Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 163

Văn bản gốc(Tây Tạng)

Trang 18 / 26 (50.000 ký tự/trang)
མ་པ་སྦྱིན་པའོ། །མང་ཕྱིར་དང་ཞེས་བྱ་བས་ནི་ལས་གཉིས་བསྟན་ཏེ། དགེ་སློང་མ་འཁོར་སྐྱོང་ནུས་པ་དང་ལོ་བཅུ་གཉིས་ལོན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་འཁོར་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་
སྦྱིན་པའོ། །འཁར་བ་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་སློང་རྒན་པོ་དང་ན་བ་ལ་འཁར་བ་གནང་བ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་འཁར་བའི་གནང་བ་སྦྱིན་པའོ། །དྲ་བའི་ཕྱིར་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་རྒན་

པོ་དང་ན་བ་དྲ་བ་གནང་བ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དྲ་བ་གནང་བ་སྦྱིན་པའོ། རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བའི་ཕྱིར་གསོལ་བ་དང་གཉིས་ཀྱི་
ཀྱི་ལས་བྱ་བའོ། །བསླབ་པ་བྱིན་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མའི་བསླབ་པའི་སྡོམ་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་སློང་མའི་བསླབ་པ་སྦྱིན་པའོ། །ཉེར་གནས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློབ་མ་བསྙེན་
པར་རྫོགས་པར་བྱ་བའི་སྐབས་སུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའོ། །བུ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་
སྦྱིན་པའོ། །ཉེ་དུ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མ་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་པའོ། །ཕྱིར་འགྲོ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དབྱར་
གནས་པར་ཁས་བླངས་པ་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ་སྟེ། ལས་བཞི་བཅུ་རྩ་བདུན་པོ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་དང་གཉིས་ཀྱི་ལས་ཡིན་
ནོ། །བསྙེན་པར་རྫོགས་པར་བྱ་བ་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་སློང་དང་དགེ་སློང་མ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བའོ། །མུ་སྟེགས་གནས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མུ་སྟེགས་ཅན་རབ་ཏུ་འབྱུང་བར་
འདོད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པའོ། །མཚམས་དགྲོལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དཀྱིལ་འཁོར་པ་དང་མཚམས་ཆེན་པོའི་མཚམས་བཅད་པ་ལ་གསོལ་བ་དང་བཞིའི་

ལས་ཀྱིས་དགྲོལ་བའོ། །མཐུན་སྦྱིན་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གནས་ནས་ཕྱུང་བ་བཟོད་པའི་ལས་བྱ་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པའོ། །གསོ་སྦྱོང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མཐུན་པ་སྦྱིན་པ་ལ་གསོལ་
བ་དང་། བཞིའི་ལས་ཀྱིས་མཐུན་པའི་གསོ་སྦྱོང་སྦྱིན་པའོ། །བདུན་པོ་དང་ཞེས་བྱ་བས་ནི་ལས་གཉིས་བསྟན་ཏེ། ནན་ཐུར་གྱི་ལས་བདུན་པོས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་། མ་མཐོང་བ་དང་། ཕྱིར་མི་འཆོས་པ་དང་། སྡིག་པ་ཅན་གྱི་
ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པར་བྱ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གནས་ནས་ཕྱུང་བ་དེ་དག་ལ་བཟོད་པ་བྱ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །བརྒྱད་དང་ཞེས་བྱ་བས་ནི་
ལས་བརྒྱད་བསྟན་ཏེ། སྤོ་བ་དང་མགུ་བར་བྱ་བ་དང་གཞི་ནས་སྤོ་བ་དང་གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་དང་། ཡང་གཞི་ནས་བསླངས་ཏེ་མགུ་བར་བྱ་བ་དག་དང་། དགེ་འདུན་ལྷག་མ་ལས་དབྱུང་བ་དང་། སྲ་བརྐྱང་དབྱུང་བ་དག་ལ་
གསོལ་བ་དང་བཞིའི་ལས་བྱ་བའོ། །དྲན་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དྲན་པས་འདུལ་བར་འོས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དྲན་པས་འདུལ་བ་སྦྱིན་པའོ། །མ་མྱོས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། མ་མྱོས་པས་འདུལ་བར་འོས་པ་
ལ་གསོལ་བ་དང་བཞིའི་ལས་ཀྱིས་མ་མྱོས་པས་འདུལ་བ་སྦྱིན་པའོ། །དེ་ཉིད་ཚོལ་དུ་གཞུག་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པའོ། །བསྒོ་བར་
བྱ་བ་རྣམས་དང་ནི། །ཞེས་བྱ་བས་ཀྱང་བཟློག་པའི་ཕྱིར་བསྒོ་བར་བྱ་བའི་ལས་བཅུ་དང་། བསྙིལ་བའི་ལས་གཅིག་བསྟན་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་དང་། དགེ་སློང་དང་དགེ་ཚུལ་

སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང་། དགེ་སློང་མ་དཀོན་མཆོག་གཏོང་བ་དང་། འཐབ་ཀྲོལ་བྱེད་པ་དང་། སྡེ་ཞིང་གནས་པ་དང་། སྡེ་ཞིང་གནས་སུ་འཇུག་པ་དང་། དགེ་ཚུལ་སྡིག་པ་ཅན་གྱི་
ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །ཉམས་པ་སྦྱིན་པར་བྱ་བ་ནི། །ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པ་སྟེ། ལས་སུམ་ཅུ་
པོ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ། །ལས་རྣམ་པར་གཞག་པའི་སྐབས་ཀྱི་རྣམ་པར་དབྱེ་བ་ཇི་སྐད་བསྟན་པ་དེ་དག་ནི་སློབ་དཔོན་བཙུན་པ་ཡོན་ཏན་འོད་ཀྱིས་ཉེ་བར་སྦྱར་བའི་ལུགས་བཞིན་ནོ། །ལས་རྣམ་པར་གཞག་པའི་སྐབས་ཀྱི་རྣམ་
པར་དབྱེ་བ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བའི་ལུགས་ནི་མདོ་འདི་གསུམ་ཡིན་ཏེ། ཆད་པ་དང་བསྒོ་བ་དང་རྩོད་པ་ཞི་བར་བྱ་བ་དང་། ས་གོང་མར་སྤོ་བ་དང་དགེ་འདུན་ལ་མཁོ་བ་རྣམ་པར་གཞག་པ་དབྱུང་བ་དག་ལ་ནི་གསོལ་བ་བརྗོད་པ་གསུམ་དང་བཅས་པའོ། །
བསྐོ་བ་དང་རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་གཞག་པའི་བྱ་བ་དག་ལ་ནི་བརྗོད་པ་གཅིག་དང་བཅས་པའོ། །རྗེས་སུ་གནང་བ་དང་། དགེ་འདུན་གྱིས་བྱིན་གྱིས་བརླབས་པ་དང་། སྦྱིན་པ་དང་། རང་གི་དོན་ལ་སྦྱར་བ་དང་། བགྲང་བ་དང་། ཁྱིམ་པའི་དོན་རྣམ་པར་གཞག་
པ་བྱ་བ་དང་དབྱུང་བ་དག་ལ་ནི་འབའ་ཞིག་གོ། །དེ་ལ་ཆད་པ་ཞེས་བྱ་བས་ནི། ཆད་པས་བཅད་པའི་ལས་བཅུ་གསུམ་བསྟན་ཏེ། དེ་བསླབ་པ་སྦྱིན་པ་ཉིད་དང་བསྙིལ་བ་ཉིད་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་དང་། མུ་སྟེགས་ཅན་གནས་པ་སྦྱིན་པ་དང་། དེ་ལས་
གཞན་པའི་སྤོ་བ་སྦྱིན་པ་དང་། མགུ་བར་བྱ་བ་སྦྱིན་པ་དང་། གཞི་ནས་སྤོ་བ་སྦྱིན་པ་དང་། གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྦྱིན་པ་དང་། ཡང་གཞི་ནས་བསླངས་ཏེ་མགུ་བར་བྱ་བ་སྦྱིན་པ་དང་། དྲན་པས་འདུལ་བ་སྦྱིན་པ་དང་། མ་མྱོས་

པས་འདུལ་བ་སྦྱིན་པ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ལ་སོགས་པ་སྤང་བའི་ཕྱིར་ནན་ཐུར་གྱི་ལས་བདུན་པོ་དག་གོ། །བསྒོ་བ་ཞེས་བྱ་བས་ནི་བཟློག་པའི་ཕྱིར་བསྒོ་པའི་ལས་བཅུ་བསྟན་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་།
ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་དང་། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང་དཀོན་མཆོག་གཏོང་བ་དང་། འཐབ་ཀྲོལ་བྱེད་པ་དང་། སྡེ་ཞིང་གནས་པ་དང་།
སྡེ་ཞིང་གནས་སུ་འཇུག་པ་ཞེས་བྱ་བ་དག་གོ། །རྩོད་པ་ཞི་བར་བྱ་བ་ཞེས་བྱ་བས་ནི། རྩོད་པ་ཞི་བར་བྱ་བའི་ལས་གཉིས་བསྟན་ཏེ། མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་ཞེས་བྱ་བའོ། །ས་གོང་མར་སྤོ་བ་ཞེས་བྱ་བས་ནི། ས་ཁྱད་པར་དུ་འཕགས་པ་
གོང་མར་སྤོ་བའི་ལས་གསུམ་བསྟན་ཏེ། བསྙེན་པར་རྫོགས་པར་བྱ་བ་དང་། དབྱུང་བ་དང་། བཟོད་པར་བྱ་བ་ཞེས་བྱ་བ་དག་གོ། །དགེ་འདུན་ལས་མཁོ་བ་རྣམ་པར་གཞག་པ་དབྱུང་བ་ཞེས་བྱ་བས་ནི། དགེ་འདུན་ལ་མཁོ་བའི་རྣམ་པར་གཞག་པ་བྱས་པ་དབྱུང་བའི་
ལས་གཉིས་བསྟན་ཏེ། མཚམས་དགྲོལ་བ་དང་། སྲ་བརྐྱང་དབྱུང་བ་ཞེས་བྱ་བའོ། །གསོལ་བ་བརྗོད་པ་གསུམ་དང་བཅས་པའོ་ཞེས་བྱ་བས་ནི། གསོལ་བ་ལས་བརྗོད་པ་གསུམ་དང་བཅས་པ་སྟེ། གསོལ་བ་དང་བཞིའི་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་
ནན་ཐུར་གྱི་ལས་བདུན་པོ་དག་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ་། །བཟོད་པ་བྱ་བའི་ལས་དག་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་སྟེ། དེ་ལྟར་ལས་སུམ་ཅུ་པོ་དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་
འབད་པ་ཆེན་པོས་བྱ་དགོས་པས་འདིར་མགོ་གཅིག་ཏུ་གསུངས་སོ། །བསྐོ་བ་ཞེས་བྱ་བས་ནི། བསྐོ་བ་དང་བློ་མཐུན་པར་བྱ་བའི་ལས་སུམ་ཅུ་རྩ་གཅིག་བསྟན་ཏེ། སྤོང་བའི་ཞལ་ཏ་བྱེད་པ་བསྐོ་བ་དང་། ལག་གི་བླ་དང་ལག་དཔོན་བསྐོ་བ་དང་། དགག་དབྱེ་བྱེད་པ་

