Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 163
Văn bản gốc(Tây Tạng)
Trang 17 / 26 (50.000 ký tự/trang)
ལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །དགེ་སློང་མ་ དགེ་འདུན་ལྷག་མ་རྣམས་ལས་དབྱུང་བ་ལ་ནི། མཚམས་ཀྱི་དགེ་འདུན་གཉི་ག་ཚོགས་པའོ། །དགེ་སློབ་མའི་སྡོམ་པ་སྦྱིན་པ་དང་ཚངས་བར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་། འཁོར་ཉེ་བར་འཇོག་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་ནི་ཡུལ་ དབུས་སུ་དགེ་སློང་མ་བཅུ་གཉིས་ལ་སོགས་པའོ། །བསྙེན་པར་རྫོགས་པ་ལ་ནི་དགེ་སློང་བཅུ་དང་། དགེ་སློང་མ་བཅུ་གཉིས་ལ་སོགས་པའོ། །ལས་གཞན་ཐམས་ཅད་ལ་ནི་བཞི་ལ་སོགས་པའོ་ཞེས་གསུངས་པའི་གྲངས་དེ་བཞིན་ཚང་བའོ། །ལས་བརྗོད་པ་ཞེས་བྱ་བ་ནི། གསོལ་བ་འབའ་ ཞིག་གི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་བརྗོད་པ་དག་ལས་གང་ལ་གང་བྱ་བར་གསུངས་པ་དེ་ལས་མ་ཚང་པ་སྟེ་ལྷག་མ་ལ་ནི་ཉེས་པ་མེད་དོ། །ལས་བྱེད་པ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་ལས་བྱ་བ་ལ་སོགས་པའོ། །ལས་ནི་གསོལ་བ་དང་ བརྗོད་པ་དང་སོ་སོར་ཐར་པ་གདོན་པ་དང་དགག་དབྱེའོ་ཞེས་བྱ་བ་ནི། ལས་ཀྱི་རྣམ་པར་བསྟན་ཏེ། གསོལ་བ་ཞེས་བྱ་བ་ནི། གསོལ་བ་འབའ་ཞིག་གི་ལས་སོ། །བརྗོད་པ་ཞེས་བྱ་བ་ནི། ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པའོ། །སོ་སོར་ཐར་པ་གདོན་པ་ཞེས་བྱ་བ་ནི། གསོ་ སྦྱོང་ངོ་། །དགག་དབྱེ་ཞེས་བྱ་བ་ནི། དབྱར་གནས་པའི་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་བྱའོ། །ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་ཆགས་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཐོས་པར་བྱ་བ་མ་ཡིན་པ་བསྙེན་པར་མ་རྫོགས་པ་ལ་སོགས་པས་ཐོས་པས་ནི་ལས་མི་འཆགས་ པར་མི་འགྱུར་ཏེ་འཆགས་པ་ཁོ་ནའོ། །ལས་བྱེད་པ་ལ་སོགས་པ་དག་ལ་ལྟུང་བ་ཙམ་དུ་ནི་འགྱུར་རོ། །དེ་ལྟར་ཡང་། ཀུན་དགའ་བོ་ཁྱོད་ཀྱིས་རྒྱལ་པོ་གསོ་སྦྱོང་གི་ཕྱིར་སོ་སོར་ཐར་པ་འདོན་པ་ཉན་དུ་མ་བཅུག་པ་ཉེས་སོ་ཞེས་གསུངས་པ་ཡིན་ནོ། །མི་འཆགས་པ་མི་བྱའོ་ཞེས་བྱ་བ་ནི། ལས་གང་ལ་འཆགས་པ་མེད་པ་དེ་ནི་མི་འཆགས་པ་སྟེ། ལས་དེ་ནི་མི་བྱའོ། །དེ་ལྟར་ཡང་ཆོས་མ་ཡིན་པ་ལས་བྱེད་པ་ནི་མི་འཆགས་ལ། དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ད་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་ སོ་ཞེས་སྨྲས་པ་གང་ཡིན་པ་དེ་བརྗོད་པར་བྱའོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི། ཆོས་མ་ཡིན་པས་ལས་མི་བྱ་བ་སྟེ། ཆོས་མ་ཡིན་པ་ཞེས་བྱ་བ་ནི། གླེང་བར་མ་བྱས། དྲན་པར་མ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་པར་ཆད་པའི་ལས་བྱེད་དུ་གཞུག་པ་ལ་སོགས་པའོ། ། ལས་ཀྱི་གཞི་ལས་གཞན་པ་དག་ལ་ཆད་པའི་ལས་ནི་མངོན་སུམ་དུ་བྱེད་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པའི་ཆོ་ག་འབྱུང་བ་དེ་དག་ཀྱང་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །མི་མཐུན་པ་དག་མི་བྱའོ་ཞེས་བྱ་བ་ནི་ལས་སོ། །ཚོགས་ཀྱིས་མི་བྱའོ་ཞེས་བྱ་བ་ནི། ཚོགས་ཀྱིས་ཚོགས་པའི་ ལས་དག་མི་བྱ་བ་སྟེ། འདི་ལྟར་ཚོགས་ཀྱིས་གཞི་ལ་སོགས་པའི་ལས་དག་བྱེད་ན་དགེ་འདུན་གྱི་དབྱེན་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིར་ཚོགས་ཞེས་བྱ་བ་ནི་དགེ་འདུན་དུ་ལངས་པ་སྟེ། བཞི་ཡན་ཆད་དོ། །དེ་ནི་དགེ་སློང་དང་དགེ་སློང་མའི་ཡུལ་གཉིས་ཀ་ལ་བཞི་ཡན་ཆད་ ཚོགས་ཡིན་པར་འདྲའོ། །དགེ་འདུན་དུ་མ་གྱུར་པ་དག་གིས་མི་བྱའོ་ཞེས་བྱ་བ་ནི། ལས་སོ། །ལས་གང་ལ་དུ་དག་དགེ་འདུན་ཉིད་ཡིན་ཞེ་ན་དེའི་ཕྱིར། དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ ལས་གང་ཡིན་པ་དེ་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ་ཞེས་བྱ་བ་ནི། དགེ་སློང་ཡུལ་དབུས་སུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་དགེ་འདུན་ཉིད་ཡིན་པའོ། །མཐའ་འཁོབ་ དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི། དགེ་སློང་ཡུལ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་མེད་ན་འདུལ་བ་འཛིན་པ་ཞེས་བྱ་བ་ལས་བྱེད་པ་ཉིད་དུ་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་ གཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱའོ། །དེས་ན་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་མགུ་བ་དང་དབྱུང་བའི་ལས་ལ་ནི་མཚམས་གཉི་ག་ན་དགེ་སློང་དང་དགེ་སློང་མ་གཉི་གའི་དགེ་འདུན་ཐམས་ཅད་ཚོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་དབུས་སུ་བསྙེན་པར་ རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་དང་དགེ་སློང་མ་བཅུ་གཉིས་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་མེད་ན་དགེ་སློང་འདུལ་བ་འཛིན་པ་ཉིད་གཏོགས་པར་ལྔ་ལ་སོགས་པ་དང་། དགེ་སློང་ མ་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ལ་སོགས་པའི་གཉི་གའི་དགེ་འདུན་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་གཞིའི་ཆོ་ག་ཁོ་ན་ལ་བརྟན་པར་བྱའོ། །དགེ་སློང་མའི་སྡོམ་པ་སྦྱིན་པ་ལ་ནི་དབུས་དང་མཐའ་འཁོབ་ཏུ་དགེ་སློང་མའི་གྲངས་བསྙེན་པར་རྫོགས་པར་བྱ་བའི་ལས་དང་ འདྲ་བར་ཤེས་པར་བྱ་བའོ། །ལྷག་མ་ལ་ནི་བཞི་ལ་སོགས་པའོ་ཞེས་བྱ་བ་ནི། དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བའི་ལས་མ་གཏོགས་པ་དེ་དག་གི་ལྷག་མའི་ལས་ལ་ནི་དགེ་སློང་བཞི་ལ་སོགས་པ་དགེ་འདུན་ཉིད་ཡིན། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པ་གཏོགས་པར་ལྔ་ལ་ སོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་ལས་ནི་བསྙེན་པར་རྫོགས་པ་དང་དགག་དབྱེའི་ལས་མ་གཏོགས་པ་གཞན་ཐམས་ཅད་དགེ་སློང་དང་ཐ་དད་པ་ཉིད་དུ་བྱ་བ་ཉིད་ཡིན་ནོ། །དེ་ལྟར་ཡང་དགེ་སློང་ རྣམས་ཀྱི་ལས་དག་ཀྱང་ཐ་དད་པ་ལ་དགེ་སློང་མ་རྣམས་ཀྱི་ལས་དག་ཀྱང་ཐ་དད་དོ་ཞེས་གསུངས་པ་ཡིན་ནོ། །དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་བྱ་དགོས་པའོ། །ཡང་ངོ་ཞེས་བྱ་བའི་སྒྲས་ ནི། དགེ་སློང་མའི་དགེ་འདུན་ལ་ཡང་བྱ་དགོས་པར་བསྟན་ཏོ། །འདི་ལྟར་དགེ་སློང་མ་རྣམས་ཀྱི་དགག་དབྱེ་བ་ནི་གཉི་གའི་དགེ་འདུན་ལ་བྱ་དགོས་པའི་ཕྱིར་རོ། །གསོ་སྦྱོང་ནི་དེ་དང་མཐུན་པ་འགྲུབ་པ་རྣམས་ཀྱིས་སོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་ནི་མཐུན་པ་གྲུབ་པ་ རྣམས་ཀྱིས་བྱ་བར་རིག་པར་བྱ་སྟེ། སུ་དང་མཐུན་པ་ཞེ་ན། དགེ་སློང་གི་དགེ་འདུན་དེ་དང་སྟེ། དགེ་སློང་མ་དེ་དག་གི་གསོ་སྦྱོང་ཐ་དད་པ་ཡིན་མོད་ཀྱི། གལ་ཏེ་དགེ་སློང་གི་དགེ་འདུན་དང་མཐུན་པར་གྱུར་པ་རྣམས་ཀྱིས་གྲུབ་ཀྱི། མ་གྱུར་པ་རྣམས་ཀྱིས་མི་འགྲུབ་བོ། །ཇི་ ལྟར་ན། དེ་དག་གིས་དགེ་སློང་གི་དགེ་འདུན་དང་གསོ་སྦྱོང་མཐུན་པ་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། འདུན་པ་དང་གསོ་སྦྱོང་འབུལ་བས་དེ་བསྒྲུབ་བོ་ཞེས་བྱ་བ་སྨྲས་ཏེ། འདུན་པ་དང་གསོ་སྦྱོང་དག་འབུལ་ཞིང་སྟོབས་པས་དེ་མཐུན་པ་དེ་བསྒྲུབ་པར་བྱའོ། །དགེ་སློང་མའི་དགེ་འདུན་གྱི་ འདུན་པ་དང་གསོ་སྦྱོང་དགེ་སློང་མ་གཉིས་ཀྱི་དགེ་འདུན་ལ་དབུལ་བར་བྱ་སྟོབས་པར་བྱ་ཐོབ་པར་བྱ་སྟེ། དེ་ལྟར་ན་དགེ་སློང་མ་རྣམས་ཀྱི་མཐུན་པར་འགྲུབ་པར་འགྱུར་རོ། །འདི་ལ་གཉིས་ཀྱིས་བྱའོ་ཞེས་བྱ་བ་ནི། འདུན་པ་དང་གསོ་སྦྱོང་དབུལ་བ་འདི་ལ་དགེ་སློང་མ་གཉིས་ཀྱིས་དགེ་ སློང་མའི་དགེ་འདུན་ལས་བླང་ཞིང་དགེ་སློང་དགེ་འདུན་ལ་དབུལ་བར་བྱ་བའོ། །དེ་གཉིས་ནུས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། དགེ་སློང་མ་དེ་གཉིས་འདུན་པ་དང་གསོ་སྦྱོང་འབུལ་བར་ནུས་པ་ཉིད་ཀྱིས་དབུལ་བར་བྱའོ། །མེད་ན་གཅིག་གོ་ཞེས་བྱ་བ་ནི། དགེ་སློང་མ་གཉི་གས་ནུས་ པ་ཉིད་མེད་ན་གཅིག་གིས་ནུས་པ་ཉིད་ལ་དབུལ་བ་བརྟེན་པར་བྱ་བ་ཁོ་ན་ཡིན་ནོ། །དགེ་སློང་གིས་དགེ་འདུན་གྱི་ལེན་པའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་དགེ་འདུན་གྱིས་འདུན་པ་དང་། དགེ་སློང་དགེ་སྦྱོང་མ་དེ་གཉིས་ལས་ལེན་ པའི་དགེ་སློང་གཅིག་བསྐོ་བར་བྱ་བའོ། །དེ་སྒོ་གང་དུ་བསྡད་པར་བྱའོ་ཞེས་བྱ་བ་ནི། ལེན་པར་བསྐོས་པའི་དགེ་སློང་དེས་དེའི་ཚེ་ན་སྒོ་གང་དུ་བསྡད་པར་བྱ་བའོ། །འབྲོས་ན་ཤད་ཀྱིས་སྦྱོང་ངོ་ཞེས་བྱ་བ་ནི། གལ་ཏེ་ལེན་པར་བསྐོས་པའི་དགེ་སློང་དེ་འཇིགས་པ་དང་བཅས་པའི་ཕྱིར་ འབྲོས་པར་བྱེད་ན་དེའི་ཚེ་དགེ་སློང་དེ་ལ་དགེ་སློང་མ་དེ་གཉིས་ཀྱིས་ཤད་ཀྱིས་སྦྱང་བར་བྱ་བའོ། །དེས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། གལ་ཏེ་དེའི་ཚེ་ན་དགེ་སློང་མ་དེ་གཉིས་འབྲོས་ན་དགེ་སློང་དེས་ཀྱང་དེ་བཞིན་དུ་ཤད་ཀྱིས་སྦྱང་བར་བྱའོ། །འབྲོས་པར་མི་བྱའོ་ཞེས་བྱ་བ་ནི། ལེན་ པར་བྱེད་པའི་དགེ་སློང་དེ་དང་དབུལ་བར་བྱེད་པའི་དགེ་སློང་མ་དེ་གཉིས་འབྲོས་པར་མི་བྱ་བའོ། །མི་ཤེས་ན་མིང་རུས་དྲིའོ་ཞེས་བྱ་བ་ནི། དབུལ་བར་བྱེད་པའི་དགེ་སློང་མ་དེ་གཉིས་ཀྱིས་ལེན་པར་བྱེད་པའི་དགེ་སློང་དེ་མི་ཤེས་ན་དེ་གཉིས་ཀྱིས་དེའི་མི་རུས་དྲི་བར་བྱའོ། །མགུ་བ་དང་དབྱུང་བ་ ནི་གཉི་ག་རྫོགས་པ་ལའོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་དགེ་འདུན་ལྷག་མ་བྱུང་བའི་མགུ་བར་བྱ་བ་དང་དབྱུང་བ་ནི་དགེ་སློང་མའི་དགེ་འདུན་འབའ་ཞིག་ལ་བྱ་བ་མ་ཡིན་གྱི། དགེ་སློང་དང་དགེ་སློང་མ་གཉི་གའི་དགེ་འདུན་ཚོགས་པ་དུས་གཅིག་ཏུ་གནས་གཅིག་ན་འཁོད་པ་དག་ལ་ བྱ་བའོ། །བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་དེ་ཡང་གཉི་གའི་དགེ་འདུན་ཚོགས་པ་ལ་བྱ་བའོ། །འདི་ལ་དེ་དག་གི་ཚོགས་ནི་བཅུ་གཉིས་སོ་ཞེས་བྱ་བ་ནི། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་འདི་ལ་ཡུལ་ དབུས་སུ་ནི་དགེ་སློང་མ་དེ་དག་གི་ཚོགས་བཅུ་གཉིས་ཡན་ཆད་དོ། །ཡུལ་མཐའ་འཁོབ་ཏུ་ནི་དགེ་སློང་མ་བཅུ་གཉིས་མེད་ན་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ཡན་ཆད་དོ། །བཅུ་གཉིས་ཡོད་ན་ནི་གཞིའི་ཆོ་ག་ཁོ་ནས་བསྙེན་པར་རྫོགས་པར་བྱ་བའོ། །སྔོན་རོལ་གྱི་སྡོམ་པ་ གཉིས་དང་འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པ་དང་བཅས་པའི་དགེ་འདུན་གྱི་མཐའོ་ཞེས་བྱ་བ་ནི། དགེ་སློང་མའི་ཚོགས་བཅུ་གཉིས་ཞེས་སྔར་བསྟན་པ་དེ་ནི་དགེ་སློང་མ་བསྙེན་པར་རྫོགས་པའི་སྔོན་རོལ་གྱི་སྡོམ་པ་གཉིས་པོ་བསླབ་པའི་སྡོམ་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་། །བསྙེན་པར་རྫོགས་པའི་འོག་ཏུ་ལོ་བཅུ་གཉིས་ལོན་ཞིང་ནུས་པའི་ཚེ་འཁོར་ཉེ་བར་འཇོག་པའི་སྣང་བ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་སྣང་བ་ཞེས་བྱ་བ་སྡོམ་པ་གཉིས་དང་། གནང་བ་གཉིས་ པོ་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་མའི་གྲངས་ཀྱི་མཐའ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། དགེ་སློང་མ་བསྙེན་པར་རྫོགས་པའི་མདུན་རོལ་དུ་དགེ་སློབ་མའི་བསླབ་པའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ དང་། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་ཞིང་ནུས་པའི་ཚེ་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། འཁོར་མང་པོ་ཉེ་བར་འཁོར་བའི་གནང་བ་སྦྱིན་པ་དང་། གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱེད་པའི་ལས་ལྔ་པོ་དེ་དག་ལ་ དགེ་སློང་མའི་དགེ་འདུན་གྱི་གྲངས་ཡུལ་དབུས་སུ་ནི་བཅུ་གཉིས་ཡན་ཆད་དགེ་འདུན་ཉིད་ཡིན་ནོ། །མཐའ་འཁོབ་ཏུ་ནི་བཅུ་གཉིས་མེད་ན་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ཡན་ཆད་དགེ་འདུན་ཉིད་དོ། །བཅུ་གཉིས་ཡོད་ན་ནི་མཐའ་འཁོབ་ཏུ་ཡང་གཞིའི་ཆོ་ག་ཉིད་ལ་བརྟེན་ པར་བྱའོ། །ལྷག་མ་དག་གིས་ཚོགས་ནི་བཞིའོ་ཞེས་བྱ་བ་ནི། དགེ་སློང་མའི་ལས་ལྔ་པོ་ཇི་སྐད་བསྟན་པ་དེ་དག་གི་ལྷག་མ་དགེ་སློང་མའི་དགེ་འདུན་གྱིས་ལས་གཞན་ཐམས་ཅད་ལ་ནི་དགེ་སློང་མ་བཞིའི་ཚོགས་ཡན་ཆད་ཀྱིས་ལས་བྱར་རུང་པའོ། །དེ་ལྟར་ཡང་འདིར་གཞུང་ནི། དགེ་སློང་མ་རྣམས་ཀྱིས་ཚོགས་བཞིས་ལས་དག་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་མ་ལས་བྱེད་པས་ལས་མི་ནུས་ན། དེས་དགེ་སློང་གིས་བྱས་པའི་ཚིག་ངེས་པར་བརྟགས་ན་རུང་ངོ་ཞེས་བྱ་བ་ནི། དགེ་སློང་མ་ལས་བྱེད་པས་ལས་བྱེད་མི་ནུས་ ན་དེས་དགེ་སློང་གིས་ལས་བྱས་པའི་ཚིག་ངེས་པར་བརྟགས་ཤིང་ཐོས་ན་དེ་ལས་བྱས་པ་ཉིད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་མ་ལས་བྱེད་པས་ལས་མི་ནུས་ན། དེས་དགེ་སློང་ལས་བྱེད་པའི་ཚིག་མཉན་ཏེ་རུང་བར་རིག་པར་བྱའོ། །ཇི་ཙམ་ཡན་ཆད་ཅེ་ན་དེའི་ཕྱིར་ འདི་ལྟར་ཅང་མི་གསུང་བས་ཞེས་བྱ་བའི་གོང་ཡན་ཆད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་ཆེ་གེ་མོ་ཞིག་ལགས་ཏེ་ཞེས་བྱ་བ་ཡན་ཆད་ནི་དགེ་སློང་གིས་བྱས་པ་མཉན་ན་རུང་ངོ་། །འདི་ལྟར་ཅང་མི་གསུང་ བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི། དགེ་སློང་མ་ལས་བྱེད་པ་ཉིད་ཀྱིས་ངེས་པ་ཁོ་ནར་བརྗོད་པར་བྱ་དགོས་སོ། །མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་མ་ཚང་བའི་ཚེ་ལས་ཀྱི་མཚམས་དེ་ཉིད་ན་དགེ་སློང་ས་ལ་མི་འདུག་པར་འགྲེང་བ་གང་ ཡིན་པ་དེ་ནི་དགེ་འདུན་ཚང་བར་བྱ་བའི་ཕྱིར་ཁ་སྐོང་བ་ཉིད་མ་ཡིན་ཏེ། སྤྱོད་ལམ་ཐ་དད་པ་འདུག་པས་ཐ་དད་པ་ཉིད་དུ་སྣང་བའི་ཕྱིར་རོ། །གང་ལ་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་གང་ལ་བསྐྲད་པ་ལ་སོགས་པའི་ལས་བྱ་བའི་གང་ཟག་དེ་ཉིད་ཀྱང་ཁ་སྐོང་བ་ཉིད་མ་ཡིན་པའོ། ། དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་པའི་གང་ཟག་གིས་འདུན་པ་དང་ཡོངས་སུ་དག་པ་ཕུལ་ནས་བདག་ཉིད་ལས་ཀྱི་གནས་སུ་མ་འོངས་ན་དེས་འདུན་པ་དང་ཡོངས་སུ་དག་པ་ཕུལ་ བ་དེས་ཀྱང་ཁ་སྐོང་དུ་མི་རུང་བ་ཉིད་ཡིན་པའོ། །དེ་བས་ན་གང་ཟག་གསུམ་གྱིས་འདུན་པ་དང་ཡོངས་སུ་དག་པ་བླངས་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལས་གང་ཡང་མི་བྱའོ། །དེ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཁ་སྐོང་བར་བྱེད་ པའི་གང་ཟག་གིས་འདུན་པ་དང་ཡོངས་སུ་དག་པ་དེ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ཏེ། བདག་ཉིད་ལས་ཀྱི་གནས་སུ་འགྲོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ་ཞེས་བྱ་བ་ནི། ཁ་སྐོང་བར་བྱེད་པ་དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོ་བ་ སྟེ། དགེ་སློང་གསུམ་གྱི་སྟེང་དུ་དགེ་སློང་གཅིག་གིས་ཁ་བསྐང་སྟེ། དགེ་འདུན་དུ་གྱུར་བའི་དུས་ན་དེ་དགག་དབྱེ་བྱེད་པ་ཉིད་དུ་བསྐོར་མི་རུང་སྟེ། འདི་ལྟར་དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་བའི་ཕྱིར་རོ། །དགེ་སློང་བཞིའི་སྟེང་དུ་ལྔ་པ་གཅིག་གིས་ ཁ་བསྐང་ན་ནི་དེ་དག་དགག་དབྱེ་བྱེད་པ་ཉིད་དུ་བསྐོར་རུང་སྟེ། དགག་དབྱེ་བྱེད་པ་མ་གཏོགས་པར་བཞིའི་ཚོགས་དགེ་འདུན་དུ་གྱུར་པ་ཡོད་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་ པར་གནས་པ་རྣམས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ཀྱང་ཁ་སྐོང་བ་ཉིད་མ་ཡིན་པའོ། །སྡིག་པའི་ལྟ་བ་ཅན་ཞེས་བྱ་བ་ནི། ཚངས་པའི་དྲ་བ་ཞེས་བྱ་བའི་མདོ་སྡེ་ལས་གསུངས་པའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས་གང་ཡང་རུང་བ་ཀུན་དུ་སྤྱོད་པའོ། །འདིས་ནི་ཐམས་ ཅད་ལྟ་བ་མཐུན་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འདུས་པ་འཁོད་པ་དག་གིས་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་གཉིས་ཀྱི་ལས་དང་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །ས་གཞན་ན་གནས་པ་ཞེས་བྱ་བ་ནི། སྤོ་བ་ལ་སོགས་ པ་ཆད་པའི་ལས་བྱེད་པའོ། །འདིས་ནི་བཞིའི་ཚོགས་ཀྱིས་ལས་བྱ་སྟེ། སྤོ་བ་བྱེད་པ་དང་བཞིས་བྱེད་ན་ཆོས་མ་ཡིན་པ་ལས་བྱེད་པ་ཡིན་ནོ། །གཞི་ནས་སྤོ་བ་བྱེད་པ་དང་མགུ་བ་སྤྱོད་པ་དང་། གནས་ནས་ཕྱུང་བ་དང་བཞིས་བྱེད་ན་ཆོས་མ་ཡིན་པས་བྱེད་པ་ཡིན་ནོ་ཞེས་གསུངས་པ་བསྡུས་པ་ ཡིན་ནོ། །འདིར་གནས་ནས་ཕྱུང་བ་ཞེས་སྨོས་པ་ནི་སྤོ་བ་བྱེད་པ་དག་གི་དཔེ་ཡིན་ནོ། །སྤོ་བ་བྱེད་པ་ལ་སོགས་པ་སྨོས་པས་ནི་བསླབ་པ་བྱིན་པ་ཡང་གཟུང་བར་གྲུབ་སྟེ། བསླབ་པ་བྱིན་པ་ནི་ཆེས་སྨན་པ་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་ཞེས་བྱ་བ་ནི། འདིར་ཆོས་དང་མཐུན་པའི་ ཕྱོགས་མ་ཡིན་པ་ཁས་བླངས་པ་ཡིན་པར་ཤེས་པར་བྱ་སྟེ། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཁས་བླངས་པའི་ཐ་དད་པར་གནས་པ་ནི་སྡིག་པའི་ལྟ་བ་ཅན་ཞེས་སྨོས་པ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །དེ་བས་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཁས་བླང་པ་དག་གི་ལས་དག་ལ་ ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་པའི་ཐ་དད་པར་གནས་པ་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཁྲུལ་པ་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང་། ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ། །ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། ཐམས་ཅད་ཚུལ་ཁྲིམས་ ཡོངས་སུ་དག་པ་ཞེས་གསུངས་པས། དེའི་ཕྱིར་མདོ་འདི་བྱས་སོ། །འདིར་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ལྟུང་བ་ཐམས་ཅད་ཡོངས་སུ་དག་པས་ཡོངས་སུ་དག་པ་ཡིན་གྱི། ཕམ་པར་འགྱུར་བ་ཉིད་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི། སིལ་བུ་དག་ལས། བཙུན་པ་ ཇི་ཙམ་གྱིས་རང་བཞིན་དུ་གནས་པ་མ་ལགས་པར་འགྱུར། ཉེ་བ་འཁོར་ཇི་ཙམ་གྱིས་ལྷག་པར་སྤྱད་པ་མ་ཡིན་པ་ལྷག་པར་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་སྟེ། ཉེ་བ་འཁོར་དེ་ཙམ་གྱིས་རང་བཞིན་དུ་གནས་པ་མ་ཡིན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཉེས་བྱས་ལ་ སོགས་པ་གང་ཡང་རུང་བས་འཁྲུལ་པར་གྱུར་ཅིང་ཇི་སྲིད་དུ་འཆགས་པར་མི་བྱེད་དམ་བྱིན་གྱིས་རློབ་པར་མི་བྱེད་པ་དེ་སྲིད་དུ་དེ་དགེ་སློང་གི་རང་བཞིན་ཡོངས་སུ་དག་པ་ལས་ཉམས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ཀྱིས་རང་བཞིན་དུ་གནས་པ་མ་ཡིན་པ་དེ་བསྟན་ཏོ། །རང་བཞིན་དུ་གནས་ པ་མ་ཡིན་པ་དེ་ཉིད་ཀྱིས་ནི་ཕྱིར་ཟློག་པར་འོས་པ་ཉིད་མ་ཡིན་པར་གསུངས་ཏེ། དེ་ལྟར་ཡང་འདིར་གཞུང་ནི། བཙུན་པ་གང་ཟག་དུ་དག་གིས་སླར་བཟློག་པར་མི་འཆགས། ཉེ་བ་འཁོར་བཅུ་གཉིས་ཀྱིས་ཏེ་བྱིས་པ་དང་རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་དང་། ངོ་ཚ་མེད་ པ་དང་། ནད་དང་བཅས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང་། གནས་ནས་ཕྱུང་བ་དང་། ཚིག་ཡང་དག་པར་མ་བསྡམས་པ་དང་། སྤྱོད་ལམ་ལས་ཉམས་པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་དང་། བསླབ་པ་བྱིན་པས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་ཕྱིར་ ཟློག་པ་མི་འཆགས་པས་དེའི་ཕྱིར་ཕམ་པར་འགྱུར་བ་མ་བྱུང་བ་ཙམ་ཉི་ཚེ་རང་བཞིན་དུ་གནས་པ་མ་ཡིན་ཏེ་ལྟུང་བ་ཐམས་ཅད་ཡོངས་སུ་དག་པར་རང་བཞིན་དུ་གནས་པ་ཞེས་བྱའོ། །འདི་ལྟར་ཕམ་པར་འགྱུར་བ་འབྱུང་བ་དང་ནི་ལྷན་ཅིག་འདུལ་བའི་ཐ་སྙད་བྱ་བ་མེད་པ་ཁོ་ན་ ཡིན་པས་དེའི་ཡུལ་ལ་ནི་ཕྱིར་ཟློག་པ་མི་སྐྱེའོ་ཞེས་བྱ་བ་འདི་བསམ་པར་མི་བྱ་སྟེ། ཁྱིམ་པ་དང་འདྲའོ། །གང་གིས་འཁྲུལ་པ་དང་བཅས་པ་ཡིན་ཞེ་ན། དེའི་ཕྱིར་བསྡམ་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ་ཞེས་བྱ་བ་སྨྲས་ཏེ། བཤགས་ པར་བྱ་བའི་ཉེས་བྱས་འབའ་ཞིག་གིས་འཁྲུལ་པ་དང་བཅས་པ་ཡིན་པར་མ་ཟད་ཀྱི། བསྡམ་པར་བྱ་བའི་ཉེས་བྱས་ཀྱིས་ཀྱང་འཁྲུལ་པ་དང་བཅས་པ་ཉིད་ཡིན་པར་འགྱུར་རོ། །འདི་ལ་ཁ་ཅིག་ན་རེ། གལ་ཏེ་ཉེས་བྱས་ཙམ་གྱིས་ཀྱང་ཁ་སྐོང་བ་ཉིད་དུ་རྣམ་པར་མི་གཞག་ན། དེའི་ཚེ་བཅོམ་ ལྡན་འདས་ཀྱིས་བསྟན་པ་ལས་སོ་སོར་ཐར་པའི་སྡོམ་པ་དྲུངས་ནས་ཕྱུང་བར་འགྱུར་བས། དེའི་ཕྱིར་འདིར་འཁྲུལ་པ་དང་བཅས་པ་ཁ་སྐོང་བ་ཉིད་མ་ཡིན། བསྒྲུབ་པར་འདོད་ན་དེའི་ཚེ་ཕམ་པར་འགྱུར་བའི་ལྟུང་བ་གང་ཡང་རུང་བ་བྱུང་བ་ནི་འཁྲུལ་པ་དང་བཅས་པ་ཡིན་པས་དེ་ནི་ཁ་སྐོང་ བ་ཉིད་མ་ཡིན་པར་རིགས་ཀྱི། ལྟུང་བ་གཞན་བྱུང་བ་ནི་ཁ་སྐོང་བ་ཉིད་དུ་རུང་ངོ་ཞེས་ཟེར་བ་དག་ཡོད་དེ། དེ་དག་ནི་རང་དགའ་དང་འདོད་རིས་ཀྱི་དབང་གིས་བདག་ཉིད་ཀྱང་རབ་ཏུ་ཉམས་པར་བྱེད་ཅིང་གཞན་ཡང་རབ་ཏུ་ཉམས་པའི་ལམ་ལ་འཇུག་པ། བདེ་བར་ གཤེགས་པའི་བསྟན་པ་མར་གྱི་སྙིང་ཁུ་ལྟ་བུ་ལ་མི་གཙང་བའི་བཙོག་ཆུས་སླད་པར་བྱེད་པ་ཡིན་པས། འདིར་དེ་དག་གི་ལུགས་ཀྱི་རྗེས་མི་བསྙགས་པར། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད། བདག་དང་གཞན་གྱི་ གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་སྙིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པར་གྱུར་པས་འདུལ་བའི་གཞུང་ལུགས་ཐམས་ཅད་དང་བསྟུན་ཏེ་མདོར་བྱས་པ་འདི་ཉིད་ཚད་མར་བལྟ་བར་བྱ་བའོ། །འདིར་ཉེས་བྱས་ལ་སོགས་ པའི་འཁྲུལ་པ་དང་བཅས་པས་ནི་བཤགས་པ་དང་བྱིན་གྱིས་བསླབ་པ་དག་གིས་ཆོས་བཞིན་དུ་ཕྱིར་གསོ་བར་བྱ་སྟེ། དགེ་འདུན་གྱི་ཁ་སྐོང་བར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི། དགག་དབྱེའི་གཞི་ལས་གལ་ཏེ་བསྡམ་པར་བྱ་བ་ཤེས་ན། བསྡམ་པར་བྱས་ལ་དགག་ དབྱེ་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཤགས་པ་མེད་པར་ཡང་དག་པར་འགྱུར་བ་སྲིད་པར་བསྟན་པའི་ཕྱིར་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མ་དང་སྤང་པའི་ལྟུང་བྱེད་ནི་བྱིན་གྱིས་བརླབས་ཏེ་འདུག་པར་བྱའོ། ། ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་། བསླབ་པ་མང་པོ་རྣམས་ལས་བཤགས་པར་བྱ་བ་རྣམས་ནི་ལེན་པར་བྱེད་པ་ཡོད་ན་ངེས་པ་ཁོ་ནར་བཤགས་པར་བྱ་སྟེ་འདུག་པར་བྱ་བའོ། །ལེན་པར་བྱེད་པ་མེད་ན་ནི་བྱིན་གྱིས་བརླབས་ཏེ་འདུག་པར་བྱའོ། །བསྡམ་པར་བྱ་བ་རྣམས་ནི་ བསྡམས་ཏེ་འདུག་པར་བྱ་བའོ། །ནུས་པ་ཉིད་ཡིན་ན་མི་འགྱུར་རོ་ཞེས་བྱ་བ་ནི། ལྟུང་བྱེད་ལ་སོགས་པ་བཤགས་པར་བྱ་བ་འཆགས་ནུས་པ་ཉིད་ཡིན་ན་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི་འགྱུར་བའོ། །འདིར་གཞུང་ནི་དགག་དབྱེའི་གཞི་ལས། གལ་ཏེ་ཕམ་པར་འགྱུར་བ་ དག་ཤེས་ན། བསྙིལ་སྟེ་དགག་དབྱེ་བྱའོ། །གལ་ཏེ་དགེ་འདུན་ལྷག་མ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སྤང་བ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སོ་སོར་བཤགས་ པར་བྱ་བ་དག་ཤེས་ན་སོ་སོར་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བཤགས་པར་བྱ་བའི་ཉེས་བྱས་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བསྡམ་པར་བྱ་བའི་ཉེས་བྱས་དག་ཤེས་ན་བསྡམས་ཏེ་དགག་དབྱེ་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ལྟུང་བྱེད་ལ་སོགས་པ་ བཤགས་པར་གསུངས་པ་ནི་ཉི་མ་དེ་ཉིད་ལ་ཕྱིར་བཅོས་པར་ནུས་པའི་ཕྱིར་རོ། །དེ་བས་ན་བཤགས་པར་ནུས་པ་ཉིད་ཡིན་ན་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཏོ། །ནུས་པ་ཉིད་གང་ཞེ་ན། དེའི་ཕྱིར་དེའི་ཚེ་ལེན་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང་ སོ་སོར་བཤགས་པར་བྱ་བ་དང་ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ནི་ནུས་པ་ཡིན་ཏེ་བཤགས་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་གང་ལ་ལས་བྱེད་པའི་ཉི་མ་དེའི་ཚེ་ལྟུང་བ་གང་དག་བཤགས་པ་ལེན་པ་ཉིད་ཡོད་ན་ཕྱིར་བཅོས་པར་བྱ་ནུས་པ་དེ་དག་ནི་ལྟུང་བྱེད་འབའ་ཞིག་ཏུ་ འགྱུར་བ་དང་། སོ་སོར་བཤགས་པར་བྱ་བ་དང་། བཤགས་པའི་ཉེས་བྱས་རྣམས་ཏེ། འདི་ལྟར་དེ་དག་ནི་དེའི་མདུན་དུ་བཤགས་པ་ཙམ་གྱིས་ཕྱིར་བཅོས་པར་བྱ་བ་དག་ཡིན་པའི་ཕྱིར་རོ། །ལྟུང་བ་བྱུང་བ་ལ་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ལྟུང་བ་བྱུང་བའི་ གང་ཟག་ལ་ནི་བྱེད་པ་པོ་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་འབྱུང་བ་དེའི་རྗེས་སུ་འབྲང་བས་དེ་དག་གིས་འཇུག་པར་བྱ་སྟེ། ལྷག་མ་དང་བཅས་པར་འདུ་ཤེས་པ་རྣམས་ཀྱིས་ནི་བྱིན་གྱིས་རློབ་ཏུ་གཞུག་པའམ། ཕྱིར་བཅོས་པར་བྱེད་དུ་བཅུག་ནས་དེ་དང་ལྷན་ཅིག་ལས་བྱའོ། ། ལྷག་མ་མེད་པར་འདུ་ཤེས་པ་རྣམས་ཀྱིས་ནི་དེ་མེད་པ་ལས་བྱའོ། །གཅིག་ལ་དེ་ལྟར་བསྙིལ་བ་དང་མི་བསྙིལ་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་ནི་རིགས་པ་ཁོ་ནའོ་ཞེས་བྱ་བ་ནི། གང་ཟག་ལྟུང་བ་བྱུང་བ་གཅིག་ལ་དེ་ལྟར་བསྙིལ་བ་དང་མི་བསྙིལ་བ་ཞེས་བྱ་བ་ལས་སྤང་བ་དང་མི་སྤང་བ་ དང་ཕྱིར་བཅོས་པ་རྣམས་དུ་མ་ཞེས་བྱ་བ་ལྟུང་བ་གསོར་གཞུག་པ་རྣམས་པ་དུ་མ་བྱེད་དུ་གཞུག་པ་ནི་རིགས་པ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ། ལྷག་མ་མེད་པར་འདུ་ཤེས་པ་རྣམས་ཀྱིས་ནི་དེ་བསྙིལ་བར་བྱའོ། །ལྷག་མ་དང་བཅས་པར་འདུ་ཤེས་པ་རྣམས་ཀྱིས་ནི་ བསྡུ་བར་བྱའོ། །བཤགས་པར་བྱ་བར་འདུ་ཤེས་པ་རྣམས་ཀྱིས་ནི། བཤགས་པའི་བདག་ཉིད་ཀྱི་ཕྱིར། བཅོས་པ་བྱེད་དུ་གཞུག་གོ། །བསྡམ་པར་བྱ་བར་འདུ་ཤེས་པ་རྣམས་ཀྱི་ནི་བསྡམ་པའི་བདག་ཉིད་ཀྱི་ཕྱིར་བཅོས་པ་བྱེད་དུ་གཞུག་སྟེ། དེ་དག་ནི་རིགས་ཤིང་རུང་བ་ཉིད་ཡིན་ པར་རིག་པར་བྱའོ། །དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མི་འདུག་པར་འགྲེང་བ་དང་། གང་ལ་བྱ་བ་དང་། འདུན་པ་དང་ཡོངས་སུ་དག་པ་དབུལ་བ་དང་། བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་། མཚམས་མེད་པ་བྱས་པ་དང་། སྡིག་པའི་ལྟ་བ་ཅན་དང་། ས་གཞན་ན་ གནས་པ་དང་། ཐ་དད་པར་གནས་པ་དང་། འཁྲུལ་པ་དང་བཅས་པ་དག་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བསྟན་པ་དེ་དག་ནི་ལས་ཀྱི་བྱེད་པ་པོ་མ་ཡིན་ཏེ། དེ་དག་གིས་ལས་བྱར་མི་རུང་བའོ། །འདི་སྐད་བསྟན་ཏེ། མི་འདུག་པར་འགྲེང་བ་ཞེས་བྱ་བ་ནས་འཁྲུལ་པ་དང་བཅས་ པ་ཞེས་བྱ་བའི་བར་དུ་ཇི་སྐད་མདོ་ལས་བསྟན་པ་དེ་དག་གིས་ལས་བྱས་པ་ནི་ལས་མ་བྱས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་བསླབ་པ་སྩལ་བ་ལས་དག་བགྱིས་ན་བགྱིས་ཞེས་བརྗོད་པར་བགྱིའམ། འོན་ཏེ་མ་བགྱིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་མ་བྱས་ ཞེས་བརྗོད་པར་བྱ་སྟེ། ཡང་བྱ་བ་དག་ཡིན་ནོ། །བཙུན་པ་ཟ་མ་དང་མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་བཀུམ་པ་དང་། ཕ་བཀུམ་པ་དང་། དགྲ་བཅོམ་པ་བཀུམ་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ ཕྱུང་བ་དང་། མུ་སྟེགས་ཅན་དང་མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་མི་བགྱི་བས་ལས་དག་བགྱིས་ན་བགྱིས་ཞེས་བརྗོད་པར་བགྱིའམ་མ་བགྱིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་མ་བྱས་ཞེས་བརྗོད་པར་བྱ་བ་སྟེ། ཡང་བྱ་བ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ཚོགས་ཀྱི་ཁ་བསྐང་བར་མི་འོས་པ་དེས་ལས་བྱ་བ་ཐག་རིང་དུ་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ལས་བྱེད་པ་ནི་ཚོགས་ཀྱི་ཁ་སྐོང་བ་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིར་དང་། དགེ་འདུན་གྱི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། ། འདི་ལྟར་དགེ་འདུན་ཐམས་ཅད་ཀྱིས་གང་བྱ་བ་དེ། ལས་བྱེད་པ་དེས་བྱ་དགོས་པས་དེའི་ཕྱིར་དེ་ནི་དགེ་འདུན་དུ་གྱུར་པ་ཉིད་ཡིན་ནོ། །ལྷག་མ་དང་བཅས་པར་ཕྱིར་བཅོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྔར་དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་སྨོས་པ་ དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཕྱིར་འཆོས་པ་ལ་ཞུགས་པ་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་བྱེད་པ་དང་། གནས་ནས་དབྱུང་བ་ལ་སོགས་པ་གསོ་བ་ལས་ཞུགས་པའི་གང་ཟག་གིས་ ནི་སོ་སོར་ཐར་པའི་མདོ་གདོན་དུ་རུང་བ་ཉིད་ཡིན་པའོ། །དེ་དག་ལས་གཞན་པ་དེ་དག་གིས་ནི་ཐོས་པ་དང་བཅས་པར་མི་བྱའོ་ཞེས་བྱ་བ་ནི། ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་ཞེས་སྨོས་པ་དེ་ལས་གཞན་པ། བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་ དེ་དག་གིས་ནི་ལས་ཐོས་པར་མི་བྱ་བའོ། །བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་དེ་དག་ལས་ཁ་ཅིག་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། མ་སྤངས་པ་དང་མ་ལོག་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། མ་སྤངས་པ་ཞེས་སྨོས་པས་ནི་སྤངས་པ་ཐ་དད་པ་དང་། གནས་ནས་ཕྱུང་བ་གཉིས་དམིགས་ཀྱིས་བསལ་ཏེ། དེ་གཉིས་ནི་དགེ་སློང་གི་དགེ་འདུན་ལས་སྤངས་པའི་ཕྱིར་རོ། །མ་ལོག་པ་ཞེས་སྨོས་པས་ནི། ལོག་པ་ཉམས་པ་དང་མཚམས་མེད་པ་བྱས་པ་དང་། བསྙེན་པར་རྫོགས་པ་ལས་བྲལ་བ་དམིགས་ཀྱིས་བསལ་ཏེ། ཉམས་ པ་དང་མཚམས་མེད་པར་བྱེད་པ་གཉིས་ནི་ལོག་པ་ཡིན་ཏེ། གང་ལས་ཤེ་ན་བདེ་འགྲོར་འགྲོ་བ་དང་། རང་བཞིན་དུ་གནས་པའི་རྗེས་སུ་མཐུན་པ་ཉིད་ལས་སོ། །བསྙེན་པར་རྫོགས་པ་ལས་བྲལ་བ་ནི་བསྙེན་པར་རྫོགས་པ་ལས་ལོག་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་ འབྱུང་སྟེ། མ་སྤངས་པ་དང་མ་ལོག་པ་མ་གཏོགས་པ་དེ་ལས་གཞན་པ་དག་གིས་ཐོས་པ་དང་བཅས་པར་ལས་མི་བྱའོ། །མ་སྤངས་པ་དང་མ་ལོག་པ་དང་ཞེས་བྱ་བ་འདིས་ནི་བསླབ་པ་བྱིན་པ་དང་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་། བསྡིགས་པ་དང་། སྨད་པ་དང་། བསྐྲད་ པ་དང་། སྤངས་པ་དག་བསྟན་ཏེ། དེ་དག་གིས་ཐོས་པ་དང་བཅས་པར་ལས་བྱེད་པ་ལ་ཉེས་པ་མེད་དོ། །གནས་ནས་ཕྱུང་བ་ནི་རང་གི་ལས་ལ་ཡང་ངོ་ཞེས་བྱ་བ་ཡང་། མ་གཏོགས་སོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། གནས་ནས་ཕྱུང་བ་དེའི་རང་གི་ལས་བཟོད་ པ་གསོལ་བ་དེ་ནི་དེས་ཐོས་པ་དང་བཅས་པར་བྱའི། ལས་གཞན་ནི་དེས་ཐོས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། ། ནང་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུའོ། །དྲི་བའི་ཕྱིར་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་གང་དག་ལས་ཀྱི་སློབ་དཔོན་གྱིས་དྲི་བའི་ཕྱིར་རོ། །གསོལ་བ་ཞེས་བྱ་བ་ནི། དེའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱེད་པ་གང་ཡིན་པ་སྟེ། ནང་དུ་དྲི་བའི་ཕྱིར་གསོལ་བ་ འབའ་ཞིག་གི་ལས་བྱེད་པ་དེ་ནི་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་གིས་ཐོས་ཀྱང་རུང་ངོ་། །སོགས་པ་ཞེས་བྱ་བའི་སྒྲས་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་དག་བསྡུས་ཏེ། དེ་དག་ཀྱང་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་གིས་ཐོས་པར་བྱའོ་ཞེས་བྱ་བའི་ ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ལས་བྱེད་པའི་སློབ་དཔོན་གྱིས་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་རྣམས་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བའི་ལས་དེ་དག་ནི་བསྙེན་པར་རྫོགས་པར་བྱ་བའི་གང་ཟག་ དེས་ཐོས་པ་དང་བཅས་པར་བྱའོ། །དེ་ལས་གཞན་པ་ནི་ཐོས་པར་མི་བྱའོ།། །།བམ་པོ་ལྔ་བཅུ་དགུ་པ། ཐོས་པར་བྱ་བ་མ་ཡིན་པ་བསྙེན་པར་མ་རྫོགས་པ་ལ་སོགས་པའི་གང་ཟག་ལ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱ་བ་གང་ཡིན་པ་དང་། བསྙིལ་བ་ལ་ སོགས་པ་རྗེས་སུ་བསྒྲག་པར་བྱ་བ་གང་ཡིན་པ་ལས་རྣམ་པ་གཉིས་བྱ་བ་དེ་ལ་མངོན་སུམ་དུ་བྱ་བ་དང་། རྗེས་སུ་བསྒྲག་པར་བྱ་བ་དག་ཐབས་གང་གིས་བྱ་ཞེ་ན། དེའི་ཕྱིར་དེ་དག་བྱ་བ་ལ་ལྟ་བའི་ཉེན་ཀོར་དུ་བཞག་པས་ནི་མངོན་སུམ་དུ་སྒྲུབ་བོ་གོ་བར་བྱ་བས་ན་རྗེས་སུ་བསྒྲག་པའོ་ ཞེས་བྱ་བ་སྨྲས་ཏེ། དེ་དག་བྱ་བ་ལ་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་བ་དང་། རྗེས་སུ་བསྒྲག་པར་བྱ་བ་ལའོ། །མངོན་སུམ་དུ་བྱ་བ་ནི། བལྟ་བའི་ཉེན་ཀོར་དུ་བཞག་པས་བསྒྲུབ་པོ། །རྗེས་སུ་བསྒྲག་པ་ནི་གོ་བར་བྱ་བས་བསྒྲུབ་པོ། །འདི་སྐད་བསྟན་ཏེ། ཐོས་པར་བྱ་བ་མ་ཡིན་པའི་གང་ཟག་ལ་ མངོན་སུམ་དུ་ལས་གང་བྱ་བ་དེ་ལ་ནི་བལྟ་བར་བྱ་བའི་ཉེན་ཀོར་དུ་གཞག་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཐོས་པར་བྱ་བ་མ་ཡིན་པའི་གང་ཟག་ལ་རྗེས་སུ་བསྒྲག་པས་ལས་གང་བྱ་བ་དེ་ལ་ནི་གོ་བར་བྱ་བ་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། ཁྱོད་ལ་གསོལ་བ་དང་བཞིའི་ལས་བྱ་བ་ལས། གསོལ་བ་ནི་བྱས་ཟིན་ཏོ་ཞེས་བྱ་བ་ལ་སོགས་པས་གོ་བར་བྱ་བས་སོ། །སྨྱོས་པའི་གནང་བ་དང་ཕྱག་མི་བྱ་བ་དང་མི་སྨྲ་བར་དང་ལོངས་མ་སྤྱད་པ་དང་། གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་རོ་ཞེས་བྱ་བ་ནི། སྨྱོས་པས་སྣང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་ བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་བྱ་བའོ། །འདིར་གཞུང་ནི་མ་མོ་ལས་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁས་ཕུབ་པ་དང་། ལྷུང་བཟེད་ཁས་ཕུབ་པ་བག་ཡངས་སུ་བྱ་བ་ དང་། སློབ་པའི་སྡོམ་པ་དང་། སློབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང་། དགེ་ཚུལ་གྱི་སྡོམ་པ་དང་། སྨྱོས་པའི་གནང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པའོ་ཞེས་གསུངས་པ་ཡིན་ནོ། ། ལྷུང་བཟེད་ཁས་དབུབ་པ་ནས་དགེ་ཚུལ་གྱི་སྡོམ་པའི་བར་གྱི་སྡོམ་པ་ལྔ་པོ་འདིར་ཅིའི་ཕྱིར་མདོར་མ་བསྡུས་ཤེ་ན། དེ་དག་ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལས་མངོན་སུམ་དུ་འགྱུར་བའི་དོགས་པ་མེད་པའི་ཕྱིར་རོ། །ལས་བཅུ་པོ་དེ་དག་ནི་ལྟ་བའི་ཉེན་ཀོར་དུ་གཞག་ པ་ཉིད་ཀྱིས་མངོན་སུམ་དུ་བསྒྲུབ་པར་མི་བྱའོ། །གོ་བར་བྱ་བས་རྗེས་སུ་བསྒྲགས་པས་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །ལྷུང་བཟེད་ཁས་དབུབ་པའི་སྡོམ་པ་ནི་ལི་ཙྪ་བཱི་ཆེན་པོ་པ་ལས་བཅས་པ་ལྟ་བུའོ། །ལྷུང་བཟེད་ཁས་ཕུབ་པ་བག་ཡངས་སུ་བྱ་བའི་གནང་བ་ནི་ཉ་དེ་ ཉིད་ལ་ལྷུང་བཟེད་ཕྱིར་བཟློག་པ་མཛད་པ་ལྟ་བུའོ། །སློབ་པའི་སྡོམ་པ་ནི་དམག་དཔོན་སེང་གེ་ལས་བཅས་པ་ལྟ་བུའོ། །སློབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་ནི་དེ་ཉིད་ལ་སྡོམ་པ་གཞིག་པར་མཛད་པ་ལྟ་བུའོ། །དགེ་ཚུལ་གྱི་སྡོམ་པ་ནི། དགེ་ཚུལ་བསྙིལ་བ་མི་བསྡུ་བའི་སྡོམ་ པའོ། །དེ་དག་ནི་རང་གིས་ཡང་དག་པར་བསྡམ་པ་ཡིན་གྱི། གཞན་ལ་སྤྱོ་བར་བྱ་བ་མ་ཡིན་པས་མངོན་སུམ་དུ་མ་གྱུར་པར་བྱ་བ་དག་ཡིན་ནོ། །སྨྱོས་པའི་གནང་བ་ནི་དགེ་སློང་བྱེ་མ་སྐྱེས་ལས་བཅས་པ་ལྟ་བུའོ། །ཕྱག་མི་བྱ་བའི་སྡོམ་པ་ནི། དགེ་སློང་གནས་ནས་ཕྱུང་བ་ལས་དགེ་སློང་ མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བཅས་པའོ། །མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པ་ནི། ལྷུང་བཟེད་ཁ་སྦུབས་པའི་སྡོམ་པ་ནས་དགེ་ཚུལ་གྱི་སྡོམ་པའི་བར་གྱི་སྡོམ་པ་ལྔ་པོ་བཅས་པ་དེ་དག་དང་གཏམ་འདྲེ་བར་ མི་བྱ་བ་དང་། དེ་དག་གི་ལོངས་སྤྱོད་ལ་ལོངས་སྤྱོད་པར་མི་བྱ་བ་དང་། དེ་དག་གི་གཙུག་ལག་ཁང་དུ་འགྲོ་བར་མི་བྱ་བའི་སྡོམ་པ་བཅས་པའོ། །བསྙེན་པར་རྫོགས་པ་རྣམས་ལ་ལས་དེ་དག་མངོན་སུམ་དུ་མ་གྱུར་པར་བྱའོ། །ལས་གཞན་ཐམས་ཅད་ནི་མངོན་སུམ་དུ་བྱའོ། །གསོལ་བ་མ་ བྱས་པར་དེའི་དོན་དུ་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི། གང་གི་དོན་དུ་ལས་བརྗོད་པ་དེ་བྱེད་པའི་གཞི་དེ་ལས་སྔར་གསོལ་བ་མ་བྱས་པར་ལས་བརྗོད་པར་མི་བྱ་བའོ། །སྔར་མི་མཐུན་པ་དག་མི་བྱའོ་ཞེས་སྨོས་པ་དེའི་མི་མཐུན་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་ གཏོགས་པ་ཁ་སྐོང་བར་འོས་པས་ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་ཕྱིར་ཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པས་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་སྤྱོད་ལམ་ལས་མི་ཉམས་པ་དང་། རང་བཞིན་དུ་གནས་པ་དང་ ངག་ཡང་དག་པར་བསྡམས་པས་མངོན་པར་མི་ཤེས་པ་དང་། ནད་དང་བཅས་པ་མ་གཏོགས་པ་མི་མཐུན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་། ཕྱིར་ཟློག་པར་བྱེད་པའོ། །དེ་ལ་འདུས་པར་རྗེས་སུ་མ་ཞུགས་པ་ ཉིད་ཅེས་བྱ་བ་དེ་ཇི་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། མཚམས་གང་དུ་ལས་དེ་བྱེད་པ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པའི་དགེ་སློང་ངོ་། །དགེ་སློང་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར་ཁ་སྐོང་བར་འོས་པ་ཞེས་བྱ་བ་སྨྲས་ཏེ། ཚོགས་ ཀྱི་ཁ་སྐོང་བའི་ཕྱིར་འོས་པ་ཉིད་ཡིན་གྱི། མི་འོས་པ་བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་དག་ནི་མ་ཡིན་ཏེ། དེ་ལྟ་བུའི་དགེ་སློང་དེ་འདུག་པར་རྗེས་སུ་མ་ཞུགས་པ་ཉིད་དོ། །རྣམ་པ་གང་གིས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཅེ་ན། དེའི་ཕྱིར་ལུས་སམ་ འདུས་པས་ཞེས་བྱ་བ་སྨྲས་ཏེ། ལུས་ཀྱིས་འདུས་པར་རྗེས་སུ་མ་ཞུགས་པའམ་ལས་དེ་ལ་འདུན་པས་རྗེས་སུ་མ་ཞུགས་པ་སྟེ། དེ་ནི་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མི་མཐུན་པ་ཉིད་ཅེས་བྱ་སྟེ། དགེ་འདུན་འདུས་པའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མི་མཐུན་པ་ཉིད་ ཡིན་ནོ། །ཕྱིར་ཟློག་པར་བྱེད་པ་ཞེས་བྱ་བ་ནི། ཕྱིར་ཟློག་པར་བྱེད་པ་ཡང་ངོ་ཞེས་བྱ་བ་སྟོན་ཏོ། །དེ་ཡང་མི་མཐུན་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲས་ནི་ཕྱིར་ཟློག་པར་བྱེད་པ་ཡང་གལ་ཏེ་དེའི་མཚམས་ཀྱིས་ཁོངས་སུ་གཏོགས་པ་ཁོ་ན་ཡིན་ན་མི་མཐུན་པ་ཉིད་ཡིན་ གྱི། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་ན་དེར་ཕྱིར་ཟློག་པ་མི་འཆགས་སོ་ཞེས་བྱ་བའི་ཆོས་གཞན་འདི་སྡུད་པར་བྱེད་དོ། །གང་གི་ཕྱིར་ཟློག་པར་བྱེད་ཅེ་ན་དེའི་ཕྱིར། གང་ལ་ལས་བྱེད་པ་དེ་ལས་གཞན་པས་ཞེས་བྱ་བ་སྨྲས་ཏེ། དེས་ཕྱིར་བཟློག་པ་ལ་འཆགས་ཀྱི། གང་ ལ་ལས་དེ་བྱེད་པ་དེ་ཉིད་ཀྱི་ཕྱིར་ཟློག་པ་ནི་མི་འཆགས་སོ། །ཅི་ལས་ཐམས་ཅད་ལ་གང་ལ་བྱེད་བ་དེ་བསལ་བར་བྱའམ་ཞེ་ན་དེའི་ཕྱིར། གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་ཞེས་བྱ་བ་སྨྲས་ཏེ། མི་མཐུན་པ་ནི་ཆད་པའི་ལས་སོ། །ཆོས་དང་ལྡན་པ་ནི། འདུན་པ་ལེན་པ་དང་། དགེ་འདུན་ཚོགས་པ་དང་། གསོལ་བ་བྱ་བ་ལ་སོགས་པ་རིགས་པ་དང་ལྡན་པ་སྟེ། གལ་ཏེ་ལས་དེ་དེ་ལྟ་བུ་ཡིན་ན། ལས་དེ་ལྟ་བུ་དེ་ལ་བསལ་ལོ། །གལ་ཏེ་གང་ལ་བྱེད་པའི་ལས་དེ་མི་མཐུན་པ་མ་ཡིན་པ་དང་ཆོས་དང་ལྡན་པ་མ་ཡིན་ན་ནི། དེས་ཕྱིར་ཟློག་པ་ཡང་ འཆགས་སོ། །ཆད་པའི་ལས་དང་། གསོལ་བ་ལས་གྲངས་སུ་གཞུག་པ་དག་ལ་ནི་གང་ལ་བྱེད་པ་དེས་ཕྱིར་ཟློག་པ་ནི་མི་འཆགས་སོ། །སྦྱིན་པ་དང་དབྱུང་བ་དང་བཟོད་པ་དང་བསྐོ་བ་དག་ལ་ནི་གང་ལ་བྱེད་པ་དེས་ཕྱིར་ཟློག་པ་འཆགས་སོ། །འདིར་སྦྱིན་པ་ཞེས་བྱ་བ་ནི། འཁར་བའི་གནང་བ་ལ་སོགས་པ་སྦྱིན་པ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གླེང་གཞི་དག་ལ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱེད་པ་དེས། ཕྱིར་ཟློག་པ་མི་འཆགས་སོ་ཞེས་གང་གསུངས་པ་དེ་ལ། བཙུན་པ་གང་ལ་ཆོས་མ་ལགས་པས་ལས་བགྱིད་པ་ དེས་སླར་ཟློག་པ་ཡང་མི་འཆགས་སམ། ཉེ་བ་འཁར་འཆགས་སོ། །བཙུན་པ་རེ་ཞིག་གང་ཟག་བཅུ་གཉིས་པོ་དག་བསྐོ་བ་ན། དེ་དག་འདི་སྐད་ཅེས་བདག་ཅག་མ་བསྐོ་ཤིག་ཅེས་མཆི་ན་དེ་དག་གིས་སླར་ཟློག་པ་ཡང་མི་འཆགས་སམ། ཉེ་བ་འཁོར་འཆགས་ཏེ། མི་ འཆགས་སོ་ཞེས་བྱ་བ་དེ་ནི་ངས་ཆད་པའི་ལས་ལ་དགོངས་ཏེ་གསུངས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་རྣམ་པ་ཇི་ལྟ་བུས་ཕྱིར་ཟློག་པ་འཆགས་ཤེ་ན། དེ་བསྟེན་པའི་ཕྱིར་རོ། །སྤྱོད་ལམ་ལས་མ་ཉམས་པ་དང་རང་བཞིན་དུ་གནས་པ་དང་ངག་ཡང་དག་པར་བསྡམས་པས་ཞེས་ བྱ་བ་སྨྲས་ཏེ། དེ་དག་གིས་ཕྱིར་ཟློག་པ་ནི་འཆགས་སོ། །དེ་དག་ཟློག་པ་ནི་མི་བཙན་པས་དེ་དག་གིས་ཕྱིར་ཟློག་པ་ནི་མི་འཆགས་སོ། །སྤྱོད་ལམ་ལས་མ་ཉམས་པ་ལ་སོགས་པ་རྣམ་པ་དེ་ལྟ་བུ་ཐམས་ཅད་ཀྱིས་ཕྱིར་ཟློག་པ་འཆགས་སམ་ཞེ་ན། དེའི་ཕྱིར་མངོན་པར་མི་ཤེས་ པ་དང་ནང་དང་བཅས་པ་མ་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། འདིར་མངོན་པར་མི་ཤེས་པ་ཞེས་བྱ་བ་ནི། འདུལ་བར་གཏོགས་པའི་བྱ་བ་དག་མངོན་པར་མི་ཤེས་པ་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་བྱིས་པ་དང་རྨོངས་པ་དང་མི་མཁས་པ་ཞེས་གང་གསུངས་པ་དེ་བསྡུས་སོ། །ནང་ དང་བཅས་པ་ཞེས་བྱ་བ་ནི་ཞེ་འགྲས་པ་སྟེ། གང་ཟག་ཕྱིར་ཟློག་པར་བྱེད་པ་དེ་དང་། གལ་ཏེ་ཁོན་ཏུ་འཛིན་པ་ཡོད་ན་ཞེ་འགྲས་པའི་དངོས་པོས་རིགས་པ་རྗེས་སུ་བསྲུང་བར་བྱ་བ་སླ་བ་མ་ཡིན་པས་དེ་གཉིས་མ་གཏོགས་སོ། །གཞུང་ལས་བཙུན་པ་དུ་ངག་གིས་སླར་ཟློག་པ་འཆགས་ ཉེ་བ་འཁོར་བཞི་སྟེ། རང་བཞིན་དུ་གནས་པ་དང་། དེའི་མཚམས་ན་གནས་པ་དང་། སྤྱོད་ལམ་ལས་མ་ཉམས་པ་དང་། ངག་ཡང་དག་པར་བསྡམས་པས་སོ་ཞེས་གསུངས་པ་ལ། འདིར་ངག་ཡང་དག་པར་བསྡམས་པ་ཉིད་ཀྱིས་མངོན་པར་མི་ཤེས་པ་དང་། ནང་དང་བཅས་པ་གཉིས་ བསལ་བར་རིག་པར་བྱའོ། །སིལ་བུ་དག་ལས་བཙུན་པ་ཇི་ཙམ་གྱིས་ན་ངག་ཡང་དག་པར་བསྡམས་པ་ལགས། ཉེ་བ་འཁོར་གང་ཚུན་ཆད་བརྫུན་དུ་སྨྲ་བའམ་ཕྲ་མ་ཅན་ནམ་ངག་རྩུབ་པོ་ཅན་ནམ་ཚིག་ཀྱལ་པ་ཅན་མ་ཡིན་ནའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་བསྡུ་པའི་ཕྱིར་བརྫུན་ དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བ་སྨྲས་ཏེ། བརྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ཅེས་བྱ་བ་ནི། བརྫུན་དུ་སྨྲ་བ་ལས་སེམས་ཕྱིར་མ་བསྡུས་པ་ཉིད་དེ། དེ་ནི་ངག་ཡང་དག་པར་མ་བསྡམས་པ་ཡིན་གྱི། དྲན་པ་ཉམས་པ་གང་ཡང་རུང་ བས་བརྫུན་དུ་གྱུར་པ་མ་ཡིན་ནོ། །ཅི་དེ་འབའ་ཞིག་གིས་ངག་ཡང་དག་པར་མ་བསྡམས་པ་ཡིན་ནམ་ཞེ་ན་དེའི་ཕྱིར། ཕྲ་མ་དང་ངག་རྩུབ་པོ་དང་ཚིག་ཀྱལ་པ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་རེ་རེའི་རྗེས་སུ་མཐུན་པ་ཉིད་ཀྱང་འདིར་ངག་ཡང་དག་པར་མ་བསྡམས་པ་ཡིན་པར་བལྟ་བར་བྱའོ། །རང་བཞིན་དུ་གནས་པ་མ་ཡིན་པ་ཉིད་ཀྱང་དེ་དག་གིའོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་མ་ཡིན་པ་ཉིད་ཀྱང་བརྫུན་དུ་སྨྲ་བ་ལ་སོགས་པ་ དེ་དག་གི་རྗེས་སུ་མཐུན་པ་ཉིད་ཡིན་པ་སྟེ། དེས་ན་ངག་ཡང་དག་པར་མ་བསྡམས་པ་དེ་ནི་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཞན་དུ་ཡང་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པ་མ་ཡིན་པ་ལ། གཞན་ཡང་བྱ་བ་མ་ཡིན་པར་ལྟུང་བར་གྱུར་པ་དག་ ལྷག་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱང་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱའོ། །བྱ་བ་མི་བྱེད་པའོ་ཞེས་བྱ་བ་ནི། བྱ་བ་གང་ཡིན་པ་མི་བྱེད་པ་ཡང་རྗེས་སུ་མཐུན་པ་ཉིད་ཡིན་པ་སྟེ། དེས་ན་བསླབ་པ་ཐམས་ཅད་ལ་བརྩོན་པ་བཏང་ཞིང་སྤྲོ་བ་བོར་བ་ཡང་རང་ བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱ་བའོ། །དེ་བརྩམས་པ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི། འདུག་པ་ཞེས་བྱ་བའི་སྤྱོད་ལམ་དེ་བརྩམས་ཤིང་སྔར་འདུག་པར་གྱུར་པ། གཞན་དུ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་ པ་ཡིན་པའོ། །དགེ་འདུན་གྱི་ནང་ནས་སྟན་ལས་ལངས་པ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་གྱི། དེ་ནས་གཞན་དུ་སོང་བ་འབའ་ཞིག་ཏུ་མ་ཟད་དོ། །འདིར་གཞུང་ནི་ཉེ་བ་འཁོར་གང་ཚུན་ཆད་དགེ་འདུན་གྱི་ནང་ནས་ལངས་པར་གྱུར་པའོ་ཞེས་གསུངས་པ་ཡིན་ནོ། །ལྟ་བ་དགེ་འདུན་ ལ་བརྗོད་པར་བྱའོ་ཞེས་བྱ་བ་ལ། འདིར་ལྟ་བ་ཞེས་བྱ་བ་ནི། བློ་གྲོས་དང་བསམ་པ་ལ་བྱ་སྟེ། དགེ་འདུན་གྱི་བྱ་བ་དགོས་པ་ལ་ལྟ་བ་དགེ་འདུན་ལ་བརྗོད་པར་བྱ་བའོ། །གཞན་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལས་གཞན་པའི་ཚོགས་དགེ་འདུན་མ་ཡིན་པ་ལ་ལྟ་བ་བརྗོད་ པར་མི་བྱའོ། །དེས་ན་གང་ཟག་གཅིག་པུ་ལ་ལྟ་བ་བརྗོད་པར་ག་ལ་བྱ་སྟེ། དགོས་པ་མི་འགྲུབ་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ནི། དགེ་ཚུལ་གྱི་ཚོགས་ལ་ཡང་ལྟ་བ་བརྗོད་པར་མི་བྱ་བའོ། །ཁ་སྐོང་བར་འོས་པ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་ཡིན་ཡང་དགེ་འདུན་གྱི་ཁ་སྐོང་བའི་འོས་མ་ཡིན་པ་ལ་ཡང་ལྟ་བ་བརྗོད་པར་མི་བྱ་བའོ། །ལྷག་མ་མ་ལུས་པ་ཉིད་མི་བྱའོ་ཞེས་བྱ་བ་ནི། ཕམ་པར་གྱུར་པ་ཡིན་པར་ཤེས་པའི་ལྟ་བ་ནི་དགེ་འདུན་ལ་ཡང་བརྗོད་པར་མི་བྱ་བའོ། །འདི་ཕམ་པར་འགྱུར་བ་བྱུང་བར་ བདག་གིས་ཤེས་སོ་ཞེས་སུ་ལ་ཡང་བརྗོད་པར་མི་བྱ་བ་སྟེ། དགོས་པ་མེད་པའི་ཕྱིར་དང་འཐབ་ཀྲོལ་དུ་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི་མ་མོ་ལས། ཆོས་དང་ལྡན་པ་མ་ཡིན་པའི་ལྟ་བ་བརྗོད་པ་ལྔ་གང་ཞེ་ན། གནས་པར་མི་བྱ་བ་ལ་ལྟ་བ་བརྗོད་པ་དང་། ཐ་དད་པར་གནས་བ་ ལ་ལྟ་བ་བརྗོད་པ་དང་། བསྙེན་པར་མ་རྫོགས་པ་ལ་ལྟ་བ་བརྗོད་པ་དང་། ཚོགས་ལ་ལྟ་བ་བརྗོད་པ་དང་། ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་སྟེ། ལྔ་པོ་དེ་དག་ནི་ཆོས་དང་ལྡན་པ་མ་ཡིན་པའི་ལྟ་བ་བརྗོད་པའོ། །དེ་ལས་བཟློག་པ་ལྔ་ནི་ཆོས་དང་ལྡན་པའི་ལྟ་བ་བརྗོད་པ་ཡིན་ནོ་ཞེས་ གསུངས་པ་ཡིན་ནོ། །འདིར་ཚོགས་ཞེས་སྨོས་པ་ནི་དགེ་འདུན་དུ་མ་གྱུར་པ་དག་གཟུང་ངོ་། །ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་བཀག་པ་ལ་ནི་གང་ཟག་དེ་ལས་དེའི་རྒྱུས་གནོད་པ་འབྱུང་བ་སྤང་བའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། སྔོན་ལྟུང་བ་བྱུང་བ་ལ་ལྟ་བ་བརྗོད་ན་ཉེས་ བྱས་སོ། །རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུགས་པ་དང་། བསླབ་པ་བྱིན་པ་དང་། དགེ་ཚུལ་ལ་ལྟ་བ་བརྗོད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གནས་ནས་ཕྱུང་བ་ལ་ལྟ་བ་བརྗོད་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཐམས་ཅད་དུ་ཡང་ཁ་སྐོང་བར་ འོས་པ་མ་ཡིན་པ་བཀག་པར་ཤེས་པར་བྱའོ། །བསྐོས་པ་བརྗེས་ནས་ཆེས་ལེགས་པ་དང་མང་དུ་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། སྔར་བསྐོས་པའི་གང་ཟག་བརྗེས་ནས་བྱ་བ་དེ་ལ་ཆེས་ལེགས་པར་བྱེད་པ་དང་ཆེས་མང་དུ་བྱེད་པའི་གང་ཟག་གཞན་ཡིན་པ་དེ་བསྐོ་བར་བྱ་བའོ། །དུས་ ངེས་པར་བྱས་ཏེ་མི་བྱའོ་ཞེས་བྱ་བ་ནི། བསྐོ་བར་རོ། །གང་ལ་དུས་ངེས་པར་བྱ་སྟེ་བསྐོ་བར་མི་བྱ་ཞེ་ན། དེའི་ཕྱིར་ཡང་དང་ཡང་དུའམ་གཞན་ལའོ་ཞེས་བྱ་བ་སྨྲས་ཏེ། ཡང་དང་ཡང་དུ་ཞེས་བྱ་བ་ནི་དུས་གཞན་དུ་ཡང་དགོས་པ་བྱུང་ངོ་ཅོག་ཏུ། ཁྱོད་འབའ་ཞིག་བསྐོའོ་ཞེས་དེ་ལྟར་ དུས་ངེས་པར་བྱས་ཏེ་མི་བསྐོ་བའོ། །གཞན་ལའོ་ཞེས་བྱ་བ་ནི། དགོས་པ་གཞན་དག་ལ་ཡང་ཁྱོད་ཁོ་ན་བསྐོའོ་ཞེས་དེ་ལྟར་དུས་ངེས་པར་བྱས་ཏེ་ཡང་མི་བསྐོ་བའོ། །གཞན་ལ་ཡང་ཇི་ཙམ་གྱིས་ཆོག་པ་ན་སྤང་བ་སྦྱིན་ནོ་ཞེས་བྱ་བ་ནི། ཡང་དང་ཡང་དུའམ་གཞན་ལ་ཞེས་སྨོས་པ་ལས་ གཞན་པ་ལས་གཅིག་ལ་དུས་ངེས་པ་མེད་པར་བསྐོས་པ་དེ་ལས་ཡང་ཅི་རན་ཙམ་ན་བརྗེ་བར་བྱ་བ་སྟེ། ཁྱོད་འདི་ལས་དབྱུང་ངོ་། །བསྙིལ་བའི་ཚུལ་དུ་ཡང་མི་བྱའོ། །བསྐོས་པ་མེད་ན་མདུང་དོར་བས་བགོའོ་ཞེས་བྱ་བ་ནི། སྣོད་སྤྱད་འགྱེད་པར་བསྐོས་པའི་གང་ཟག་མེད་ན་རྙེད་པ་དབང་བ་ རྣམས་ཀྱིས་མདུང་བགྱི་ཞིང་བགོ་བར་བྱ་བའོ། །དེ་ཡང་མདུང་འདོར་བའི་གང་ཟག་ཡོད་ན་ནི་དབང་བ་རྣམས་ཀྱི་མདུང་མཚན་མས་བཏབ་པ་མང་པོ་མདུང་འདོར་བའི་ལག་ཏུ་བྱིན་ནས། དེས་མིག་བཀབ་སྟེ་མདུང་རེ་རྫས་རེའི་སྟེང་དུ་བཞག་ཅིང་། གང་ལ་བབ་པ་དེ་དེས་བླང་ ངོ་། །གལ་ཏེ་མདུང་འདོར་བ་མེད་ན་ནི་རྫས་རྣམས་ནི་མངོན་པར་བཞག་སྟེ། དབང་བ་རྣམས་ཀྱིས་རང་རང་གི་ལག་ཉར་རེར་བླང་ཞིང་གང་ཟིན་པ་དེ་དེས་བསྐུར་བར་བྱ་སྟེ། དེ་ནི་འཇིག་རྟེན་ན་མདུང་འགྱེད་པ་ཞེས་བྱའོ། །གང་ཁ་སྐོང་བར་མི་འོས་པ་དེ་མདུང་དོར་བར་ཡང་བྱའོ་ཞེས་བྱ་བ་ནི། གང་ ཟག་བསྙེན་པར་མ་རྫོགས་པ་ལ་སོགས་པ་གང་དགེ་འདུན་གྱི་ཁ་སྐོང་བར་འོས་པ་མ་ཡིན་པ་དེ་རྙེད་པ་བགོ་བ་ལ་སོགས་པ་མདུང་དོར་བར་འོས་པ་ཡང་མ་ཡིན་པའོ། །དགེ་འདུན་གྱིས་དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་བྲིམ་པ་མི་འཆགས་སོ་ཞེས་བྱ་བ་ནི། དགེ་འདུན་ཕྱེ་བ་ནི་ཆོས་ དང་ཆོས་མ་ཡིན་པའི་ཕྱོགས་སུ་གཏོགས་པ་བརྟགས་པའི་ཕྱིར་ཚུལ་ཤིང་དག་འབྲིམ་པ་ཡང་གང་ཟག་དགེ་འདུན་གྱི་ཁ་སྐོང་བར་འོས་པར་མ་ཡིན་པས་བྲིམས་པ་མི་འཆགས་པའོ། །འདིར་གཞུང་ནི་སིལ་བུ་དག་ལས། བཙུན་པ་རྐུ་ཐབས་སུ་གནས་པས་ཚུལ་ཤིང་བྲིམས་པས་དགེ་འདུན་ དབྱེ་བར་འགྱུར་རམ། ཉེ་བ་འཁོར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་གཞིར་གཏོགས་པའོ་ཞེས་བྱ་བ་ལ། ལས་ཀྱི་གཞི་འདུལ་བའི་གཞིའི་སྐབས་སུ་གཏོགས་པ་བཤད་ཟིན་ཏོ།། །།ད་ནི་ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་ཕྱིར་ བསྟན་པ་བསྡུ་བའི་ཕྱིར། བརྗོད་པ་ལྷག་མ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་ལ་ལས་བརྗོད་པ་དག་ལྷག་པར་བྱེད་པ་དེ་ལ་ནི་ལས་མི་འཆགས་པ་ཉིད་མ་ཡིན་ཏེ། འཆགས་པ་ཁོ་ནའོ། །འདི་ལ་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་བྱ་བའི་ཉེས་ པར་འགྱུར་བར་དོགས་པར་མི་བྱའོ། །ཉམས་ན་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། གང་ལ་ལས་བརྗོད་པ་ཇི་སྙེད་གསུངས་པ་དེ་ལས་ཉམས་ན་ནི་ལས་དེ་མ་བྱས་པ་ཉིད་དོ། །བྱེད་པ་ཉིད་ནི་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི། ལས་བྱེད་པ་ཉིད་ན་བྱེད་པ་ དག་སོང་ན་དེའི་ཚེ་གསོལ་བའི་བདག་ཉིད་ཀྱི་ཚིག་མ་རྫོགས་པ་གང་ཡིན་པ་དེ་རྣམ་པར་འཁྲུགས་པ་ཉིད་ཡིན་ཏེ། ཉམས་པ་དང་མ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པར་བྱས་པ་གང་ཡིན་པ་དེ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལངས་པ་ རྣམས་མ་ལུས་པ་ཉིད་ན་རྫོགས་པའོ་ཞེས་བྱ་བ་ནི། ལས་བྱེད་པ་ཉིད་ན་བྱེད་པ་དག་སོང་བའི་ཚེ་ལས་དེ་བྱ་བ་ལ་དགེ་འདུན་གྱི་མཐའ་བཅུའི་ཚོགས་ལ་སོགས་པ་དེའི་ཚད་དག་ཏུ་དེ་ནས་མ་ལངས་པ་རྣམས་མ་ལུས་པ་ཉིད་ཡིན་ན་ནི་ཚིག་རྫོགས་པ་དག་ཀྱང་རྣམ་པར་འཁྲུགས་པ་དག་ཡིན་ནོ། ། འདིར་མ་ལངས་པ་ཞེས་བྱ་བ་ནི་སྟན་ལས་མ་འཕགས་པ་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ལས་བྱེད་པ་ན་གལ་ཏེ་དགེ་སློང་དག་དེའི་ནང་ནས་འགྲོ་བ་ན། ལས་དེ་ལ་དགེ་འདུན་གྱི་མཐའ་བཅུའི་ཚོགས་ལ་སོགས་པ་དག་ཕྱི་ན་མ་ལུས་པར་གྱུར་ན། ལས་ཀྱི་ཚིག་སྔར་ རྫོགས་པ་ཡང་རྣམ་པར་འཁྲུགས་པ་ཉིད་དོ། །ལུས་པ་ཉིད་ན་མི་འགྱུར་རོ་ཞེས་བྱ་བ་ནི། ལས་དེ་བྱེད་ན་གལ་ཏེ་དགེ་སློང་ཁ་ཅིག་སོང་ཡང་དེ་ན་ལས་དེའི་ཚད་ཀྱི་དགེ་སློང་མ་ལངས་པ་ལྷག་མ་དག་ལུས་པ་ཉིད་ཡིན་ན་དེའི་ཚེ་ལས་ཀྱི་ཚིག་སྔར་རྫོགས་པ་རྣམ་པར་འཁྲུགས་པར་མི་འགྱུར་བ་ ཉིད་དོ། གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་པར་དཀྲུག་ཅིང་གསོལ་བས་དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བ་བགྱིའོ་ཞེའམ་རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་བྱ་བ་ནི། གལ་ཏེ་ལས་བྱེད་པ་དེའི་ཚིག་རྫོགས་པའི་ལས་དེ་ཡང་གཞི་ནས་བཟླས་ཏེ་བྱེད་པར་འདོད་པ་ན་ ཚིག་རྫོགས་པ་རྣམ་པར་མ་འཁྲུགས་པ་དེ་དང་པོར་ཚིག་གིས་རྣམ་པར་དཀྲུག་ཅིང་དེའི་འོག་ཏུ་ལས་དེ་གཞི་ལས་བཟླས་པར་བྱའོ། །ཇི་ལྟར་ཚིག་གིས་རྣམ་པར་དཀྲུག་པར་བྱ་ཞེ་ན། གསོལ་བས་སོ། སུ་ལ་ཞེ་ན། དགེ་འདུན་ལའོ། །རྣམ་པ་གང་གིས་ཤེ་ན། དེའི་ཕྱིར་བཙུན་པ་དག་ ཡང་གསོལ་བ་བགྱིའོ་ཞེའམ་རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡང་གསོལ་བ་བགྱིའོ་ཞེས་བྱ་བ་ནི་གསོལ་བའི་བདག་ཉིད་ཀྱིས་ཚིག་རྫོགས་ཟིན་པ་དེ་ཡང་གཞི་ནས་བཟླས་པར་འདོད་ན་དེ་སྐད་བྱའོ། །རྗེས་སུ་བསྒྲག་གོ་ཞེས་བྱ་བ་ནི་གསོལ་བའི་བདག་ཉིད་དང་ལས་བརྗོད་པའི་བདག་ ཉིད་ཀྱི་ཚིག་གཉིས་རྫོགས་ཟིན་པ་དེ་ལས། ལས་བརྗོད་པ་འབའ་ཞིག་ཡང་གཞི་ནས་བཟླས་པར་འདོད་ན་དེ་སྐད་ཅེས་བྱའོ། །གལ་ཏེ་གསོལ་བའི་བདག་ཉིད་ཀྱི་ཚིག་དང་། ལས་བརྗོད་པའི་བདག་ཉིད་ཀྱི་ཚིག་གཉི་ག་རྫོགས་ཟིན་པ་དེ་དག་ཡང་གཞི་ནས་བཟླས་པར་འདོད་ ན་ནི་དེའི་ཚེ་གསོལ་བ་བགྱི་ཞིང་རྗེས་སུ་ཡང་བསྒྲག་གོ་ཞེས་ཚིག་གཉི་ག་བརྗོད་པར་བྱའོ། །འདིར་དགེ་འདུན་ལ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། དེས་ན་གང་ཟག་ལ་ལྷུང་བཟེད་ལ་སོགས་པ་བྱིན་གྱིས་བརླབས་པའི་ཚིག་རྫོགས་ཟིན་པ་དེ་ཡང་གཞི་ནས་བཟླས་པར་འདོད་ན་ཡང་གང་ཟག་ དེ་ལ་བཙུན་པ་ཡང་རྗེས་སུ་བསྒྲག་གོ་ཞེས་བྱ་བའི་ཚིག་གིས་ཚོགས་སྔར་རྫོགས་པ་དེ་རྣམ་པར་དཀྲུག་པར་བྱ་ཞིང་དེའི་འོག་ཏུ་སྔགས་ཀྱི་ཚིག་གཞི་ནས་བཟླས་པར་བྱའོ། །དེ་བས་ན་འདིར་གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་པར་དཀྲུག་ཅིང་གསོལ་བས་ཞེས་སྨོས་པ་ནི། དགེ་འདུན་ འབའ་ཞིག་ལ་བྱ་བར་མ་ཟད་ཀྱི་གང་ཟག་ལ་ཡང་བྱར་རུང་སྟེ། དེའི་སྐབས་སུ་ཡང་གསོལ་བ་བགྱིའོ་ཞེས་བྱ་བའི་ཚིག་ནི་བརྗོད་མི་དགོས་ཏེ། དེ་ནི་གསོལ་བའི་བདག་ཉིད་ཀྱི་ལས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །རྗེས་སུ་བསྒྲག་གོ་ཞེས་བྱ་བའི་ཚིག་ནི་བརྗོད་པར་བྱ་སྟེ། །དེ་ནི་བྱིན་གྱིས་བརླབ་ པའི་སྔགས་དག་ལ་ཡང་རུང་བའི་ཕྱིར་རོ། །བཟློག་པའི་ཕྱིར་བསྒོ་བ་དང་། བསྙིལ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། བསླབ་བ་དང་མཐུན་པ་དང་། དེའི་གསོ་སྦྱོང་དང་། མུ་སྟེགས་ཅན་གྱི་གནས་དང་། དེ་ལས་གཞན་པའི་སྤོ་བ་དང་། མགུ་བ་དང་། ཡང་གཞི་ནས་བསླང་ བ་དང་། དྲན་པས་འདུལ་བ་དང་། མ་མོས་པས་འདུལ་བ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། མཚམས་དགྲོལ་བ་དང་། ནན་ཐུར་གྱི་ལས་དང་། དབྱུང་བ་དག་ལ་ནི་བརྗོད་པ་གསུམ་མོ་ཞེས་བྱ་བ་ནི། ལས་སུམ་ཅུ་བསྟན་ཏེ། དེ་དག་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ་ཞེས་ བྱ་བར་སྦྱར་རོ། །དེ་ལས་བཟློག་པའི་ཕྱིར་བསྒོ་བས་ཞེས་བྱ་བ་ནི། དགེ་འདུན་འབྱེད་པ་ཉིད་ལ་སོགས་པའི་ཆོས་ལས་བཟློག་པའི་ཕྱིར་བསྒོ་བའི་ལས་བཅུ་བསྟན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་དང་། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་མི་གཏོང་བ་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང་། དགེ་སློང་མ་དཀོན་མཆོག་གཏོང་བ་ལ་སོགས་པ་བཞི་ལ་ཞུགས་པ་དག་བཟློག་པའི་ཕྱིར་བསྒོ་བ་སྟེ། དཀོན་མཆོག་གཏོང་བ་དང་། འཐབ་ཀྲོལ་ བྱེད་པ་དང་། སྡེ་ཞིང་གནས་པ་དང་། སྡེ་ཞིང་གནས་སུ་འཇུག་པའོ། བསྙིལ་བ་ཞེས་བྱ་བ་ནི་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བའི་ལས་གཅིག་བསྟན་ཏོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་ཞེས་བྱ་བས་ནི། ལྟུང་བ་གང་བྱུང་བ་གསལ་བར་མི་དྲན་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་ པའི་ལས་གཅིག་བསྟན་ཏོ། །བསླབ་པ་སྦྱིན་པ་ཞེས་བྱ་བས་ནི་ཕམ་པར་འགྱུར་བ་བྱུང་བ་ཉམས་པ་ལ་བསླབ་པ་སྦྱིན་པའི་ལས་གཅིག་བསྟན་ཏོ། །མཐུན་པ་སྦྱིན་པ་ཞེས་བྱ་བས་ནི། མཐུན་པ་སྦྱིན་པའི་ལས་གཅིག་བསྟན་ཏོ། །དེའི་གསོ་སྦྱོང་སྦྱིན་པ་ཞེས་བྱ་བས་ནི། མཐུན་པའི་གསོ་སྦྱོང་སྦྱིན་ པའི་ལས་གཅིག་བསྟན་ཏོ། །མུ་སྟེགས་ཅན་གྱི་གནས་སྦྱིན་པས་ཞེས་བྱ་བས་ནི། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པའི་ལས་གཅིག་བསྟན་ཏོ། །དེ་ལས་གཞན་པའི་སྤོ་བ་སྦྱིན་པ་ཞེས་བྱ་བས་ནི། མུ་སྟེགས་ཅན་ལ་ཟླ་བ་ བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནང་བ་སྦྱིན་པ་ལས་གཞན་པ་དགེ་འདུན་ལྷག་མ་བཅབས་པ་ལ་སྤོ་བ་སྦྱིན་པའི་ལས་གཅིག་བསྟན་ཏོ། །མགུ་བ་སྦྱིན་པ་ཞེས་བྱ་བས་ནི། དགེ་འདུན་ལྷག་མའི་ལྟུང་བའི་ཕྱིར་མགུ་བ་སྦྱིན་པ་དང་། ལྕི་བའི་ཆོས་ལྷག་པར་སྤྱད་པའི་ཕྱིར་མགུ་བ་སྦྱིན་པའི་ ལས་གཅིག་བསྟན་ཏོ། །ཡང་གཞི་ནས་བསླང་བ་སྦྱིན་པ་ཞེས་བྱ་བས་ནི། སྤོ་བ་དང་མགུ་བར་བྱ་བ་བྱེད་པའི་སྐབས་སུ་གལ་ཏེ་དགེ་འདུན་ལྷག་མ་དེ་ཉིད་ཀྱི་ལྟུང་བ་བྱུང་ན། གཞི་ནས་སྤོ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་སྤོ་བ་དང་གཞི་ནས་བསླང་སྟེ་ཡོངས་ སུ་གནས་པ་དང་། མགུ་བར་བྱ་བ་སྦྱིན་པའི་ལས་བཞི་བསྟན་ཏོ། །དྲན་པས་འདུལ་བ་སྦྱིན་པ་ཞེས་བྱ་བས་ནི། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པའི་ལས་གཅིག་བསྟན་ཏོ། །མ་མྱོས་པས་འདུལ་བ་སྦྱིན་པ་ཞེས་བྱ་བས་ནི། མ་མྱོས་པས་འདུལ་བར་འོས་པ་ལ་མ་ མྱོས་པས་འདུལ་བ་སྦྱིན་པའི་ལས་གཅིག་བསྟན་ཏོ། །བསྙེན་པར་རྫོགས་པར་བྱ་བ་ཞེས་བྱ་བས་ནི། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བའི་ལས་གཅིག་བསྟན་ཏོ། །མཚམས་དགྲོལ་བ་ཞེས་བྱ་བས་ནི། མཚམས་ཆེན་པོ་དང་། མཚམས་ཆུང་ངུ་དང་། དཀྱིལ་འཁོར་ པའི་མཚམས་དགྲོལ་བའི་ལས་གཅིག་བསྟན་ཏོ། །ནན་ཐུར་གྱི་ལས་ཞེས་བྱ་བས་ནི། ནན་ཐུར་དང་བཟོད་པར་བྱ་བའི་ལས་གཉིས་བསྟན་ཏེ། འདི་ལྟ་སྟེ། བསྡིག་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་གྱེད་པ་དང་། མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་ དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དག་ནི་ནན་ཐུར་གྱི་ལས་སོ། །གནས་ནས་ཕྱུང་བ་དེ་དག་ལ་བཟོད་པ་བྱ་བ་ནི་བཟོད་པ་བྱ་བའི་ལས་སོ། །དབྱུང་བ་ཞེས་བྱ་བས་ནི། དགེ་འདུན་ལྷག་མ་ལས་ དབྱུང་བ་དང་། སྲ་བརྐྱང་དབྱུང་བའི་ལས་གཉིས་བསྟན་ཏེ། ལས་སུམ་ཅུ་པོ་དེ་དག་ལ་ནི་གསོལ་བ་དང་བཞིའི་ལས་བྱའོ། །དེ་ལྟར་འདུལ་བའི་གཞུང་ལས་བགྲང་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང་། ཕྱག་མི་བྱ་བའི་བསླབ་པའི་སྡོམ་པ་སྦྱིན་པ་དང་། རྩོད་པ་སྤང་བར་ བྱེད་པ་བསྐོ་བ་དང་། བཟོད་པ་གསོལ་བ་ཞེས་བྱ་བ་དག་ཀྱང་གསོལ་བ་དང་བཞིའི་ལས་སུ་སྣང་བ་དེ་དག་ནི་འདིར་གསོལ་བ་དང་བཞིའི་ལས་སུ་མ་བྱས་སོ། །དེ་ལྟར་ག་ལས་ཤེས་ཤེ་ན། གཏམ་གྱི་གཞི་ལས་ལས་ཀྱི་གྲངས་བརྗོད་པ་ལས་འབྱུང་བ་སྟེ། བཙུན་པ་ལས་དག་དུ་མཆིས། ཉེ་བ་ འཁོར་བརྒྱ་རྩ་གཅིག་གོ། །བཙུན་པ་ལས་དུ་ངག་གིས་ལས་ཐམས་ཅད་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་། གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་ཀྱིས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་གང་ དག་ལགས་པ་དེ་དག་ལ་གསོལ་བའི་ལས་དག་ནི་དུ་གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ་གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བ་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་ བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་སོ། །དེ་ནི་བརྡ་ཕྲད་སླ་བར་བྱ་བའི་ཕྱིར། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་རྣམས་ཚིགས་སུ་བཅད་པ་དག་གིས་བསྡུ་བར་བྱ་སྟེ། དེའི་ཕྱིར། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་ དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་གཟེད་ཁས་དབུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །གནས་ མལ་སྟོབས་པར་བྱེད་པ་དང་། །རུང་བའི་ས་གཞི་བསྒོ་བ་དང་། །སྲ་བརྐྱང་དང་ནི་དེ་གདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འདྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་ བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །ཁར་བ་འདྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་བྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུ་ཕྱིར་འགྲོ་བ། །གསོལ་ དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་མྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག ། གསོལ་དང་བཞིའི་ལས་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །ད་ནི་བསྡུ་བའི་ཚིགས་སུ་བཅད་པ་དེ་དག་གི་བཤད་པར་བྱའོ། །དེ་ལ་གསང་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ ལས་བྱ་བའོ། །ནང་དུ་དྲི་ཕྱིར་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །གསོ་སྦྱོང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། སོ་སོར་ཐར་པའི་མདོ་གདོན་པའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །དེ་ལ་ལྟུང་བ་བཅས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་ སྦྱོང་བྱ་བའོ། །དེ་ལ་དགེ་འདུན་ཡིད་གཉིས་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །དེ་ལ་དགེ་འདུན་ཡིད་གཉིས་ དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ལ་དགེ་འདུན་ཐམས་ཅད་ཡིད་གཉིས་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །རྩོད་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་ གི་ཚེ་དགེ་འདུན་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །ངེས་ཉིད་མ་ཡིན་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ནི་གང་ཡིན་པ་དེ་ནི་ལས་ཇི་ལྟར་ནི་ལྟུང་བར་འགྱུར་ཞེས་བྱ་ བ་ལ་སོགས་པས་ངེས་པ་ཉིད་མ་ཡིན་པར་གྱུར་ན། དེའི་ཚེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བའོ། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །ཞེས་བྱ་བ་ནི་ལས་ལྔ་བསྟན་ཏེ། གསོ་སྦྱོང་དེའི་དོན་དུ་ལས་ལྔ་པོ་ དག་གསུངས་པ་ཐམས་ཅད་དགག་དབྱེར་ཡང་གཏོགས་པ་ཡིན་པའོ། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དབྱར་གནས་པར་ཁས་བླང་བའི་ཚེ་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །ཤི་བའི་རྫས་དང་ནོར་འདྲ་དང་། །ཞེས་བྱ་བས་ ཀྱང་ལས་གཅིག་བསྟན་ཏེ། ཤི་བའི་རྫས་བགོ་བར་བྱ་བའམ། ཤི་བའི་ནོར་རྫས་གང་ཟག་གང་ལ་ཡོད་པ་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཞེས་བྱ་བ་དང་། ཆོས་གོས་སྦྱིན་པར་བྱ་བ་དང་། །ཞེས་བྱ་བས་ཀྱང་ ལས་གཅིག་བསྟན་ཏེ། དབྱར་གནས་པའི་དགེ་འདུན་གྱིས་ཆོས་གོས་སྲ་བརྐྱང་འདིང་བའི་དགེ་སློང་ལ་གཏད་པ་དང་། གྱད་བུ་ནོར་ལྟ་བུ་ཆོས་གོས་གསུམ་ངན་པ་ལ་དགེ་འདུན་གྱིས་རས་ཡུག་ཆེན་གཅིག་སྦྱིན་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །གནས་ངན་ལེན་ནི་ བརྗོད་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་དང་དགེ་སློང་མ་གང་དག་ཇི་ལྟར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་དུ་གཞུག་ པའོ། །གྲངས་སུ་གཞུག་པ་བཞི་དག་དང་། །ཞེས་བྱ་བས་ནི་ལས་བཞི་བསྟན་ཏེ། ངོར་འཕྱ་བའི་གྲངས་སུ་གཞུག་པ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པ་དང་། བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་དང་། ཅང་མི་སྨྲ་བའི་རྣ་ལ་གཟོན་པའི་གྲངས་སུ་གཞུག་ པ་དག་གསོལ་བ་འབའ་ཞིག་གི་ལས་ཀྱིས་དེ་དག་གི་གྲངས་སུ་གཞུག་པའོ། །ཁྱིམ་གྱི་སྡོམ་པ་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། སྦྱིན་བདག་ལོངས་སྤྱོད་འགྲིབ་པ་ལ་དེའི་ཁྱིམ་དུ་ཟན་མི་ཟ་བར་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་པར་བྱ་ བའོ། །དེ་གཞིག་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ཁྱིམ་གྱི་སྡོམ་པ་སྦྱིན་པ་དེ་ཉིད་ལོངས་སྤྱོད་འཕེལ་བ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ཁྱིམ་གྱི་སྡོམ་པ་དེ་གཞིག་པར་བྱ་བའོ། །ལྷུང་བཟེད་ཁས་དབུབ་བྱ་བ་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ཁྱིམ་བདག་དགེ་སློང་ལ་ཡང་དག་པ་མ་ཡིན་པས་སྐུར་བ་འདེབས་པ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཁ་དབུབ་པར་བྱ་བའོ། །དེ་ཉིད་བཟློག་པར་བྱ་བ་དག །ཅེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ལྷུང་བཟེད་ཁས་ཕུབ་པ་དེ་ཉིད་བཟོད་པ་གསོལ་བ་ ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་དེ་བཟློག་པར་བྱ་བ་སྟེ། ལས་ཉི་ཤུ་རྩ་བཞི་པོ་ཇི་སྐད་བསྟན་པ་དེ་དག་ནི་གསོལ་བ་འབའ་ཞིག་གི་ལས་ཡིན་ནོ། །གནས་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། གསོ་སྦྱོང་གི་གནས་ལ་གསོལ་བ་དང་གཉིས་ཀྱི་ ལས་ཀྱིས་བློ་མཐུན་པར་བྱ་བའོ། །མཚམས་ནི་གཉིས་པོ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དཀྱིལ་འཁོར་བའི་མཚམས་དང་མཚམས་ཆེན་པོ་དག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གཅད་པར་བྱ་བའོ། །མི་འབྲལ་ཞེས་བྱ་བས་ཀྱང་ལས་གཅིག་བསྟེན་ཏེ། མཚམས་ ཆེན་པོ་བཅད་པའི་ནང་དུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པའོ། །སྨྱོས་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་སྨྱོས་ཤིང་སེམས་འཁྲུགས་པ་ལས་ཀྱི་གནས་སུ་རད་རོད་བྱེད་པ་ལ་གསོལ་བ་དང་གཉིས་ ཀྱི་ལས་ཀྱིས་མི་མཐུན་པར་མི་འགྱུར་བའི་གནང་བ་སྦྱིན་པའོ། །དགག་དབྱེ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གནས་མལ་སྟོབས་པར་བྱེད་པ་དང་། །ཞེས་བྱ་བས་ ཀྱང་ལས་གཅིག་བསྟེན་ཏེ། དབྱར་གནས་པར་ཁས་ལེན་པ་རྣམས་ལ་གནས་མལ་སྟོབས་པའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །རུང་བའི་ས་གཞི་བསྐོ་བ་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། རུང་བའི་ཁང་པ་ལ་གསོལ་བ་དང་། གཉིས་ཀྱི་ ལས་ཀྱིས་བློ་མཐུན་པར་བྱ་བའོ། །སྲ་བརྐྱང་དང་ནི་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དེ་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱ་བའོ། །དེ་གདིང་བ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དབྱར་གནས་པའི་དགེ་ འདུན་གྱི་སྲ་བརྐྱང་གདིང་བའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྤོང་བ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། སྤོང་བའི་ཞལ་ཏ་བྱེད་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ལག་གི་བླ་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ལག་ གི་བླ་དང་། ལག་དཔོན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གནས་ཁང་བསྐོ་ལ་སོགས་པ་དང་། །ཞེས་བྱ་བས་ནི་ལས་བཅུ་གཉིས་བསྟན་ཏེ། གནས་ཁང་བསྐོ་བ་དང་ཟས་ལ་བསྐོ་བ་དང་། ཐུག་པ་འདྲིམ་པ་དང་། བག་ཆོས་འདྲིམ་པ་དང་། ཕྲན་ཚེགས་འདྲིམ་པ་དང་། སྣོད་ སྤྱད་འདྲུབ་པ་དང་། གོས་སྦེད་པ་དང་། གོས་འགྱེད་པ་དང་། དབྱར་གྱི་རས་ཆེན་སྦེད་པ་དང་། དབྱར་གྱི་རས་ཆེན་འགྱེད་པ་དང་། མངག་གཞུག་པ་དང་། མཛེས་ཆོས་དག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གཟུ་དང་ཞེས་བྱ་བས་ནི་ལས་གཅིག་བསྟན་ཏེ། དགེ་འདུན་ ལ་རྩོད་པ་བྱུང་བ་མངོན་སུམ་གྱིས་འདུལ་བའི་གཟུ་བོ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གསལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བ་གཟུ་བོས་ཞི་བར་མ་ནུས་ཏེ། དེས་དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་དེ་ཞི་ བར་བྱེད་པའི་གང་ཟག་གསལ་བ་དང་། གསལ་བའི་ཡང་གསལ་བ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྦེད་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བ་གང་ཟག་གསལ་བ་དང་། གསལ་བའི་ཡང་གསལ་བས་ཞི་བར་མ་ ནུས་ཏེ། དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་སྦེད་པའི་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ཚུལ་ཤིང་འདྲིམ་པར་བྱེད་པ་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་འདུན་ལ་རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འདྲིམ་པའི་གང་ ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ཁང་པ་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་ཁང་པའི་གཞི་རུང་བ་བསྟན་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཁང་བའི་གཞི་རུང་བ་བསྟན་པ་སྦྱིན་པའོ། །ཁང་ཆེན་བསྟན་པ་དང་ཞེས་བྱ་བས་ཀྱང་ ལས་གཅིག་བསྟན་ཏེ། དགེ་སློང་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་སྦྱིན་པའོ། །གླེང་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་ཁྱིམ་སུན་འབྱིན་པ་ལ་དགེ་སློང་ གི་ཆོས་མ་ཡིན་པ་རྣམ་པ་མང་པོ་གླེང་བས་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འབྲལ་བར་མི་འགྱུར་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། རྒན་པོ་དང་ནད་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཆོས་གོས་སྣམ་སྦྱར་དང་བྲལ་བར་མི་འགྱུར་ བའི་གནང་བ་སྦྱིན་པའོ། །སྟན་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་ལག་གི་བླ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྦྱིན་པའོ། །ལྷུང་བཟེད་འདྲིམ་པ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། ལྷུང་བཟེད་འབྲེལ་པ་ མེད་པར་འདྲིམ་པའི་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །མ་དད་གོ་བར་བྱ་བ་དང་། །ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་དང་དགེ་སློང་མ་སྐྱེ་བོ་ཕལ་པོ་ཆེ་མ་དད་པར་རིག་པར་འགྱུར་བ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པ་དག་ཁྱིམ་རྣམས་སུ་ སོ་སོར་གོ་བར་བྱེད་པའི་གང་ཟག་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྟོན་པ་དང་ནི་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་མའི་སྟོན་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ནགས་ཉུལ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། སོ་ སོར་བཤགས་པའི་ཉེས་པ་སྤང་བའི་ཕྱིར་གང་ཟག་ནགས་ཉུལ་བ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །ཕྱག་མི་བྱ་བ་དང་ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ཏེ། དགེ་སློང་དགེ་འདུན་གྱིས་གནས་ནས་ཕྱུང་བ་ལ་དགེ་སློང་མས་གསོལ་བ་དང་གཉིས་ཀྱི་ལས་ ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོ