །སྟོབས་ལ་སོགས་པ་སངས་རྒྱས་རྣམས་ཀྱིས་ཚད་མེད་པ་ཉིད་དོ། །རྒྱུ་ཚད་མེད་པ་དེ་ལྟ་བུ་ལ་འབྲས་བུ་སྣ་ཚོགས་ཚད་ མེད་པར་འགྱུར་རོ་ཞེས་ཚད་མེད་པ་ཉིད་ལ་ཡིད་ཆེས་པར་གྱུར་པས་ཚད་མེད་པ་དེ་ལྟ་བུ་སྣ་ཚོགས་མེད་པ་སངས་རྒྱས་ཉིད་འཐོབ་པར་བྱ་བའི་ཕྱིར་རོ། །ཐབས་འདིས་ཚོགས་ཚད་མེད་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། རྒྱུ་ཚད་མེད་པ་ཅན་དེ་ནི་ཚད་མེད་པར་འགྱུར་རོ། །བསོད་ནམས་ ཐམས་ཅད་ཡོངས་སུ་བཟུང་བ་ཉིད་ནི་བསོད་ནམས་ཐམས་ཅད་ཁས་བླང་ཞིང་ཡོངས་སུ་གཟུང་བ་སྟེ། བྱ་བ་དང་རྗེས་སུ་ཡི་རང་བའི་སྒོ་ནས་བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བ་ཡིན་ནོ། །གསོལ་བ་ནི་བཀུར་སྟི་དང་ལྡན་པས་དོན་དུ་གཉེར་བའོ། །མ་བགྱིས་ པ་ནི་མ་འོངས་པའོ། །མི་ཁོམ་པ་ནི་ལོག་པར་འཛིན་པ་ལ་སོགས་པ་བརྒྱད་དོ། །དེ་དག་ལ་འདས་པ་ནི་རྒལ་བའོ། །སྤྱོད་པ་རང་དབང་ཡོད་པ་ནི་བཅོམ་ལྡན་འདས་རྣམས་དང་། དེ་དག་གི་ཉན་ཐོས་ཟག་པ་ཟད་པ་རྣམས་ཏེ། ཉོན་མོངས་པ་དག་གིས་ནི་གཞན་དབང་དུ་འགྱུར་རོ། །ལྡན་པ་ ནི་ལྡན་པར་འགྱུར་བའོ། །སྐྱེས་མཆོག་ནི་སངས་རྒྱས་ཉིད་དེ། སེམས་ཅན་ཐམས་ཅད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡང་ན་དེས་མ་བསྡུས་པ་སྐྱེས་བུའི་མཆོག་གཞན་ནོ། །རིག་པ་ནི་ཡང་དག་པའི་ལྟ་བའོ། །ཡན་ལག་ལྷག་མ་རྣམས་ནི་རྐང་པའོ། །ཡང་ན་རིག་པ་ནི་ལྷའི་ མིག་དང་། ལྷའི་རྣ་བ་དག་གོ། །ལྷག་མ་ནི་རྐང་པའོ། །ཡང་ན་རིག་པ་ནི་ལྷག་པའི་སེམས་སོ། །ལྷག་མ་ནི་རྐང་པའོ། །ཁ་དོག་ལྡན་པ་ནི་འཛམ་བུ་ཆུ་བོའི་གསེར་གྱི་ཁ་དོག་ལྟར་བཟང་བའོ། །གང་དག་ལ་བལྟ་ན་སྡུག་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སྟོབས་ཅན་ནི་སྲེད་མེད་ ཀྱི་བུ་ལ་སོགས་པའི་སྟོབས་དང་ལྡན་པའམ། ཐ་མལ་པའི་སྟོབས་དང་ལྡན་པའོ། །དགའ་བ་ནི་མགུ་བ་སྟེ་ཡིད་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ནི་སྦ་བ་དང་ལྡན་པའོ། །རྒྱུན་མི་འཆད་པ་ནི་བར་ཆད་མེད་པའོ། །གཞན་ནི་སྟོབས་བཅུ་ལ་སོགས་པའོ། །སེམས་ཅན་ཀུན་ གྱི་མཆོག་ནི་གཙོ་བོའོ། །གང་ལ་བྱམས་པ་སྟེ་འཇམ་ཞིང་བྱམས་པའི་མཚན་ཉིད་ཡོད་པ་ལ་དེ་སྐད་ཅེས་བྱའོ། །གང་དག་ལ་སེམས་རབ་ཏུ་དང་བ་སྟེ། དྲི་མ་མེད་པ་ཡོད་པ་དེ་དག་ནི་རབ་དང་ངོ་། །དེའི་ཕྱིར་འཁྲུག་པ་དང་བྲལ་བས་ན་འཁྲུག་མེད་དོ། །རྣལ་མ་ནི་ཁྲལ་ཁྲུལ་མེད་པའོ། །ཇི་ལྟར་རབ་ཏུ་དང་ བ་ལ་སོགས་པ་ཡིན་ཞེ་ན། མཐོང་བ་དང་དྲན་པ་དག་དང་མིང་ཙམ་ཐོས་བས་སོ། །ཕན་པ་དང་བདེ་བ་བགྱིད་པ་སྟེ། བདེ་བ་ཁོ་ནས་ཕན་པ་ཞེས་བྱ་བའི་དོན་ཏོ། ཅིག་ཅར་སྤྲུལ་པའི་སྤྲིན་རྣམས་ཀྱིས་སོ། །རང་དགའ་ནི་ཅི་བདེར་རོ། །གང་ལ་དགག་པ་སྟེ་སྒྲིབ་པ་མེད་པ་ཡོད་པ་དེ་ལ་དེ་ སྐད་ཅེས་བྱའོ། །སྲོག་ནི་གསོན་པ་སྟེ་དེ་དང་འདྲ་བར་རོ། །དེ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས་གསུངས་ཏེ། སེམས་ཡོངས་སུ་སྦྱོང་བའི་ཕྱིར་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ་ལས་ནི་ བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་ཡོངས་སུ་བསྒྲགས་པའི་ཕྱིར་རོ། །དེ་བཞིན་དུ་ཏིང་འཛིན་རྒྱལ་པོའི་མདོ་ལས་ནི་བྱམས་པའི་ཡོན་ཏན་བསྟན་པའི་ཕྱིར་རོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ནི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་བྱེད་པར་འགྱུར། །གང་ གི་ཕྱིར་ཆོས་ཀྱིས་ཕན་པར་འགྱུར་བ་དེའི་ཕྱིར་ཇི་ལྟར་ཁྱོད་ལ་བདག་ཉིད་ཕངས་པ་དེ་བཞིན་དུ་ཆོས་ལ་ཡང་གྱིས་ཤིག་པའོ། །ཇི་ལྟར་ཤེས་རབ་ལས་འདོད་པ་ཐམས་ཅད་འབྱུང་བ་དེ་བཞིན་དུ་མཁས་པ་རྣམས་ལས་ཀྱང་དེ་འབྱུང་ངོ་ཞེས་མཇུག་ཐོགས་ནས་འབྱུང་བས་སྟོན་ཏོ། །གཙང་བ་ནི་དབེན་ཞིང་དྲི་ མ་མེད་པ་སྟེ། ཆགས་པ་ལ་སོགས་པའི་མི་གཙང་བ་དང་བྲལ་བའི་ཕྱིར་རོ། །བྱམས་པ་ནི་བྱམས་པ་དང་ལྡན་པའོ། །གང་ཞིག་དེ་འདྲ་བ་ལ་དོགས་ཤིང་བག་ཚ་བ་སྐྱེད་པར་བྱེད་པའོ། །ཆོག་ཤེས་པ་ནི་རྙེད་པས་ཆོག་པར་འཛིན་པའོ། །སྙིང་རྗེ་ནི་ཕ་རོལ་སྡུག་བསྔལ་བས་སྡུག་བསྔལ་བར་ འགྱུར་རོ། །ཚུལ་ཁྲིམས་ནི་སྤོང་བ་བདུན་གྱིས་བདག་ཉིད་དམ། སེམས་ཅན་གྱི་དོན་བྱ་བ་དང་། དགེ་བ་ཆོས་སྡུད་པའི་མཚན་ཉིད་དོ། །ཤེས་རབ་ནི་མཉམ་པར་གཞག་པའི་གནས་སྐབས་དེ་དེ་ཁོ་ན་ཉིད་ཡོངས་སུ་དཔྱོད་པའོ། །གང་གི་ཕྱིར་ཆོས་དེ་དག་སྒོམ་པར་བྱེད་པ་ནི་རྟག་ཏུ་བག་ཡོད་པ་ ཡིན་པ་དེའི་ཕྱིར་དེ་དག་ཉིད་སྟོན་པའོ་ཞེས་བྱ་བ་སྟེ། དེ་དག་གི་རང་བཞིན་མཁྱེན་པར་བགྱིས་ནས་རྗེས་སུ་མཐུན་པའི་དོན་སྒྲུབ་པར་མཛོད་ཅིག་པའོ། །འདོད་པའི་གནས་ཐོབ་པར་བྱེད་པས་ན་ལུགས་ཏེ། རྒྱས་པ་དང་མདོར་བསྡུས་ཏེ་ཇི་སྐད་བཤད་པ་འདིས་སོ། །གྲུབ་པའི་མཆོག་ནི་སེམས་ ཅན་རྣམས་ཀྱི་ནང་ནའམ། སེམས་ཅན་རྣམས་ཀྱི་ནང་དུ་སངས་རྒྱས་ཉིད་དོ། །བདེན་པའི་ངང་ཚུལ་ནི་འགྲོགས་ན་བདེ་བའམ་བདེ་བའི་རང་བཞིན་ཏེ། བདེ་བ་སྐྱེ་བའི་རྒྱུ་ཡིན་པས་ན་བདེ་བའོ། །བསྙེན་དཀའ་བ་ནི་བརྡ་ཕྲད་པར་དཀའ་བ་སྟེ་ཟབ་པའི་ཕྱིར་རོ། །ཁྱད་དུ་གསོད་པ་ནི་གཞན་དག་ ལ་བརྙས་པའོ། །དེའི་ཆེད་དུ་བྱས་པའི་གཞུང་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། ཚུལ་དང་ལྡན་པ་ནི་ཚུལ་ཤེས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རང་དབང་ནི་ཤེས་རབ་རྣོ་བའི་ཕྱིར་རང་ལ་དབང་བའོ། །ལ་ལ་བྱམས་ཀྱང་ཉེས་པ་སྨྲ་བ་སྨྲ་ བས་དེའི་ཕྱིར་ལེགས་པར་སྨྲ་བ་ཞེས་བྱ་བ་སྨོས་ཏེ། ལེགས་པར་སྨྲ་བ་བརྗོད་པའོ། །ཅི་རིགས་པར་ཞེས་བྱ་བ་ནི་རྒྱལ་པོའི་བྱ་བ་མ་གཏོགས་པའོ། །ཕན་པར་འདོད་པས་ཞེས་བྱ་བ་ནི་ཕན་པར་འདོད་པ་ཉིད་ཀྱིས་སོ། །ཚུལ་ཁྲིམས་ནི་སྲུང་བའམ་བསྟེན་པར་བྱ་བའོ། །ཕྲག་དོག་མེད་ པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལའོ། །དོགས་པ་མེད་པ་ནི་དགེ་བ་དག་ལ་འཇིགས་པ་མེད་པའོ། །གང་ལ་གཞན་དོན་གྱི་ནོར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕོངས་པར་གྱུར་པ་ནི་ཉམ་ཐག་པར་གྱུར་པའོ། །ཡོངས་གཟུང་ནི་ཀུན་ནས་གཟུང་བའོ། །དོར་བ་ནི་གཏོང་བའོ། ། རིན་ཆེན་ཕྲེང་བའི་ཚིག་དོན་རྣམས། །བདག་གིས་རྣམ་པར་དབྱེ་བྱས་ནས། །བསོད་ནམས་ཅུང་ཟད་གང་བསྒྲུབས་དེས། །འཇིག་རྟེན་ཐམས་ཅད་མཁྱེན་པར་ཤོག །རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སྭཔྣ་ཙིནྟ་མ་ཎི་པ་རི་ཀ་ཐཱ། བོད་སྐད་དུ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། དཀོན་ མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་རྟོགས་པའི་ཕྱིར་ན་རྨི་ལམ་མཐར། །བྱང་ཆུབ་སེམས་དཔའ་རྣམས་ལས་རིགས་རྙེད་དེ། །ཕན་ཕྱིར་སེམས་ཅན་དགའ་བ་འགའ་ཞིག་ནི། །སྐྱེ་དགུ་རྣམས་ལ་འདོམས་པར་བྱེད་པ་ཡིན། །བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་ མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པ་མི་རིགས་སོ། །སྐྱེ་བོ་འདི་དག་དང་ནི་ལྷན་ཅིག་ཏུ། །ངན་སོང་དག་ཏུ་སྡུག་བསྔལ་དྲག་པོ་དང་། །བདེ་འགྲོ་དག་ཏུ་འང་བདེ་བ་མང་པོ་མྱོང་། ། གཅིག་ཏུ་གནས་པས་བདག་ལ་འདི་དག་དགའ། །གང་གི་མངལ་དུ་ལན་ཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ན་འདི་ནི་གང་ཡང་མེད། །དེའི་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །གཞན་ཡང་བཅོམ་ལྡན་འདས་ལ་བདག་དགའ་ སྟེ། །གང་ཕྱིར་འདི་དག་ཆེད་དུ་བཅོམ་ལྡན་འདས། །ཤིན་ཏུ་ཡུན་རིང་བར་ནི་སྐྱོ་གྱུར་ན། །དེས་ཀྱང་བདག་ནི་སེམས་ཅན་རྣམས་ལ་དགའ། །འདི་ལྟར་ཕན་དང་གནོད་པ་བྱས་པ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཕྱིར་ཡད་། །སེམས་ ཅན་རྣམས་ནི་བདག་གི་བླ་མ་ཡིན། །འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་། །རྡེག་དང་སྡིག་སོགས་སྡུག་བསྔལ་མྱོང་བ་གང་། །དེ་ནི་སེམས་ཅན་འཚེ་བའི་འབྲས་བུ་ཞེས། །བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ། །གཟུགས་དང་ནད་མེད་དག་གིས་གནོད་པ་དང་། ། ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་། །ཆུང་མ་ཤི་དང་ལོང་བར་གྱུར་པ་ཉིད། །སེམས་ཅན་གནོད་པ་བྱས་པའི་འབྲས་བུ་ཡིན། །མནར་མེད་པ་ཡི་བར་གྱི་ངན་སོང་གི །གནས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བ་གང་། །དེ་དག་ཐམས་ཅད་རང་ཉིད་ཉེས་པ་ཡིས། །སེམས་ཅན་རྣམས་ ལ་གནོད་པ་བྱས་པས་ཡིན། །གང་ཞིག་འདི་ཉིད་ལ་ནི་མཆོད་བྱས་མཆོད། །གྲགས་དང་ཡིད་འོང་ནོར་རྣམས་ཐོབ་པ་དག །ཡིད་འོང་ཡིད་དུ་མི་འོང་སེམས་ཅན་ལ། །མངོན་པར་ཕན་དང་འཚེ་བའི་སྒོ་ནས་སོ། །ནད་མེད་པ་དང་རིགས་ནི་ཕུན་སུམ་ཚོགས། །གཟུགས་མཛེས་པ་དང་ཚེ་རིང་ དབང་ཕྱུག་དང་། །ནོར་ལ་སོགས་དང་ཆུང་མ་སྦས་པ་ནི། །སེམས་ཅན་ཕན་པ་བྱེད་པའི་འབྲས་བུ་ཡིན། །སེམས་ཅན་རྣམས་ལ་དགའ་བར་བྱེད་པ་ཡིས། །རྒྱལ་སྲིད་རྒྱལ་སྲིད་ཆེ་དང་ཡང་དག་གི །རྒྱལ་སྲིད་འཁོར་ལོས་སྒྱུར་བ་མཆོག་ཉིད་དང་། །དབང་པོའི་གནས་ནི་འཐོབ་པར་ འགྱུར་བ་ཡིན། །སྐྱེས་བུ་སེམས་ཅན་ཕན་པར་བྱེད་པ་ཡིས། །སངས་རྒྱས་གོ་འཕང་ཡང་ནི་ཐོབ་འགྱུར་ན། །གང་ཞིག་སྙིང་པོ་མེད་པ་དམན་པའི་ལྷ། །ཐོབ་པ་འདི་ལ་ངོ་མཚར་ཅི་ཞིག་ཡོད། །གལ་ཏེ་སེམས་ཅན་དེ་དག་མེད་གྱུར་ན། །འདི་ནི་གང་གི་ཆེད་དུ་སྦྱིན་པ་གཏོང་། །གལ་ཏེ་ ལུས་ཅན་རྣམས་ནི་མེད་གྱུར་ན། །གང་ལས་འདུལ་བའི་ཚུལ་ཁྲིམས་ཐོབ་པར་འགྱུར། །ཉེས་པ་བྱེད་པ་ཡང་ནི་གང་ཞིག་ཡིན། །གང་གི་ཆེད་དུ་དཔའ་བོ་བཟོད་པ་སྒོམ། །གང་ཞིག་མངོན་པར་འདོད་པ་ཐོབ་བྱའི་ཕྱིར། །སུ་ཡི་ཆེད་དུ་བརྩོན་འགྲུས་དེ་དེ་བྱེད། ། གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན། །ཇི་ལྟར་བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་དག་ལ་ཡང་དག་བརྟེན་ནས་ནི། །བསམ་གཏན་སྙོམས་འཇུག་བདེ་བ་ཐོབ་པར་འགྱུར། །ཐར་པའི་བདེ་བ་དངོས་དང་དངོས་མེད་ཤེས། །ཁམས་དང་བསམ་པ་བག་ལ་ཉལ་དུ་བརྗོད། ། ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་དག །གལ་ཏེ་དེ་དག་མེད་ན་ཇི་ལྟར་ཤེས། །བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི། །རྒྱུ་ནི་ཇི་ལྟར་སེམས་ཅན་རྣམས་ཡིན་ལ། །དེ་ཕྱིར་རྫོགས་པའི་བྱང་ཆུབ་འདོད་པ་ཡིས། །སེམས་ཅན་རྣམས་ནི་བླ་མ་བཞིན་དུ་ལྟ། །དེ་ལྟར་འབྱུང་པོ་ རྣམས་ནི་བདེ་ཆེན་གྱི། །སྒོ་རུ་སེམས་བཞིན་པར་ནི་བྱེད་པ་ལ། །འགྲོ་བ་ན་ནི་དཀའ་བའི་རྣམ་པ་ནི། །མི་བཟོད་གང་ཡིན་དེ་ལ་ཅུང་ཟད་མེད། །གང་གི་སེམས་ལ་སེམས་ཅན་རྣམས། །བདག་ཉིད་ཡིན་པ་དེ་ལྟར་གནས། །དེ་ལ་ཕྱི་རོལ་དངོས་ཚོགས་དང་། །ཆུང་མ་དག་ཀྱང་མངོན་ཞེན་ མེད། །བདག་ཉིད་དང་ནི་ཕ་མ་དང་། །བུ་དང་ཆུང་མ་དག་ལ་ཡང་། །གནོད་པ་དེ་འདྲ་ཁས་བླང་གི །སེམས་ཅན་རྣམས་ལ་གནོད་མི་བྱ། །ཉེས་པ་དྲག་པོ་བྱེད་པ་ཡི། །སེམས་ཅན་ལ་བཟོད་ཕན་སེམས་ལྡན། །སེམས་ཅན་རྣམས་ལ་གུས་བརྟན་པ། །ཉེས་པ་ཆུང་ངུ་འང་མི་བྱེད་དོ། ། འདི་དག་ཉིད་ལ་ཕན་འདོད་པའི། །བརྩོན་འགྲུས་གོ་ཆ་གྱོན་པ་ནི། །འབྲས་བུ་ཆེ་ལ་བསྐལ་སྟོང་དུ། །དམྱལ་བའི་མེར་ཡང་གནས་པར་སྤྲོ། །བདག་གི་སྐྱེ་དང་འཇིག་དང་རྟོགས་པ་ལ། །ཇི་ལྟ་བ་དང་ཇི་སྙེད་གནོད་པ་ཡི། །སེམས་ཅན་དེ་དག་བསམ་གཏན་དབང་གིས་ནི། །བླ་མ་ དང་ནི་བླ་མར་རབ་ཏུ་སྒོམ། །དེ་ལྟར་ཆོས་ལྔ་པོ་དག་ཡོད་ན་ནི། །ལེགས་སྐྱེས་རྩ་ཅན་བྱང་ཆུབ་སེམས་དཔའ་ནི། །འཕགས་པ་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ངེས་པར་གང་པ་ཡིན་པར་བརྗོད་པར་བྱ། །གང་ཞིག་བརྟེན་པས་ཆེན་པོ་ཉིད་ཐོབ་ཅིང་། །གནོད་པས་དཀའ་བའི་ ལོག་པར་ལྟུང་བ་ཐོབ། །སྲོག་ཀྱང་ཡོངས་སུ་བཏང་བར་བྱས་ནས་ཀྱང་། །དེ་དག་དགའ་བར་བྱས་པ་ཉིད་དུ་རིགས། །མང་པོ་གང་དག་བརྟེན་པས་གྲུབ་པ་ནི། །ཐོབ་པ་དེ་ལྟར་སེམས་ཅན་དེ་དག་ཡིན། །སེམས་ཅན་དེ་དག་ལས་ནི་ཞིང་གཞན་པའི། །གྲུབ་པའི་ཞིང་ནི་འགྲོ་བ་ན་ ཡོད་མིན། །འདི་དག་ཡིད་བཞིན་ནོར་བུ་སྟེ། །བུམ་པ་བཟང་ཡིན་འདོད་འཇོའི་བ། །དེའི་ཕྱིར་ལྷ་དང་བླ་མ་བཞིན། །དེ་དག་སྟེན་པར་བྱེད་པ་ཡིན། །ལུང་དང་རིགས་པས་ཡོངས་སུ་བལྟས་ནས་ནི། །སེམས་ཅན་ཀུན་གྱི་བདག་གི་སྙམ་རློམ་པའི། །དམ་པའི་ལག་ཏུ་དགེ་ ལེགས་ཐམས་ཅད་ནི། །ཡུན་མི་རིང་བར་འབྱུང་བར་འགྱུར་བ་ཡིན། །འདི་ནི་ཐུབ་པ་ཆེན་པོའི་སྤྱོད་པ་སྟེ། །དཔང་བཅས་འདི་ལ་དཔྱད་པ་མི་བྱའོ། །ཇི་སྲིད་འདི་ནི་མངོན་དུ་མ་བྱས་པ། །དེ་སྲིད་གྲུབ་པ་སྲིད་པ་མ་ཡིན་ནོ། །རེ་ཞིག་བརྟག་པར་བྱ་ཕྱིར་ཇི་སྐད་དུ། །བཤད་ པ་འདི་ལ་འབད་པ་གྱིས་ཤིག་དང་། །ཆེན་པོ་ཉིད་ནི་རྒྱུ་མཚན་དུ་གྱུར་པ། །ཡོན་ཏན་རང་ཉིད་ཀྱིས་ནི་ཐོབ་པར་འགྱུར། །འདི་ནི་ཆེན་པོ་ཉིད་ཀྱི་ལམ། །རིགས་ནི་སེམས་ཅན་ཆེན་པོས་བསྟེན། །སེམས་ཅན་ཀུན་ལ་བདེ་སྟེར་བའི། །འཕགས་འདི་ཡིད་བཞིན་ནོར་བུ་ཡིན། ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། དཱ་ན་པ་རི་ཀ་ཐཱ། བོད་སྐད་ དུ། སྦྱིན་པའི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྦྱིན་པ་གཏེར་ཆེན་ཕྱི་བཞིན་འབྲངས་པ་ཡིན་ཏེ་ཆོམ་རྐུན་ལ་སོགས་དབྲོག་མི་ནུས། །སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད། །སྦྱིན་པ་འཁོར་བའི་ལམ་དང་ངལ་བསེལ་ བ་ཡིན་ཏེ་བཞོན་པ་བདེ་བླག་ཅན། །སྦྱིན་པ་བདེ་དགུར་སྦྱོར་བ་དུ་མ་དག་གི་སྒོ་བཟང་གཏན་གྱི་མཛའ་བོ་མཆོག །འབྱོར་ཅིང་དག་པ་ཕུན་སུམ་ཚོགས་དང་ཀུན་དུ་བཀའ་ཉན་ཡོན་ཏན་རྣམས་དང་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང་ཁྱེར་ལ་གནས་བྱད་གཟུགས་མཛེས་པའི་ཡོན་ཏན་རྣམས། །ཅི་དང་ ཅི་འདོད་དེ་དག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་ཐོབ་འགྱུར་ཏེ། །དེ་ལྟར་དོན་ནི་ཡོངས་སུ་བརྟགས་པར་གྱུར་ནས་སུ་དག་སྦྱིན་པ་སྦྱིན་མི་བྱེད། །སྦྱིན་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུག་པ་རྣམས་ཀྱིས་བསྐྱོད་མི་ནུས། །སྦྱིན་པ་སྒྲིབ་པ་ཟད་བྱེད་ སྲིད་པའི་འགྲོ་བ་ཕྱི་བཞིན་འབྲང་བའི་མཛའ་ཆེན་ཡིན། །སྦྱིན་པ་འགྲོ་བའི་རྒྱུན་གྱི་ཡུལ་རྣམས་ཀུན་དུ་སྲོག་ཆགས་རྣམས་ཀྱི་འཇུག་པ་ཡིན། །སྦྱིན་པ་ཚེ་རབས་བགྲང་བ་དག་ཏུ་ཕྱི་བཞིན་འབྲངས་ཏེ་བ་ཕྱིར་བེའུ་འབྲང་བ་བཞིན། །ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་ སྦྱིན་པ་ཡིན་ཞེའོ། །བློ་ཅན་ལེགས་པར་འདོད་པ་ཡིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །འཁོར་བར་ཡོངས་སུ་འཁྱམ་པ་ན། །སྦྱིན་པ་མ་གཏོགས་གཉེན་མེད་དོ། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པ་ངན་འགྲོ་ཟློག་པ་ཡིན། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །སྦྱིན་ པ་ཞི་བྱེད་ཤིས་པ་ཡིན། །འཇིག་རྟེན་དག་ན་རྒྱལ་པོའི་མཆོག །དཔའ་བརྟུལ་དྲེགས་ཤིང་མཐུ་ཆེ་ལ། །རྒྱལ་སྲིད་རྒྱས་ལ་དབང་བྱེད་པ། །བདེ་འབྱུང་སྦྱིན་པ་བྱིན་ལས་བྱུང་། །སུམ་ཅུ་རྩ་གསུམ་གནས་རྣམས་ན། །བརྒྱ་བྱིན་ལྷ་ཡི་དབང་བྱེད་པ། །དེ་ཡང་ཕྱིན་པའི་འབྲས་བུ་ མཆོག །དམ་པ་ཡིན་ཞེས་མཁས་རྣམས་སྨྲ། །མཚན་མཆོག་སུམ་ཅུ་གཉིས་མངའ་བ། །དྲི་མེད་གཟི་བརྗིད་མཚུངས་མེད་པ། །འཁོར་བའི་རྒྱ་མཚོ་རྒལ་བ་ཡང་། །སྦྱིན་པ་ལ་ནི་བརྟེན་ཏེ་འབྱུང་། །ལྷ་ཡི་འཇིག་རྟེན་སྐས་ཀྱང་ཡིན། །ཐར་པའི་མཐར་གྱི་སྒོ་ཡང་ཡིན། ། ངན་སོང་རྣམས་ལས་བཟློག་པ་ཡིན། །ཕུན་སུམ་ཚོགས་ཀུན་རྒྱུ་ཡང་ཡིན། །དེ་ཡི་ཕྱིར་ན་མི་རྣམས་ཀྱིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །ཆགས་དང་ཕྲག་དོག་ལ་སོགས་པ། །མེད་པར་བསོད་ནམས་བསགས་པར་གྱིས། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་ འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མེད་དེ། །དེའི་ཕྱིར་གསུམ་ལ་དབུལ་བར་གྱིས། །ཕྲད་པར་གྱུར་པའི་མཐའ་ནི་འབྲལ་བར་འགྱུར། །ཕུན་སུམ་ཚོགས་པའི་མཐའ་ནི་ངན་ཅིང་རྒུད། །ཚེ་འདི་གློག་ལྟར་འགྱུར་ཞིང་འཇིག་ལ་གཡོ། །དེ་ཡི་ཕྱིར་ན་བག་ཡོད་བརྟན་པོར་གྱིས། ། འཇིག་རྟེན་འདི་ཀུན་བདེ་བ་མངོན་པར་འདོད། །སྐྱེས་བུ་བདེ་ལ་ལོངས་སྤྱོད་མེད་པར་མིན། །ལོངས་སྤྱོད་སྦྱིན་ལས་བྱུང་བར་མཁྱེན་ནས་ནི། །ཐུབ་པས་དང་པོར་སྦྱིན་པའི་གཏམ་དག་མཛད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་སྦྱིན་པའི་གཏམ་རྫོགས་སོ།། །།༄༅༅། །རྒྱ་གར་ སྐད་དུ། བྷཱ་བ་སཾ་ཀྲཱན་ཏ་པ་རི་ཀ་ཐཱ། བོད་སྐད་དུ། སྲིད་པ་ལས་འདས་པའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་མེད་དངོས་ལས་མི་སྐྱེ་སྟེ། །དངོས་མེད་ལས་ཀྱང་སྐྱེ་མ་ཡིན། །དངོས་པོ་རྟག་ཏུ་སྐྱེ་བ་སྟེ། །དངོས་འཁྲུལ་ནམ་མཁའི་མེ་ཏོག་བཞིན། ། མཁའ་དང་འདྲ་བའི་ཆོས་ཡོད་ན། །གཞན་ནི་མཁའ་དང་འདྲ་བ་སྐྱེ། །བརྟེན་ནས་ཐམས་ཅད་མཁའ་དང་འདྲ། །དེ་ནས་སྲིད་པ་མེད་པ་ཅན། །ངོ་བོ་ཉིད་ཀྱིས་ལས་མེད་ཅིང་། །རྒྱུ་མེད་འབྲས་བུ་ཡོད་མ་ཡིན། །འདི་དག་ཐམས་ཅད་མེད་པ་སྟེ། །འཇིག་རྟེན་པ་མེད་འཇིག་པ་མེད། །མ་སྐྱེས་ པ་ཡི་དངོས་པོ་གང་། །ཇི་ལྟར་གཞན་ཞིག་སྐྱེད་པར་འགྱུར། །འཇིག་རྟེན་དང་པོར་མ་བྱུང་སྟེ། །འགའ་ཞིག་གིས་ཀྱང་སྤྲུལ་པ་མིན། །ཟླ་བ་སེང་གེའི་གྲོང་ཁྱེར་བཞིན། །འཇིག་རྟེན་དོན་མེད་གྱི་ན་འཁྱམས། །འཇིག་རྟེན་རྣམ་པར་རྟོག་ལས་འབྱུང་། །རྣམ་རྟོག་སེམས་ལས་ཡང་དག་ འབྱུང་། །སེམས་ནི་ལུས་ལ་བརྟེན་པ་སྟེ། །དེ་ཕྱིར་ལུས་ནི་རྣམ་དཔྱད་དོ། །གཟུགས་ནི་སྟོང་པ་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་དེ་འདུ་བྱེད་ཡོད་མ་ཡིན། །འབྱུང་བ་སྤངས་ནས་སེམས་དང་སེམས་བྱུང་མེད། །དེ་ཕྱིར་ལུས་ནི་རྟོག་བྲལ་ངོ་བོ་ཡིན། །སེམས་མེད་ཆོས་རྣམས་དེ་དག་ མེད། །ལུས་མེད་ཁམས་རྣམས་ཡོད་མ་ཡིན། །གཉིས་སུ་མེད་པའི་ལས་འདི་ནི། །དེ་ཉིད་རིག་པ་རྣམས་ཀྱིས་བསྟན། །འདི་དག་ཐམས་ཅད་དམིགས་མེད་པར། །གཉིས་སུ་མེད་པར་བསྟན་པ་ཡིན། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པར་འབྱུང་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་ འགྲུས། །བསམ་གཏན་ལ་སོགས་བརྟེན་བྱས་ནས། །ཡུན་མི་རིང་བའི་དུས་ཀྱིས་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་ལ་གནས་ཏེ། །སེམས་ཅན་རྣམས་ལ་བརྩེ་བར་བྱ། །མྱུར་བ་ཁོ་ནར་ཐམས་ཅད་མཁྱེན། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །འདི་དག་ཐམས་ ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་དེ། །བདག་མེད་པར་ཡང་ཡོངས་སུ་གསལ། །ཡང་དག་མིན་པའི་ཆོས་འདི་དག །རྣམ་པར་རྟོག་པས་ཀུན་ནས་བསླང་། །གང་ གིས་སྟོང་པ་ཞེས་བརྟགས་པའི། །རྟོག་པ་དེ་ཡང་འདིས་སྟོང་ངོ་། །མིག་གིས་གཟུགས་རྣམས་མཐོང་བར་ནི། །དེ་ཉིད་གསུངས་པས་གང་བཤད་པ། །ལོག་པར་ཞེན་པའི་འཇིག་རྟེན་ལ། །ཀུན་རྫོབ་བདེན་པར་བརྗོད་པ་ཡིན། །གང་དུ་ཚོགས་པར་མཐོང་བ་ནི། །འདྲེན་པས་སྟོན་པར་བྱེད་པ་ཡིན། །བློ་དང་ ལྡན་པས་དོན་དམ་གྱི། །ཉེ་བར་བརྟགས་པའི་ས་དེ་གསུངས། །མིག་གིས་གཟུགས་ནི་མི་མཐོང་སྟེ། །ཡིད་ཀྱིས་ཆོས་རྣམས་མི་རིག་གོ། །འཇིག་རྟེན་པ་ཡི་ཡུལ་མིན་གང་། །འདི་ནི་མཆོག་ཏུ་བདེན་པའོ། །མིག་མེད་གཟུགས་ཀྱང་ཡོད་མིན་ཞིང་། །སྣང་བ་ཡིད་ལ་བྱེད་པ་མེད། །སེམས་ནི་རྨི་ལམ་བཞིན་ དུ་འཁྲུལ། །ཐམས་ཅད་ཡོད་མིན་མེད་པའང་མིན། །སྲིད་པ་ལས་འདས་པའི་གཏམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །སཔྟ་གུ་ ཎ་པ་རི་བ་ད་ནཱ་ཀ་ཐཱ། བོད་སྐད་དུ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལས་ནི་དུ་མ་ལ་བརྟེན་པའི། །སྣ་ཚོགས་ཡོན་ཏན་འདོད་པ་ཡིས། །འབང་བྱས་ས་བོན་མེད་པར་ནི། །མྱུ་གུ་སྐྱེ་བ་ཡོད་མ་ཡིན། །ཉེས་མེད་ཡོན་ཏན་བསྡུ་བ་ནི། །སྣ་ཚོགས་ པ་དག་རྣམ་བྱ་སྟེ། །ཉེས་པ་དག་ནི་གཅིག་པུ་ཡིས། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །དེ་ལས་བཟློག་པ་ཉེས་པ་ཡིན། །དེ་དག་རེ་རེས་ཇི་ལྟར་ ན། །ཡོན་ཏན་ཐམས་ཅད་འབྱུང་འགྱུར་བ། །དེ་ལྟར་ད་ནི་བཤད་པར་བྱ། །ནད་མེད་གཟུགས་དང་སྐལ་བ་བཟང་། །རིགས་ནོར་ཤེས་རབ་ཕུན་སུམ་ཚོགས། །ཚེ་རིང་བ་ནི་མེད་གྱུར་ན། །གསད་པར་ཕྱིན་པའི་རྒྱན་དང་འདྲ། །ཚེ་དང་གཟུགས་སོགས་ཡོན་ཏན་ནི། །འདི་དག་ནད་མེད་མི་ལྡན་ན། ། དོན་མེད་པར་ནི་ཉམས་འགྱུར་ཏེ། །མ་ནིང་བུད་མེད་མཆོག་ཡོད་མཚུངས། །ཡོན་ཏན་ལྡན་པ་མཐོང་ན་ཡང་། །གཟུགས་ངན་སྐྱོ་བ་སྐྱེ་འགྱུར་ཏེ། །ཡོན་ཏན་ཕུན་ཚོགས་རྒྱས་པར་ནི། །རྒྱལ་པོའི་བཙུན་མོ་མཐོང་དང་མཚུངས། །སྔར་བཤད་ཡོན་ཏན་ཕུན་སུམ་ཚོགས། །སྐལ་བ་ངན་པས་ མདོངས་འབྲོག་པ། །སྡང་བའི་གནས་སུ་གྱུར་པའི་ཕྱིར། །དྲང་སྲོང་བྲན་དང་མཚུངས་པར་འདོད། །ཡོན་ཏན་དཔལ་ལྡན་དྲི་མ་མེད། །རིགས་ངན་ལ་བརྟེན་མྱ་ངན་གཞི། །བྲམ་ཟེའི་ཆུང་མ་ཡོན་ཏན་ཅན། །རིགས་ངན་ལག་ན་གནས་དང་མཚུངས། །ཚེ་དང་ནད་མེད་ལ་སོགས་པ། །སྔར་བཤད་ ཡོན་ཏན་འདི་དག་ནི། །དབུལ་བོ་ལ་གནས་བཀུར་འོས་མིན། །དུར་ཁྲོད་གནས་ཀྱི་མི་དང་མཚུངས། །ཡོན་ཏན་ཇི་སྐད་བཤད་ཕུན་ཚོགས། །གླེན་པ་བདག་ཉིད་བརླག་དོན་འགྱུར། །འོད་མ་སྨྱུག་མའི་ཆུ་ཤིང་གི །འབྲས་བུ་ཕུན་ཚོགས་ལྟ་བུ་ཡིན། །དེ་ལྟར་ཇི་སྐད་བཤད་ཡོན་ཏན། །ཡན་ལག་རེ་རེ་ མ་ཚང་ཉམས། །ཡི་གེ་གཅིག་ནི་མ་ཚང་བའི། །རིག་པ་འབྲས་བུ་མེད་འགྱུར་མཚུངས། །ཡོན་ཏན་ལོངས་རྫོགས་མཛེས་པ་ནི། །ཡི་གེ་ཚང་པའི་རིག་པ་འདྲ། །སྦྱོར་བ་གྲུབ་ལས་འབྲས་བུ་འཐོབ། །མ་ཚང་མེད་པ་འབྱུང་བར་འགྱུར། །དེ་བས་ལེགས་མཛེས་རྫོགས་པ་ཡི། །ཡོན་ཏན་ལ་ནི་འབད་ པར་གྱིས། །འདི་དག་རྒྱུ་ནི་གང་ཡིན་པ། །མདོ་བཤད་ང་ལས་རྟོགས་པར་གྱིས། །གསོད་པར་ཆུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་པ་ནི་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་ བྱིན་པ་དང་། །སྲོག་ཆགས་བོད་པ་དབྱིག་སོགས་ཀྱིས། །འཚེ་བ་མེད་ལས་ནད་མེད་ཡིན། །ཁྲོ་བོ་མེད་ལ་བརྟེན་པ་དང་། །བརྒྱ་བྱིན་པས་ནི་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ཉིད། །སྐལ་པ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་ སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་རྐུ་བ་ལས་ལྡོག་པས། །ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་དྲི་ལ་བཙོན་པ་དང་། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཡོན་ཏན་བདུན་ཡོངས་སུ་ བརྗོད་པའི་གཏམ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་གངྒཱ་ཏ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤཱི་ ལ་པ་རི་ཀ་ཐཱ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། ། གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ལས་ཁྱད་པར་འཕགས། །སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །སྦྱིན་པ་རབ་ཏུ་འབྱོར་གྱུར་ཀྱང་། །དེ་ནི་སྦྱིན་བདག་ཆེན་པོ་མིན། །ཚུལ་ ཁྲིམས་རྣམ་པར་དག་པ་ཡིས། །སྦྱིན་བདག་ཆེན་པོ་ཡིན་པར་བཤད། །མགོ་བྲེགས་པའམ་གཙུག་ཕུད་ལྡན་པར་རྒྱུ། །ཚུལ་ཁྲིམས་ཆུ་ཡིས་རལ་པ་ཁྱབ་པར་འཆང་། །ཆ་ལུགས་སྣ་ཚོགས་དག་གིས་སྤྱོད་གྱུར་ཀྱང་། །གལ་ཏེ་ཚུལ་ཁྲིམས་མེད་ན་རྒྱུ་སྤྱོད་ཡིན། །གངྒཱ་བགྲོད་པ་ཆུ་བོ་ན་དར་སོང་ བའམ། །དབྱངས་ཅན་ཆུའམ་རྫིང་བུར་སོང་བའམ། །ནེ་ལེ་ཤར་ནི་སྟེན་པར་བྱེད་པ་ཡང་། །གལ་ཏེ་ཚུལ་ཁྲིམས་ཀྱིས་རྒུད་ལ་དོན་མེད། །ཇི་ལྟར་ཚུལ་ཁྲིམས་བླ་མེད་ལྡན་པའི་དྲི། །དམ་པ་མཐོ་རིས་འདི་ན་མི་ཟད་ལྡན། །དེ་ལྟར་ཕྲེང་བའི་དྲི་ནི་ཁྱབ་མིན་ཅིང་། །དེ་བཞིན་བྱུག་པའི་དྲི་ཡང་འབྱུང་མི་ འགྱུར། །འདི་ན་བདག་དགའ་གཞན་དུ་འགྲོ་བ་བདེ། །གྲགས་དང་དགའ་ཞིང་ཀུན་གྱིས་བཀུར་བ་སྟེ། །ཆོས་ལྡན་འབྲས་བུ་དེ་དེ་མང་པོ་མཐོང་། །ཚུལ་ཁྲིམས་འབྲས་བུ་དྲང་སྲོང་ཆེན་པོས་གསུངས། །ཚུལ་ཁྲིམས་ནད་ལ་སྨན་པའི་མཆོག་ཡིན་ཞིང་། །མུན་པའི་སྒྲོན་མ་ཉམ་ཐག་ལ་ སྐྱབས་དང་། །འཇིགས་ལ་སྲུངས་དང་ཕོངས་ལ་ཉེ་དུ་དང་། །འཆི་བའི་རྒྱ་མཚོ་མཐའ་མེད་གཟིངས་གྱུར་ཡིན། །གང་ཞིག་འདུལ་བའི་ཚུལ་ཁྲིམས་རྣམ་འཇིག་ཚེ། །སྐྲག་ཞུགས་ཚུལ་ཁྲིམས་ལྡན་པ་ཡོད་མ་ཡིན། །དེ་བས་འཇིག་རྟེན་གཞན་མཐའ་རྒལ་སེམས་ཀྱིས། །གང་ཞིག་འགྲོ་ འདོད་དེས་ནི་ཚུལ་ཁྲིམས་སྲུངས། །ཚུལ་ཁྲིམས་དྲི་མེད་མ་ལུས་ཇི་བཞིན་གཞག། །ཤེས་རབ་ཞི་བས་ཡིད་ནི་ཡོངས་སྨིན་འགྱུར། །དེ་བས་རྒ་ཤི་ནད་འཇིགས་རྣམ་ཐར་པ། །གང་ཞིག་ཐོབ་འདོད་དེས་ནི་ཚུལ་ཁྲིམས་སྲུངས། །ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་ པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་རནྡྷ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤཱི་ལ་ཀ་ཐཱ་བྲྀཏྟི། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ། དཀོན་མཆོག་ གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་བདུད་ལས་རྒྱལ་ཞིང་ཕ་རོལ་ཕྱིན་དྲུག་རྫོགས། །བརྩེ་བས་གཞན་དོན་མཛད་པ་དེ་ལ་ཕྱག་འཚལ་ལོ། །གཞན་དག་དྲང་བས་མིན་ལ་རང་ཉིད་དྲང་ཕྱིར་ནི། །དམ་པའི་རྗེས་སུ་འབྲངས་ལ་ཚུལ་ཁྲིམས་འདི་ཉིད་བཤད། །དེ་བཞིན་དུ་སྤྱིའི་དོན་ནི་ཕ་རོལ་ཏུ་ཕྱིན་ པའི་ནང་ནས་ཚུལ་ཁྲིམས་ནི་ས་གཞི་ལྟ་བུ་ཡིན་པར་དགོངས་ནས། དེ་ཉིད་སྦྱིན་པ་ལས་ཁྱད་པར་དུ་འཕགས་པར་བསྒྲུབ་པའི་ཕྱིར། དཔེའི་སྒོ་ནས་བསྟན་པ་ནི། །རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ ནོ། །ཞེས་བྱ་བ་འདིས་སྨོས་སོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །དེ་ཞེས་བྱ་བ་ནི་འདས་མ་ཐག་པའོ། །ཡིན་ནོ་ཞེས་བྱ་བ་ནི་ངག་རྫོགས་པ་སྟེ་གོ་བར་ཟད་དོ། །དེ་ཉིད་ཚུལ་ཁྲིམས་ཀྱི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཇི་ལྟར་མངོན་ཞེ་ན་ ལུང་དང་རིགས་པ་སྟེ། དེ་ལ་ལུང་ནི་ཟླ་བ་སྒྲོན་མ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །སངས་རྒྱས་དག་ནི་གངྒཱའི་བྱེ་སྙེད་ལ། །གདུགས་དང་བ་དན་མར་མེའི་ཕྲེང་བ་དང་། །ཟས་དང་སྐོམ་གྱིས་དད་སེམས་མཆོད་བྱས་པས། །གང་གིས་དམ་པའི་ཆོས་ནི་འཇིག་པའི་ཚེ། །དེ་བཞིན་གཤེགས་ པའི་བསྟན་པ་དགག་པ་ནི། །ཉིན་ཞིག་གཅིག་ཏུ་བསླབ་པ་གཅིག་བཟུང་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་འབྱུང་སྟེ། རྒྱས་པར་ནི་མདོ་ཉིད་ལ་བལྟ་བར་བྱའོ། །གཞན་ཡང་ཚུལ་ཁྲིམས་ཀྱི་འབྲས་བུ་ནི་མཐོ་རིས་ཡིན་ལ་སྦྱིན་པའི་འབྲས་བུ་ནི་འབྱོར་པ་ཡིན་ ཏེ། །རྒྱུ་དེ་ལོག་ན་ཅིག་ཤོས་དང་ལྡན་དུ་ཟིན་ཀྱང་ངན་སོང་གི་འགྲོ་བ་དག་ནི་བསོད་ནམས་བསགས་པའི་རྟེན་དུ་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ཞེས་བྱ་བ་ལ་གང་ཟག་གི་ཡིད་ཆེས་པ་ལ་སོགས་པའི་སྒོ་ནས་སོ། །ལོ་བརྒྱར་སྦྱིན་པ་བྱིན་པ་ བས། །ཞེས་བྱ་བ་ནི་མཚོན་པ་སྟེ། དུས་ཡུན་རིང་པོར་འབད་པ་བྱས་ཀྱང་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །ཞེས་བྱ་བ་ནི་ཚད་འཇོག་པ་སྟེ། དུས་མཉམ་པར་ནི་མ་ཡིན་ཏེ། ཐ་ན་ཉིན་གཅིག་ཙམ་ཞེས་ངེས་པར་བཟུང་བའོ། །བསྲུང་བ་དེ་ལས་ཁྱད་པར་ འཕགས། །ཞེས་བྱ་བ་ནི་བསྲུང་བའམ་འབད་པའམ་ཆེད་དུ་གཉེར་བ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་དེ་ལས་ལྷག་པ་འམ་ཁྱད་པར་འཕགས་པ་སྟེ། མི་མཚུངས་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སློབ་དཔོན་གྱིས་དེ་ཉིད་ཀྱི་རྒྱུ་མཚན་བསྟན་པའི་ཕྱིར་རོ། །སྦྱིན་ པ་ཤན་པ་རྣམས་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམས་ཞེས་བྱ་བའི་སྒྲ་ནི་དུ་མ་སྟེ། །ཤན་པ་དང་ཉ་པ་དང་ཚོང་པ་ལ་སོགས་པ་ཐམས་ཅད་ལ་བྱའོ། །རིགས་ངན་རྣམས་ཀྱང་སྟེར་བར་བྱེད། །ཅེས་བྱ་བ་ནི་འཇིག་རྟེན་ན་ཐ་ཆད་དུ་གྱུར་པ་གདོལ་བ་དེ་དག་ཚུལ་ཁྲིམས་ཀྱིས་དབེན་ལ་སྦྱིན་ པ་གཏོང་བར་བྱེད་དོ། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །ཞེས་བྱ་བས་ནི་སྐྱེས་བུ་དམ་པ་སེམས་པ་ལུས་ངག་དུལ་བ་གཉེན་པོ་སྟོབས་དང་ལྡན་པ་དག་གིས་ཀྱང་སྟེ། གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྲུང་བར་མི་ནུས་སོ། །ཞེས་བྱ་བ་ལ་དེའི་ཕྱིར་ཚུལ་ཁྲིམས་ཁྱད་པར་དུ་ འཕགས་ཞེས་བྱ་བའི་ཐ་ཚིག་གི་ལྷག་མའོ། །ཇི་ལྟ་ཞེ་ན་སྐྱེས་བུ་དམ་པས་ཀྱང་ཚུལ་ཁྲིམས་རིན་པོ་ཆེ་དང་འདྲ་བར་དྲི་མས་དབེན་པ་རྡུལ་ཕྲ་མོ་དག་གིས་མ་གཙེས་པ་དེ་ལྟ་བུ་མ་བྱུང་བར་དུ་དཀའ་སྟེ། བར་ཆད་མང་བའི་ཕྱིར་དང་། སྙིགས་མའི་སེམས་ཅན་དག་གིས་ག་ལ་ནུས་སྙམ་དུ་ བསམས་པ་ཡིན་ནོ། །ཡོངས་སུའི་སྒྲ་ནི་ལུང་དུ་སྟེ་ཁྱབ་པའམ་ཆུབ་པར་བསྒྲུབ་པའི་མཐུ་མེད་དེ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་གཉིས་པ་བསྟན་པའི་ཕྱིར། སྦྱིན་པ་རབ་ཏུ་འབྱོར་གྱུར་ཀྱང་། །ཞེས་བྱ་བ་ལ་དོན་འདི་ཡིན་ཏེ། ད་ལྟ་སྦྱིན་པ་ལ་གནས་པ་འམ་དེའི་འབྲས་བུ་ལ་སྤྱོད་པ་སྟེ་ལྡན་ ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྦྱིན་པས་ཞེས་གསུམ་པའི་སྒྲར་བལྟ་བར་བྱའོ། །དེ་ནི་སྦྱིན་བདག་ཆེན་པོ་མིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱིས་ལུས་དག་པའི་ཕྱིར་རྟ་ཅང་ཤེས་ལ་སོགས་པ་དག་ཡིན་ནོ། །ཚུལ་ཁྲིམས་རྣམ་པར་དག་པ་ཡིས། །ཞེས་བྱ་བ་ནི་དེ་ལྟར་ ཚུལ་ཁྲིམས་ལ་གནས་པས་དེའི་འབྲས་བུ་ལ་སྤྱོད་པ་སྟེ། རྣམ་པར་དག་པ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་བདག་ཆེན་པོ་ཡིན་པར་བཤད། །ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་སྟེ། ཚུལ་ཁྲིམས་ཀྱིས་འཕངས་པའི་ཕྱིར་ལྷའི་དབང་པོ་ལ་སོགས་པ་བཞིན་ནོ། །གལ་ཏེ་འོ་ན་སྦྱིན་པ་དང་ ལྡན་པ་སྦྱིན་བདག་མ་ཡིན་ན། འོ་ན་མདོ་ལས་ཚུལ་ཁྲིམས་དང་མི་ལྡན་པ་ཡང་སྦྱིན་པའི་ས་ཅན་དེ་ལ་སྦྱིན་བདག་ཅེས་པ་ཇི་ལྟ་བུ་ཞེ་ན། དེ་ནི་སྦྱིན་བདག་ཙམ་ཡིན་ཡང་སྦྱིན་བདག་ཆེན་པོ་ནི་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་གཞན་གྱིས་མ་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱིན་ པ་དེ་མཆོག་ཡིན་ཡང་ཚུལ་ཁྲིམས་ལ་ལྟོས་ཤིང་དམན་པར་བསྟན་ནས། ད་ནི་ཚུལ་གཞན་གྱི་སྒོ་ནས་ཚུལ་ཁྲིམས་དེ་ཉིད་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར། མགོ་བོ་བྲེགས་པའམ་གཙུག་ཕུད་ལྡན་པར་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོ་བོ་བྲེགས་ པ་ནི་སྐྲ་བྲེགས་པའམ་ཞེས་བྱའོ། །གཙུག་ཕུད་ཅན་ནི་ཐོར་གཙུག་སྟེ་ཀུན་དུ་རྒྱུའི་རྟགས་ཡིན་ནོ། །དེ་ཉིད་ལྡན་པར་ཞེས་བྱ་བའི་སྒྲར་སྦྱར་ཏེ་དེས་རྒྱུ་ཞིང་གནས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ཆུ་ཡིས་རལ་པ་ཁྱབ་པར་འཆང་། །ཞེས་བྱ་བ་ནི་སྤྱོད་པའི་ཚུལ་གཞག་ པ་སྟེ། །ཚུལ་ཁྲིམས་ཀྱི་ཆེད་དུ་ཞེས་བྱའོ། །དེ་ཉིད་ཁྱབ་པའི་རལ་པའམ་རལ་པས་ཁྱབ་པ་སྟེ། དེ་འཆང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆ་ལུགས་སྣ་ཚོགས་དག་གིས་སྤྱོད་གྱུར་ཀྱང་། །ཞེས་བྱ་བ་ནི་ཆ་བྱད་དུ་མ་དག་གི་སྒོ་ནས་དཔའ་བ་བྱས་ཀྱང་ཞེས་ལྷག་མ་དང་ལྡན་ པར་སྟོན་པ་ཡིན་ནོ། །དེ་ལྟར་འབད་ན་དོན་དང་ལྡན་ནམ་སྙམ་དུ་བསམས་ན། གལ་ཏེ་ཚུལ་ཁྲིམས་མེད་ན་གཡོ་སྒྱུས་སྤྱོད། །ཅེས་སྨོས་ཏེ། གལ་ཏེ་རྟག་པའི་མཐའ་བཟུང་ནས་དེ་ཡང་ཚུལ་ཁྲིམས་མེད་ན་སྟེ། ཐོག་མ་ནས་མ་ཐོབ་པའམ། ཐོབ་ཀྱང་ཉམས་ཤིང་ཞིག་ནས་བདག་ཉིད་སླུ་བ་སྟེ་འབད་ པ་འབྲས་བུ་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཅི་མངོན་ཞེ་ན། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དཔེར་ན་སྡོང་པོ་བཟང་པོ་ལ། །ཡུན་རིངས་ཡལ་ག་འཁྲུངས་པ་བཞིན། །མི་དེ་རྟགས་ཙམ་ཡུན་རིངས་ན། །ཁ་ན་མ་ཐོ་རྟག་འཕེལ་དང་། །སྡིག་པའི་ ལས་རྣམས་འཕེལ་བར་བཤད། །ཅེས་འབྱུང་བའི་དོན་ནི་འདི་དག་ཡིན་ཏེ། རྒྱས་པར་ནི་མདོ་ཉིད་དུ་ལྟའོ། །དེ་ཙམ་དུ་ཟད་དམ་ཞེ་ན། ཚུལ་ཁྲིམས་ཉིད་ཁྱད་པར་དུ་འཕགས་པ་སྒྲུབ་པ་དེའི་འཐད་པ་གཉིས་པ་བསྟན་པའི་ཕྱིར། གངྒཱ་བགྲོད་པ་ཆུ་བོ་ན་དར་སོད་བའམ། །ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། འདི་དག་ནི་མཚོན་པ་ཙམ་སྟེ། དེས་ནི་འམ་ཞེས་བསུ་བ་མཛད། །དེ་བཞིན་དུ། དབྱངས་ཅན་ཆུའམ་རྫིང་བུར་སོང་བའམ། །ཞེས་བྱ་བ་ནི་དབྱངས་ཅན་གྱི་ཆུ་བོའམ་རྫིང་བུར་འཇུག་པ་ལ་སོགས་པ་དག །ནེ་ལེ་ཤ་ནི་སྟེན་པར་བྱེད་པ་ཡང་། །ཞེས་བྱ་བ་ནི་གང་ལ་ནེ་ ལེ་ཤ་ཡོད་པ་དེར་རོ། །ཡང་ཞེས་བྱ་བ་ནི་དེ་དག་ཀྱང་དེ་བཞིན་དུ་ཆུར་འཇུག་པ་དང་། མེར་འཇུག་པ་དང་། ཉི་མ་ལ་ལྟ་བ་དང་། ཟླ་བ་ལ་ལྟ་བ་དང་། གཡང་ལ་མཆོང་བ་དང་། གསལ་ཤིང་ལ་སོགས་པ་ལ་ཞོན་པ་འདི་དག་དོན་དང་བཅས་པ་ཡིན་ནམ་སྙམ་པ་ལ་གལ་ཏེ་ཚུལ་ཁྲིམས་ཀྱིས་ རྒུད་ལ་དོན་མེད་ཅེས་གསུངས་ཏེ་འབད་པ་འབྲས་བུ་མེད་ཅེས་བྱ་བར་སྙེགས་སོ། །དེས་ན་བག་ཆགས་ངན་པ་ལ་བདག་ཕྱིན་ཅི་ལོག་གི་དབང་གིས་ལམ་གོལ་པར་འཇུག་ཅིང་བདེ་བར་གཤེགས་པའི་བཀའ་ལ་ཡང་ཡིད་མི་ཆེས་ཤིང་ལམ་དྲང་པོ་ལ་འགྲོར་མི་བཏུབ་པའི་སྙིང་རྗེའི་གནས་ཡིན་ནོ། ། དེ་བས་ན་ཚུལ་ཁྲིམས་ཀྱི་ནོར་འདི་ནི་གྲུ་དང་འདྲ་བ་ལ་འཕགས་པའི་ནོར་གང་གི་ནོར་ལས་མཆོག་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་ཡང་གཙོ་བོ་ཡིན་ཏེ། རིན་པོ་ཆེ་འདི་གསུམ་གྱིས་སངས་རྒྱས་རྣམས་ཀྱིས་བསྔགས་སོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་ཁྱད་པར་དུ་འཕགས་ པ་བསྒྲུབས་ཟིན་ནས། ད་ནི་འདིའི་ཡོན་ཏན་སྟོན་པ་དེ་ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར། ཇི་ལྟར་ཚུལ་ཁྲིམས་བླ་མེད་ལྡན་པའི་དྲི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཞེས་པ་ནི་དྲི་བ་བཀོད་པ་སྟེ། དེ་ལྟར་ཞེས་འོག་མ་དང་འབྲེལ་ལོ། །ཚུལ་ཁྲིམས་དེ་བསླབ་པ་ཡིན་པའི་ ཕྱིར་རོ། །བླ་མེད་ལྡན་པའི་དྲི་ཞེས་བྱ་བ་ནི་གོང་ན་མེད་པ་དེ་ལྡན་པའམ་དེ་ལ་གནས་པའི་དྲི་ནི་དེའི་དྲི་སྟེ་རྗེད་པ་ཞེས་བྱ་བའི་དོན་ཏོ། །དམ་པ་མཐོ་རིས་འདི་ན་མི་ཟད་ལྡན། །ཞེས་བྱ་བ་ལ་དམ་པ་ནི་མཆོག་ཡིན་ལ་མཐོ་རིས་ནི་གནས་བཅུ་ལ་སོགས་པའོ། །དེ་ཉིད་ལ་བདེ་འགྲོ་ཞེས་ཀྱང་བྱ་སྟེ། དེའི་ གནས་སམ་རྟེན་འདི་ནི་ཚུལ་ཁྲིམས་ཀྱི་དྲི་མི་ཟད་པ་སྟེ། དྲག་ཅིང་མུ་མེད་པར་སྨིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཕྲེང་བའི་དྲི་ནི་ཁྱབ་མིན་ཞིང་། །ཞེས་བྱ་བ་ནི་སྡོམ་བརྩོན་གྱི་དྲི་དེ་ལྟར་མེ་ཏོག་ཕྲེང་བ་ལ་སོགས་པའི་དྲིས་ནི་ཁྱབ་མི་ནུས་ཏེ། དམན་ཞིང་མཐུ་མེད་པའི་ཕྱིར་རོ། །འོ་ན་སྨན་སྣ་ ཚོགས་ཀྱི་སྦྱོར་བའི་བྱུག་པ་དག་གིས་ནུས་སམ་ཞེ་ན། དེ་བཞིན་བྱུག་པའི་དྲི་ཡང་ཁྱབ་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་ཀྱི་འཁོར་ལོ་སྐྱེ་བ་དུ་མར་མཐོ་རིས་ཀྱི་སྐས་ལ་རྒྱུ་བ་བཞིན་དུ། བྱུག་པ་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་དྲིས་ནི་ག་ལ་ནུས་ཞེས་བྱ་བའི་དོན་ ཡིན་ནོ། །དེ་ལྟར་ཡོན་ཏན་བསྟན་ནས་དེའི་འབྲས་བུ་བསྟན་པའི་ཕྱིར་སློབ་དཔོན་གྱིས། འདི་ན་བདག་དགའ་གཞན་དུ་འགྲོ་བ་བདེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ན་ཞེས་བྱ་བ་ནི་སྡོམ་བརྩོན་གྱི་གཞི་འདི་ནའོ། །བདག་དགའ་ཞེས་བྱ་བ་ནི་མཚོན་པ་སྟེ། གང་ཟག་ལ་ལ་དག་གོ། ། གཞན་དུ་འགྲོ་བ་བདེ་ཞེས་བྱ་བ་ནི་གནས་གཞན་དུ་སྟེ། འཇིག་རྟེན་ཕ་རོལ་ལ་སོགས་པར་འགྲོ་བ་ན་སེམས་བདེ་བར་འགྲོ་བ་སྟེ་དེ་ཉིད་རྒྱས་པར་མདོ་དག་ལས་བལྟ་བར་བྱའོ། །གྲགས་དང་དགའ་ཉིད་ཀུན་གྱིས་བཀུར་བ་སྟེ། །ཞེས་བྱ་བ་ལ་གྲགས་པ་དེ་ནི་འཇིག་རྟེན་དུ་གྲགས་པའོ། །དགའ་ བ་ནི་བདག་ཉིད་དགའ་བ་སྟེ། ཚུལ་ཁྲིམས་ཀྱི་དབང་གིས་ནི་སྙིང་པོར་མཐོང་ཞེས་བྱ་བ་སྨོས་ཏེ། ཆོས་ལྡན་ཞེས་བྱ་བ་ནི་ཁྲིམས་ལྡན་ཅན་ཡིན་པའི་ཕྱིར་རོ། །ཀུན་གྱིས་བཀུར་བ་སྟེ་ཞེས་བྱ་བ་ནི་གང་ཟག་དེ་ལ་སེམས་ཅན་མང་པོ་དག་གིས་བཀུར་ཞིང་རིམ་གྲོ་བྱེད་པའོ། །དེ་བཞིན་ དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དགོངས་པར་འགྱུར་ཏེ། དེ་སྐད་དུ་སློབ་དཔོན་ཙནྡྲ་གོ་མིས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་ པ་འདི་ཉིད་ཡིན་ཏེ། དེ་ཙམ་དུ་ཟད་དམ་ཞེ་ན། ཆོས་ལྡན་འབྲས་བུ་དེ་དེ་མང་པོར་མཐོང་། །ཞེས་བྱ་བ་སྨོས་ཏེ། ཆོས་ལྡན་ཞེས་བྱ་བ་ནི་ཁྲིམས་ལྡན་ནོ། །འབྲས་བུ་ནི་འབྲས་བུ་སྟེ་འདོད་པའི་དོན་ཡིན་པའི་ཕྱིར་རོ། །དེ་དེ་མང་པོར་མཐོང་ཞེས་བྱ་བ་ནི་དེ་དང་དེ་ དག་སྟེ། གཞན་དཔག་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཚུལ་ཁྲིམས་འབྲས་བུ་དྲང་སྲོང་ཆེན་པོས་གསུངས། །ཞེས་བྱ་བ་སྟོན་ཏེ་དེའི་འབྲས་བུ་ནི་ལྷག་པར་ཡང་དྲང་སྲོང་ཆེན་པོས་གསུངས་ཏེ། དེ་ནི་ཆེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་དེ་ཉིད་རྒྱས་པར་ནི་སྡང་བ་ དོར་ཞིང་གུས་པ་སྐྱེས་པས་བསྟན་བཅོས་དང་མདོ་སྡེ་ལ་བལྟ་བར་བྱའོ། །ད་ནི་འབྲས་བུ་དེ་ཉིད་གཉེན་པོ་འམ་དཔེ་རྣམ་པ་དྲུག་གི་སྒོ་ནས་བསྟན་པའི་ཕྱིར། ཚུལ་ཁྲིམས་ནད་ལ་སྨན་པའི་མཆོག་ཡིན་ཞིང་། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཤིན་ཏུ་ཡུན་རིངས་ནད་ཀྱིས་གདུངས་པ་དེ་དག་ལ་ སྨན་པ་མཁས་པ་དག་གིས་ནད་ཀྱི་རྒྱུ་ལས་ཕྱེ་ནས་སྨན་བཟང་པོ་དག་གིས་སྦྱོར་བ་བཞིན་དུ། ངན་འགྲོ་སྡུག་བསྔལ་ནད་དང་འདྲ་བ་དུ་མ་དག་གིས་གཟིར་བ་དེ་དག་ལ་ཚུལ་ཁྲིམས་ནི་སྨན་པའི་མཆོག་ཡིན་ཏེ། ནད་དེ་དག་ལས་ཐར་པར་བྱེད་པའོ། །མུན་པའི་སྒྲོན་མ་ཉམ་ཐག་ལ་སྐྱབས་དང་། །ཞེས་བྱ་བ་ ལ་གཞན་ཡང་མུན་པའི་ཚོགས་ཤིན་ཏུ་ཆེན་པོ་དག་ལ་མར་མེ་ལ་སོགས་པ་ཆུང་ངུ་དག་གིས་དེ་དག་ཐམས་ཅད་སེལ་བ་དེ་བཞིན་དུ་མ་རིག་པའི་མུན་པའི་ཚོགས་དཔག་ཏུ་མེད་པ་དག་ལ་ཚུལ་ཁྲིམས་ཀྱིས་དངོས་སམ་བརྒྱུད་པའི་སྒོ་ནས་སྒྲོན་མའི་མཆོག་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་ པ་དེ་དག་ལ་ཚུལ་ཁྲིམས་ནི་སྐྱབས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འཇིགས་ལ་བསྲུང་དང་ཕོངས་ལ་ཉེ་དུ་དང་། །ཞེས་བྱ་བ་ལ་མི་དང་མི་མ་ཡིན་པས་འཇིགས་པ་བསྲུང་བའི་མཆོག་ཡིན་ཞིང་ཕོངས་ཤིང་རྒུད་པ་ལ་ཉེ་དུ་ལ་སོགས་པ་ལྟ་བུ་སྟེ། ཚུལ་ཁྲིམས་ཞེས་སྦྱར་རོ། །འཆི་ བའི་རྒྱ་མཚོ་མཐའ་མེད་གཟིགས་གྱུར་ཡིན། །ཞེས་བྱ་བ་ནི་དཔེར་ན་རྒྱ་མཚོ་ལས་འགྲོ་བ་ན་གཟིངས་ལ་བརྟེན་ནས་འགྲོ་བ་བཞིན་དུ་ཚུལ་ཁྲིམས་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་གཟིངས་དང་འདྲ་བའོ། །དེ་དག་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་མདོ་ལས་བཤད་དེ། ཚུལ་ཁྲིམས་ ཡང་དག་པའི་མདོ་ལས། དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཞེས་འབྱུང་སྟེ་རྒྱས་པར་ནི་མདོ་ཉིད་ལ་བལྟའོ། ། དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པས་སེམས་ལ་འགྱོད་པ་མེད། སེམས་ལ་འགྱོད་པ་མེད་པས་སེམས་དབེན་ཞིང་ཏིང་ངེ་འཛིན་ལས་སུ་རུང་སྟེ། དེ་བས་ན་རིན་པོ་ཆེ་དང་འདྲ་བ་འདི་ནི་ལམ་གྱི་མཆོག་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ད་ནི་འབྲས་བུའི་སྒོ་ནས་གང་ཟག་གི་ཁྱད་པར་ བསྟན་པའི་ཕྱིར། གང་ཞིག་འདུལ་བའི་ཚུལ་ཁྲིམས་རྣམ་འཇིག་ཚེ། །སྐྲག་ཞུགས་ཚུལ་ཁྲིམས་ལྡན་པ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ་གང་ཞིག་ཅེས་བྱ་བ་ནི་གང་ཟག་གོ། །འདུལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པའི་ཚུལ་ཁྲིམས་སོ། །རྣམ་འཇིག་ཚེ་ཞེས་པ་ནི་ བཏང་བའི་ཚེ་སྟེ་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྲག་ཞུགས་ཞེས་བྱ་བ་ནི་དེའི་དབང་གིས་ཏེ་འཇིགས་པའོ། །ཚུལ་ཁྲིམས་ལྡན་པ་ཞེས་པ་མ་ཉམས་པ་སྟེ། གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོད་མ་ཡིན་ཞེས་བྱ་བ་ནི་འཇིགས་པའམ་བག་ཁུམས་པ་མེད་པ་ཡིན་ཏེ། ཚུལ་ཁྲིམས་ དེའི་དབང་གིས་བདག་ཉིད་དགའ་བར་མ་བཤད་ན་འཇིགས་པ་ལྟ་ག་ལ་སྲིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འབྲས་བུ་བཤད་ཟིན་ནས་དེ་ཉིད་བསྲུང་བར་གདམས་པར་འདོད་ནས། །དེ་བས་འཇིག་རྟེན་གཞན་མཐའ་རྒལ་སེམས་ཀྱིས། །གང་ཞིག་བགྲོད་འདོད་དེས་ནི་ཚུལ་ཁྲིམས་བསྲུང་། །ཞེས་ སྨོས་ཏེ་དེ་བས་ཞེས་བྱ་བ་ནི་དེ་བས་ནའོ། །འཇིག་རྟེན་གཞན་མཐའ་ཞེས་བྱ་བ་མཐའ་གཞན་ཏེ། དེ་དག་ཀྱང་སྡུག་བསྔལ་གྱི་གཞི་ཡིན་པའི་ཕྱིར་རོ། །རྒལ་སེམས་ཀྱིས་ཞེས་བྱ་བ་ནི་དེ་ལས་འདའ་བར་འདོད་པ་སྟེ། གོ་ཆ་བགོས་ནས་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་གང་ཟག་སྟེ་སྐྱེས་ བུའོ། །བགྲོད་འདོད་དེས་ཞེས་བྱ་བ་ནི་འགྲོ་བར་འདོད་པ་དེས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་གང་ཞེ་ན་ཚུལ་ཁྲིམས་ཏེ། དེ་གནས་པའི་ཆེད་དུ་སྲུངས་ཤིག་ཅེས་བརྩེ་བའི་ཚུལ་གྱིས་བསྒོ་བར་མཛད་དོ། །ད་ནི་ཚུལ་ཁྲིམས་དེ་ཉིད་བྱེ་བྲག་ཏུ་བསྟན་པ་དང་། ཞར་ལ་ཤེས་ རབ་ཀྱི་འབྲས་བུའི་སྒོ་ནས་གདམས་པ་ནི། ཚུལ་ཁྲིམས་དྲི་མེད་མ་ལུས་ཇི་བཞིན་གཞག །ཤེས་རབ་ཞི་བས་ཡིད་ནི་ཡོངས་སྨིན་འགྱུར། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཡིན་ནམ་ཞེ་ན། ཚུལ་ཁྲིམས་དྲི་མེད་ཅེས་བྱ་བ་ནི་རིགས་བདུན་ལ་སོགས་པ་སེམས་པ་ངོ་བོ་སྤོང་བ་ བདུན་འཁོར་དང་བཅས་པ་དེ་ཉིད་སྲུང་ཞིང་དག་པའོ། །མ་ལུས་པ་ནི་ལུས་པ་མེད་པ་སྟེ། །ལྟུང་བ་ཕྲ་མོ་ཙམ་ལ་འཛེམ་པའི་ཕྱིར་རོ། །ཇི་