བསྐོ་བ་དང་། གནས་མལ་སྟོབས་པ་བསྐོ་བ་དང་། རུང་བའི་ཁང་པ་ལ་བློ་མཐུན་པར་བྱ་བ་དང་། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་དང་། སྲ་བརྐྱང་འདིང་བར་བསྐོ་བ་དང་། སྲ་བརྐྱང་ལ་བློ་མཐུན་པར་བྱ་བ་དང་། གནས་ཁང་བསྐོ་བ་བསྐོ་བ་དང་། ཟས་ལ་བསྐོ་བ་བསྐོ་
བ་དང་། ཐུག་པ་འདྲིམ་པ་བསྐོ་བ་དང་། བག་ཆོས་འདྲིམ་པ་བསྐོ་བ་དང་། ཕྲན་ཚེགས་འདྲིམ་པ་བསྐོ་བ་དང་། སྣོད་སྤྱད་འབྲུབ་པར་བསྐོ་བ་དང་། གོས་སྦེད་པ་བསྐོ་བ་དང་། ཆོས་གོས་འགེད་པ་བསྐོ་བ་དང་། དབྱར་གྱི་རས་ཆེན་སྤེད་པ་བསྐོ་བ་དང་། དབྱར་གྱི་རས་ཆེན་
འགྱེད་པ་བསྐོ་བ་དང་། མངག་གཞུག་པ་བསྐོ་བ་དང་། མཛེས་ཆོས་བསྐོ་བ་དང་། གཟུ་བོ་བསྐོ་བ་དང་། གསལ་བ་དང་གསལ་བའི་གང་ཟག་གསལ་བ་བསྐོ་བ་དང་། རྩོད་པ་སྦེད་པ་བསྐོ་བ་དང་། ཁང་པ་བསྟན་པ་དང་། གཙུག་ལག་ཁང་བསྟན་པ་དང་། གླེང་བ་བསྐོ་བ་
དང་། ལྟུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོ་བ་དང་། གནས་ངན་ལེན་བརྗོད་པ་བསྐོ་བ་དང་། དགེ་སློང་མའི་སྟོན་པ་བསྐོ་བ་དང་། ནགས་ཉུལ་བ་བསྐོ་བ་དང་། ཚུལ་ཤིང་འདྲིམ་པ་བསྐོ་བ་དག་གོ། །རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་གཞག་པའི་བྱ་བ་ཞེས་བྱ་
བས་ནི། རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་གཞག་པའི་བྱ་བ་བཅུ་དྲུག་བསྟན་ཏེ། དཀྱིལ་འཁོར་བའི་མཚམས་དང་། མཚམས་ཆེན་པོ་དང་མཚམས་བུ་ཆུང་བཅད་པ་དང་། ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང་། མྱོས་པའི་གནང་བ་སྦྱིན་པ་དང་སྣམ་སྦྱར་དང་མི་
འབྲལ་བའི་གནང་བ་སྦྱིན་པ་དང་། སྟན་གྱི་གནང་བ་སྦྱིན་པ་དང་། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང་། འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། འཁར་བའི་གནང་བ་སྦྱིན་པ་དང་། དྲ་བའི་གནང་བ་སྦྱིན་
པ་དང་། རྙེད་པ་གཅིག་ཏུ་བྱ་བའི་གནང་བ་སྦྱིན་པ་དང་། བསླབ་པའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་། བུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པ་དང་། ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་

པ་དང་། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ་དག་གོ། །བརྗོད་པ་གཅིག་དང་བཅས་པའོ། །ཞེས་བྱ་བས་ནི་གསོལ་བ་ལས་བརྗོད་པ་གཅིག་དང་བཅས་པ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལག་གི་བླ་བསྐོ་བ་
དང་། ལག་དཔོན་བསྐོ་བ་གཉིས་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་པར་བགྲང་ངོ་། །གསལ་བ་བསྐོ་བ་དང་། གསལ་བའི་ཡང་གསལ་བ་བསྐོ་བ་གཉིས་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ་། །དཀྱིལ་འཁོར་བའི་མཚམས་བཅད་པ་དང་། མཚམས་
ཆེན་པོ་བཅད་པ་ལས་གསུམ་ཡང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་སྟེ། དེ་ལྟར་ལས་བཞི་བཅུ་རྩ་བདུན་པོ་དེ་དག་ནི་གསོལ་བ་དང་གཉིས་ཀྱི་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་འབད་པ་འབྲིང་པོས་བྱ་དགོས་པས་འདིར་མགོ་གཅིག་ཏུ་གསུངས་སོ། །
རྗེས་སུ་གནང་བ་ཞེས་བྱ་བས་ནི། རྗེས་སུ་གནང་བའི་ལས་བཞི་བསྟན་ཏེ། གསང་སྟེ་དྲི་བ་དང་། ནང་དུ་དྲི་བ་དང་། གསོ་སྦྱོང་བྱ་བ་དང་། དགག་དབྱེ་བྱ་བ་རྗེས་སུ་གནང་བའོ། །དགེ་འདུན་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བས་ནི། དགེ་འདུན་གྱིས་བྱིན་གྱིས་བརླབས་
པའི་ལས་དགུ་བསྟན་ཏེ། གསོ་སྦྱོང་གི་ཚེ་དགེ་འདུན་ལྟུང་བ་དང་བཅས་པ་དང་ཡིད་གཉིས་དང་བཅས་པ་དང་། རྩོད་པར་གྱུར་པ་དང་། ངེས་པ་ཉིད་མ་ཡིན་པར་གྱུར་པ་དང་། དགག་དབྱེའི་ཚེ་དགེ་འདུན་ལྟུང་བ་དང་བཅས་པ་དང་། ཡིད་གཉིས་དང་བཅས་པ་དང་། རྩོད་
པར་གྱུར་པ་དང་། ངེས་པ་ཉིད་མ་ཡིན་པར་གྱུར་པ་དང་། ཤི་བའི་རྫས་དང་ནོར་དང་འདྲ་བ་བྱིན་གྱིས་བརླབ་པའོ། །སྦྱིན་པ་ཞེས་བྱ་བས་ནི། དགེ་འདུན་གྱི་ཆོས་གོས་སྦྱིན་པའི་ལས་གཅིག་བསྟན་ཏེ། དགེ་འདུན་གྱིས་སྲ་བརྐྱང་འདིང་བ་ལ་སྲ་བརྐྱང་གཏད་པ་དང་། ཆོས་གོས་
ངན་པ་ལ་རས་ཡུག་ཆེན་སྦྱིན་པའོ། །རང་གི་དོན་ལ་སྦྱར་བ་ཞེས་བྱ་བས་ནི། རང་གི་དོན་ལ་སྦྱར་བའི་ལས་གཉིས་བསྟན་ཏེ། གནས་ངན་ལེན་བརྗོད་པ་དང་། ཚུལ་ཤིང་བླང་པ་དང་། དབྱར་གནས་པར་ཁས་བླང་བ་ལ་སྦྱར་རོ། །བགྲང་བ་ཞེས་བྱ་བས་ནི། གྲངས་སུ་གཞུག་

པ་བཞི་བསྟན་ཏེ། ངོར་འཕྱ་བའི་གྲངས་སུ་གཞུག་པ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པ་དང་། བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་དང་། ཅང་མི་སྨྲ་བའི་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའོ། །ཁྱིམ་པའི་དོན་རྣམ་པར་གཞག་པར་
བྱ་བ་ཞེས་བྱ་བས་ནི་ཁྱིམ་པ་བསྲུང་བའི་དོན་དང་། ལམ་བཟང་པོར་གཞག་པའི་དོན་རྣམ་པར་གཞག་པའི་ལས་གཉིས་བསྟན་ཏེ། ཁྱིམ་གྱི་སྡོམ་པ་སྦྱིན་པ་དང་ལྷུང་བཟེད་ཁས་དབུབ་པར་བྱ་བའོ། །དབྱུང་བ་ཞེས་བྱ་བས་ནི་ཁྱིམ་གྱི་དོན་རྣམ་པར་གཞག་པར་བྱས་པ་
དབྱུང་བའི་ལས་གཉིས་བསྟན་ཏེ། ཁྱིམ་གྱི་སྡོམ་པ་གཞིག་པ་དང་། ལྷུང་བཟེད་ཁས་ཕུབ་པ་བཟློག་པར་བྱ་བའོ། །འབའ་ཞིག་གོ་ཞེས་བྱ་བས་ནི། ལས་བརྗོད་པ་མེད་པ་སྟེ་གསོལ་བ་འབའ་ཞིག་གི་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཤི་བའི་རྫས་བྱིན་གྱིས་བརླབ་
པ་དང་ནོར་དང་འདྲ་བ་བྱིན་གྱིས་བརླབ་པ་གཉིས་ནི་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ་། །སྲ་བརྐྱང་གཏད་པ་དང་རས་ཡུག་ཆེན་སྦྱིན་པ་གཉིས་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་ངོ་། །ཚུལ་ཤིང་བྲིམ་པ་དང་དབྱར་གནས་པར་ཁས་བླང་བ་ལ་
སྦྱོར་བ་གཉིས་ཀྱང་ཚུལ་གཅིག་པའི་ཕྱིར་ལས་གཅིག་ཏུ་བགྲང་སྟེ། དེ་ལྟར་ལས་ཉི་ཤུ་རྩ་བཞི་བོ་དེ་དག་ནི་གསོལ་བ་འབའ་ཞིག་གི་ལས་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་དགེ་འདུན་ལ་གོ་བར་བྱ་བ་ཙམ་དུ་ཟད་པས་འབད་པ་ཆུང་ངུས་ཀྱང་འགྲུབ་པའི་ཕྱིར་འདིར་
མགོ་གཅིག་ཏུ་གསུངས་སོ།། །།བམ་པོ་དྲུག་ཅུ་པ། ལྷག་པོར་མ་གཏོགས་པ་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་ཞེས་བྱ་བ་ཡང་། བརྗོད་པ་གསུམ་མོ་ཞེས་བྱ་བར་སྦྱར་ཏེ། ལྷག་པོར་བྱ་བར་གསོལ་བ་མ་གཏོགས་པར་རང་གི་དོན་གྱི་སྔགས་བརྗོད་
པ་གང་ཡིན་པ་དེ་ཡང་ལན་གསུམ་བརྗོད་པར་བྱ་བའོ། །འདི་ལྟ་སྟེ། ཁར་བ་དང་དྲ་བ་ལ་སོགས་པ་གསོལ་བ་གང་དག་ཡིན་པ་དང་། ཆོས་གོས་ལ་སོགས་པ་བྱིན་གྱིས་བརླབ་པ་གང་དག་ཡིན་པ་དང་། སྐྱབས་སུ་འགྲོ་བ་དང་། རབ་ཏུ་འབྱུང་བ་དང་། སྡོམ་པ་ནོད་

པ་གང་དག་ཡིན་པ་དང་། མཆོད་རྟེན་ལ་ཕྱག་བྱ་བ་དང་། བདུག་པ་བསྲེག་པ་ལ་སོགས་པ་ཡང་དག་པར་བླང་བ་གང་དག་ཡིན་པ་དང་། ལྟུང་བ་བཤགས་པ་དང་། གསོ་སྦྱོང་དང་དགག་དབྱེ་དག་དང་། གནས་པར་ཁས་བླང་བ་དང་། མཚམས་ཀྱི་ཕྱི་རོལ་དུ་
མི་འབྲལ་བར་བྱ་བའི་ཕྱིར་ཞག་གཅིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ཡང་དག་པར་བླང་བ་གཞན་དག་དང་། འདུན་པ་དང་། ཡོངས་སུ་དག་པ་དག་དབུལ་བ་དང་དགག་དབྱེ་དབུལ་བ་དང་དགག་དབྱེ་རིག་པར་བྱ་བ་ལ་སོགས་པའི་སྔགས་བརྗོད་པ་གང་དག་ཡིན་
པ་དེ་དག་ཐམས་ཅད་ནི་ལན་གསུམ་བཟླས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་པོར་མ་གཏོགས་པར་སྨོས་པ་ནི་འབྲས་བུ་ཆུང་བས་ལན་ཅིག་གསོལ་བས་ཀྱང་འགྲུབ་པས་དེ་ལ་ནི་ལན་གསུམ་བརྗོད་མི་དགོས་སོ། །གཞན་གྱི་དོན་དུ་གང་ཟག་ལ་ཡང་ངོ་ཞེས་བྱ་བ་ནི།
གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་གང་ཡིན་པ་དེ་ལ་ཡང་ལན་གསུམ་ཁོ་ན་བརྗོད་པར་བྱ་བ་སྟེ། དེས་ན་གཞན་གྱི་དོན་དུ་དགེ་འདུན་ལ་བརྗོད་པ་ནི་ལན་ཅིག་ཁོ་ནས་ཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ། འདུན་པ་དང་། ཡོངས་སུ་དག་པ་དང་དགག་
དབྱེ་བརྗོད་པ་དག་དགེ་སློང་ལ་བརྗོད་པར་བྱ་བའོ་ཞེས་བྱ་བའི་ཕྱོགས་ལ་ནི་ལན་གསུམ་བརྗོད་པར་བྱའོ། །དགེ་འདུན་ལ་བརྗོད་པར་བྱའོ་ཞེས་བྱ་བའི་ཕྱོགས་ལ་ནི་ལན་ཅིག་བརྗོད་པར་བྱ་སྟེ། གང་ཟག་ལ་ཞེས་སྨོས་པའི་ཕྱིར་རོ། །ལྷག་པོར་ཡང་མདུན་དུ་ཙོག་པུར་
འདུག་སྟེའོ་ཞེས་བྱ་བ་ནི། རང་གི་དོན་གྱི་སྔགས་གང་ཟག་ལ་བརྗོད་པ་དང་། གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་རྣམ་པ་གཉིས་དང་། ལྷག་པོར་བྱ་བའི་སྔགས་བརྗོད་པ་གང་ཡིན་པ་དེ་ཡང་གང་ཟག་གི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའི་གཞན་
གྱིས་ནི་མ་ཡིན་ནོ། །དགེ་འདུན་ལ་རག་ལས་པའི་རང་གི་དོན་གྱི་སྔགས་བརྗོད་པ་ནི་མ་གཏོགས་སོ། །ཞུ་བ་ཡང་ངོ་ཞེས་བྱ་བ་ནི། འདི་རབ་ཏུ་འབྱུང་ངམ་ཞེས་དགེ་སློང་གིས་དགེ་འདུན་ལ་ཞུ་བར་བྱེད་པ་ན། རབ་ཏུ་བྱུང་བར་འདོད་པའི་དགེ་བསྙེན་དེས་ཀྱང་རྒན་པའི་

མཐའ་ལོགས་སུ་ཙོག་པུས་འདུག་པར་བྱ་བའོ། །བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་བསྟེན་པ་མ་གཏོགས་པ་ཕ་གུ་ལ་རྟིང་པ་གཉིས་ཀྱིས་སོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པའི་ལས་བྱེད་པ་ན་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གསང་སྟེ་བར་ཆད་ཀྱི་ཆོས་བསྟན་
པའི་སྐབས་ཉི་ཚེ་མ་གཏོགས་པ། མཁན་པོར་གསོལ་བ་དང་། བསྙེན་པར་རྫོགས་པར་གསོལ་བ་དང་། ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་མཉན་པ་དང་། དེའི་ལན་འདེབས་པ་དང་། བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ་བསྙེན་པར་
རྫོགས་པར་བྱ་བའི་གང་ཟག་དེ་ཕ་གུའི་སྟེང་དུ་རྟིང་པ་གཉིས་ཀྱིས་འདུག་ཏུ་གཞུག་པར་བྱའོ། །ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་ནི་སྔར་བྱས་ཟིན་པས་དེ་ལ་ནི་ཆོ་ག་འདི་ཐལ་བར་མི་འགྱུར་རོ། །འདིར་ཕ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱའོ། །བུད་མེད་
ནི་སྟན་ནང་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི། བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ནི་གསང་སྟེ་བསྟན་པ་མ་གཏོགས་པའི་གནས་སྐབས་ཇི་སྐད་བསྟན་པ་དེ་དག་ཏུ་སྟན་ནང་ཚངས་ཅན་ལ་སོགས་པ་ལ་ཅི་བདེར་འདུག་ཏུ་གཞུག་པ་ཡིན་གྱི། ཙོག་བུར་འདུག་ཏུ་ཡང་
མི་གཞུག་གོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་རྫས་འཇམ་པ་དང་ཡངས་པ་གཞན་དག་ཀྱང་བསྡུའོ། །གཞན་གཙོ་བོ་མ་ཡིན་པ་ཉིད་ལ་ནི་དགེ་འདུན་ལ་རྒན་པའི་མཐར་རོ་ཞེས་བྱ་བ་ནི། རང་གི་དོན་གྱི་སྔགས་དགེ་འདུན་ལ་བརྗོད་པ་ན་དགེ་འདུན་གྱི་རྒན་པའི་མཐའ་
ལོགས་སུ་ཙོག་པུར་འདུག་སྟེ་བརྗོད་པར་བྱ་བའོ། །གཞན་གྱི་དོན་དུ་ནི་འགྲེང་སྟེ་འདུད་པ་དང་བཅས་པར་རོ་ཞེས་འོག་ནས་འབྱུང་བས། འདི་ནི་རང་གི་དོན་གྱི་སྔགས་བརྗོད་པའི་ཆོ་ག་ཡིན་པར་གནས་སོ། །གཞན་གཙོ་བོར་མ་ཡིན་པ་ཉིད་ལ་ནི་ཞེས་བྱ་བ་ནི་དགེ་འདུན་སྤྱི་
ལ་རང་གི་དོན་གྱི་སྔགས་བརྗོད་པ་སྟེ། དེ་ལ་ནི་གང་ཟག་གཞན་འགའ་ཞིག་ལ་གཙོ་ཆེར་རག་ལས་པ་མ་ཡིན་གྱི། དགེ་འདུན་ལ་རག་ལས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དགེ་འདུན་ལ་རང་གི་དོན་གྱི་སྔགས་བརྗོད་པ་འདི་ལྟ་སྟེ། སྔགས་བརྗོད་པའི་གང་ཟག་དག་

གིས་གསོལ་བ་དག་དང་། སྤོ་བ་བྱེད་པ་ལ་སོགས་པའི་འདས་པ་བརྗོད་པ་དག་ནི་དགེ་འདུན་ལ་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །སྔགས་མ་བརྗོད་པའི་གང་ཟག་དག་གིས་གསོལ་བ་གཞན་ལས་མཉན་ཏེ་བརྗོད་པར་བྱ་བ་
དེ་ནི་གང་ཟག་ལ་རག་ལས་པ་ཡིན་པས་དེ་ནི་དེས་དེའི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་དང་། དགག་དབྱེ་བརྗོད་པ་གང་ཟག་ལས་ལེན་ཅིང་གང་ཟག་ལ་རྗོད་པར་བྱེད་པ་དེ་ཡང་གང་གི་མདུན་དུ་བརྗོད་པའི་གང་ཟག་དེ་ལ་
རག་ལས་པ་ཡིན་པས་དེའི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །འདི་ནི་བསྙེན་པར་རྫོགས་པའི་སྐབས་ནས་གསུངས་མོད་ཀྱི། ཐམས་ཅད་ལ་ཡང་འདྲ་བར་སྤྱིར་མདོ་འདི་བྱས་སོ། །འདིར་གཞུང་ནི་དེ་ནས་ལས་བྱེད་པའི་མདུན་དུ་ཕྱག་འཚལ་དུ་བཅུག་སྟེ།
འདུག་ཏུ་གཞུག་ཅིང་འདུག་ཏུ་བཅུག་ནས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱི་དོན་དུ་ནི་འགྲེང་སྟེ་འདུན་པ་དང་བཅས་པར་རོ་ཞེས་བྱ་བ་ནི། གཞན་གྱི་དོན་དུ་དགེ་འདུན་ལ་སྔགས་བརྗོད་པ་ནི་འགྲེང་སྟེ། འདུད་པ་དང་བཅས་པ་ཞེས་བྱ་
བ་ཐལ་མོ་སྦྱར་བ་ཉིད་དང་། མགོ་སྨད་པ་ཉིད་ཀྱིས་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་འདུན་ལ་གཞན་གྱི་དོན་དུ་བརྗོད་པ་གང་ཡིན་པ་དེ་ནི་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་ཞུ་བ་དག་དང་། འདུན་པ་དང་། ཡོངས་སུ་དག་
པ་དང་། དགག་དབྱེ་བརྗོད་པ་དགེ་འདུན་གྱི་ཕྱོགས་ལ་བྱ་བ་དང་། དབྱར་གནས་པའི་དགེ་འདུན་གྱིས་དགག་དབྱེ་མཛད་ལགས་སོ་ཞེས་གོ་བར་བྱ་བ་དང་། ཁྲིམས་སུ་བྱ་བ་བཟང་པོ་བརྗོད་པ་དང་རྩོད་པ་མི་སྐྱེད་པ་ཉིད་དང་ཚུལ་ཤིང་གི་གྲངས་དང་། གནས་མལ་ལ་ལོག་
པར་ལོངས་སྤྱོད་པར་བྱེད་པ་ཉིད་གོ་བར་བྱ་བ་དག་གོ། །ཁ་ཅིག་ལས་གསང་སྟེ་བསྟན་པ་ཉིད་ནི་ལམ་གྱི་དབུས་ནས་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གསང་སྟེ་བར་ཆད་ཀྱི་ཆོས་དྲིས་ནས་དགེ་འདུན་ལ་དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་བསྟན་ན་དེས་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་མཆི་ཤིག་གམ་ཞེས་ཞུ་བའི་སྔགས་འདི་ནི་ལམ་གྱི་དབུས་
ནས་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །གཞན་ནི་ཇི་སྐད་བསྟན་པ་བཞིན་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ། །རྫས་བྱིན་གྱིས་བརླབ་པ་ཡང་ངོ་ཞེས་བྱ་བ་ཡང་། འགྲེང་སྟེ་བྱའོ་ཞེས་བྱ་བར་སྦྱར་རོ། །
མདུན་དུ་ཞེས་བྱ་བ་ནི་ཤུགས་ཀྱིས་འཐོབ་པོ། །འདིར་གཞུང་ནི་སྨན་བྱིན་གྱིས་བརླབ་པ་ལ་དགེ་སློང་གི་མདུན་དུ་འགྲེང་སྟེ་འདི་སྐད་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་ཐམས་ཅད་ཀྱི་དབང་དུ་བྱ་བའི་ཕྱིར་མདོ་འདི་བྱས་སོ། །དབྱུང་བར་
བྱ་བ་ལ་ཡང་ཆོ་ག་དེ་བཞིན་དུ་ཤེས་པར་བྱའོ། །གང་གི་མདུན་དུ་བྱིན་གྱིས་བརླབ་པའམ་དབྱུང་བར་བྱ་བ་དེའི་སྤྱོད་ལམ་ཡང་དེ་ཁོ་ན་དང་འདྲའོ། །འདིར་རྫས་ཞེས་སྨོས་པ་ནི་ལྷུང་བཟེད་དང་ཆོས་གོས་དང་སྨན་ལ་སོགས་པ་དག་ཡིན་པར་རིག་པར་བྱའོ། །དེས་ན་ཉི་མ་དང་
གསོ་སྦྱོང་དང་དགག་དབྱེ་དག་རྗེས་སུ་བསྒྲུབ་པ་དམིགས་ཀྱིས་བསལ་བ་ཡིན་ཏེ། གསོ་སྦྱོང་དང་དགག་དབྱེ་དག་བྱིན་གྱིས་བརླབ་པ་ནི་ཙོག་པུར་འདུག་སྟེ་བྱ་བར་གསུངས་པས། དེ་དེ་གཉི་ག་ཡང་འདུག་སྟེ་བྱའོ། །རུང་བར་བྱ་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། གོས་རྣམ་
པར་བརྟག་པ་ནི་བྱིན་གྱིས་བརླབ་པ་དེ་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་རྣམ་པར་བརྟག་པ་དེ་ལ་ཡང་ཆོ་ག་དེ་བཞིན་དུ་ཤེས་པར་བྱའོ། །འདིར་གཞུང་ནི་སིལ་བུ་དག་ལས། འདི་ལྟར་རྣམ་པར་བརྟག་པར་བྱ་སྟེ། དགེ་སློང་གི་མདུན་དུ་འགྲེང་སྟེ་བཙུན་པ་དགོངས་སུ་
གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་གཟུང་སྟེ་བྱའོ་ཞེས་བྱ་བ་ནི། དགེ་སློང་དེ་གཉིས་ཀའི་ལག་པས་རྫས་དེ་བཟུང་སྟེ་བྱིན་གྱིས་བརླབ་པའི་སྔགས་དེ་བྱ་བའོ། །འདི་ནི་གོས་ཀྱི་དོན་དུ་གསུངས་པ་ཡིན་ནོ། །ལྷུང་བཟེད་དང་སྨན་བྱིན་གྱིས་བརླབ་པའི་ཕྱིར་ལྷུང་

བཟེད་དང་སྨན་ནི་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས་སོ་ཞེས་བྱ་བ་སྨྲས་ཏེ། བྱིན་གྱིས་རློབ་ཏུ་འཇུག་པ་དང་བྱིན་གྱི་རློབ་པར་བྱེད་པ་གཉི་གས་དེ་ལྟར་བྱའོ། །སྨན་དབྱུང་བ་ནི་དེའི་རྗེས་སུ་འབྲང་བས་ཆོ་གོ་འདི་བཞིན་དུ་བྱ་བར་ཤེས་
པར་བྱའོ། །ལྷུང་བཟེད་ཀྱི་དབྱུང་བ་ནི་ལག་པས་སྟེང་ནས་གཡོགས་པ་བཏང་སྟེ་ལག་པ་ཡ་རེས་ཁ་ནས་བཟུང་སྟེ་བྱའོ། །གཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་ནི་མདུན་དུ་བཞག་སྟེའོ་ཞེས་བྱ་བ་ནི། གཟུང་བར་བྱ་བ་མ་ཡིན་པ་ཉིད་གསེར་དངུལ་ལ་སོགས་པ་རེག་ཏུ་མི་རུང་བ་
དག་ནི་མདུན་དུ་བཞག་སྟེ་བྱིན་གྱིས་བརླབ་པར་བྱའོ། །ལས་ནི་འདུག་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། གསོལ་བ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཐམས་ཅད་ནི་འདུག་པ་ཉིད་ཀྱིས་བྱའི། སྤྱོད་ལམ་གཞན་གྱིས་མི་བྱ་བའོ། །བརྟད་པ་བྱུང་ན་ནི་
སྤྱོད་ལམ་གཞན་གྱིས་ཀྱང་གསོ་སྦྱོང་ལ་སོགས་པའི་ལས་བྱའོ། །དགེ་འདུན་ནམ་གཅིག་ཁོ་ན་ལ་མ་བརྟེན་པ་ལ་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། སྐབས་གང་དུ་དགེ་འདུན་ཁོ་ན་ལ་བརྗོད་པར་བྱའོ་ཞེའམ། གང་ཟག་ཁོ་ན་ལ་བརྗོད་
པར་བྱའོ་ཞེས་ངེས་པར་མ་བསྟེན་པ་དེར་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དུ་བསྟེན་པར་བྱའི་གཞན་ལ་ནི་མི་བྱ་སྟེ། དཔེར་ན་སྤོ་བ་བརྗོད་པ་དགེ་འདུན་ལ་བརྗོད་པར་བྱའོ། །གྲོང་དུ་འཇུག་པའི་ཕྱིར་ཞུ་བ་ནི་གང་ཟག་ལ་བརྗོད་པར་བྱའོ་ཞེས་དགེ་འདུན་དང་
གང་ཟག་ལ་གོ་བར་བྱ་བ་ཉིད་དུ་ངེས་པར་བསྟེན་པ་མཛད་པ་དེར་ནི་དེ་ཁོ་ན་བཞིན་དུ་སོ་སོར་བརྗོད་པར་བྱའོ། །གང་དུ་དེ་ལྟར་སོ་སོར་ངེས་པར་བསྟེན་པ་དེར་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་མཛད་པ། དཔེར་ན། རྫས་བྱིན་གྱིས་བརླབ་པ་དང་ཉི་མ་བྱིན་གྱིས་བརླབ་པ་
དག་ལ་ནི་དགེ་སློང་དུ་གྱུར་པའི་གང་ཟག་ལ་བརྗོད་པར་བྱ་བ་ཉིད་ཡིན་པར་ཤེས་པར་བྱའོ། །ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབ་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ་ཞེས་བྱ་བ་ནི། དགེ་སློང་ཉེ་བར་མི་གནས་ན་ཆོས་གོས་བྱིན་གྱིས་

