Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
ནོ་ཞེས་བྱ་བ་ནི་རྣམ་པར་འཁྱམས་པའི་འོག་ཏུ་མགྲོན་དུ་བོས་པ་ལ་བསོད་པ་སློང་བའི་ཁ་ན་མ་ཐོ་བ་བྱེད་པ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །མདུན་རོལ་དུ་ཡང་གང་གིས་མ་བསྟབས་པའོ་ཞེས་བྱ་བ་ནི། ཟླ་བ་བཞིའི་འོག་འབའ་ཞིག་ཏུ་མ་ཟད་ཀྱི་ཟླ་བ་བཞི་མ་ཚང་བའི་མདུན་རོལ་དུ་ཡང་ཞེས་བྱ་བའི་དོན་ཏོ། །བཟའ་བར་བྱ་བའི་དངོས་པོ་གང་གིས་མགྲོན་དུ་བོས་པ་དེ་སློང་ངམ་ཟ་ན་མ་བསྟབས་པའི་ཉེས་པ་བྱེད་པ་ཉིད་ ཡིན་པའོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ།། །།བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་ལ་འདུ་ཤེས་གཙོ་ཆེར་ བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་མངོན་པར་ཤེས་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ། །མངོན་པར་ཤེས་པ་ཉིད་གང་ལ་ཞེ་ན། དེའི་ཕྱིར་སྨྲ་བ་པོ་ལའོ་ཞེས་བྱ་བ་སྨོས་སོ། །དེས་གང་ལ་མངོན་པར་ཤེས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་བསླབ་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཡང་དག་ པ་ཁོ་ནར་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་དག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་ཆོ་ག་འདི་རྣམ་པར་གནས་པ་ཡིན་ཏེ། མངོན་དུ་བྱས་པ་ལ་དྲང་སྲོང་གིས་ཡེ་ཤེས་ཀྱིས་འདུལ་བ་མངོན་པར་ཤེས་པ་ཉིད་ལ་ཡིད་ཆེས་པ་ལས་ཉེ་བར་ཐོས་པ་ ལ་འདིར་འདུ་ཤེས་དག་པ་སྟེ། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ལ་གཅིག་ཏུ་ཁ་ན་མ་ཐོ་བ་མི་སྐྱེད་པ་སྟེ། གཞན་འགའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གལ་ཏེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། དགེ་སློང་གིས་ཁྱེད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་ བརྗོད་པ་ན་འམ་བསྒོ་བ་ནི་མི་སློབ་པ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ནའོ་ཞེས་བྱ་བ་སྨོས་ཏེ། བརྗོད་པ་ནའམ་ཞེས་བྱ་བ་ནི་བསླབ་པ་ལ་ཞེས་བྱ་བ་འདིས་སྐབས་ཀྱིས་སོ་སོར་གནས་པའི་འབྲེལ་པ་ཅན་དུ་རིག་པར་བྱའོ། །འདི་ལ་ ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པ་ལས་ཏེ། མདོ་སྡེ་ལས་གསུངས་པ་ནི་ཉེས་བྱས་ཀྱིའོ་ཞེས་འབྱུང་བའི་ཕྱིར་རོ། །བསྒོ་བ་ན་ཞེས་བྱ་བ་ནི་བརྗོད་པ་ལའོ། །འདི་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་མོས་པར་བྱས་ནའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། འདུལ་བ་དང་ཉེ་བར་གྱུར་པའི་ མདོ་སྡེ་རྣམས་བཞག་ནས་འདི་སྐད་ཅེས་སྨྲ་བར་བྱེད་དེ། བདག་གིས་འདི་ལ་བསླབ་པར་མི་བྱའོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དེ་བས་ན་འདི་བརྗོད་པ་ཡིན་ནོ། །གང་གིས་འདི་ལྟར་བརྗོད་པ་ཞེ་ན། དགེ་སློང་ཞེས་སྨོས་པས་སོ། །རྣམ་པ་གང་གིས་མི་ཤེས་པ་སྲིད་པ་ཉིད་ཀྱིས་ཕྱིར་ཞེ་ན། དེའི་ཕྱིར་མི་སློབ་བོ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ཞེས་བྱ་བ་སྨོས་ཏེ། བདག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་སྐད་ཟེར་བ་སྟེ། གང་གི་ཕྱིར་ཁྱོད་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་གོ་བར་བྱེད་པ་ལ་ཞེས་སྨོས་ཏེ། གང་གི་ཕྱིར་ཁྱོད་མི་ཤེས་པ་དེའི་ ཕྱིར་ཁོ་བོ་མི་སློབ་པོ་ཞེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་གང་ཡིན་པ་དེ་བརྗོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ཡང་མངོན་པར་ཤེས་པ་ཉིད་ལ་ཞེས་བྱ་བ་འདིའི་མཐར་བསླབ་པར་བྱའོ་ཞེས་བྱ་བ་ལ་ སོགས་པ་བརྗོད་པར་གྱུར་པ་ལ་ཇི་སྲིད་དུ་ཚིག་བརྗོད་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། འདུལ་བ་དང་ལྡན་པ་དག་མ་གཏོགས་པ་མདོ་སྡེ་དག་ལས་འདི་སྐད་ཅེས་ཁོ་བོ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ཉེས་བྱས་སོ། །གཞན་མདོ་སྡེ་ཉིད་བཞག་པ་འདི་ ལས་མངོན་པར་བརྟེན་པ་ཤེས་པ་ཡིན་ནོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་འཇུག་པ་གང་ལ་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་དག་རྩོད་པར་གྱུར་པ་དགེ་སློང་དག་དང་གྲོས་བྱེད་པ་ན་ཉན་པའི་ཕྱིར་རྣ་གཏོད་ན་ སྟེ་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ཡུལ་གྱི་དོན་གཅིག་ལ་བརྟེན་པའི་རྒོལ་བ་དང་ཕྱིར་རྒོལ་བ་དག་མང་པོ་ཞིག་ཡོད་མོད་ཀྱི། འོན་ཀྱང་རིགས་གཉིས་ཡིན་པའི་ཕྱིར་དགེ་སློང་དག་ཅེས་གཉིས་ཀྱི་ཚིག་ཏུ་བྱས་སོ། །རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་གང་ཡིན་ པ་དེ་དག་ལ་དགེ་སློང་རྣམས་ཀྱིས་སྡུམ་པ་གང་ཡིན་པ་དེ་ལ་རྣ་གཏོད་པའི་དོན་དུ་རྩེ་གཅིག་ཏུ་བྱེད་པའོ། །ཅི་རྣ་གཏོད་པ་ཐམས་ཅད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། རྣ་གཏོད་ཅིང་ཉན་པ་དོར་ནས་ཞེས་བྱ་བའི་དོན་ཏོ། །འདིར་གང་ ལ་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་སྒྲ་ཐོས་པ་ལ་ནི་ཉེས་བྱས་སོ། །དོན་ལ་ནི་དངོས་གཞིའོ་ཞེས་བྱ་བ་ནི་སྒྲའི་དོན་གོ་ནས་དོན་སོ་སོར་རིག་པའོ། །དེ་བས་ན་འདིར་སྦྱོར་བ་ཐོབ་པ་ནི་སྒྲ་སོ་སོར་རིག་པ་དང་འབྲེལ་པ་སྟེ། དངོས་གཞིའི་ལྟུང་བ་ན་སྨད་པ་ནི་མ་ཡིན་ནོ། །ཅི་དོན་ གང་ཡང་རུང་བ་ཁོ་ནས་དངོས་གཞིར་འགྱུར་རམ་ཞེ་ན། དེའི་ཕྱིར་འཁྲུག་ལོང་བྱ་བ་ལ། གཞོལ་བས་སོ་ཞེས་བྱ་བ་སྨོས་ཏེ། དོན་གཞན་གྱི་དབང་ཉིད་དུ་སོན་ཅིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་ན་ངེས་པར་ལྟུང་བ་འབྱིན་པ་ཉིད་དུ་འགྱུར་ཏེ། གལ་ ཏེ་ནོར་བ་དང་ཞི་བར་འདོད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་ཐོས་པ་ལས་དོན་གཞན་མངོན་དུ་བྱས་ཏེ་ཉེ་བར་འབྲེལ་པར་བྱའོ། །དུས་གང་གི་ཚེ་ན་ཤེས་པར་འགྱུར་བ་ཅུང་ཟད་འདིར་བསྡད་པར་བྱ་སྟེ། ད་ལྟར་ཤེས་པའི་འོག་ཏུ་རྐང་པའི་ཏིང་སྒྲ་ལ་སོགས་པས་བསྡད་པར་བྱའོ། ། གལ་ཏེ་མ་ཡིན་ན་གང་ལས་ངེས་པར་ལྟུང་བར་བྱེད་པ་ལ་ལྟུང་བར་འགྱུར་བ་ནི་ལྟུང་བ་བསྐྱེད་པའོ། །གལ་ཏེ་ནོར་བར་གྱུར་ཏམ་ཞི་བར་འདོད་པས་ནི་མ་གཏོགས་ཏེ། ཉེ་བར་མི་གནས་པར་གྱུར་པའི་ཚེ་གཅིག་པའི་སྦྱིན་པར་མི་འགྱུར་བ་ཞི་བ་ལ་དོན་དུ་གཉེར་བའམ་ཞེས་བྱ་བའི་དོན་ ཏོ། །འཐབ་གཅུགས་མི་བྱའོ་ཞེས་བྱ་བ་ནི་རྟེན་དུ་གྱུར་པ་ལ་ཆོ་ག་སྔ་མ་རྣམ་པར་གཞག་པའི་ཕྱིར་གཞན་ཞེས་བྱ་བའི་རྐྱེན་ཏོ། །མི་སྟོབས་པ་ཉིད་ཀྱིས་ཐོབ་པ་ལ་ཚིག་འདིའོ། །མཉན་པར་མི་བྱའོ་ཞེས་བྱ་བ་ནི་འཐབ་མོའོ། །དེ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ། །ཉེ་བར་ ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི་རྩོད་པ་ལའོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ།། །།གང་ལ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། གསོལ་ པ་ལ་སོགས་པའི་ལས་ལ་ཞེས་བྱ་བ་ནི་གསོལ་བ་འབའ་ཞིག་དང་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ལ་ཡང་དགག་དབྱེའི་བདག་ཉིད་ཅན་གྱི་ལས་ལའོ། །རབ་ཏུ་བྱུང་བ་ལ་ལྟོས་པ་ཞུ་བ་ལ་སོགས་པ་ལ་ནི་མ་ཡིན་ནོ། །འདུས་པ་ཞེས་བྱ་བ་ནི་ཞུགས་པ་ལའོ། །དགེ་ འདུན་འདུས་པ་ལ་མ་དྲིས་པར་རོ། །དགེ་སློང་ལ་མ་དྲིས་པར་འགྲོ་ནའོ་ཞེས་བྱ་བ་ལ། དགེ་སློང་ལ་མ་སྨྲས་པར་ཞེས་བྱ་བ་ནི་ལྟ་བ་ཡང་དག་པར་བསྒྲུབ་པའི་དོན་དུ་མ་ཡིན་ནོ། །འོན་ཀྱང་ཚོགས་པ་བསྒྲུབ་པའི་དོན་དུ་འདུན་པ་འབུལ་བ་ལྟར་རྟོགས་པར་བྱའོ། །ཐག་ཇི་སྲིད་དུ་སོང་ན་འགྲོ་ བའི་ཆ་དེ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐོས་པའི་ཉེ་འཁོར་ལས་འདས་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །དོན་མེད་པ་དང་མི་རིགས་པས་འགྲོ་བའོ་ཞེས་བྱ་བ་སྨོས་ཏེ། དགོས་པ་མེད་པ་དང་མི་རིགས་པའི་ཚུལ་གྱིས་དགོས་པར་འགྲོ་ན་ཡང་ཉེས་བྱས་སུ་ འགྱུར་རོ། །གསོལ་བ་བྱས་པ་ཉིད་ལའོ་ཞེས་བྱ་བ་ནི། འདིར་གཞུང་ནི་ལས་ཀྱི་གཞི་ཞུ་བ་ལས། བཙུན་པ་རེ་ཞིག་ལས་བརྗོད་པར་བགྱིད་པ་ན། དགེ་སློང་སྟན་ལས་ལངས་ཏེ་མཆི་ཞིང་དགེ་སློང་མཆིས་པ་དག་ལ་ཡང་མི་སྨྲ་བར་མཆི་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་ སོ་ཞེས་གསུངས་པ་ཡིན་ནོ། །ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་ཞེས་བྱ་བ་ནི་ཆོས་དང་ལྡན་པ་ཉིད་མ་ཡིན་པ་འདི་རྣམས་ལ་དངོས་གཞིའི་གནས་སུ་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་བྱེད་པ་ན་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ ཡིན་ནོ། །ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདི་ནི་སྔར་མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས། གསོལ་བ་བརྩམས་པ་ནས་བཤང་བའི་ས་འམ་གཅི་བའི་སར་འགྲོ་བ་འམ་འོང་ ཡང་རུང་སྟེ། དགེ་སློང་འཁོད་པ་དག་ལ་མི་སྨྲ་ཡང་ཐོས་པའི་ཉེ་འཁོར་ཡོངས་སུ་མི་གཏོང་བ་གང་ཡིན་པ་ལ་ནི་ལྟུང་བ་མེད་དོ། །འདིར་སྔ་མ་ལ་ཡང་ཐོས་པའི་ཉེ་འཁོར་མི་གཏོང་བ་ལ་ལྟུང་བ་མེད་པར་རྣམ་པར་གནས་པ་ཡིན་ནོ། །གཏོང་ན་ནི་ངེས་པར་ཉམས་པར་འགྱུར་རོ། །མི་སྨྲ་ བར་འགྲོ་བའི་ལྟུང་བྱེད་དོ།། །།གང་ལ་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འདུག་པ་དང་འགྲོ་བ་དང་གནས་མལ་དང་གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་ལ་བསྒོ་བའི་དོན་ལ་མ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་དེ་ལས་བཟློག་སྟེ། འགལ་བར་བྱེད་པའོ་ཞེས་བྱ་བ་ནི་དེ་ལས་བཟློག་སྟེ་མི་འདུག་པ་དང་མི་འགྲོ་བ་དང་གནས་མལ་མི་ལེན་པ་དང་གཙུག་ལག་ཁང་མི་ལེན་པ་དང་མི་སྨྲ་བའོ། །སོགས་པའི་སྒྲས་ནི་ལྷག་མ་འདི་ལས་ཆོས་དང་ལྡན་པའི་དོན་ལ་ཉེ་བར་བསྡུས་པའི་དོན་ཏོ། །མི་འགྱུར་བའི་ཡིད་ཀྱིས་ཀྱང་མི་མཐུན་ པར་གྱུར་པ་ཡིན་ཏེ་ཤད་ཀྱིས་ཀྱང་ངོ་། །འདི་ལྟ་སྟེ་དཔེར་ན་གུས་པ་རབ་ཏུ་བྱེད་ཅིང་མི་མཐུན་པ་སྟེ། ཁ་ན་མ་ཐོ་བ་ལ་འཇིགས་པར་མཐོང་བ་ནི་མ་ཡིན་ནོ། །ཆོས་དང་མི་ལྡན་པའི་གསོལ་བ་འབའ་ཞིག་ཏུ་ནི་མ་ཟད་དེ། ཆོས་དང་ལྡན་པའི་གསོལ་བ་བཏབ་པས་ཀྱང་འདི་ནི་གུས་པ་མེད་པ་ མ་ཡིན་ཏེ། དེ་བས་ན་མི་གུས་པར་ཤེས་པར་མི་བྱའོ། །དེ་བས་ན་གུས་པ་མེད་པ་ཞེས་བྱ་བ་ནི་བྱེ་བྲག་གོ། །གུས་པ་ཡོད་པ་ལས་ཡང་དུས་གཅིག་གི་ཚེ་ཆོས་དང་ལྡན་པའི་གསོལ་བ་བཏབ་པ་ཡོད་པ་མ་ཡིན་ཏེ། འདིར་ཆོས་ཀྱི་གསོལ་བ་བཏབ་པ་མེད་པར་ཡང་སྟེར་བ་ཡིན་ནོ། །དགོངས་ པ་ནི་འདི་ཡིན་ཏེ། གང་གི་ཕྱིར་གཉིས་ཀ་ལ་འཁྲུལ་པ་ཡོད་པ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་སྟེ། ཅིག་ཤོས་མེད་པ་ལ་ནི་མ་ཡིན་ཏེ། དེ་བས་ན་གཉིས་ཀའི་ཚིག་བཟུང་བའོ། །གང་དུ་གསོལ་བ་མ་བཏབ་པ་ལ་མ་གུས་པ་ཡོད་པ་ནི་མ་ཡིན་ནོ། །གུས་པ་མ་ཡིན་པ་ ལ་ནི་གསོལ་བ་མི་སྦྱིན་པར་དེར་ནི་ཉེས་བྱས་སོ་ཞེས་བྱ་བ་འདིས་རིག་པར་བྱའོ། །གང་གིས་ཉེ་བར་འོངས་པའི་དོན་ལ་འགལ་བར་བྱེད་པ་ལ་ལྟུང་བ་ཅི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་དགེ་འདུན་ལ་ནི་དངོས་གཞིའོ། །མཁན་པོ་དང་སློབ་དཔོན་དག་གི་ལ་ནི་ཉེས་བྱས་སོ། །ཆོས་ དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་ཆོས་དང་ལྡན་པ་མ་ཡིན་པའི་བསྒོ་བ་ལས་འགལ་བར་བྱེད་པ་ལ་ཡང་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་དགེ་སློང་གནས་ བརྟན་རྣམས་ཆོས་དང་ལྡན་པའི་བཀའ་མཆིད་རྣམ་པར་གཏན་ལ་འབེབས་པ་ན། གློ་བུར་དུ་བཀའ་མཆིད་མཆི་ལ་ལྟུང་བར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་འདི་ལྟ་སྟེ་དགེ་སློང་གནས་བརྟན་དག་ཆོས་མ་ཡིན་པར་སྨྲ་ལ། གསར་བུ་དག་ནི་ཆོས་སྨྲ་བས་གློ་བུར་དུ་གཏམ་ཟེར་ན་ཉེས་བྱས་ སུ་གྱུར་པའོ་ཞེས་གསུངས་པ་ཡིན་ནོ། །གཏམ་ཟེར་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི་གཞན་དག་ལ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པའི་བར་དུ་གློ་བུར་དུ་གཏམ་ཟེར་བ་ནི་དེའི་དེ་ཉིད་ནི་བསྒོ་བ་ལས་འགལ་བར་བྱེད་པ་ཉིད་ཡིན་ཏེ། ལྟུང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གླེང་ གཞི་ལས་འདི་རྣམ་པར་ཤེས་པ་ཡིན་ཏེ། གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པོ་གཏམ་གྱི་མཇུག་ཏུ་སྡོད་པར་མི་བྱེད་གུས་པར་བྱེད་ཅིང་ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། འདིར་ཞུ་བའི་གཞུང་ལས་ཀྱང་གསར་བུ་ཆོས་མ་ཡིན་པ་དག་གནས་བརྟན་ ཆོས་སྨྲ་བ་རྣམས་ལ་གློ་བུར་དུ་གཏམ་ཟེར་བ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་ཐ་སྙད་པ་ནི་དེའི་ཁ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཐ་སྙད་པ་ནི་དགེ་འདུན་གྱི་ཁ་ཡིན་ཏེ། དེ་བས་ན་དགེ་འདུན་ཉིད་ཀྱིས་བསྒོ་བ་གང་ཡིན་པ་དེ་ནི་དགེ་འདུན་གྱི་བསྒོ་བ་ཡིན་ཏེ། དགེ་འདུན་ གྱི་ཐ་སྙད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་བྱ་བ་སངས་རྒྱས་ལ་མ་གུས་པ་ལས་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཤཱ་རིའི་བུ་ལྔ་པོ་རྣམས་ཀྱི་ཚིག་ནི་མི་བསྐྱེད་པ་ཞེས་བྱ་བ་སྟེ། དེ་བས་ན་མདོ་འདི་རྣམ་པར་གནས་པ་ ཡིན་ནོ། །གང་གི་ཕྱིར་དགེ་འདུན་ལ་མ་གུས་པ་དང་སངས་རྒྱས་ལ་མ་གུས་པ་ནི་ཤིན་ཏུ་སྡིག་ཆེ་བ་ཡིན་ཏེ། གང་གི་ཚེ་ཚེ་དང་ལྡན་པ་མ་གྷ་དང་། བྷ་དྷ་ལ་ཡང་ལྟུང་བ་མ་བྱུང་བ་སྟེ། དེ་དག་ལ་མི་གུས་པ་ཉིད་མ་སྐྱེས་པའི་ཕྱིར་རོ། །ཆོས་དང་ལྡན་པའི་གསོལ་བ་ཡང་སྦྱིན་པའི་ཕྱིར་ཞེས་ གསུངས་པ་ཡིན་ནོ། །བསླབ་པ་རྣམས་ལ་མ་གུས་པའི་ཕྱིར་འགལ་བར་བྱེད་པའོ། །གལ་ཏེ་སངས་རྒྱས་ལ་གུས་པ་མེད་ན་མི་རིགས་པར་འགྱུར་བ་འདིས་ཅི་ཞིག་བྱ། དེའི་ཚིག་གིས་བྱ་བ་ཞེས་བྱ་བ་ལ་སོགས་པའི་ལྟུང་བྱེད་དོ། །གལ་ཏེ་བསླབ་པ་ཙམ་ལ་ཅུང་ཟད་ཙམ་དང་། ངན་ངོན་ ཙམ་འདིས་ཅི་ཞིག་ཅེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་བསྐྱེད་པ་ནི་ཉེས་བྱས་སོ། །ལྷག་མ་ལྔ་པོ་རྣམས་ཞེས་བྱ་བ་འདི་ལས་བསྡུ་བ་བྱ་སྟེ། རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་རྣམ་པར་དཀྲུགས་པར་མི་བྱའོ་ཞེས་བྱ་བ་སྨོས་སོ། །མ་གུས་ པའི་ཚུལ་གྱི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་མྱོས་པར་འགྱུར་བ་འཐུང་ནའོ་ཞེས་བྱ་བ་སྨོས་ཏེ། བཏུང་བའི་ཚིག་གིས་འཐུང་ནའོ་ཞེས་བྱ་བ་སྨོས་པས་འཐུང་བར་བྱེད་པ་རྟོགས་པར་བྱའོ། །དེ་བསྐོལ་ན་ནི་དེ་ཉིད་ལས་ཉམས་པ་ ཡིན་ནོ་ཞེས་བྱ་བ་ནི་མྱོས་པར་འགྱུར་བ་དེ་བསྐོལ་ན་ནི་མྱོས་པར་འགྱུར་བ་དེ་ཉིད་ལས་ཉམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་བསྐོལ་བ་འཐུངས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །སྦང་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ་ཞེས་བྱ་བ་ནི་མྱོས་པར་འགྱུར་བའི་ལྟུང་བ་ དེའི་འཇུག་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་སྦང་མ་ཟ་ན་ལྟུང་བྱེད་དོ། །ཚིགས་མ་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །ཕབས་ཀྱི་ཆང་བུ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་མྱོས་པར་འགྱུར་བའི་ཕྱེད་ཉིད་དེ་ཉེས་བྱས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ཀྱང་ངོ་ཞེས་བྱ་བ་ནི་ཕྱེད་ཉིད་དོ་ཞེས་བྱ་ལ་འཇུག་གོ། །མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ནི་ཉེས་པ་མེད་དོ་ ཞེས་བྱ་བ་ནི་འདིར་གཞུང་ལས་མདོག་འབའ་ཞིག་མྱོས་པར་འགྱུར་བ་དང་འདྲ་བ་འཐུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མཁུར་བར་བསྲེལ་བ་དང་ལུས་སྐུད་པ་ལ་ནི་སྦྱོར་བ་དང་འདྲའོ་ཞེས་བྱ་བ་ནི་ཟ་བར་མི་འདོད་པ་ལ་གང་ཞིག་ཡན་ལག་གི་རྒྱན་འཆང་བ་མེད་པ་ནི་དེར་སྦྱོར་བ་ཉིད་ལ་ སྙམ་པའི་བློ་བཟློག་པའི་དོན་དུ་འདིར་འདི་གསུངས་པའོ། །སྨན་པའི་ལུང་གིས་འདི་དག་བྱེད་པ་ལ་ལྟུང་བ་མེད་པའི་ཚིག་གང་ཡིན་པ་དེས་དོན་འདི་བསྟན་པ་ཉིད་དེ་དེ་བས་ན་མདོ་འདི་ཡིན་ཏེ། བ་སྤུའི་བུ་ག་རྣམས་ལ་བཟའ་བ་ཞུགས་པ་ལུས་སྐུད་པ་བསྒྲུབ་པ་ཞེས་བྱ་བ་ནི་འདིར་སྐྱོན་ནོ། །ནད་པ་ལ་ ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ནད་པའི་མཁུར་བར་བསྲེལ་བ་དང་ལུས་བསྐུ་བ་དག་བྱེད་པ་ལ་ནི་ཞེས་བྱ་བ་དེ་མ་ཐག་པས་རྟོགས་པར་བྱའོ། །མྱོས་པར་འགྱུར་བ་ལ་ནི་བཅས་པའི་ཁ་ན་མ་ཐོ་བ་གནང་བ་འཇུག་པ་མ་ཡིན་ཞེས་བྱ་བ་འདི་དེའི་ཕྱིར་རྩོམ་པའོ། །མྱོས་པར་འགྱུར་བ་འཐུང་བའི་ ལྟུང་བྱེད་དོ།། །།དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དུས་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏོ། རང་གི་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་གྱི་བར་དུ་ནི་མ་ཡིན་ནོ་ཞེས་བྱ་བ་བསྟན་པ་དེ་ནི་དུས་མ་ཡིན་པའི་མཚན་ཉིད་དོ། །དགེ་སློང་ཁྱད་པར་ཅན་ཇི་ལྟ་བུ་ཞིག་ལ་དེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་གིས་དགེ་སློང་འཁོད་ཅིང་ཡོད་པ་ ལ་མ་སྨྲས་པ་དེ་ནི་འདིར་བསྡུས་པ་ཡིན་ནོ། །ཅི་ཞིག་བྱས་ན་དགེ་སློང་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གྲོང་དུ་ཞུགས་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་གཅིག་པའི་གནས་ཀྱང་གྲོང་ཉིད་ཡིན་པར་གསུངས་པས་དེའི་ཕྱིར་ཁང་པ་གཅིག་ཙམ་ཡོད་པའི་གནས་ཀྱང་གྲོང་ ཉིད་ཡིན་ནོ་ཞེས་བྱ་བ་དེ་ལ་བསྡུས་པ་ཉིད་དོ། །གྲོང་པའི་ཆོས་དང་ལྡན་པ་ལྷག་པར་སྤྱོད་པའི་གནས་དག་ལ་གྲོང་གི་སྒྲ་འཇུག་པར་འགྱུར་བས་དེའི་ཕྱིར་མ་སྨྲས་པར་ཕྱི་རོལ་པའི་རབ་ཏུ་བྱུང་བའི་གནས་སུ་འཇུག་པ་ལ་ནི་ཁ་ན་མ་ཐོ་བ་མེད་པར་རིག་པར་བྱའོ། །བསྐོར་བ་དང་བཅས་པའི་གྲོང་ལ་ནི་སྒོ་ གཏན་གྱི་བར་དུ་འཇུག་ན་དེ་སྲིད་དུ་ཞུགས་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །མ་བསྐོར་བ་ལ་ནི་བསྐོར་བའི་མཐའི་བསྐོར་བས་དེས་བྱས་ནས་རྣམ་པར་གཞག་པར་རིག་པར་བྱའོ། །ཅི་ཞུགས་པ་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་གལ་ཏེ་གཏད་པའི་བྱ་བ་མ་བྱུང་ནའོ་ཞེས་བྱ་བ་སྨོས་ ཏེ། དེའི་དབང་གིས་འཇུག་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །གཞན་དུ་རྒྱུ་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་དེས་ནི་ཕྱོགས་གང་དུ་འགྲོ་བའི་ཕྱིར་སྨྲས་པའི་ཕྱོགས་དེ་ལས་གཞན་པ་དེའི་ཡན་ལག་ཏུ་གྱུར་པའི་ཕྱོགས་གང་ཡིན་པ་དེར་རྒྱུ་བ་ལ་ནི་ཉེས་བྱས་སོ། །གྲོང་ཡོངས་སུ་ཆད་པར་བྱེད་ ཅིང་ཅུང་ཟད་ཕྱོགས་འགའ་ཞིག་ཏུ་བྱེད་དམ། རིགས་འགའ་ཞིག་ལ་སྨྲ་བར་བྱེད་ན་ཉེས་བྱས་ལ་འཇུག་པ་ཡིན་ནོ། །གྲོང་གཅིག་གོ་ཁྱིམ་གཞན་དུ་འགྲོ་ན་ཉེས་བྱས་ཀྱི་ཚིག་འདིའོ། །གྲོང་གཞན་དུ་རྒྱུ་བ་ལ་ནི་ལྟུང་བྱེད་ཁོ་ནའོ། །འདིར་གཞུང་ནི་ཞུ་བ་ལས་དང་པོར་གང་ན་ཉེ་འཁོར་གཅིག་ ཡིན་པའི་ཉེ་འཁོར་ཤེས་པ་ལས་འདས་ཏེ། དེར་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་ཉེ་འཁོར་གཅིག་ཉིད་ཅེས་བྱ་བ་ནི་གྲོང་གཅིག་ཉིད་བསྟན་པར་རིག་པར་བྱའོ། །གང་ཞིག་ཉེ་འཁོར་ཞེས་སྨོས་པ་འདིས་ཁྱིམ་གྱི་ཉེ་འཁོར་ལ་ཤེས་པར་བྱ་བ་འདིས་སྨྲས་ན་བྱེད་པ་པོ་ ཉིད་དོ། །འདི་ལ་དགེ་སློང་མེད་ན་དགེ་སློང་མ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་ལ་སྨྲ་བར་བྱ་བའི་ཕྱིར་དགེ་སློང་མེད་ན་དགེ་སློང་བཞིན་དུ་དགེ་སློང་མའོ། །གང་ཞིག་དགེ་སློང་དུ་མ་གྱུར་པ་དང་། དགེ་སློང་མར་ཡང་མ་གྱུར་ལ་དེ་ལ་ནི་སྨྲ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ ཡང་མེད་ན་དགེ་ཚུལ་ལའོ་ཞེས་བྱ་བ་ནི་དགེ་སློང་མ་མེད་ན་དགེ་ཚུལ་ལ་དགེ་སློང་དང་འདྲ་བར་རིག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མེད་ན་དགེ་སློབ་མའོ་ཞེས་བྱ་བ་ནི། དགེ་ཚུལ་དེ་ཡང་མེད་ན་དགེ་སློབ་མ་དགེ་སློང་དང་འདྲ་བའོ། །དེ་ཡང་མེད་ན་དགེ་ཚུལ་མའོ་ཞེས་བྱ་བ་ནི། དགེ་ སློབ་མ་དེ་ཡང་མེད་ན་དགེ་ཚུལ་མ་ཡོད་ན་དེ་ལ་སྨྲ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་སྨྲ་བར་བྱ་ཞིང་དགེ་སློང་མ་དང་དགེ་ཚུལ་དང་། དགེ་སློབ་མ་དང་དགེ་ཚུལ་མ་ལ་ཡང་སྨྲ་བར་བྱ་སྟེ། འཁོར་ལོ་བཞིན་དུ་སྦྱར་བར་བྱའོ་ཞེས་ གསུངས་པ་ཡིན་ནོ། །བརྡ་མི་ཕྲད་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་གླེན་པ་དང་ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་དག་དེས་བརྡ་མི་ཕྲད་པ་ཡིན་ན་སྨྲ་བར་བྱ་བ་མེད་པ་ཡིན་ནོ། །ཡོད་པར་གྱུར་ཀྱང་བརྡ་མི་ཕྲད་པ་ལ་མ་སྨྲས་པར་ཞུགས་པ་ལ་ལྟུང་བ་མེད་དོ། །འདིར་གཞུང་ནི་ཐ་ མལ་པར་སྨྲས་པ་མི་ཐོས་པ་དང་། ཐ་མལ་པ་སྨྲ་མི་ཤེས་པ་གང་དག་ཡིན་པ་དེ་དང་ལྷན་ཅིག་འདུག་པས་ནི་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་ཞེས་བྱ་བ་ཡང་ མེད་པ་ཉིད་ཅེས་བྱ་བར་སྦྱར་རོ། །ཐ་དད་པ་ཉིད་ལ་ཕྱོགས་གཞན་ལ་ལྟུང་བ་གཞན་གྱི་ཕྱོགས་སུ་གྱུར་པར་རིག་པར་བྱའོ། །འདིར་གཞུང་ནི་མཚམས་གཞན་གྱི་ས་ལ་གནས་པས་ནམ་མཁའ་ལ་གནས་པ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། ། འདིར་གཞུང་ནི་ཅིག་ཤོས་ལ་ཡང་སྣ་ཚོགས་པ་དང་། འགྲོགས་པ་རྣམས་དང་ལྷན་ཅིག་ཏུ་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་མི་མ་ཡིན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་ལྷན་ཅིག་འདུག་པས་དེ་ ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །སྔོན་ལྟུང་བ་བྱུང་བ་དང་དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཐའི་ལྟུང་བ་བྱུང་བ་དང་། ལྷན་ཅིག་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །དེ་བས་ གཞན་པའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷན་ཅིག་འདུག་པས་དེ་རྣམས་ལ་མ་དྲིས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ཏེ། བསྙེན་པར་རྫོགས་པ་དང་བཅས་པའི་དབུས་སུ་གནས་པའི་དགེ་སློང་དང་དགེ་སློང་མ་དག་ཅེས་བྱ་བ་འདིས་བསྡུས་པར་རིག་པར་བྱའོ། །རྫུ་འཕྲུལ་ གྱིས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་གྲོང་དུ་འཇུག་པ་ལ་བྱེ་བྲག་གི་དོན་ཏེ། འདིར་འདི་ནི་མེད་པར་ནི་གོ་བ་མ་ཡིན་ནོ། །གཞུང་གི་སྡེབ་སྦྱོར་བསྒྲུབ་པའི་དོན་འདི་སྦྱར་བ་ཡིན་ནོ། །འདིར་གཞུང་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཇུག་ན་མ་སྨྲས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པ་ ཡིན་ནོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ།། །།གང་ལ་གྲོང་རྒྱུ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དུས་མ་ཡིན་པར་ཁྱིམ་པའི་གཞི་ལ་སོགས་པར་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་འཁོད་པར་མ་སྨྲས་པར་ཞེས་བྱ་བ་འདིས་དམིགས་ཀྱིས་བསལ་བར་གྱུར་ པའི་ཆོ་ག་འདི་ཡིན་ནོ། །དགེ་སློང་འཁོད་པ་ལ་སྨྲས་ཀྱང་ཁྱིམ་གཞི་ལ་སོགས་པར་དུས་མ་ཡིན་པར་འགྲོ་བ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །ཅི་འདིར་དེ་འབའ་ཞིག་ལའམ་ཞེ་ན། དེའི་ཕྱིར་དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན་སྦྱིན་བདག་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ ཡོལ་བར་མ་བྱས་ཤིག་ཅེས་མ་བསྒོ་བར་གསུངས་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན་འདི་སྐད་ཅེས་ཁོ་བོ་མ་འོངས་པའི་དབང་གིས་ཞེས་བྱ་བ་བྲིམ་པ་ཡོལ་བར་མ་བྱས་ཤིག་ཅེས་བསྒོ་བའོ། །ཟས་དེ་སྦྱིན་པ་པོ་ནི་སྦྱིན་བདག་ སྟེ། དེས་གནང་བ་མ་བྱིན་པར་ཁྱིམ་གསུམ་པ་ལ་སོགས་པར་འགྲོ་བ་སྨོས་པ་གང་ཡིན་པ་དེ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་དེ་དག་ལ་འདའ་བར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་ པར་བྱའོ། །ཉི་མ་དེ་ཉིད་དང་གསོ་སྦྱོང་བྱེད་པའི་དུས་དེ་སྲིད་དུ་ཆོས་འདིའི་དབང་དུ་བྱས་པ་ལ་ཐོ་འཚམས་པར་བྱེད་ན་ཞེས་བྱ་བ་གླེང་གཞི་ལས་ཕྱི་ནས་ཁ་ཟས་བགོས་པ་ལ་སོ་སོར་ཉིད་དུ་གནང་བ་སྟེ། ཁ་ཟས་སྔ་མའི་ཆོ་གའི་ལྷག་མ་ཉིད་ནི་མ་ཡིན་ནོ། །འདིར་ཐ་དད་པ་རྩོམ་པ་ནི་མི་མཐུན་པ་ སྟེ། བདེན་པ་ཉིད་ཀྱི་ཕྱིར་ཕྱིས་དེར་འགྲོ་བ་ན་ལྟུང་བྱེད་དུ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་བཞི་པ་ལ་སོགས་པ་དང་གསུམ་པ་ལ་སོགས་པ་ཞེས་སྨོས་པ་ཡིན་ཏེ། བཞི་པ་དང་གསུམ་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཟན་གཅད་པར་བྱ་བའི་བསམ་པས་གང་ཟག་རེ་རེ་ལ་ འདིར་ལྟུང་བྱེད་གཞན་ཡོད་པར་རིག་པར་བྱའོ། །གྲོང་དུ་འགྲོ་བའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་ནམ་མ་ལངས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། ཉིན་མོའི་ དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ་དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་གཞག་ན་ཅི་འདིར་ཡང་དེ་བཞིན་དུ་རྣམ་པར་གཞག་གམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འདིར་ནི་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་དེ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དམར་ཞིང་སྐྱ་བ་ནི་ཐ་ མའི་སྐྱ་རེངས་ཡིན་ལ་དེ་མ་ཤར་བ་ཉིད་ནི་འདིར་ནམ་མ་ལངས་པ་ཉིད་ཡིན་ལ། ཤར་བ་ཉིད་ནི་ནམ་ལངས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་འཕྲོགས་པའི་རིན་པོ་ཆེ་རྣམས་སམ་རིན་པོ་ཆེར་སྨོས་པ་རྣམས་ལ་གང་ཞིག་འདིར་ཆོས་ཙམ་དུ་བརྗོད་པ་དེ་ནི་འོད་མེད་པ་ཉིད་ཀྱི་གནས་སྐབས་ སུ་ཕལ་ཆེར་འགའ་ཞིག་འདིར་དམིགས་ཀྱིས་བསལ་བ་བསྐྱེད་པའོ། །གང་ཞིག་འདི་སྤོང་བར་རིགས་པ་ཞེས་བྱ་བ་བསྟན་པའི་དོན་དུ་འདི་བསྟན་པ་ཡིན་ནོ། །མི་འཕྲོགས་པ་ཉིད་འདི་ལ་ལྟུང་བ་བསྐྱེད་པའི་ཡན་ལག་ཉིད་མ་ཡིན་ཏེ། དེ་བས་ན་འདིས་བསྡུས་པ་ཡིན་ནོ། །གནས་ སྐབས་གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །རང་འཇུག་པའི་དབང་ཉིད་ཀྱི་ཕྱིར་ལྟུང་བ་འབྱིན་པར་བྱེད་པའི་དུས་སུ་ འབྲེལ་པ་ཉིད་ལ་འདིར་མ་སྨྲོས་པའི་ཕྱིར་ལྟུང་བ་འབྱིན་པ་པོ་ཞེས་བྱ་བར་རྟོགས་པར་བྱའོ། །ལུས་ཀྱིས་ཞེས་བྱ་བ་ཤུགས་ཀྱིས་འབྲེལ་པའོ། །གང་གི་ཕྱིར་འདིར་དམིགས་པར་བྱེད་པ་པོ་ཉིད་ཀྱིས་སེམས་ཙམ་གྱི་འབྲེལ་པར་འགྱུར་ཏེ། དེ་ལ་ཡང་རེ་ཞིག་སེམས་ལ་ཉོན་མོངས་པ་ཅན་ མ་ཡིན་པ་ཉིད་ལ་ལྟུང་བ་མི་འཐད་པ་ཉིད་དོ། །ཉོན་མོངས་པ་ཅན་ཉིད་ལ་ཡང་བསྡམ་པར་བྱ་བ་ཉིད་རྣམ་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་སེམས་ཀྱིས་ནི་མ་ཡིན་ཏེ། འོན་ཀྱང་ལུས་ཀྱིས་ཀྱང་ལྟུང་བ་འབྱིན་པ་པོ་ཞེས་བྱ་བའི་དོན་ཏོ། །མཚན་མོ་དུས་གཞན་གྱི་ཚེ་ན་ནི་མ་ཡིན་ནོ་ཞེས་བྱ་བ་ འདི་འདིར་ཤེས་གཙོ་བོ་ནམ་མ་ལངས་པ་ཉིད་ལའོ་ཞེས་བྱ་བ་འདིས་གྲུབ་པའོ། །ཅི་ནུབ་མོ་གང་ལ་འབྲེལ་པ་ཉིད་དུ་འགྲོ་བའི་སྐབས་བྱེད་པ་ཉིད་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དེའི་ཚེ་སྐབས་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དེའི་ནུབ་མོ་དེ་དང་འབྲེལ་པ་ཉིད་ཀྱི་སྐབས་མ་ཡིན་པ་སྟེ། འབྲེལ་པ་ཉིད་འདི་ལ་ཞེས་བྱ་བ་དེའི་ཚེ་སྐབས་མ་ཡིན་པའོ། །འདིར་གཞུང་ནི་གང་གི་ཚེ་འཕགས་པ་ཤཱ་རིའི་བུས་འཇུག་པར་བྱེད་པའི་གཞན་ཡང་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་མོད་ཀྱི་གནས་དེ་ནི་ཡོད་དོ། །གང་ཞིག་ཡིད་ཆེས་པ་འདི་ཉིད་ཀྱི་དབང་དུ་བྱས་ན་རྗེས་སུ་ཡང་སུན་འབྱིན་པ་ ཉིད་དུ་གྲགས་པ་དེ་བས་ན་མདོ་འདི་བྱས། མཚན་མོ་དུ་མར་འབྲེལ་པ་ཉིད་ལ་ཐམས་ཅད་ལ་འདུ་ཤེས་གཅིག་ཁོ་ན་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་མཚན་མོ་རེ་རེ་ལའོ་ཞེས་བྱ་བ་སྨོས་ཏེ། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་སྨོས་པ་དེས་ནི་ཉིན་མཚན་གྱི་ཆོ་ ག་འདི་བསྟན་པ་ཡིན་གྱི་མཚན་མོ་འབའ་ཞིག་གི་མཚན་ཉིད་བསྟན་པ་ནི་མ་ཡིན་པས་དེའི་ཕྱིར་འདི་ལས་འཇུག་པ་ཤེས་པར་བྱ་བ་མ་ཡིན་ནོ། །མཚན་མོའི་ཆ་གང་ཡང་རུང་བ་ཉིད་ལ་ནི་ལྟུང་བྱེད་དོ། །འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན་ཏེ། གལ་ཏེ་ནམ་འདས་པ་ཉིད་བསྟན་པའི་རྗེས་སུ་འབྲངས་པ་ལས་ཁོང་དུ་ཆུད་པར་བྱའོ། །རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར་མཚན་གཅིག་ལ་བར་མ་ཆད་པའི་གནས་སྐབས་ལ་ལྟུང་བ་གཅིག་པ་ཉིད་དོ། །བར་དུ་ཆད་པ་ལ་ནི་ལྟུང་བྱེད་གཞན་ཡིན་ཏེ། རྩོམ་པ་གཞན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། ། གང་ནས་བརྩམས་ཏེ་སྒོར་ཞུགས་པ་དང་བཙུན་མོའི་འཁོར་གྱི་ནང་དུ་གནས་པ་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་དེའི་སྒོའི་གཏན་པའི་ཉེན་ཀོར་གཉིས་ནི་དེའི་དང་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བཙུན་མོའི་འཁོར་གྱི་གནས་དེའི་སྒོ་གཏན་པ་གང་ཡིན་པ་དེའི་ཉེན་ཀོར་གྱི་མདུན་དུ་ལྟུང་བ་དང་ཕྱིས་ ལྟུང་བ་དག་ལ་སྲིད་པར་གྱུར་པའི་ཕྱོགས་དེས་ཇི་སྲིད་དུ་དེའི་ནང་གི་ངོས་ཀྱི་བཙུན་མོའི་འཁོར་གྱི་གནས་དེའི་དང་པོ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒོ་མ་བཅད་ན་ནི་ཉེ་འཁོར་གྱི་མཐའ་འདིར་དང་པོ་རྣམ་པར་གནས་པ་ཡིན་ནོ། །སྒོ་བཅད་ན་ནི་དེའི་ཚེ་སྒོ་གཏན་གྱི་ མཐའོ། །རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་བཙུན་མོའི་འཁོར་དུ་འདུག་པའི་གནས་ཀྱི་དང་པོའི་སྒོ་གཏན་པའི་ཉེན་ཀོར་གྱི་མཐའ་གཉིས་ནི་དང་པོ་ཡིན་ནོ། །དེ་བཞིན་དུ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་གི་དང་པོ་ཡང་སྒོའི་ གཏན་པའི་ཉེ་ཀོར་གྱི་མཐའ་གཉིས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོབས་ཀྱིས་བསྐོར་བ་ཉིད་ལ་ནི་སྒོའི་དབུས་ཀྱི་རི་མོ་ལ་ནི་སྒོའི་ངོགས་ཀྱི་དབུས་ཉིད་དུ་ངེས་པ་འདི་ནི་ཆོ་ག་དང་པོར་ཁོང་དུ་ཆུད་པར་བྱའོ། །ཞར་ལ་བྱུང་བ་བཤད་ཟིན་ཏོ།། །།གང་དུ་འདི་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་ འཇུག་པ་གཞན་ལྟུང་བྱེད་གཞན་བྱེད་པའི་ཚུལ་གཞན་བརྗོད་པར་བྱ་སྟེ། རྒྱལ་པོའི་ཕོ་བྲང་གི་གནས་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཉིད་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་ནམ་ལངས་པ་ལས་ནམ་མ་ལངས་པར་འདུ་ཤེས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་ སྒོའི་གཏན་པ་ལས་འདས་པར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གྲོང་ཁྱེར་དང་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་གནས་དང་འབྲེལ་པ་ཉིད་ལས་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་བའོ། །སྔ་མའི་ལྟུང་བྱེད་ཅེས་བྱ་བ་འདི་ལ་ཉེས་བྱས་ཀྱི་ཚིག་དང་སྐབས་ཀྱིས་ རྟོགས་པའོ། །ཅི་གང་ཡང་རུང་བ་ལ་འདི་དང་འབྲེལ་པ་ཉིད་ལ་ཉེས་བྱས་ནི་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེའི་དོན་ཉིད་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་འབྲེལ་པ་གཉིས་བརྩམས་ན་གལ་ཏེ་གཅིག་ལ་ཡང་འདིའི་དོན་དུ་འབྲེལ་པ་ཉིད་ནི་འདི་ཞེས་བྱ་བའི་དོན་ཏོ། །འདི་ལ་ ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ངོ་། །འདི་ལ་ཁ་ན་མ་ཐོ་བ་གཉིས་དེ་ཡང་ངོ་ཞེས་བྱ་བ་ནི། གང་དུ་དུས་མ་ཡིན་པར་འདུག་པའི་ཁ་ན་མ་ཐོ་བ་མེད་པ་སྐྱ་རེངས་དང་པོ་ཤར་བའི་མདུན་རོལ་དུ་མ་སྨྲས་པར་འཇུག་པ་འདི་ལ་དེའི་དགོངས་པ་ཅན་གྱི་ཚིག་སྟེ་དེ་ཡང་འདིར་ལྟུང་བྱེད་དུ་རིག་པར་བྱའོ། ། དེའི་ཕྱིར་དེ་ལ་བསྟན་པའོ། །ཅི་གང་ཡང་རུང་བའི་འབྲེལ་པ་སྔ་མ་དག་ལ་གྲོང་ཁྱེར་དང་འབྲེལ་པ་དང་དེའི་དོན་ཉིད་དུ་ཁ་ན་མ་ཐོ་བ་དེ་ཡང་ཡོད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་ཞང་བློན་དང་བར་ཆད་དང་། གདུལ་བའི་དབང་གིས་མ་ཡིན་པ་ ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གདུལ་བའི་དབང་གིས་འགྲོ་བའི་ལུང་ནི་འཕགས་པ་ཤཱ་རིའི་བུའི་བྱུང་བའི་མཐའ་ལས་རྗེས་སུ་གནང་བ་ཡིན་ཏེ། བྱེ་བྲག་ཏུ་ནི་ལྟུང་བ་མེད་དོ། །འདིར་ལུང་ནི་རྒྱལ་པོས་བོས་པ་དང་། བཙུན་མོ་དང་། གཞོན་ནུ་དང་ཞང་བློན་དང་བར་ཆད་བརྒྱད་པོ་དག་ ལས་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེད་དོ་ཞེས་གསུངས་སོ། །མ་བཟླུགས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱའོ། །འོ་ན་འདིར་གཞུང་ནི་མ་ཞུས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱ་བར་དགེ་འདུན་གྱི་དབྱེན་གྱི་གཞི་ལས་གསུངས་སོ། །ཁྱོད་ཀྱིས་ ཀྱང་གྱ་ཚོམ་དུ་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱ་བར་སྒོར་བསྡད་ནས་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྗོད་པར་བྱ་ཞིང་། གལ་ཏེ་སྤྱོན་ཅིག་ཟེར་ན་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དོ།། །།གང་ལ་བསླབ་པ་ བསྟན་པ་ལ་ལོག་པར་བསྒྲུབ་པ་ནི་རྣམ་པ་གསུམ་གནང་སྟེ། ཁྱད་དུ་གསོད་པ་དང་སྤོང་བ་དང་བསླབ་པའི་གཞི་དངོས་པོ་ལ་ཁྱད་དུ་གསོད་པའོ། །དེ་གཉིས་གང་ཡང་སྔགས་ཀྱི་གཞི་ཐོབ་པ་ལས་བརྟགས་པ་སྟེ། དེ་ནི་མདུན་ནས་རྣམ་པར་གཞག་པ་ཡིན་ཏེ། དེ་བས་ན་དོན་དེ་ ཉིད་དུ་རྣམ་པར་གཞག་པའོ། །དངོས་པོ་ལ་ཁྱད་དུ་གསོད་པ་གང་ཡིན་པ་དེ་ནི། འདིར་ཡང་དག་པར་ཞུགས་ཏེ། དེ་བས་ན་འདི་ཉིད་དུ་རྣམ་པར་འབྱེད་པར་བྱ་སྟེ། གང་ལ་འདིའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། དེ་ལ་ལན་གཉིས་ ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པས། འདི་ལ་ཆོས་འདི་ཡོད་པར་གཟོད་ཤེས་སོ་ཞེས་ཟེར་བ་དེ་ལའོ་ཞེས་བྱ་བ་སྨོས་ཏེ། ལན་གཉིས་ཉམས་སུ་མྱོང་ཞིང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་འདོད་པ་གང་གིས་ལན་གཉིས་ཉམས་སུ་མྱོང་བ་དེ་ཡིས་སོ། །ཉམས་སུ་མྱོང་ བ་མེད་པ་ཉིད་ལ་གཉིས་པོ་འདིས་མ་གྲོལ་བ་ལ་ཉེས་བྱས་སུ་རིག་པར་བྱའོ། །གལ་ཏེ་དགེ་སློང་དག་གིས་དེང་ཤེས་པར་འགྱུར་ན། ཚེ་དང་ལྡན་པ་འདི་ནི་སྔར་གནས་པ་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་སླར་བརྗོད་པ་གང་ཡིན་པ་དེའི་ས་འདི་ནི་བསྡུ་བ་ཡིན་ནོ། །ཡིད་ རྨོངས་པ་མ་ཡིན་པས་ཞེས་བྱ་བ་ནི་ལྟུང་བ་མ་ཡིན་པའི་ངོ་བོ་ལ་རྒན་པོ་ཁོ་ན་ལ་མི་ཤེས་པར་འབྱུང་བ་ཡིན་ཏེ། ཡིད་རྨོངས་པ་མ་ཡིན་པས་ཞེས་བྱ་བའི་ཚིག་གིས་སོ། །རིགས་པ་ལས་སྤྱོད་པ་འདི་དགེ་བ་ཡིན་ཏེ། དོན་གང་ལ་ཡིད་རྨོངས་པ་མ་ཡིན་པས་སོ། ། དེ་བས་ན་ལྟུང་བ་རྣམ་པར་གཞག་པ་འདི་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །ཁ་ན་མ་ཐོ་བ་འདི་ལ་ཐམས་ཅད་མ་གུས་པར་གྱུར་པའི་སེམས་དེར་གལ་ཏེ་སངས་རྒྱས་ལ་ཡང་འདིར་འདི་མ་གྲུབ་པས་མ་གུས་པའི་ལྟུང་བྱེད་ཀྱང་རིག་པར་བྱའོ། །གལ་ཏེ་མ་ཡིན་ན་མ་གུས་པའི་ཉེས་བྱས་ཀྱང་མ་ ཡིན་ནོ། །བརྫུན་དུ་སྨྲ་བ་ཡིན་ན་ནི་བརྫུན་དུ་སྨྲ་བའི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །མཚན་གཞན་གྱིས་འདོན་པའི་ཚེ། ཐུན་མོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། མཚན་གཞན་འདོན་པའི་ཚེ་ཞེས་བྱ་བ་ནི། དགེ་སློང་ལ་ལྟུང་བྱེད་དོ་ཞེས་བྱ་བ་དགེ་སློང་མ་རྣམས་ཀྱིས་གསོ་ སྦྱོང་འདོན་པའི་ཚེ་བསླབ་པ་ཐུན་མོང་པའི་ཕྱིར་ད་ལྟར་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སོ། །ལྟུང་བ་མ་ཡིན་པ་བསྟན་པ་ལས་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་བཙུན་པ་དགེ་སློང་མ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་འདོན་པ་ན་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་མདོའི་ ནང་དུ་འདུས་པར་བདག་གིས་ད་གཟོད་ཤེས་སོ་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། གལ་ཏེ་བསླབ་པ་ཐུན་མོང་མ་ཡིན་པ་ལ་བསམས་ཏེ་སྨྲས་ན་ལྟུང་བ་མེད་དོ། །གང་གི་ཚེ་བསླབ་པ་ཐུན་མོང་པ་ལས་བསམས་ཏེ་སྨྲས་ན་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ་ཞེས་ གསུངས་པ་ཡིན་ནོ། །མདོ་སྡེ་དང་ལྡན་པ་སྨྲས་ན་ཡང་ངོ་ཞེས་བྱ་བ་ནི། མདོ་སྡེ་དང་ལྡན་པའི་བསླབ་པའི་གཞི་སྨྲ་བ་ན་དེ་སྐད་ཟེར་བ་དེ་ལ་ཉེས་བྱས་སོ། །གཞུང་ཁ་ཅིག་ལས་འདིར་གཞུང་ནི་འདུལ་བ་དང་ལྡན་པའི་མདོ་མ་གཏོགས་པ་ལ་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ ནང་དུ་འདུས་པ་དང་། ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། མཚན་གཞན་བསྟན་པ་འདི་ནི་བསླབ་པའི་གཞི་ཐུན་མོང་མ་ཡིན་པ་འདོན་པའི་ཚེ་ལྟུང་བ་མེད་ པའོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་འགྱོད་དུ་གཞུག་གོ་ཞེས་བྱ་བ་ནི། བདག་གིས་ད་གཟོད་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཙམ་ལ་ཡང་སྔར་འདུག་པ་ན་འདོན་པ་ལ་མ་གུས་པར་ཉན་པ་ལ་ཉེ་བར་སྦྱར་བར་རིག་པར་བྱའོ། །དངོས་སུ་ནི་མ་ཡིན་ཏེ། གང་ཞིག་འདི་བསྟན་པ་ཅི་ཁོ་བོ་ཅག་ལ་ལས་འདི་ཉིད་གཅིག་པུ་ཡིན་ནམ། ཁོ་བོ་ཅག་གིས་ཀྱང་འདོད་པའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོས་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོས་སོ་ཞེས་བྱ་བ་ལ་སོགས་པ་ སྟེ། དེ་ཡང་མ་གུས་པར་ཉན་པ་ལ་ཉེ་བར་སྦྱར་བར་རིག་པར་བྱའོ། །འགྱོད་དུ་གཞུག་གོ་ཞེས་བྱ་བ་ནི་འདི་ནི་ལམ་དམ་པའོ་ཞེས་བྱ་བའི་བསླབ་པ་ལ་ཉེ་བར་སྐྱེ་བར་འགྱུར་རོ། །འདིར་མང་པོའི་ཚིག་ནི་དུ་མ་ཉེ་བར་གནས་པ་བརྗོད་པ་ལ་ཉན་པ་པོ་རྣམས་ཐམས་ཅད་ཀྱིས་འདིར་འཇུག་པར་བྱའོ་ཞེས་ བྱ་བ་འདི་བསྟན་པའི་དོན་དུའོ། །འདིར་འགྱོད་དུ་གཞུག་པ་ནི་ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེས་བྱས་དང་མ་གུས་པར་གསོ་སྦྱོང་ལ་སོགས་པ་ཐོས་པ་ཞེས་བྱ་བའི་ཆོ་ག་འདི་ལས་རྟོགས་པར་རིག་པར་བྱའོ། །བསླབ་པའི་གཞིའི་ དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། །།གང་ལ་ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བ་སོ་དང་རུས་པ་དང་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལ་ཞེས་བྱ་བ་སྨོས་ཏེ། བ་སོའམ་རུས་པའམ་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལ་ ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་ཤིང་བལ་གྱིས་གོས་པར་བྱས་པ་མ་གཏོགས་པའི་ལྟུང་བྱེད་རྣམས་ལ་བྱེད་དུ་འཇུག་པ་འབའ་ཞིག་གསུངས་མོད་ཀྱི། རང་བྱེད་པ་ལ་ཆེས་ལྕི་བས་ཞེས་བྱ་བ་དེ་ཡང་འདི་རྣམས་ཀྱི་ཁོངས་སུ་བསྡུས་སོ། །ཤིན་ཏུ་ཡང་བ་ བརྗོད་པ་ན་ལྕི་བ་མ་བརྗོད་ཀྱང་གྲུབ་པ་ཉིད་ཅེས་བྱ་བ་འདི་དེ་ཙམ་ཞིག་སྨོས་སོ། །ཁབ་རལ་དང་ཁྲིའི་རྐང་པ་འཆོས་པ་ལས་ཀྱང་དགེ་སློང་གིས་བཅག་པ་ནའོ། །བ་སོ་ལ་སོགས་པ་ཡང་རིན་ཆེ་བའི་ཕྱིར་བཀག་པའོ། །དེ་ལྟ་བས་ན་གང་ལ་ཆེས་རིན་ཆེ་བའི་ཕྱིར་དེ་ཡང་འདིར་བཀག་པར་རིག་ པར་བྱ་སྟེ། ཐ་ན་མཚོན་ཆ་ལ་སོགས་པ་ཡང་ངོ་། །དེ་ལ་ཡང་དེ་འདི་བྱས་པ་ཉིད་དོ། །རིན་པོ་ཆེ་ལས་བྱས་པ་ནི་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེ་ལས་ བགྱིས་པའི་ཁབ་རལ་བགྱིད་དུ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་སྤྱོད་པ་དག་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རས་ལ་སོགས་པ་རྙེད་པ་དེ་ལས་བྱས་པ་དང་བྱེད་དུ་བཅུག་པ་ལ་ལྟུང་བ་མེད་པ་དང་ན་སྨད་པ་ཡང་མེད་དེ། བྱས་པ་འདི་ཉིད་ལས་བཀག་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། བྱས་པ་རྙེད་པ་དང་བྱས་པ་ལ་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཅག་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ་ཞེས་བྱ་བ་ནི། གང་གི་མདུན་དུ་ལྟུང་བ་འཆགས་པ་དེས་ཁབ་རལ་དེ་ཁྱོད་ ཀྱིས་བཅག་གམ་ཞེས་དྲི་བར་བྱ་སྟེ། དེ་སྐད་མ་དྲིས་པར་ལྟུང་བ་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅགས་ན་མ་བཤགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་མ་བཅགས་པར་ལྟུང་བ་འཆགས་པར་བྱེད་ན་དེའི་ལྟུང་བ་དེ་མ་བཤགས་པ་ཉིད་ཡིན་ནོ། །འོག་མ་ལྔ་པོ་དག་ལ་ཡང་དེ་ དག་དང་བཅས་པ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདིའི་འོག་མ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་གོང་མ་རྣམས་དེ་མ་ཐག་པར་རྟོགས་པར་བྱའོ། །དེ་དག་ཅེས་བྱ་བ་ནི་མ་དྲིས་པར་ཞེས་བྱ་བ་ལ་སོགས་པའོ། །བཅད་པ་དང་ལྡན་པ་ཉིད་དུ་ རྟོགས་པར་བྱ་སྟེ། བཅད་པ་ཉིད་མ་དྲིས་པར་འཆགས་པར་བླང་བར་མི་བྱའོ། །གལ་ཏེ་མ་བཅད་པ་ན་ཆགས་པ་བླང་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱེད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། ། མ་དྲིས་པར་བཤགས་ན་ལྟུང་བ་དེ་དག་བཤགས་པ་མ་ཡིན་ལ། དགེ་སློང་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ལ་བཅད་ནས་ལྟུང་བྱེད་དུ་ནི་མ་གསུངས་སོ། །འདིར་རྣམ་པར་འབྱེད་པ་ལས་བཅད་ནས་ ཞེས་བྱ་བ་འདི་ལ་དོན་བསྟན་པར་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ལས་གཞན་དག་ལ་བཅད་པ་དང་ལྡན་པ་ཡིན་ནོ། །ཅི་བཅགས་པ་དང་བཅད་པ་ཉིད་ཅེས་བྱ་བ་འདི་ལ་རང་བཞིན་གྱི་དོན་འདི་ཉིད་ཀྱིས་དེ་ལྟར་ཉིད་དུ་གནས་སྤྱིར་བཏང་བར་བྱས་ནས་ དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། དེའི་ཕྱིར་བཅད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཅི་ལྔ་པོ་དག་ལ་ཡང་བཅད་པ་དང་ལྡན་པ་ཡིན་ནམ་ཞེ་ན། དེའི་ཕྱིར་གཉིས་པ་ལ་ནི་བསྡུས་པ་དང་ངོ་ཞེས་བྱ་བ་སྨོས་ཏེ། ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བ་བསླབ་ པའི་གཞི་ལ་ཞེས་བྱ་བའི་དོན་ཏོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དོ།། །།རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱ་བའོ་ཞེས་བྱ་བ་ནི། གང་ཞིག་འབྱུང་བར་འགྱུར་བའི་མགོ་བོ་ལ་ཉེས་པར་འགྱུར་བ་དེ་ལྟ་བུའི་ས་དང་གང་ལ་འཁྱིལ་བ་མ་བཅགས་པར་སྦྲུལ་གྱིས་སོས་ བཏབ་པ་བསྒྲུབ་པ་མི་འབྱུང་བ་དེ་ལྟ་བུའི་ས་ལ་ཞེས་བྱ་བ་གླེང་གཞི་ལས་རྟོགས་པར་བྱའོ། །མལ་དང་འབྲེལ་པའི་ཁྲིའི་ཉེ་འཁོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ་ཞེས་བྱ་བ་ནི་ཉལ་བའི་གནས་དང་འབྲེལ་པའི་ཁྲིའི་ཉེན་ཀོར་དང་འབྲེལ་པའི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །ཁྱིམ་ པའི་གནས་མལ་གྱི་གནས་གཞན་དང་འབྲེལ་པ་ཉིད་ལ་འདི་དང་མི་མཐུན་པ་སྟེ། དེ་བས་ན་དེ་ལས་ཡང་ཉེས་པ་འདིའོ། །ཁྱིམ་པའི་གནས་མལ་ཉིད་ལ་འདི་ནི་ཤིན་ཏུ་ན་སྨད་པར་རིག་པར་བྱའོ། །ཅི་ཐམས་ཅད་ཀྱིས་བཀྲུ་བར་མི་བྱའམ་ཞེ་ན། དེའི་ཕྱིར་ལྷམ་ཡོད་པས་སོ་ཞེས་བྱ་ བ་སྨོས་སོ། །ཅི་འདིར་ཕྱོགས་ཐམས་ཅད་དུ་གཞན་ལ་བཀྲུ་བར་བྱ་བ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་གཞན་གྱིས་ནི་མགོ་ལོགས་དང་རྐང་ལོགས་མ་གཏོགས་པར་རོ་ཞེས་བྱ་བ་སྨོས་ཏེ། བཀྲུ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ གང་དག་ལ་མཆིལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ལོགས་སམ་རྐང་ལོགས་སུ་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རིགས་པ་ཡང་དེ་ལྟར་ཁོ་ན་སྟེ། འདི་ནི་མི་མཐུན་པ་ཞེས་བྱ་བ་འདིས་སྤང་བའོ། །སྦྲུལ་ལ་སོགས་པ་གནས་པའི་དོན་དུ་ནི་མ་ཡིན་ནོ། །འདིར་འཇུག་པ་ ཙམ་ནི་གླེང་གཞི་ལས་གཙོ་བོ་སྟེ། ཉེས་དམིགས་ནི་མ་ཡིན་ནོ། །འདི་ནི་མི་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ལ་འཇུག་པ་བརྟེན་པ་མ་གསུངས་སོ། །ཉེས་དམིགས་བྱེད་པ་ཉིད་ཀྱིས་ལྟུང་བ་དང་། ཁྲུས་ལ་སོགས་པ་ལ་ཡང་དག་པར་བྱ་བ་ཉིད་དུ་ཐལ་བའི་ ཕྱིར་རོ། །མགོ་ལོགས་སམ་རྐང་ལོགས་སུ་འདི་ལ་ཤིན་ཏུ་ཡང་མི་མཐུན་པ་ཉིད་མ་ཡིན་ནོ། །མལ་སྟན་མཐོན་པོ་དང་། མལ་སྟན་ཆེན་པོ་ལ་འདུག་པ་འམ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ། མལ་སྟན་ཆེན་པོ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་དངུལ་གྱི་རང་བཞིན་ཉིད་དོ། །འདོད་ བསླབ་པའི་གཞི་གང་ཞིག་ལས་ཚད་ལས་ལྷག་པ་ཉིད་ཀྱི་རྐང་པ་རྣམས་བསྒྲུབ་པར་མི་བྱའོ་ཞེས་གསུངས་ཏེ། འདི་ནི་མཐོན་པོའི་ངོ་བོ་ཉིད་དོ། །དེ་བས་ན་མལ་སྟན་མཐོན་པོ་ཞེས་བྱ་བ་ནི། རྩ་བ་བུ་གར་གཞུག་པ་མ་གཏོགས་པར་གནང་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ཁྲུ་གང་ལས་ ལྷག་པའོ། །དེ་ལྟར་ཡང་གཞན་དུ་རྩ་བའི་བུ་གར་ཞེས་སྨོས་པས་སོ། །ཁྲི་དང་ཁྲིའུའི་ལྟུང་བྱེད་ཀྱི་ཞུ་བ་ལས་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་གནས་མལ་དེ་ཡོད་པ་ཡིན་ཏེ། དེ་དགེ་སློང་གིས་གདོན་པར་མ་བྱས་པར་བྱེད་ན་ཉེས་བྱས་སོ། །མི་རུང་བ་ཉིད་ཀྱི་ཕྱིར་ན་སྨད་པ་ འདི་རྣམ་པར་གནས་པ་ཡིན་ནོ། །སོར་བརྒྱད་ཀྱིས་ལྷག་པ་ཉིད་ནི་མི་རུང་བ་ཉིད་དོ། །འདིར་མལ་སྟན་ཞེས་སྨོས་པས་སྟན་ཡང་འཕངས་པར་རིག་པར་བྱ་སྟེ། འདུག་པ་བཀག་པར་གཏོགས་པའོ། །ཁྱིམ་གཞན་དུ་གཞན་མེད་ན་སྔ་མ་ཤོས་བྱའོ་ཞེས་བྱ་བ་ནི་གཞན་དུ་མི་མཐོ་ དང་མི་ཆེ་བ་མེད་ན་ཁྱིམ་གྱི་ནང་དུ་བྱའོ། །མལ་སྟན་མཐོན་པོ་དང་། མལ་སྟན་ཆེན་པོ་སྔ་མ་ཤོས་བྱ་སྟེ། ཀུན་དགའ་བོ་དེ་དག་ཐམས་ཅད་དུ་འབྱོར་པར་འགྱུར་རོ་ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ། །རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ་ཞེས་བྱ་བ་ནི། ཕྱོགས་ གཅིག་མཐོ་བ་ཉིད་ཀྱིས་ནི་མལ་སྟན་མཐོན་པོ་མ་ཡིན་པར་རིག་པར་བྱའོ། །དེ་བས་ན་རྐང་རྟེན་དང་པོའི་ཆོ་ག་འདི་སྟོན་པར་བྱེད་པ་མཐོན་པོ་བཀག་པ་ལ་དམིགས་ཀྱིས་བསལ་བ་ཡིན་ཏེ། དེ་བསྡུ་བར་བྱ་ཞིང་བཀག་པ་འདིར་རྟོགས་པར་བྱའོ། །རྐང་རྟེན་དང་བཅས་པ་ལ་ཉོལ་ ཅིག་ཅེས་བྱ་བ་ཅིའི་ཕྱིར་མ་གསུངས། ཉལ་བའི་དོན་ཅན་མ་ཡིན་པའི་སྒྲ་ལ་ཡང་ཁོངས་སུ་གཏོགས་པར་བསྡུ་བའི་དོན་དུ། ཕྲན་ཚེགས་རྣམས་ལས་འདི་གསུངས་སོ། །ཁྲི་རྩེག་མའི་སྟེང་དུ་འདུག་པར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་སྨན་གྱི་གཞི་ལས་བཤད་པ་ཡིན་ཏེ། ཐུན་མོང་བའི་མཐོན་པོ་ཉིད་ཀྱིས་དེ་འདིར་ཁྱད་པར་དུ་འཕགས་པའོ། །ཁྲི་རྩེག་མ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཁྲི་བཞག་པའོ། །གང་ལ་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། བསླབ་པའི་གཞི་ གཞན་རྣམས་ལ་དོན་འདི་ཡོངས་སུ་ཐོབ་པ་ཡིན་ཏེ། གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་ངོ་ཞེས་བྱ་བ་གང་ཞིག་འདིར་བསླབ་པའི་གཞི་འདིའི་འོག་མ་གཉིས་པ་ཤིང་བལ་གྱིས་གོས་པར་བྱ་བ་དགག་པ་ཞེས་བྱ་བའི་བསླབ་པའི་གཞིའོ། །དེའི་འོག་མ་གསུམ་པོ་དེ་དག་ཅེས་བྱ་བ་ནི་ གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བ་རྣམས་ཏེ་བསླབ་པའི་གཞི་དེ་གསུམ་ལ་ཡང་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལས་ལྟུང་བྱེད་དོ་ཞེས་བྱ་བ་འདི་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚད་ལས་ལྷག་པར་ བྱེད་དམ་བྱེད་དུ་འཇུག་པ་ལ་ཞེ་ན། རྐང་པ་དག་གིའོ་ཞེས་བྱ་བ་འོག་ནས་འབྱུང་ངོ་། །གང་གི་རྐང་པ་དག་ཅེ་ན། དེའི་ཕྱིར་ཁྲིའམ་ཁྲིའུ་དག་གིའོ་ཞེས་བྱ་བ་སྨོས་སོ། །ཅི་ཐམས་ཅད་ཀྱིས་སམ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིའོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མ་ཐོ་བ་འདི་ལ་དེ་བསྒྲུབ་ པར་གྱུར་པའི་མཐར་ཐུག་པ་སྟེ། གང་ཞིག་དགེ་འདུན་མ་ལོག་པའི་ལམ་ལ་བརྟག་པ་ཞེས་བྱ་བ་འདི་ཤེས་པའོ། །འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་འོག་མ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བ་བསླབ་པའི་གཞི་ལ་ཡང་ཁྲིའམ་ཁྲིའུ་དག་ལའོ། །དགེ་འདུན་ གྱིའོ་ཞེས་བྱ་བར་རིག་པར་བྱའོ། །དགེ་འདུན་གྱི་དོན་དུ་འདི་ལ་ལོག་པར་རྟོགས་པ་ལ་བསྒྲུབ་པར་གྱུར་པ་ཉིད་ཅེས་བྱ་བ་འདི་ལ་ཡང་དགེ་འདུན་དག་གི་ཞེས་བྱ་བས་ཤེས་པའོ། །གང་གི་ཆད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ནི་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རྐང་ པ་དག་གིའོ་ཞེས་བྱ་བ་སྨོས་ཏེ། ཇི་སྙེད་པ་རྣམས་ཀྱིས་ཁྲིའམ་ཁྲིའུ་དེའི་གནས་སྐབས་བསྒྲུབ་པ་ནི། དཔེར་ན་དཔུང་གི་ཚོགས་ཡན་ལག་བཞི་ལྟ་བུའམ་བཞི་ཡིས་གཉིས་སམ་གསུམ་གྱིས་འགྲུབ་པ་འདི་དཔེར་ན་ཤིང་གི་ཁྲིའུ་གཅིག་ལྟ་བུ་སྟེ། དེ་སྙེད་ཅེས་བྱ་བ་ནི་ཤུགས་ཀྱིས་ཁོངས་ སུ་ཆུད་པར་བྱའོ། །གཞན་གྱིས་ནི་དེ་དག་ངེས་པར་སྦྱར་བ་གཅིག་གམ་དུ་མར་བྱས་པ་ལ་ལྷག་མ་སྒྲུབ་པར་བྱེད་ཅིང་ཉེས་བྱས་སོ་ཞེས་བྱ་བའོ། །ཁང་པའམ་གཙུག་ལག་ཁང་དང་གདིང་བ་རྣམས་ལས་བརྩམས་པ་མཐར་བྱས་པ་ལ་ན་སྨད་པའི་ཚིག་གིས་རིག་པར་བྱའོ། །ཅི་སླར་རྐང་པ་དེ་དག་གི་ཚད་གང་ ཡིན་པ་གང་གིས་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བྱེད་ཡིན་ཞེ་ན། དེའི་ཕྱིར་དེ་དག་གི་ཆད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་ངོ་ཞེས་བྱ་བ་སྨོས་ཏེ། བུ་གར་གཞུག་པ་ཞེས་བྱ་བའི་ཕྱོགས་དག་མ་གཏོགས་པར་ལྷག་མ་འདི་རྣམས་ཀྱི་ཚད་ཁྲུ་གང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ཡོད་ན་འདི་ལ་གང་ ཡོད་པར་གྱུར་ན་འདི་གལ་ཏེ་གང་ལས་གཏོགས་པའི་ཕྱོགས་ལས་བརྩམས་ཏེ། ཆ་ཕྱེད་ལ་བུ་གར་གཞུག་པ་ཞེས་བྱ་བའི་དོན་ཏོ། །ཁྲུ་ཅི་ལྟ་བུ་ཞེ་ན། དེའི་ཕྱིར་བདེ་བར་གཤེགས་པའི་སུམ་ཆས་སོ་ཞེས་བྱ་བ་སྨོས་ཏེ། བདེ་བར་གཤེགས་པའི་ཁྲུའི་སུམ་ཆར་གྱུར་པས་ཀྱང་ངོ་། །བསླབ་པའི་གཞི་རྣམས་ལ་བདེ་བར་གཤེགས་ པའི་ཁྲུ་ཆ་གསུམ་དུ་གྱུར་པའི་ཁྲུ་ཚད་ཀྱི་རྣམ་པར་གཞག་པ་དེ་བས་ན་འདི་ལྟར་འདི་ལ་དེ་རྣམས་ལ་འབྲེལ་པ་རྣམ་པར་གཞག་པས་རྟོགས་པའོ། །འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་འོག་མ་ཤིང་བལ་གྱིས་གོས་པར་བྱ་བ་དང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ཞེས་བྱ་བའི་བསླབ་ པའི་གཞི་ལ་ཚད་མངོན་པར་བསྟན་པས་བར་མ་གསུམ་ལ་འདིའི་སྐབས་ཡིན་ནོ་ཞེས་བྱ་བ་རྣམ་པར་གཞག་པའོ། །རང་གི་ལུས་ཀྱི་ཚད་དང་རྗེས་སུ་མཐུན་པར་གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་རྣམས་ལ་ཚད་ཀྱི་ཆོས་གོས་བཞིན་དུ་རྣམ་ པར་གཞག་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་བར་མ་དང་རྗེས་སུ་མཐུན་པར་བདེ་བར་གཤེགས་པའི་ཚད་ཀྱི་རྗེས་སུ་འགྲོ་བས་གང་ཟག་གི་དབང་དུ་བྱས་ཏེ། བདེ་བར་གཤེགས་པའི་ཚད་ལ་སོགས་པར་བརྟེན་པ་ནི་རྟོགས་པར་བྱའོ། །ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དོ།། །།