བརླབ་པ་དང་དབྱུང་བ་དག་རང་གི་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ། །ཆོས་གོས་ནི་བྱིན་གྱིས་བརླབ་པ་ལ་ཉེ་བར་གནས་པ་ལ་བྱིན་གྱིས་བརླབ་པར་བྱའོ། །དབྱུང་བ་ལ་ནི་ཉེ་བར་གནས་པ་མི་དགོས་སོ། །དེ་ལྟ་བས་ན་ཆོས་གོས་ཉེ་བར་མི་གནས་ཀྱང་དབྱུང་བ་
འགྲུབ་པ་ཁོ་ནར་འགྱུར་རོ། །ཉེ་བར་གནས་ན་ནི་ལག་པས་བཟུང་སྟེ་དབྱུང་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་དག་ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་པ་ཡིན་ཏོ། གསོ་སྦྱོང་དང་དགག་དབྱེ་དང་ཆོས་གོས་བྱིན་གྱིས་བརླབ་པ་དང་། ཆོས་གོས་རྣམ་
པར་བརྟག་པ་དང་། གང་ཟག་གིས་མགྲོན་དུ་བོས་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་གསོ་སྦྱོང་དང་དགག་དབྱེ་གཉིས་སེམས་བསྐྱེད་པས་འགྲུབ་པ་ནི་སྐབས་གཞན་དུ་མདོར་བྲིས་ཟིན་ཏོ། །ཆོས་གོས་བྱིན་གྱིས་བརླབ་པ་དང་རྣམ་པར་བརྟག་པ་སེམས་བསྐྱེད་པས་
འགྲུབ་པ་ནི་སྐབས་འདིས་བསྟན་པ་ཡིན་ནོ། །གང་ཟག་གིས་མགྲོན་དུ་བོས་པ་སེམས་བསྐྱེད་པས་འགྲུབ་པ་ནི། ཅང་མི་གསུང་པས་ཞེས་མདོ་སྡེ་ལས་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་
ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་མ་ཕྱུང་ན་ཕྱི་མ་མི་འཆགས་སོ་ཞེས་བྱ་བ་ནི། དངོས་པོ་ལ་སྔར་བྱིན་གྱིས་བརླབས་པ་མ་ཕྱུང་བར་གཞན་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་དེ་མི་འཆགས་སོ། །གཅིག་པུས་བྱིན་གྱིས་རློབ་ན་དེ་ལ་དང་པོར་
བསམ་པ་འགྲུབ་ཅིང་ཚིག་ཏུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུས་གསོ་སྦྱོང་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་ན། བྱིན་གྱིས་བརླབ་པའི་ཡུལ་དེ་ལ་སྔར་བསམ་པ་སྒྲུབ་ཅིང་བསམ་པ་ཉེ་བར་གཞག་པ་དང་། བསམ་པ་སྔོན་དུ་བྱ་ཞིང་དེའི་ཚེ་འོག་
ཏུ་ཚིག་ཏུ་ཡང་བརྗོད་པར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་གྲོགས་མེད་པས་གཅིག་པུས་གསོ་སྦྱོང་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་ན་དེའི་ཚེ་ཇེ་དང་པོར་འདི་བྱིན་གྱིས་བརླབ་པོ་སྙམ་དུ་བསམ་པས་སྔོན་དུ་བྱ་ཞིང་དེའི་འོག་ཏུ་ཚིག་ཏུ་ཡང་བརྗོད་པར་བྱའོ། །འདིར་

གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་དེ་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དང་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། འཆགས་པ་ལ་སོགས་པ་དག་
ལ་དགེ་སློང་དང་ལྷན་ཅིག་ཏུ་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་ཀྱིས་ཀུན་ནས་གཡོགས་པ་དང་བྲལ་བ་ཉིད་རིགས་པར་བལྟ་བར་བྱའོ། །རང་གི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན་དེ་འོས་པ་ཉིད་ན་ཕྱག་བྱས་ཏེའོ་ཞེས་བྱ་བ་ནི། རང་གི་དོན་དུ་
དགེ་འདུན་ནམ་གང་ཟག་གང་ལ་བརྗོད་པའི་བདག་ཉིད་དམ། གཞན་ཡང་རུང་བའི་སྔགས་ལན་གསུམ་བརྗོད་པ་ཉིད་ན་དེ་བརྗོད་པ་ཉིད་ཀྱི་མདུན་རོལ་དུ་གལ་ཏེ་ཟླ་དེ་ཕྱག་བྱ་བའི་འོས་ཉིད་ཡིན་ན་ཕྱག་བྱས་ཏེ་བརྗོད་པར་བྱ་བའོ། །གསང་སྟེ་སྟོན་པར་ཡང་ངོ་ཞེས་བྱ་བ་
ཡང་། ཕྱག་བྱས་ཏེ་བྱ་བར་རིགས་པའོ། །སྣམ་སྦྱར་དང་བཅས་པ་ཉིད་ནི་བསྙེན་པར་རྫོགས་པའི་ཕྱིར་འདུས་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་བྱ་བའི་གང་ཟག་ལ་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་རློབ་ཏུ་བཅུག་སྟེ། སྣམ་སྦྱར་དང་བཅས་པ་
ཉིད་དུ་གྱུར་པ་ན་དེས་བདག་ཉིད་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་བྱ་བ་ཉིད་དུ་རིགས་པའོ། །དང་པོར་གསུམ་མོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་དང་ཕྲད་དོ་ཅོག་ཐམས་ཅད་ལ་བསྙེན་པར་
རྫོགས་པར་བྱ་བ་དེ་ཕྱག་ལན་གསུམ་གསུམ་བྱ་བར་རིགས་པ་ཡིན་ཏེ། འདི་ལྟར་ཕྱག་བྱས་པས་བདག་ཉིད་དགེ་འདུན་གྱི་ནང་དུ་འཇུག་པར་སྟོན་ཅིང་། བསམ་པ་དྲག་པོས་དང་པོར་འཇུག་པར་རིགས་པས་དེའི་ཕྱིར་འདིར་དང་པོར་ལན་གསུམ་ཕྱག་བྱ་བར་གསུངས་
སོ། །དེའི་དོན་ཉིད་དུ་དང་ཉི་མ་བརྗོད་པ་ལ་ཐལ་མོ་སྦྱར་བ་ཉིད་དོ་ཞེས་བྱ་བ་ནི། ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེའི་དོན་འདི་ལྟ་སྟེ། རབ་ཏུ་དབྱུང་བའི་ཕྱིར་ཞུ་བ་དང་། ཡང་དག་པར་བླང་བ་དང་། མཁན་པོ་ཉིད་ལ་སོགས་པར་གསོལ་བ་དང་། །སྦྱིན་པ་དག་དང་།

བར་ཆད་དྲི་བ་དང་། བསྙེན་པར་རྫོགས་པའི་ཕྱིར་འདུ་བ་དག་བསྒྲུབ་པའི་ཕྱིར་དགེ་འདུན་ནམ་གང་ཟག་འདུས་པར་གྱུར་པ་དེ་ནི་དོན་ཉིད་དུ་ཞེས་བྱ་བས་ཏེ། དེའི་དོན་ཉིད་དུ་འདུས་པའི་དགེ་འདུན་ནམ་གང་ཟག་དེ་དག་ལ་ཡང་ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེས་ཐལ་
མོ་སྦྱར་བ་ཉིད་དུ་རིགས་པ་ཡིན་ནོ། །ཉི་མ་བརྗོད་པ་ལ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེའི་དུས་བྱིན་གྱིས་བརླབ་པ་དང་། འདུན་པ་དང་ཡོངས་སུ་དག་པ་དང་། དགག་དབྱེ་སྦྱིན་པ་དང་། དབྱུང་བ་དག་དང་། ཡོངས་སུ་གནས་པའི་དུས་འདས་པ་བརྗོད་པ་དག་དང་།
ཡོངས་སུ་གནས་པ་ལ་སོགས་པ་དབྱུང་བ་དེ་ལ་ཡང་དེང་ནི་ཟླ་བའི་ངོ་འདིའི་ཉི་མ་འདིའོ་ཞེས་བརྗོད་པ་དག་སྟེ་དེ་ལ་ཡང་ཐལ་མོ་སྦྱར་བ་ཉིད་དུ་རིགས་པ་ཡིན་ནོ། །གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན་གསོལ་བ་བཏབ་པས་མཇུག་ཏུ་ཐབས་ཡིན་ནོ་ཞེས་སོ་ཞེས་བྱ་བ་ནི།
གལ་ཏེ་གང་ཟག་གིས་རང་གི་དོན་ཙམ་སྒྲུབ་པའི་ཕྱིར་བརྗོད་ན་གསོལ་བ་བཏབ་པའི་གང་ཟག་གིས་དེ་སྔགས་བརྗོད་དུ་བཅུག་པའི་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་བའོ། །ཐབས་ལས་བྱུང་བ་ནི་ཐབས་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་
ཐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྗེས་ལ་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བྱ་བ་ནི། གསོལ་བ་བཏབ་པའི་གང་ཟག་དེས་ཐབས་ཡིན་ནོ་ཞེས་བྱ་བའི་ཚིག་བརྗོད་པ་དེའི་རྗེས་ལ་གསོལ་བ་འདེབས་པར་བྱེད་པའི་གང་ཟག་ཅིག་ཤོས་ཀྱིས་ལེགས་སོ་ཞེས་
བརྗོད་པར་བྱ་བའོ། །ཐབས་ཡིན་ནོ་ཞེས་གང་སྨྲས་པ་དེ་ལེགས་ཏེ་དེ་ནི་ཐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་བྲལ་བས་བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་སྤྲོ་བར་བྱས་ཏེ་བསྐོ་བའོ་ཞེས་བྱ་བ་ནི། གང་ཟག་
བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་བསྐོའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། འདུན་པས་འགྲོ་བ་ལ་སོགས་པ་དང་བྲལ་བའོ། །ཇི་ལྟར་བསྐོ་ཞེ་ན། སྤྲོ་བར་བྱས་ཏེའོ། །བྱས་པ་ཉིད་ན་གནས་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ཀྱི་ལས་སམ་

གསོལ་བ་དང་བཞིའི་ལས་བྱས་པ་ཉིད་ན་ལས་བྱེད་པས་ལས་བྱས་ཟིན་པའི་མཇུག་བསྡུ་བ་བརྗོད་པར་བྱ་བ་སྟེ། དཔེར་ན་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་ཕྱུང་བ་བསྙེན་པར་རྫོགས་པར་མཛད་ལགས་ཏེ།
འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །གསོལ་བ་འབའ་ཞིག་གི་ལས་ལ་ནི་ཆོ་ག་འདི་མེད་དེ། གསོལ་བ་ནི་གོ་བར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །མཚམས་གཅོད་པ་ཉིད་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ་
ཞེས་བྱ་བ་ལ། འདིར་མཚམས་གཅོད་པ་ཉིད་ཅེས་བྱ་བ་ནི་མཚམས་གཅོད་པར་རྩོམ་པ་ཉིད་དོ། །དེས་ན་མཚམས་གཅོད་པ་ཉིད་གང་ཡིན་པ་དེ་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱ་བ་སྟེ། ཇི་ལྟར་དགེ་འདུན་གྱིས་མཚམས་མ་མནན་པར་མཚམས་བཅད་ན་མཚམས་
བཅད་པ་ཉིད་དུ་མི་འགྲུབ་པ་དེ་བཞིན་དུ། དགེ་འདུན་གྱིས་མཚམས་མ་མནན་པར་མཚམས་གཅོད་པ་རྩོམ་ན་རྩོམ་པ་དེ་ཡང་མི་འགྲུབ་པོ། །འདི་སྐད་བསྟན་ཏེ། ཇི་ལྟར་དགེ་འདུན་མཚམས་གཞན་ན་གནས་པས་མཚམས་གཅད་པ་ཉིད་མི་འགྲུབ་པ་དེ་བཞིན་དུ་
མཚམས་གཅོད་པ་ཡང་མི་འགྲུབ་སྟེ། འདི་ལྟར་མཚམས་བཅད་པར་འདོད་པའི་ངོས་དང་ཉེ་བའི་ཕྱོགས་ཀྱི་མཚམས་གཞན་གང་ཡིན་པ་དེ་ན་གནས་པའི་དགེ་འདུན་གྱིས་མཚམས་གཅོད་པར་བྱེད་ན། དགེ་འདུན་དང་ཉེ་བའི་མདུན་གྱི་ཆའི་ཕྱོགས་དེ་ཡང་བཅད་པར་མི་
འགྱུར་ཏེ། འདི་ནི་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་འབྱུང་བ་དེའི་སྤྲོས་པ་ཡིན་ནོ། །སྡུད་པར་བྱེད་པས་གཎྜཱི་བརྡུངས་པ་དང་འདྲི་བ་ལ་བརྗོད་པ་རྗེས་སུ་སྒྲུབ་པ་དག་གིས་བསྡུ་བར་བྱ་བ་དག་ལ་གོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་
སྡུད་པར་བྱེད་པའི་གང་ཟག་གིས་གཎྜཱི་བརྡུངས་པ་དང་། ཅིའི་ཕྱིར་བརྡུངས་ཞེས་འདྲི་བ་དག་ལ་འདིའི་ཕྱིར་བརྡུངས་སོ་ཞེས་བརྗོད་པས་དེ་དག་དེར་འདུ་བར་རྗེས་སུ་བསྒྲུབ་པ་དག་གིས་བསྡུ་བར་བྱ་བའི་དགེ་སློང་དག་ལ་གོ་བར་བྱ་བའོ། །དེས་དེ་དག་གི་དོན་དུ་སྟན་བཤམ་

མོ་ཞེས་བྱ་བ་ནི། སྡུད་པར་བྱེད་པ་དེས་བསྡུ་བར་བྱ་བ་དེ་དག་གི་དོན་དུ་སྟན་བཤམ་པར་བྱའོ། །བསྐོས་པའི་བྱ་བ་དེའི་དོན་ཉིད་ལ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། བསྐོས་པ་དེའི་བྱ་བ་ལག་གི་བླ་ལ་སོགས་པ་དོན་གང་གི་ཕྱིར་དེ་བསྐོ་བར་བྱ་བ་དེའི་དོན་ཉིད་ལ་གང་དུ་དགེ་འདུན་འདུ་བར་
འགྱུར་བ་དེར་དགེ་འདུན་བསྡུ་བར་བྱ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱ་བ་ནི་བསྐོ་བར་བྱ་བ་དེ་ཉིད་ཀྱི་ལས་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་ལ་རྒན་རིམས་སུའོ་ཞེས་བྱ་བ་ནི། ཤིང་དྲུང་དང་ནེའུ་གསིང་གི་ཕྱོགས་དང་། དགོན་པའི་ས་གཞི་དང་འདུག་པའི་གནས་ཐམས་ཅད་ལ་ནི་རྒན་
རིམས་སུ་བསྐོ་བ་རིགས་པ་ཉིད་ཡིན་པའོ། །བླང་བར་བྱ་བ་ལ་ནི་འདོད་པ་མཆོག་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུ་བ་དང་ཕྱག་བྱ་བ་དང་མདུན་དུ་འགྲོ་བ་དག་ལ་ནི་རྒན་རིམས་སུ་ཁོ་ནས་རྣམ་པར་གཞག་གི་འདོད་པས་རྣམ་པར་མི་གཞག་གོ། །བླང་བར་བྱ་བ་གནས་མལ་ལས་
སོགས་པ་དག་ལ་ནི་འདོད་པས་མཆོག་ཉིད་དུ་རྣམ་པར་གཞག་གི་དངོས་པོ་ལས་རྣམ་པར་མི་གཞག་སྟེ། ལེན་པ་པོ་རྒན་པ་དེ་འདོད་པ་ཡིན་ན་ངན་པ་གང་ཡིན་པ་དེ་ཡང་དེ་ལ་སྦྱིན་པར་བྱ་བའི་ཕྱིར་མཆོག་ཉིད་ཡིན་གྱི། གང་ལ་ཐོབ་པ་བཟང་པོ་དེ་ནི་མཆོག་ཉིད་མ་ཡིན་ནོ། །འདིར་
གཞུང་ནི་དངོས་པོ་ཆེན་པོ་གང་དག་ཡིན་པ་ལ་བྱི་དོར་བྱེད་པས་རྒན་པོ་དག་ངལ་བར་འགྱུར་བས་མི་འདོད་ན་དེ་དག་ལ་མི་འདོད་བཞིན་དུ་དེ་དག་སྦྱིན་པར་མི་བྱ་བར་གསར་བུ་དག་གིས་དེ་དག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལས་སྤྱིར་བསྟན་པའི་ཞེས་བྱ་བ་ལ། ལས་
ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་སྤྱིར་བསྟན་པ་བཤད་ཟིན་ཏོ།། །།ད་ནི་ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་ཐུན་མོང་མ་ཡིན་པ་བསྡུ་བའི་ཕྱིར། བསྐོ་བ་ལས་བྱུང་བའི་ཕྱིར་མ་བཅོས་པས་ལས་ཉམས་སུ་མྱོང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྒོ་བ་
ལས་བྱུང་བ་ཞེས་བྱ་བ་དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་བཞི་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དག་ལས་ཉེས་པ་གང་བྱུང་བ་དེ་བཤགས་པ་དང་། བྱིན་

གྱིས་བརླབ་པ་དག་གིས་ཕྱིར་མ་བཅོས་པའི་གང་ཟག་གིས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་མི་བྱ་བ་སྟེ། དེ་མྱོང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །གང་དག་གིས་དེ་ཁ་ན་མ་ཐོ་བ་དེ་ཕྱིར་མ་བཅོས་པར་ཤེས་བཞིན་དུ་དེ་དང་ལྷན་ཅིག་ལས་
ཉམས་སུ་མྱོང་བར་བྱེད་པ་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་རོ། །གསོ་སྦྱོང་དང་དགག་དབྱེ་བྱེད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དེ་གཉིས་ཉམས་སུ་མྱོང་བ་ལ་ནི་ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་
ཇི་སྲིད་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་
ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་ནམ་གང་ཟག་མཚམས་གཞན་ན་གནས་པ་ནི་ལས་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ཏེ། བྱིན་ལེན་ལ་སོགས་པ་བྱས་ཀྱང་མ་བྱས་པ་ཉིད་དུ་ཤེས་པར་བྱའོ། །དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་བྱ་བ་ནི། འདུན་པ་དང་
ཡོངས་སུ་དག་པ་དང་དགག་དབྱེ་ལེན་པས་གང་ཟག་གཞན་ལས་དེ་དག་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་པར་མཚམས་གཞན་དུ་སོང་ན་ཚོགས་པའི་ཡན་ལག་ཅེས་བྱ་བ་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་བླངས་པ་དེ་ཉམས་པ་ཡིན་ནོ། །
དེ་ལྟ་བས་ན་ཉམས་པའི་ཉེས་པ་སྤང་བའི་ཕྱིར་འདུན་པ་ལ་སོགས་པ་ལེན་པ་དེས་ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གཞི་བཅའ་བ་མཛད་དོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་དགེ་སློང་དག་གིས་འདུད་པ་བླངས་
ཏེ། སྟེང་གི་ནམ་མཁའ་ལ་མཆིས་ན་འདུན་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ་ཡང་བླང་བར་བྱའོ། །བཙུན་པ་དགེ་སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་

དག་པ་བླངས་ཏེ། སྟེང་གི་ནམ་མཁའ་ལ་འཚལ་ཏེ་མཆིས་ན་ཡོངས་སུ་དག་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ། ཡང་བླང་བར་བྱའོ་ཞེས་གསུངས་པ་དང་། ཞུ་བ་
ལས་ཀྱང་ཡོངས་སུ་དག་པ་བླངས་ནས་མཚམས་ཀྱི་སླད་རོལ་ན་མཆིས་ན་ཡོངས་སུ་དག་པ་རྒྱུན་ཆད་པར་བརྗོད་པར་བགྱིའམ། རྒྱུན་མ་ཆད་པར་བརྗོད་པར་བགྱི། བཀའ་སྩལ་པ། རྒྱུན་ཆད་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་དམིགས་ཀྱིས་བསལ་
པ་ནི་དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་གང་སྨོས་པ་དེ་ཡིན་པར་ཤེས་པར་བྱའོ། །གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡ་གཅིག་ན་གཉི་གར་གནས་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་གཅིག་ཏུ་གང་གི་རྐང་
པ་ཡ་གཅིག་བཞག་ལ། མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ན་དེ་མཚམས་དེ་གཉི་གར་གནས་པ་ཉིད་ཡིན་པའོ། །ཐམས་ཅད་ནོན་པ་ལ་གནས་ན་ནོན་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་དུ་མ་ནོན་པའི་རྫས་ལ་གནས་པ་གང་ཡིན་པ་དེས་ནི་ནོན་པའི་ཆོས་དེས་
མཚམས་ཇི་ཙམ་ནོན་པ་ཉིད་ཡིན་པའི་མཚམས་དེ་དག་ཐམས་ཅད་དུ་གནས་པ་ཉིད་ཡིན་ནོ། །དུ་མར་གནས་པར་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ་ཞེས་བྱ་བ་ནི། གང་གི་གནས་དུ་མར་གཅིག་ཏུ་རྐང་པ་ཡ་གཅིག་ཏུ་བཞག་ལ་གཅིག་ཏུ་ཡ་གཅིག་གཞག་པའམ།
ཐམས་ཅད་ནོན་པ་ལ་གནས་པས་དབྱར་གནས་པར་ཁས་ལེན་པ་དེ་ལ་ནི་གནས་པར་ཁས་བླངས་པ་མི་འཆགས་པ་མ་ཡིན་ཏེ། འཆགས་པ་ཁོ་ན་ཡིན་ནོ། །གནས་མལ་དུ་མ་མནོད་པར་རིགས་པ་ཉིད་དེ་ཞེས་བྱ་བ་ནི། སྔར་བསྟན་པའི་ཚུལ་གྱིས་མཚམས་དུ་མར་གནས་
པའི་དགེ་སློང་གིས་མཚམས་དེ་དག་གི་ཁོངས་སུ་གཏོགས་པའི་གཙུག་ལག་ཁང་གང་དག་ཡིན་པ་དེ་དག་གི་གནས་མལ་ཐམས་ཅད་ནོད་པར་བྱེད་ན་མི་རིགས་པ་མ་ཡིན་ཏེ། རིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དེས་གཙུག་ལག་ཁང་ཐམས་ཅད་དུས་མཉམ་

པར་གནས་པར་བྱ་བའམ། འོན་ཏེ་ཅི་དགར་གནས་པར་བྱ་ཞེ་ན། དེའི་ཕྱིར་དེས་ཅི་དགར་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་གཙུག་ལག་ཁང་གང་དུ་དུས་ཇི་སྲིད་གནས་པར་འདོད་པ་དེ་སྲིད་དེར་གནས་པར་བྱ་བ་ཉིད་ཡིན་ནོ། །རྒྱལ་བ་ནི་མི་མཐུན་
པ་ཉིད་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་མཚམས་ཀྱི་ནང་ན་བཞུགས་ལ། དགེ་འདུན་འདུས་པར་རྗེས་སུ་མ་ཞུགས་པར་དགེ་འདུན་གྱི་ལས་བྱེད་པ་ནི་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ། དེ་ནི་དཀོན་མཆོག་གཞན་ཡིན་པས་དགེ་འདུན་གྱི་
ལས་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་ནི་དགེ་འདུན་གྱི་ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ཏེ། ཁ་སྐོང་བར་བྱེད་པ་རྒྱལ་བས་ཁ་བསྐང་སྟེ་ལས་དག་མི་བྱ་བ་ཉིད་ཡིན་ནོ། །དེས་བྱ་བ་ལས་མ་ཡིན་
པས་མི་འཆགས་སོ་ཞེས་བྱ་བ་ནི། ལས་དེས་བསྙེན་པར་རྫོགས་པ་ལ་སོགས་པ་བྱ་བ་རྣམ་པར་གཞག་པ་གང་ཡིན་པ་དེ་ལས་མ་ཡིན་པས་བྱ་བས་ན་མི་འཆགས་པའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱི་བ་ལ་གསོལ་བ་དང་བཞིའི་ལས་མི་བགྱིད་ན། བསྙེན་
པར་རྫོགས་ཞེས་བརྗོད་པར་བགྱིའམ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བསྙེན་པར་རྫོགས་པར་བྱ་བའི་སྐབས་སུ་གསུངས་པ་ཡིན་མོད་ཀྱི། ཐམས་ཅད་ལ་འདྲ་
བས་འདིར་སྤྱིར་མདོར་བྱས་སོ། །ཕལ་ཆེར་བྱས་པ་ཉིད་ཡིན་ཡང་ལས་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་མ་བྱས་པ་ཉིད་ཡིན་པར་དོགས་པ་བསལ་བའི་ཕྱིར། ཚིག་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་
ཀྱི་ཚིག་ཕལ་ཆེར་བྱས་པ་ཉིད་ཅེས་བྱ་བ་སུམ་གཉིས་བརྗོད་ཟིན་ན་སུམ་ཆ་བརྗོད་པའི་ཚེ་ན་རིལ་གྱིས་བརྗོད་ཟིན་པ་ཉིད་ཡིན་ནོ། །གསོལ་བ་དང་བརྗོད་པ་དག་ལ་དོན་གྱི་སྐབས་གསུམ་ཡོད་དེ། དང་པོར་ནི་རང་གི་ངོ་བོ་ཙམ་བརྗོད་པ་སྟེ། དཔེར་ན། དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་བར་ཆད་ཀྱི་ཆོས་རྣམས་ཀྱང་
ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་བྱ་བ་བརྗོད་པ་སྟེ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་བྱེད་པ་
བརྗོད་པ་སྟེ། དཔེར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་དོན་
གྱིས་སྐབས་གཉིས་བྱས་པ་ཉིད་ན་ལས་ཕལ་ཆེར་བྱས་པ་ཉིད་དུ་ཤེས་པར་བྱའོ། །ཅི་ཚིག་ཐམས་ཅད་ལ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་འོག་མ་མེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཚིག་གང་ལ་ཚིག་འོག་མ་མེད་པ་དེ་ནི་འོག་མ་མེད་པ་སྟེ།
དཔེར་ན་གསོལ་བ་འབའ་ཞིག་གི་ལས་ལ་ནི་དེ་ཉིད་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་གཉིས་ཀྱི་ལས་ལ་ནི་ལས་བརྗོད་པའི་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་བཞིའི་ལས་ལ་ནི་ལས་བརྗོད་པ་གསུམ་པ་འོག་མ་མེད་པ་ཡིན་ཏེ། དེ་དག་ལ་ཚིག་ཕལ་ཆེར་
བྱས་པ་ཉིད་ན་བྱས་པ་ཉིད་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་མཚམས་བཅད་པ་ལས་བཙུན་པ་རེ་ཞིག་མཚམས་འགུམ་པ་ན་དགེ་སློང་ལས་བགྱིད་པ་སྲོག་ཆད་ཅིང་དུས་བགྱིས་པར་གྱུར་ན། མཚམས་བཀུམ་པར་བརྗོད་པར་བགྱིའམ་མ་
བཀུམ་པར་བརྗོད་པར་བགྱི། ཉེ་བ་འཁོར་གལ་ཏེ་མཚན་མ་དག་བརྗོད་པར་གྱུར་ན་ནི་ལས་ཕལ་ཆེར་བྱས་པས་བཅད་པར་བརྗོད་པར་བྱའོ། །བཟློག་པས་ནི་མ་བཅད་པར་བརྗོད་པར་བྱའོ། །དགེ་སློང་མའི་མཚམས་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཐམས་

ཅད་དུ་རུང་བས་འདི་སྤྱིར་མདོར་བྱས་སོ། །མཚན་མ་དག་མ་བརྗོད་པ་ཉིད་ན་མ་བཅད་པ་ཡིན་ནོ་ཞེས་བྱ་བ་ནི། ཕལ་ཆེར་བྱས་པ་ཉིད་ཡིན་ན་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་མཚམས་ཀྱི་སྐབས་སུ་ནི་ཕྱོགས་བཞིའི་མཚན་མ་དག་མ་བརྗོད་ན་མཚམས་བཅད་པའི་
ལས་མ་བྱས་པ་ཉིད་ཡིན་ནོ། །ཡོངས་སུ་གནས་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་ནི་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའི་ལས་བྱས་པ་ཉིད་ན་ལས་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་དགེ་སློང་
བྲམ་ཟེའི་བུ་མོས་ཞུས་པ་ལས་ཡོངས་སུ་གནས་པས་དགེ་སློང་གནས་ནས་འབྱིན་ན། གནས་ནས་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་གནས་པའི་སྡོམ་པ་མ་གཏོགས་པར་ལས་ཐམས་ཅད་བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་ཙམ་དུ་
ཟད་དེ་དགེ་འདུན་ལྷག་མ་སྤྱོད་པ་ལ་གནས་པ་གཞན་དག་ལ་ཡང་ཆོ་ག་འདི་རིག་པར་བྱའོ། །སྨྱོན་པས་བཏོན་པ་ཡང་ངོ་ཞེས་བྱ་བ་ནི། སྨྱོན་པས་སོ་སོར་ཐར་པའི་མདོ་གདོན་བ་བྱས་པ་ཡང་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་སྨྱོན་པས་སོ་སོར་ཐར་པའི་མདོ་འདོན་
ན་སོ་སོར་ཐར་པའི་མདོ་བཏོན་པར་བརྗོད་པ་བགྱིའམ། བཀའ་སྩལ་པ། བཏོན་པར་བརྗོད་པར་བགྱིའོ། །གསོ་སྦྱོང་བགྱིས་པར་བརྗོད་པར་བགྱིའམ། བཀའ་སྩལ་པ། བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨྱོན་པ་ནི་དཔེ་ཙམ་དུ་ཟད་དེ་དེས་ན་རང་བཞིན་
ཉམས་པ་ཐམས་ཅད་ཀྱང་འཕངས་པ་ཡིན་ཏེ་འདྲ་བའི་ཕྱིར་རོ། །དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་ལ་སོགས་པའི་རྒྱུ་གང་དག་གིས་གསོལ་བའི་ལས་བྱས་པ་མི་འཆགས་པ་དེ་བཞིན་དུ་རྒྱུ་དེ་དག་ཉིད་ཀྱིས་དགེ་འདུན་གྱི་
དབྱེན་གྱིས་སྦྱོར་བ་རྗེས་སུ་སྒྲུབ་པ་ཡང་མི་འཆགས་པ་སྟེ། དཔེར་ན་བདག་ཉིད་རིགས་པ་མ་ཡིན་པས་ཚུལ་ཤིང་དག་ལེན་པ་དང་། འདྲིམ་པར་བྱེད་པ་རིགས་པ་མ་ཡིན་པས་གཞན་རིགས་པ་མ་ཡིན་པ་དག་ལེན་དུ་འཇུད་པ་དང་། ཆོས་དང་ཆོས་མ་ཡིན་པ་དག་ལོག་པར་

སྒྲོགས་པར་བྱེད་ན། དབྱེན་རྗེས་སུ་བསྒྲུབ་པ་མི་འཆགས་པ་ལྟ་བུའོ། །འདིར་གཞུང་ནི་ཞུ་བ་ལས་གནས་ནས་ཕྱུང་བ་དང་ལྔས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེ་བར་བརྗོད་པར་བྱའོ། །རྐུ་ཐབས་སུ་གནས་པ་དང་དགུས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེ་བར་
བརྗོད་པར་བྱའོ། །མཚན་གཉིས་པས་ཚུལ་ཤིང་ལེན་ཏམ་རྗེས་སུ་སྒྲོགས་ན། དགེ་འདུན་བྱེ་བར་བརྗོད་པར་བགྱིའམ། དགེ་འདུན་མ་ཕྱེ་བར་བརྗོད་པར་བགྱི། བཀའ་སྩལ་པ། དགེ་འདུན་མ་ཕྱེ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་མཚན་མི་མཐུན་པ་
ཉིད་ནི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། དབྱེན་རྗེས་སུ་སྒྲུབ་པ་འདི་ལ་ཕོ་རྣམས་ལ་ནི་མོ་ཉིད་ཡན་ལག་མ་ཡིན་ལ། མོ་རྣམས་ལ་ཡང་ཕོ་ཉིད་ཡན་ལག་མ་ཡིན་ནོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས། ཉེ་བ་འཁོར་དགེ་སློང་ཁོ་ནས་དགེ་སློང་གི་དགེ་འདུན་འབྱེད་པར་
འགྱུར་གྱི། དགེ་སློང་མས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་འགྱུར་རོ། །དགེ་སློང་མ་ཁོ་ནས་དགེ་སློང་མའི་དགེ་འདུན་འབྱེད་པར་
འགྱུར་གྱི། དགེ་སློང་གིས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་
གིར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། བཞད་གད་ཀྱི་དངོས་པོ་ཞེས་བྱ་བ་ཀུ་རེའི་བསམ་པ་ལས་བྱས་པ་ཐམས་ཅད་ནི་གང་གི་ཡན་ལག་ཏུ་ཡང་མི་འགྱུར་བའོ། །འདིར་གཞུང་ནི་དགེ་འདུན་གྱི་དབྱེན་གྱི་སྐབས་སུ་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་གིས་
འཕྱར་གཡེང་གི་བསམ་པས་རྗེས་སུ་སྒྲོགས་ཤིང་ཚུལ་ཤིང་ལེན་དུ་སྩོལ་ན་དགེ་འདུན་བྱ་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱའོ། །ལས་བགྱིད་པ་ལས་ལྟུང་བ་ཅིར་འགྱུར། དབྱེན་གྱི་སྐབས་ཀྱི་ཉེས་པ་སྦོམས་པོར་འགྱུར་རོ། །གལ་ཏེ་དགེ་འདུན་གྱིས་ཤེས་ན་

དགེ་འདུན་ཐམས་ཅད་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྗེས་སུ་སྒྲོགས་ཤིང་ཞེས་བྱ་བའི་སྒྲ་ནི་ལས་བརྗོད་པ་ལ་བྱའོ། །མི་འཆགས་པའི་བློས་དབྱེན་དང་གནས་ནས་འབྱིན་པ་དག་ནི་སྦོམ་པོའོ་ཞེས་བྱ་བ་ནི་དབྱེན་གྱི་
ལས་དང་གནས་ནས་དབྱུང་བའི་ལས་མི་འཆགས་པར་ཤེས་བཞིན་དུ་མི་འཆགས་ཀྱང་བླའི་འོན་ཀྱང་བྱའོ་སྙམ་པའི་བློས་དབྱེན་དང་གནས་ནས་དབྱུང་བའི་ལས་བྱེད་དམ་དེའི་ཡན་ལག་གི་དངོས་པོ་སྒྲུབ་ན་ཐམས་ཅད་དུ་དབྱེན་གྱི་ཕྱོགས་ཀྱི་སྦོམ་པོར་འགྱུར་བའོ། །དགེ་
འདུན་དུ་མ་གྱུར་པ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། གྲོགས་མེད་པ་ཉིད་དུ་བྱེད་པའམ་གཅིག་དང་ལྷན་ཅིག་གམ། གཉིས་དང་ལྷན་ཅིག་ཏུ་དབྱེན་དང་གནས་ནས་འབྱིན་པ་དག་བྱེད་ན་ཉེས་བྱས་སུ་འགྱུར་བའོ། །འདི་ནི་རྩེད་མོའི་རྣམ་པ་ཡིན་གྱི། རྗེས་སུ་བསྒྲུབ་པའི་
རྣམ་པ་ནི་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གཅིག་གིས་གཅིག་གནས་ནས་འབྱིན་ན་ཉེས་བྱས་སོ། །གཅིག་གིས་གཉིས་སམ། གཅིག་གིས་མང་པོའམ། གཅིག་གིས་བཞིའམ། གཉིས་ཀྱིས་གཉིས་སམ། གཉིས་ཀྱིས་མང་པོའམ། གཉིས་ཀྱིས་
བཞིའམ། གཉིས་ཀྱིས་གཅིག་གམ། མང་པོས་མང་པོའམ། མང་པོས་བཞིའམ། མང་པོས་གཅིག་གམ། མང་པོས་གཉིས་གནས་ནས་འབྱིན་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་
ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་ཡིན་པ་མཚམས་མེད་པ་བྱས་པ་ལ་སོགས་པའི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་བྱས་པ་ཉིད་ནི་བྱས་པ་ཉིད་མ་ཡིན་
ནོ། །འདིར་ཐ་དད་པར་གནས་པ་དག་ཅེས་བྱ་བ་གང་ཡིན་པར་ཤེས་པར་བྱ་ཞེ་ན། འདི་ལྟར་ཁ་སྐོང་བར་འོས་པ་མ་ཡིན་པ་ཐམས་ཅད་ཀྱང་རྣམ་གྲངས་ཀྱིས་ཐ་དད་པར་གནས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་འདིར་ཆོས་མ་ཡིན་པའི་ཕྱོགས་ཁས་བླངས་པ་ནི་ཐ་དད་པར་

གནས་པ་ཉིད་ཡིན་པས་ཐ་དད་པ་ཉིད་དུ་གྱུར་པ་ཡིན་པར་རིག་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་དག་ལ་ཇི་ལྟར་བརྗོད་པར་བྱ་ཞེ་ན། བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པ་དག་གིས་བསླབ་པ་དག་ལ་གུས་པར་བྱ་དགོས་ལ། གསོ་སྦྱོང་དང་དགག་དབྱེ་དག་བྱ་བ་གང་
ཡིན་པ་དེ་ནི་བསླབ་པའི་ཡན་ལག་དང་བསླབ་པ་རྗེས་སུ་སྐྱོང་བར་གྱུར་བ་དག་ཡིན་པས་དེའི་ཕྱིར་ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་དག་བྱས་པ་ནི་མ་བྱས་པ་ཉིད་ཁོ་ན་ཡིན་ནོ། །རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མི་འགྲུབ་པ་ཉིད་ན་
མ་ཡིན་ནོ་ཞེས་བྱ་བ་ནི། ལས་དེ་ལ་རང་གི་འོས་པའི་དགེ་འདུན་བཞིའི་ཚོགས་ལ་སོགས་པའི་དགེ་འདུན་གང་ཡིན་པ་དེ་ལས་དེ་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་ལས་དེ་བྱས་པ་ཉིད་མ་ཡིན་པའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་འདུན་གྱིས་ལས་དེ་མ་ཐོས་ན་ལས་དེ་
བྱས་པ་ཉིད་མ་ཡིན་ནོ། །རང་གི་ཞེས་སྨོས་པས་ནི་དགེ་འདུན་ཉུང་བ་བསལ་ཏོ། །འོས་པ་ཞེས་སྨོས་པས་ནི་དང་པོར་ཉམས་པ་ལ་སོགས་པ་འོས་པ་མ་ཡིན་པ་དག་བསལ་ཏོ། །ཅི་ལས་ཐམས་ཅད་མ་ལུས་པའམ་ཞེ་ན། དེའི་ཕྱིར་གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་
སྨྲས་ཏེ། དགེ་འདུན་དང་ཉན་དུ་གཞུག་པ་གང་ཞེ་ན་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པས་གསོལ་བ་ཙམ་ཐོས་ན་ཡང་ཉམས་སུ་མྱོང་བ་དེ་གྲུབ་པ་ཉིད་ཡིན་ཏེ། དེ་ཙམ་ཐོས་པས་ལས་དེ་བྱས་པ་ཉིད་ཡིན་ནོ། །སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་རབ་ཏུ་
འབྱིན་དུ་བཅུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་གང་ཁྱིམ་ནས་འབྱུང་བའི་སྐབས་མི་རྙེད་ན། སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་དེ་ལ་མངག་པ་འདྲ་བས་རབ་ཏུ་འབྱིན་དུ་འཇུག་
པ་གང་ཡིན་པ་དེ་ནི་ཆོ་ག་མ་ཡིན་པ་མ་ཡིན་ཏེ་ཆོ་ག་ཡིན་པ་ཁོ་ནར་བལྟ་བར་བྱའོ། །མངག་པ་འདྲ་བས་ཞེས་བྱ་བ་ནི། རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མངག་པ་རབ་ཏུ་དབྱུང་བ་གང་ཡིན་པ་དེ་ཉིད་བདག་ཡིན་ལ། བདག་གང་ཡིན་པ་དེ་ཉིད་རབ་ཏུ་དབྱུང་བ་དེ་ཡིན་ནོ་ཞེས་བྱ་བའི་སྒོ་

ནས་རབ་ཏུ་དབྱུང་བ་ཉིད་དང་འདྲ་བ་སྟེ་དེས་སོ། །དགེ་སློང་མས་རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མངག་པ་ཡང་དེ་དང་འདྲ་སྟེ། དེས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་ཡིན་ནོ། །འདིར་གཞུང་ནི་དེ་ལྟ་བས་ན་མངག་པ་དེ་ལྟ་བུ་བསྙེན་པར་རྫོགས་པར་བྱའོ། །བསྙེན་པར་རྫོགས་
པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་བའི་སྐབས་ཀྱིས་ཆོས་བྱིན་གྱི་སྐབས་རྗེས་སུ་གནང་བ་ཡིན་ནོ། །འདི་ལ་རབ་ཏུ་འབྱིན་དུ་གཞུག་པའི་རྣམ་པར་གཞག་པ་གང་ཞེ་ན། དེའི་ཕྱིར་མངག་པ་དེ་ལ་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཞུ་བ་དང་
སྐྱབས་སུ་གཏང་བ་དང་། དགེ་བསྙེན་གྱི་སྡོམ་པ་དང་། རབ་ཏུ་དབྱུང་བ་དང་། ཁས་བླངས་བ་ལ་སོགས་པ་མཁན་པོ་ལ་སོགས་པས་སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་རབ་ཏུ་དབྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མངག་པ་དེ་ལ་རྗེས་སུ་བསྒྲུབ་པར་བྱ་སྟེ། མངག་པ་དེས་
མཁན་པོ་ལ་སོགས་པ་ལས་ལུང་མནོས་ཏེ་དེར་སོང་ནས། རབ་ཏུ་དབྱུང་བ་དེ་ལ་དེ་དག་བསྒོ་བར་བྱ་བ་ཡིན་ཏེ། འདིར་རྣམ་པར་གཞག་པ་དེ་ནི་དེ་ཡིན་ནོ། །འདི་ལྟར་མངག་པའི་ལས་ཀྱིས་བསླབ་པ་སྦྱིན་པ་དེ་ནི་སློབ་དཔོན་དང་འདྲ་བས། དེའི་ཕྱིར་འདིར་མངག་པ་ཡང་བསྙེན་
པར་རྫོགས་པས་བྱ་བར་རྣམ་པར་གཞག་གོ། །ཅི་བྱེ་བྲག་མེད་པར་རམ་ཞེ་ན། དེའི་ཕྱིར་བུད་མེད་ལ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་དབྱུང་བར་བྱ་བ་བུད་མེད་ལ་ནི་མངག་པ་བུད་མེད་ཀྱིས་ཀྱང་བྱར་རུང་། སྐྱེས་པས་ཀྱང་བྱར་རུང་ངོ་། །སྐྱེས་པ་ལ་ནི་སྐྱེས་པ་
ཁོ་ནས་སོ་ཞེས་བྱ་བ་ནི། བུད་མེད་ཀྱིས་མི་བྱ་སྟེ། མཐུ་དང་ལྡན་པའི་ཡུལ་ལ་དམན་པ་དབང་མེད་པའི་ཕྱིར་རོ། །དེ་ལ་མངག་པས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་དང་ཁས་བླང་བ་དག་དེའི་མིང་ཁོ་ནས་བྱའོ་ཞེས་བྱ་བ་སྨྲས་ཏེ། མིང་འདི་ཞེས་བྱ་བ་དེ་རབ་ཏུ་
འབྱུང་བར་གསོལ་ལོ། །རབ་ཏུ་འབྱུང་བ་ཡང་དག་པར་ལེན་ཏོ་ཞེས་དེ་ལྟར་དེའི་མིང་གིས་བྱའོ། །རབ་ཏུ་འབྱུང་བ་ཞུ་བ་ཡང་མངག་པས་དེའི་མིང་ཁོ་ནས་དགེ་འདུན་ལ་ཞུ་བར་བྱའོ། །བསྙེན་པར་རྫོགས་པ་མན་ཆད་གོང་མ་ཡང་ངོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་གོང་མ་བསྙེན་པར་

རྫོགས་པ་མན་ཆད་ཀྱང་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་དང་འདྲ་བའི་གང་བྱ་བ་དེ་མི་རིགས་པ་མ་ཡིན་ཏེ་རགས་པ་ཁོ་ན་ཡིན་པའོ། །འདིར་གོང་མ་ཞེས་བྱ་བ་ནི་སྔར་རབ་ཏུ་བྱུང་བ་ཞེས་སྨོས་པས་དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་བསྟན་པའི་གོང་མ་དགེ་ཚུལ་མའི་སྡོམ་པ་
སྦྱིན་པ་དང་། བསླབ་པའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དག་གོ། །མི་ནོད་ནི་བྱིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་སྦྱིན་པ་དང་། བསླབ་པ་གསོལ་བ་དང་། སྡོམ་པ་སྦྱིན་པ་དག་ལ་ལས་བྱེད་
པ་ན་དེ་དག་འདི་སྐད་ཅེས་བདག་ལ་བསླབ་པ་མ་སྦྱིན་ཅིག་བདག་བསྙེན་པར་རྫོགས་པ་མ་བྱེད་ཅིག་ཅེས་མི་ནོད་ན་སྦྱིན་པར་བྱེད་དུ་ཟིན་ཀྱང་བྱིན་པ་ཉིད་དུ་མི་འགྱུར་བའོ། །དེ་ལ་གསོལ་བ་ཉམས་སོ་ཞེས་བྱ་བ་ནི། མི་ནོད་པ་དེ་ལ་དེས་སྔར་གསོལ་བ་གང་ཡིན་པ་དེ་ཡང་ཉམས་པ་
ཡིན་ཏེ། དེའི་ཕྱིར་བླང་བའི་འདོད་པ་དེ་ཡང་གསོལ་བར་བྱ་བ་ཉིད་ཡིན་ནོ། །སྔར་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ལ་བཞམས་ཏེ་བསྒོ་བར་བྱའོ་ཞེས་གསུངས་པ་དེ་ཉིད་ཆོ་ག་ཡིན་པར་ཤེས་པར་བྱ་སྟེ། དེས་དེ་མ་བསྒྲུབས་ན་ཆོ་ག་ལས་འདས་ན་ལས་མི་
འཆགས་སོ་ཞེས་བསྟན་པས་བསྒོ་བར་བྱ་བ་ལ་ཡང་སྔར་བཞམས་ཏེ་མ་བསྒོ་ན་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གནས་ནས་དབྱུང་བ་ལ་ཡང་སྔར་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཉིད་ཡིན་པ་སྟེ། དེས་ན་གནས་ནས་དབྱུང་བ་ལ་ཡང་བཞམས་
ཏེ་བསྒོ་བ་མ་བྱས་པར་ལས་མི་འཆགས་སོ། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་དག་ལ་ཕ་རོལ་གྱིས་སེམས་གཏད་པ་ཉིད་གཙོ་བོ་ཡིན་ཏེ་
གང་གི་ཕྱིར་དེ་ལྟར་མ་ཡིན་པ་དེའི་ཕྱིར་སེམས་གཏོད་པར་བྱེད་པ་དག་གིས་སེམས་གཏད་ན། ལས་བྱེད་པས་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་མ་བརྗོད་ཀྱང་ལས་མི་འཆགས་པར་དོགས་པར་མི་བྱའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི། དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་གསན་དུ་གསོལ། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག །སེམས་སྡུས་ཤིག་ཅེས་བྱ་བ་སྔགས་དག་བསྡུ་བར་རིག་པར་བྱའོ། །དོན་གྱི་སྐབས་དག་གིས་གོ་རིམས་འཁྲུགས་
པས་ནི་མི་འཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིག་གི་གོ་རིམས་འཁྲུགས་པ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བརྗོད་པར་བྱ་བ་ལ། དགེ་འདུན་
ལས་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བྱ་བ་ལྟ་བུའི་ཚིག་གི་གོ་རིམས་འཁྲུགས་པས་ནི་ལས་མི་འཆགས་པར་མི་འགྱུར་རོ། །དེ་ཡང་ཚིག་གི་ཕྲད་སྔ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མ་ཡིན་ན་ནི་མི་འཆགས་སོ། །གོ་བར་བྱེད་
པ་ཡིན་ན་ནི་འཆགས་སོ། །དེ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིག་མེད་པ་དང་། དོན་གྱི་སྐབས་དག་གི་གོ་རིམས་འཁྲུགས་པ་དེ་ནི་མི་བྱ་བ་ཉིད་དེ། དེ་ནི་ཟུར་ཆག་པ་ཡིན་པས་དེ་ལྟར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མཚན་གཞན་ལ་
བརྟེན་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་མ་ཉིད་དུ་བརྗོད་པ་དང་། དགེ་སློང་མ་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་ཉིད་དུ་བརྗོད་པ་ལ་སོགས་པ་ནི་ལས་མི་འཆགས་པ་མ་ཡིན་པའོ། །འདི་སྐད་བསྟན་ཏེ། མཚན་གཞན་བརྗོད་པས་ནི་ལས་མི་
འཆགས་པར་མི་འགྱུར་ཏེ། རྗོད་པ་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཉིད་ལ་དགེ་སློང་མ་ཉིད་ཀྱི་ལས་བྱེད་པ་མི་འཆགས་པ་མ་ཡིན་ལ། དགེ་སློང་མ་ཉིད་ལ་དགེ་སློང་ཉིད་ཀྱི་ལས་བྱེད་པ་
ཡང་མི་འཆགས་པ་མ་ཡིན་པའོ། །དེ་ལྟ་བས་ན་དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པར་བྱ་བའི་ལས་ཀྱི་ཆོ་ག་གང་ཡིན་པ་དེ་བྱེད་ན་ཉམས་པ་ཅུང་ཟད་ཀྱང་མེད་ཀྱི། དགེ་སློང་མའི་དགེ་འདུན་བ་སོགས་པ་ལ་སོགས་པ་ལྷག་པ་དག་

ཡོད་པར་ཟད་དེ། ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་པས་དེའི་ཕྱིར་དགེ་སློང་མའི་ལས་ཀྱིས་ནི་དགེ་སློང་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །འདི་ལྟར་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པས་དགེ་སློང་མའི་དགེ་འདུན་བ་སོགས་པ་ནི་
ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་པའི་དགེ་སློང་གི་ལས་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡང་དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དག་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་
སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་ཚུལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པར་བརྗོད་པར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་
རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ལས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་དྲུག་ཅུ་གཅིག་པ། ད་ནི་ཕྱིར་བཅོས་
པའི་བཞི་བསྡུ་བའི་ཕྱིར། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཐུར་གྱི་ལས་བྱའོ་ཞེས་བྱ་བ་སྨྲས་ཏེ། ནན་ཐུར་གྱི་ལས་ཀྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་གཞི་དེ་མ་ཞི་ཉེ་བར་མ་ཞི་ཞིང་དེས་ཡོངས་སུ་མ་བཏང་
ཕྱིར་མ་བཅོས་པར་ཤེས་ཤིང་རྣམ་པར་ཤེས་ལ་ཡིད་ཆེས་ཤིང་མངོན་པར་ཡིད་ཆེས་པར་འགྱུར་ནས། གླེང་བ་པོས་ཀྱང་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པ་དེ་ལེགས་པར་སོ་སོར་ཤེས་པར་བྱས་ཤིང་། གླེང་བར་བྱ་བ་དེ་ཡང་དགེ་འདུན་གྱིས་མངོན་སུམ་དུ་འཇོག་ན། དེའི་ཚེ་དགེ་
འདུན་གྱིས་དེ་ལ་ནན་ཐུར་གྱི་ལས་བྱའོ། །དགེ་འདུན་ཐམས་ཅད་ཀྱིས་རང་གིས་གླེང་བར་ནི་མི་བྱའོ། །གང་ལ་གླེང་བ་པོ་མ་བྱུང་བ་དེ་ལ་ཅི་དགེ་འདུན་གྱིས་བཏང་སྙོམས་སུ་བྱའམ། འོན་ཏེ་གླེང་བ་པོ་བསླང་སྟེ་འཇུག་པར་བྱ་ཞེ་ན། དེའི་ཕྱིར་གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་

བསླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལུང་ནི་བསྐྲད་པར་བྱ་བའི་ལས་ལས་ལམ་ཕྱེད་དུ་སོང་ལ། འགྲོ་འགྱོགས་དང་ནབ་སོ་གཉིས་ཀྱི་གླེང་བ་པོ་དགེ་སློང་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཐམས་ཅད་གཤེ་བ་གང་ཡིན་པ་དེ་ནི་མི་རིགས་
ཤིང་མི་མཛེས་པས་དེའི་ཕྱིར་གླེང་བར་བྱ་བ་རྣམ་པ་དེ་ལྟ་བུ་མངོན་སུམ་དུ་གྱུར་པ་ལ་ནན་ཐུར་གྱི་ལས་བསྡིགས་པ་ལ་སོགས་པ་བདུན་པོ་དག་བྱའོ། །ནན་ཐུར་ཞེས་བྱ་བ་ནི། འོག་ཏུ་བཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་གཞག་པར་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བ་མི་སྟེར་ན་གྲགས་
པ་ཙམ་གྱིས་སོ་ཞེས་བྱ་བ་ནི། གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་ན་ཞེས་སྨོས་པ་དེ་གཉིས་ཀྱི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདི་ལྟར་གལ་ཏེ་མངོན་སུམ་ཉིད་མི་སྟེར་ན་དེའི་ཚེ་སོ་སོར་ཤེས་པར་བྱ་བ་ལ་སོགས་པ་བྱར་མི་ནུས་པས་དེའི་ཕྱིར་འཐབ་ཀྲོལ་བྱེད་པ་
ཉིད་ལ་སོགས་པ་རྒྱུ་གྲགས་པ་ཙམ་གྱིས་མངོན་སུམ་གྱི་དངོས་པོ་མི་བསལ་བར་བསྡིགས་པ་ལ་སོགས་པའི་ལས་བྱའོ། །མ་མཐོང་བ་ལ་ནི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ། ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཚེ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་
བའི་ལས་བྱེད་པའི་མ་མཐོང་བ་དེ་ལ་ནི་གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ཏེ། འདི་ལྟར་བྱས་པ་ཡང་དག་པའི་ལྟུང་བ་མ་མཐོང་ཞིང་ལྟུང་བ་ཡང་དག་པ་མ་མཐོང་བ་དེ་ལ་གལ་ཏེ་དེ་བདེན་ཡང་དག་སྟེ། བདག་གིས་
ལྟུང་བ་མ་མཐོང་ངོ་ཞེས་ལེན་ན་དེས་ལྟུང་བ་མཐོང་ཞིང་ཁས་བླངས་པ་ཡིན་པས་རྒྱུ་དེ་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་དེ་ལ་ནན་ཐུར་གྱི་ལས་མི་བྱ་བ་ཉིད་ཡིན་པས་དེའི་ཕྱིར་དེ་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །སྐབས་མི་འབྱེད་ན་ཡང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི།
སྐབས་མི་འབྱེད་ན་ཡང་གྲགས་པ་དང་། མངོན་གསུམ་གྱིས་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་རིགས་པའི་ཕྱིར་རོ། །འདིར་རྒྱུ་གཉིས་ཀྱིས་མི་རིགས་ཏེ། སྐབས་མི་འབྱེད་པའི་གང་ཟག་དེ་ལ་གླེང་བ་ཉིད་ཀྱང་མི་

བྱ་ན་ཁས་ལེན་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་རྒྱུ་གཅིག་གིས་ཀྱང་མི་རིགས་ལ། གང་སྐབས་འབྱེད་པར་མི་བྱེད་པ་དེ་ལ་ཇི་ལྟར་བྱས་ཀྱང་སྐབས་རྙེད་ཅིང་གླེང་བ་ལ་ཁས་བླང་ངོ་སྙམ་དུ་སེམས་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་གཉིས་པ་དེས་ཀྱང་མི་རིགས་སོ། །གླེང་བ་པོ་རང་མ་ལངས་
ན་བསྐོ་བས་བསླང་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གླེང་བ་པོ་རང་མ་ལངས་ན་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེ་རི་ལ་སོང་སྟེ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ཡིན་པ་
རྣམ་པ་མང་པོས་གླེང་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེའི་རི་ལ་མཆིས་ཏེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ལགས་པ་རྣམས་པ་མང་པོས་གླེང་བར་སྤྲོ་ན་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །རྒྱུ་གང་གིས་ནན་ཐུར་གྱི་ལས་བྱ་བ་དེ་སྤྱིར་བསྟན་ནས། ནན་ཐུར་བྱས་པ་ཇི་ལྟར་གྱུར་པ་ལ་བཟོད་པར་བྱ་བ་དེ་བསྟན་པའི་ཕྱིར་རོ། །གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་དང་དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་དང་བླའི་གྲྭ་
དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དང་། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང་། ཁྱིམ་པ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་དག་ལ་མི་སློབ་
པར་མི་བྱེད་པ་དང་། སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་དང་། དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་དང་། འབྱུང་བར་བསྐྱོད་པ་དང་། མཚུངས་པར་ཉེ་བར་སྟོན་པ་དང་། རྒྱུ་ལས་ཕྱིར་བཟློག་པ་བཟོད་པ་གསོལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་འཛིན་པ་
དང་ཞེས་བྱ་བ་ནི། ཚིག་གོང་མ་བཞི་པོ་དང་སོ་སོར་སྦྱར་ཏེ། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་དང་། དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་དང་། བླའི་གྲྭ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་དང་།

དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །མི་བྱེད་པ་ཞེས་བྱ་བ་ཡང་ཚིག་གོང་མ་གསུམ་དང་སོ་སོར་སྦྱར་ཏེ། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་སྤྱོད་
པར་མི་བྱེད་པ་དང་། དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་ཞེས་བྱ་བ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གིས་གཤེ་བ་དང་། ཁྲོ་བ་དང་། སྤྱོ་བ་ཉིད་མི་འཛིན་པ་སྟེ་དེ་དག་མི་འཛིན་ཞིང་བཟོད་པ་
ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་འདུན་གྱི་རྙེད་པ་མེད་པར་བྱ་བ་དང་། དགེ་འདུན་གྱི་གནས་མེད་པར་བྱའོ་སྙམ་དུ་སེམས་
པ་ཉིད་མི་འཛིན་པ་སྟེ། འདིར་དགེ་འདུན་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། དགེ་འདུན་དུ་གྱུར་ཀྱང་རུང་དགེ་འདུན་དུ་མ་གྱུར་ཀྱང་རུང་བའི་དགེ་སློང་བསྡུས་པའམ། རེ་རེ་ལ་དེ་ལྟར་སེམས་པ་ཉིད་མི་འཛིན་པ་སྟེ། དེ་ལྟར་མི་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་
གྱིས་བཟོད་པའི་ལས་བྱའོ། །བླའི་གྲྭ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། བླའི་གྲྭ་ཡང་རྟེན་ཉིད་དུ་མི་འཛིན། འོག་གི་གཟུ་བོ་ཡང་རྟེན་ཉིད་དུ་མི་འཛིན། ཉེ་དུ་ཁྱིམ་པ་དང་རབ་ཏུ་བྱུང་བའི་གང་ཟག་ཀྱང་རྟེན་ཉིད་དུ་མི་འཛིན་པ་སྟེ། དེ་དག་རྟེན་
ཉིད་དུ་མི་འཛིན་ཞིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། དགེ་འདུན་རྟེན་ཁོ་ན་ཡིན་པར་འཛིན་པ་སྟེ། དེ་ལྟར་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །
ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་ཞེས་བྱ་བ་ནི། ཁྱིམ་པའི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་སྟེ་དེ་འཆང་བར་མི་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །མུ་

སྟེགས་ཅན་ལ་བརྟེན་པ་དང་ཆོ་ག་མ་ཡིན་པར་སྤྱོད་པར་མི་བྱེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ལ་རྟེན་པར་མི་བྱེད་པ་དང་། སྤྱོད་པ་དང་སྤྱོད་ལམ་གྱི་རྣམ་པར་གཞག་པ་ཆོ་ག་མ་ཡིན་པ་དག་སྤྱོད་པར་མི་བྱེད་པ་སྟེ། དེ་དག་མི་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་
ལས་བྱའོ། །དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བ་ནི། སྤོང་བས་བསྡུས་པའི་བསླབ་པ་དག་ལ་སློབ་པ་ཁོ་ནར་བྱེད་པ་སྟེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །སྐྲ་འགྲེང་བར་འགྱུར་བ་ཞེས་བྱ་བ་ནི་སྐྲ་དག་གྱེན་དུ་རྣམ་པར་
འགྲེང་བར་གྱུར་པ་ཉིད་དོ། །སྐྲ་འཕྱར་བར་གྱུར་བ་ཞེས་བྱ་བ་ནི་སྐྲ་དག་ཐད་ཀར་རྣམ་པར་འཕྱར་བར་གྱུར་པ་ཉིད་དོ། །དེ་གཉིས་ཀྱིས་ནི་སྨ་བབ་པ་ཉིད་དུ་བསྟན་པ་ཡིན་ཏེ་འདི་ལྟར་སྨ་བབ་པ་ནི་སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་ཡིན་ནོ་ཞེས་གྲགས་པའི་ཕྱིར་ཏེ། དེ་ལྟར་
གྱུར་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡུལ་ལ་སྤུ་འཁུམས་པར་བྱེད་པ་སྟེ། དེ་ནི་རྒྱགས་པ་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་རྒྱགས་པ་དང་བཅས་པ་ནི་