Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 160
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
ེ་གཞན་རྣམས་ལ་ནི་མ་ཡིན་ནོ། །ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་འདིར་ཕྲན་ཚེགས་དག་ལས་སྐྱོན་མེད་པའི་རིན་པོ་ཆེའི་རང་བཞིན་ལས་བྱས་པའོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་མི་མ་ཡིན་ པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བའི་དེ་རྣམས་ཀྱི། རིན་པོ་ཆེའི་རང་བཞིན་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་རོ། །འདུག་པའི་ཕྱིར་གནས་མལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྐྱོན་མེད་པའི་ཞེས་བྱ་བ་ལ་སོགས་པ་འདི་མེད་པ་ལ་གཞན་མེད་ན་ཞེས་བྱ་ བ་ལ་སོགས་པའི་རྗེས་བསྙེག་པའི་ཕྱིར་རོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། དགེ་སློང་དག་ལྷ་དང་ཀླུའི་གནས་དག་ཏུ་འགྲོ་བ་ན་དེར་རིན་པོ་ཆེའི་རང་བཞིན་གྱི་གདན་རྣམས་རྙེད་པར་གྱུར་ཏེ། དེ་རྣམས་ལ་འདུག་པར་མི་བྱེད་ཅིང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སེམས་ཅན་ དེ་རྣམས་ཀྱི་བསོད་ནམས་ལས་བྱུང་བ་ཡིན་པས་དེ་རྣམས་ལ་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡང་གཞན་ལ་མེད་པ་ཞེས་བྱ་བ་འདིར་མི་འདོད་ན་དེ་ལྟར་ཡང་འདི་ནི་རིགས་པར་གྱུར་པ་སྟེ། དེ་བས་ན་བརྟེན་པའོ། །བཞོན་པས་འགྲོ་བར་བྱའོ། །ཆོས་དང་ལྡན་པའི་ཆོས་ཉིད་ཀྱི་དབང་ཉིད་ཀྱིས་ སོ། །དེ་ལ་ཡང་ཆ་སྒེག་པ་དང་ལྡན་པ་ཉིད་ཀྱིས་མི་བྱའོ། །རྒས་པ་དང་ན་བ་དག་ལས་གཞན་པས་མི་བྱ་བ་ནི་ཀོ་ལྤགས་ཀྱི་ཕྲན་ཚེགས་རྣམས་ལས་འདི་སྐད་ཅེས་གསུངས་ཏེ། ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ་ ཞེས་བྱ་བ་ལ། ཆོས་བསྒྲག་པའི་དོན་དུ་ཞེས་བྱ་བ་ནི་འདིར་འདུག་ཅིང་ཉན་པ་པོ་རྣམས་ལ་ཆོས་བསྒྲགས་པར་བྱའོ་ཞེས་བྱ་བའི་དོན་ལ་བརྟེན་ནས་གནས་མལ་གྱི་བསླབ་པའི་གཞི་ལ་སོགས་པ་གསུངས་སོ། །དེ་ལ་སོགས་པའི་རྫས་ཀྱང་ཞེས་བྱ་བའི་མཐའ་ཅན་འདིར་དྲངས་པའོ། །འདིར་གཞུང་ནི་དེ་ནས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སེང་གེའི་ཁྲི་བཤམས་པ་དང་དགེ་སློང་དེ་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་སྙམ་དུ་བསམས་ནས་དེ་ལ་འདུག་ནས་ཆོས་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་ དུ་དེ་བཤམས་པ་དང་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཁ་གཤིབས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་མི་རྟག་པས་ཉེན་པར་གྱུར་པ་ཡིད་ལ་བྱེད་པས་འདུག་པར་བྱའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་རོ་སྙམ་དུ་ཤེས་པར་བྱས་ནས་ ཞེས་བྱ་བ་ནི་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་སོ། །འདིར་གཞུང་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཁྱིམ་གྱི་ནང་དུ་གསེར་གྱིས་སྤྲས་པ་གསེར་གྱི་དྲིལ་བུ་གཡེར་ཁས་གཤིབས་པའི་གོས་དག་བཤམས་པ་དང་། དགེ་སློང་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་སྙམ་དུ་བསམས་ཏེ། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་རྣམས་ལ་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་དག་ལ་ཡང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སེང་གེའི་ཁྲི་ དེ་ལའོ། །དེ་ལྟ་བུའི་གོས་དག་ལ་འདུག་པ་འདི་ནི་དེའུ་རེ་མི་རྟག་པས་ཉེན་པར་གྱུར་པ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །འདི་ལྟར་སེང་གེའི་ཁྲིའི་ཆོ་ག་ལ་གྲུབ་པ་མེད་དེ་དངོས་སུ་ཡང་བྱེ་བྲག་འདི་ལ་ཁྱད་པར་གྱི་གཞུང་ཡོད་པ་མ་ཡིན་ཏེ། འདི་བསྟན་པའི་ཕྱིར་མདོ་ འདི་བྱས་སོ། །དེ་དག་གྲུབ་པར་བྱའོ་ཞེས་བྱ་བ་ནི་སེང་གེའི་ཁྲི་ལ་གོས་རྣམ་པ་དེ་ལྟ་བུ་བཤམས་པ་དེ་དག་གོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་མེད་དོ་ ཞེས་བྱ་བ་ནི་འདིར་རིན་པོ་ཆེ་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བརྗོད་པར་འདོད་པའོ། །དེའི་རྫས་ལ་ཡང་ངོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་དང་རྒྱན་ལ་སོགས་པ་ལ་ཡང་ངོ་། །རྒྱན་གདགས་པ་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་དེ་ལྟ་བས་ན་དགེ་ སློང་གིས་རྒྱན་དང་རྐང་རྒྱན་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཚོན་སྣ་ལྔའི་སྔགས་སྐུད་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །རྒྱན་འདོགས་པ་འདི་ལ་རྒྱན་དེ་ཐམས་ཅད་ནི་ དཔེ་ཙམ་ཡིན་གྱི་འདི་ཐམས་ཅད་བཅང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པར་བྱེད་པའོ། །འདི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ཏེ། དེ་བས་ན་དེ་བསྲུང་བའི་དོན་དུ་སྲུང་སྐུད་འདི་ཚོན་ལྔའི་རང་བཞིན་ཅན་ནི་མི་བྱ་བར་ཤེས་པར་བྱ་བ་མ་ཡིན་ནོ། །ཕྲན་ཚེགས་དག་ལས་དེ་ལ་ སོགས་པ་འདིར་རུང་བ་ཞེས་བྱ་བའི་ཕྱིར་མཐར་འདི་དྲངས་པའོ། །མ་མོ་ལས་ཀྱང་ཉན་ཐོས་ཀྱིས་ཀྱང་དོར་ན་ཞེས་གསུངས་པ་ཡིན་ནོ། །རྒྱན་བཅང་བར་བྱའོ་ཞེས་བྱ་བ་ལ། རྒྱན་རྣམ་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་ཡི་ཕྱིར་གདགས་སུ་མི་རུང་བའོ་ཞེས་བྱ་བ་སྨོས་ཏེ། གདགས་པར་མི་འོས་པ་དང་མི་རུང་ བའོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གང་ལས་བྱས་ཤེ་ན། དེའི་ཕྱིར་རོ་ཉེའམ་ཟངས་མའམ་ར་གན་ནམ་ཁར་བའམ་རྒྱ་སྐྱེགས་ཀྱི་ཚིགས་མའམ། ཤིང་ངམ་རྡོ་འམ་ས་འམ་བ་སོའམ་རྭ་དག་རྣམས་ལས་བྱས་པའོ་ཞེས་བྱ་བ་སྨོས་ཏེ། འདིའི་གཞུང་ནི་གཞུང་ཁ་ཅིག་ལས་དགེ་སློང་གིས་གསེར་ དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་གྱི་རང་བཞིན་ལས་བྱས་པའི་རྒྱ་རྣམས་བཅང་བར་མི་བྱའོ། །སོར་གདུབ་ཀྱི་རྒྱན་ཡང་བཅང་བར་མི་བྱའོ། །འོན་ཀྱང་འདིར་རྒྱན་ནི་རྣམ་པ་ལྔ་སྟེ། ར་གན་ལས་བྱས་པ་དང་ཟངས་མ་ལས་བྱས་པ་དང་། ཁར་བ་ལས་བྱས་པ་དང་བ་སོ་ལས་བྱས་པ་དང་རྭ་ལས་བྱས་ པའོ་ཞེས་གསུངས་ཏེ། གཞན་དུ་ནི་དགེ་སློང་གིས་ཇི་སྲིད་གསེར་ལས་བྱས་པའི་བར་དུ་བཅང་བར་བྱའོ། །འོན་ཀྱང་རྒྱན་རྣམ་པ་བརྒྱད་པོ་རོ་ཉེ་དང་ཟངས་དང་ར་གན་དང་ཁར་བ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་ཤིང་དང་རྡོ་དང་ས་ལས་བྱས་པ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རིན་པོ་ཆེ་ ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་ནས་བྱས་པ་ཡིན་ནོ། །རྟགས་ནི་དགེ་འདུན་གྱི་ལ་ནི་དབུས་སུ་འཁོར་ལོ། །ངོས་གཉིས་སུ་རི་དགས། འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་ལ་ནི་རུས་པའི་ཀེང་རུས་སམ་མགོའི་ཐོད་པའོ། །སོ་མངས་ཀྱིས་སྐྲ་བཤད་ པར་མི་བྱའོ་ཞེས་བྱ་བ་ནི་ལོངས་པའི་དངོས་པོ་ཡིན་པའི་ཕྱིར་རྣམ་པ་འདི་འཇུག་པ་དངོས་པོའི་རྣམ་པར་ཡང་འདིར་དངོས་པོ་ཞེས་བྱ་བ་འདི་ཞུགས་པའོ། །དེ་ནི་དཔེའོ་ཞེས་བྱ་བ་ནི་སོ་མངས་ཞེས་བྱ་བ་འདི་ནི་གཞན་སྒྲུབ་པར་བྱེད་པའི་དཔེ་ཡིན་ཏེ། གཞན་གྱིས་ཀྱང་མགོའི་སྐྲ་བཤད་པས་མགོ་ བཤད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཆུ་ཡན་ཆད་ཀྱིས་སོ་ཞེས་བྱ་བ་ནི་ཐ་ན་ཆུ་ཡན་ཆད་ཀྱིས་ཀྱང་སྟེ། ཆུ་ཡན་ཆད་ནས་ཏིལ་མར་དང་མར་ལ་སོགས་པའི་རྫས་གཞན་གྱི་བར་མན་ཆད་ཀྱིས་ཀྱང་བལྟ་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆུ་བརྟག་པའི་ཆེད་ ཉིད་དང་རྨ་དང་གཉེར་མ་དང་སྐྲ་དཀར་བལྟ་བ་དང་སྔ་ཕྱིའི་མཚན་མ་བཟུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་དོན་གྱི་རྒྱུ་མཚན་ཉིད་གཙོ་བོ་འདི་ཡིན་ཏེ། འདིར་མིག་གི་དྲི་མ་ལ་སོགས་པ་ལ་ཡང་དོན་ཡོད་པར་དགོངས་པས་གནང་དུ་རུང་བ་འཕངས་པའོ། །འཕྲལ་རིས་གསུམ་ བསྟེན་པར་མི་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཕྱོགས་དེ་ལ་འདི་ནི་དཔེ་ཙམ་ཡིན་ཏེ། དེ་ལྟར་རིགས་ཅན་གྱི་ཆ་ནི་རང་གིས་བྱས་པའམ་གཞན་གྱིས་བྱས་པ་རྣམ་པར་འབྱེད་པ་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་གིས་འཕྲལ་རིས་གསུམ་བསྟེན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གི་ཝང་ གིས་བསྐུ་བ་བསྟེན་པར་མི་བྱའོ། །དྲི་དག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ཡང་བསྐུ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གསོ་བའི་ཆེད་དུ་ནི་གི་ཝང་གིས་བསྐུ་བ་བསྟན་པར་བྱའོ། །གང་ཞིག་དྲིས་པས་རྗེས་སུ་གནང་བ་དེ་ལ་གསོ་བའི་ཆེད་ཉིད་མ་གཏོགས་པར་གཞན་ནི་ཁོངས་སུ་བསྡུས་པར་རིག་ པར་བྱའོ། །བསོད་ནམས་འདོད་པས་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་བྱའོ། །དེའི་མདུན་དུ་དོར་བར་མི་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་སྦྱིན་བདག་བསོད་ནམས་འདོད་པ་དེ་ལ་ཆོ་ག་གང་ཡང་འདི་སྐུད་པ་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་ཉིད་བརྗོད་པར་བྱ་ ཏེ། དེ་དག་བསྐུས་པ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དྲི་དག་གིས་སོ། །བསྐུས་པ་ཞེས་བྱ་བ་ནི་བྱུགས་པའོ། །ཁྱིམ་བདག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །མཇུག་ཏུ་ཁྲུས་བྱའོ། །དེ་དག་ བླང་བར་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དྲི་དེ་དག་གོ། །ཕེང་བ་རྒྱུ་དག་ཀྱང་ངོ་ཞེས་བྱ་བ་ཡང་བླང་བར་བྱའོ། །མཆོད་རྟེན་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི། དྲི་དང་ཕྲེང་བ་རྒྱུ་བླངས་པ་དེ་དག་གོ། །སུའི་མཆོད་རྟེན་ལ་ཡིན་ཞེ་ན། དེའི་ཕྱིར་ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ ཀྱི་འབའ་ཞིག་ལ་དབུལ་བར་མ་ཟད་ཀྱི་ཞེས་བྱ་བའི་དོན་ཏོ། །སྦྱིན་པར་བྱེད་པ་མངོན་པར་མ་དད་ན་མགོ་ལོགས་སམ་རྐང་པ་ལོགས་སུའོ་ཞེས་བྱ་བ་ནི་མཆོད་རྟེན་ལ་དབུལ་བ་སྦྱིན་པར་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་ཀྱི་སྔས་སམ་རྐང་པ་ལོགས་ཀྱི་རྟེན་མར་གཞག་པར་བྱའོ། །ཇི་ལྟར་ཞེ་ན་ དེའི་ཕྱིར་སྒོའི་བྱང་ཏད་མ་ཡིན་པར་རོ་ཞེས་བྱ་བ་སྨོས་སོ། །འདིར་གཞི་གང་ལ་དབུལ་བ་ཡིན་ཞེ་ན། དེའི་ཕྱིར་རྩིག་པ་ཞེས་བྱ་བ་སྨོས་ཏེ་ཕྲེང་བའོ། །དེ་ལ་དམིགས་ཀྱིས་བསལ་བར་གྱུར་པའི་ཆོ་ག་གཞན་བརྗོད་པར་བྱ་སྟེ། དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་བརྒྱུས་པ་དག་དཔྱང་ བར་བྱའོ་ཞེས་བྱ་བ་དེར་ཞེས་བྱ་བ་ནི་རྩིག་པའི་ངོས་བསྟན་པ་ལ་སྟེ་ཕྱེད་བརྐོས་པ་ལ་འཇུག་པ་ལ་ཞེས་བྱ་བའི་དོན་ཏོ། །ཚེར་མ་བཙུགས་པ་ལ་ཞེས་བྱ་བ་ནི་ཕྱེད་བཙུགས་པ་ལའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ་ཞེས་བྱ་བ་ནི་ཆོ་ག་འདི་ནི་གཉིས་ཀ་དང་འབྲེལ་པར་རིག་ པར་བྱའོ། །བྲམ་ཟེ་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ། །སྔགས་སྐུད་ཀྱང་ངོ་ཞེས་བྱ་བ་ནི་སྔགས་སྐུད་ཐོགས་པ་བསྟེན་པར་མི་བྱའོ་ཞེས་སྦྱར་བར་བྱའོ། །བྱས་པ་ཉིད་ལ་ནི་གསོ་བའི་ཕྱིར་རྗེས་སུ་གནང་བ་ལ་བརྟན་ནས་གནས་ཀྱི་བྱེ་བྲག་བསྟན་པ་ནི་གསོ་བའི་ཕྱིར་ནི་དཔུང་བ་གཡོན་པར་རོ་ ཞེས་བྱ་བ་སྨོས་སོ། །སྔགས་སྐུད་ཐོགས་པ་ཡང་བསྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གར་བབ་བབ་ཏུ་ནི་མི་དོར་ཞེས་བྱ་བ་ནི་སོས་པར་གྱུར་ནས་སྔགས་སྐུད་དེའོ། །གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་ཐ་མའམ། སྐ་རགས་ལ་གདགས་སོ་ཞེས་བྱ་བ་ལ། གལ་ཏེ་ལྷག་ མ་དང་བཅས་པར་གྱུར་ན་ཞེས་བྱ་བ་ནི་གནང་ངོ་། །གལ་ཏེ་མ་གྱུར་ན་ཀ་བའམ། རྩིག་པའི་གསེབ་ཏུ་གཞུག་ཅེས་བྱ་བ་ལ། གལ་ཏེ་མ་གྱུར་ན་ཞེས་བྱ་བ་ནི་ལྷག་མ་དང་བཅས་པར་རོ། །རྩིག་པའི་གསེབ་ཏུ་ཞེས་བྱ་བ་ནི་དེའི་ནང་དུའོ། །གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ། །བསླབ་པར་མི་ བྱའོ། །བཟླས་པར་མི་བྱའོ། །ལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་མ་ཀུན་དུ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་གར་ནས་བརྩམས་ཏེ་དགེ་སློང་མས་མི་བྱའོ། །དགེ་སློང་མ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ཡན་ཆད་ཀྱི་སྒྲ་འཇུག་པའོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པ་ དང་། རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ་ཞེས་བྱ་བ་ནི་སྟོན་པའི་ཡོན་ཏན་བསྒྲག་པ་དང་། རྒྱུན་ཆགས་གསུམ་པ་གདོན་པ་ལས་གཞན་པའི་དབྱངས་ཀྱི་ང་རོ་བསྒྱུར་བ་ལ། གླུ་རྒྱང་གི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་ བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དབྱངས་ཀྱི་ང་རོ་དེ་དག་དབེན་པའོ། །ཐོ་འཚམས་པ་དང་ཀུན་དུ་རྩེ་བ་དང་། ཀུན་དུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་། དྲེགས་པ་དང་། ལུས་བརྡེག་པ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བ་ནི་ འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་གིས་མཆིལ་ལྷམ་གཟུང་བར་མི་བྱའོ། །ལག་འགྲོས་མཁན་རབ་ཏུ་བྱུང་བ་ཞིག་རྐང་ཁྲུས་སར་དེའི་ཆུ་སྣོད་གཞག་ཏེ་རྐང་པ་གཉིས་བཀྲུས་ནས་ཁ་ཆུས་བཀང་སྟེ། རྨ་བྱའི་འགྲོས་ཀྱིས་འདུག་པ་དང་དྲུག་སྡེ་ དག་གིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལ་རོལ་མོ་མེད་པར་དགེ་སློང་གར་བྱེད་དེ། དེ་དག་གི་ཁས་གླུ་བླངས་པས་རོལ་མོའི་གླུ་བརྩམས་པའི་སྐབས་དེ་དགེ་སློང་དག་གིས་གསོལ་པ་ན། ཚེ་དང་ལྡན་པ་དག་ཅིའི་ཕྱིར་དགོད་པར་གྱུར་ཅེས་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ་འདི་ ལ་བགད་དུ་ཅི་ཞིག་ཡོད། ཁྱེད་རྣམས་ཀྱིས་མཐོང་ངམ་དགེ་སློང་རོལ་མོ་མེད་ཀྱང་གར་བྱེད་པ་ཞེས་བྱ་བའི་སྐབས་འདི་ནས། ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་དྲི་བ་མཛད་དེ་དགེ་སློང་བསམ་པ་གང་གིས་འདི་ལྟར་བྱས། བཙུན་པ་གནས་མལ་བསྐྱབ་པའི་དོན་ཅུང་ཟད་དང་དགོད་ པའི་བསམ་པ་ཅུང་ཟད་ཀྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བསྐྱབ་པའི་ཆེད་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །དགོད་པའི་བསམ་པས་བྱས་པ་ལ་ནི་ཉེས་བྱས་སོ། །དྲུག་སྡེ་དག་ལ་སྨྲས་པ། བསམ་པ་གང་གིས་ཁྱེད་ཀྱིས་དེ་ལྟར་བྱས། བཙུན་པ་ བསྡད་པའི་བསམ་པ་ཅུང་ཟད་དག་དང་། དགོད་པའི་བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡད་པའི་བསམ་པ་དག་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །གང་ཞིག་དགོད་པའི་བསམ་པས་བྱས་པ་དེ་ལ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་ རྩོམ་པ་གཅིག་པར་གྱུར་པ་ཉིད་ལ་ཡང་རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལ་ལྟུང་བ་དང་ལྟུང་བ་མེད་པ་གཅིག་ཏུ་བསྟན་པའི་ཕྱིར་འདྲེས་པ་ནི་ཆར་སྡོམ་མོ་ཞེས་བྱ་བ་སྨོས་ཏེ། ཆ་ཤས་ཀྱིས་འདྲེས་པ་ཉིད་ལ་རིགས་མི་མཐུན་པའི་ཆ་རྣམས་ཀྱིས་འདིར་རིགས་མི་མཐུན་པར་བར་དུ་གཅོད་པ་ཉིད་ཀྱི་ དབང་གིས་ཐ་དད་པ་ཐམས་ཅད་རིགས་མཐུན་པའི་ཆ་རྣམས་ཆ་གཅིག་པ་ཉིད་ཀྱིས་མངོན་པར་འདོད་པ་ཉིད་དོ། །ཆ་གཅིག་པ་ཉིད་ལ་དེ་ཉིད་ལ་འཇུག་པ་གཅིག་པ་ཉིད་དོ། །འདིར་རིགས་གཞན་ཉིད་ཀྱིས་ཐ་དད་པའི་དངོས་པོའོ། །འདིར་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར། བར་དུ་གཅོད་པ་ཉིད་ མེད་པ་ལ་ཡང་གཅིག་ཉིད་དུ་རྣམ་པར་གཞག་པའོ། །བར་ཆད་འགའ་ཞིག་ནི་དམན་པ་སྟེ། གང་ཞིག་མེད་པས་དེ་བས་ན་ངེས་པར་གནས་པ་དང་ལྟ་བ་དང་སྤྲུགས་པ་ལ་སོགས་པ་རྣམས་ཀྱིས་སོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཆང་འཐུང་བ་དག་ཕན་ཚུན་སྐོམ་སྣོད་ བརྒྱུད་པས་ཆང་འཐུང་བར་བྱེད་པ་དེ་ལྟར་མི་བྱའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་སྤྲོས་པ་ཡིན་པར་རིག་པར་བྱའོ། །གདགས་པར་མི་བྱའོ་ཞེས་བྱ་བ་ནི་མེ་ཏོག་རྣ་རྒྱན་ཞེས་བྱ་བར་སྦྱར་རོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། འདིས་ཕྲེང་བ་ བརྒྱུ་ཞིང་འདོགས་པ་ཐམས་ཅད་ལ་དགག་པར་བྱས་པ་རྟོགས་པར་བྱའོ། །ངོ་སོ་ལས་བྱུང་བར་སྦྱིན་པར་མི་བྱའོ། །མི་རིངས་པར་རྒྱུག་པར་མི་བྱའོ། །མྱུར་བ་དང་མཆོངས་པར་མི་བྱའོ། །བརླ་དང་ལག་པ་ཉ་ལྟར་བསྐོར་བར་མི་བྱའོ། །ཆུར་གསེག་མ་དག་གདབ་པར་མི་བྱའོ། །ཆུར་རྫ་རྔ་ཁ་ཅིག་ པ་དང་རྔ་བོ་ཆེ་ལྟར་བརྡུང་བར་མི་བྱའོ། །རྫ་བ་ལ་ཕྱིལ་མོ་ཉུག་པར་མི་བྱའོ། །གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཁྱུ་མཆོག་གི་སྐད་དང་། ཁུ་བྱུག་གི་སྐད་མི་དབྱུང་ངོ་། །ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་ཁྲུས་བྱས་པའི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་འདི་ལ་མདུན་རོལ་གྱི་གནས་ལ་ཞེས་འཆད་པར་འགྱུར་ཏེ། གང་གིས་མདུན་རོལ་ནས་ཞེས་བྱ་བའི་དྲི་བ་འདི་ལ་ཁྲུས་ཀྱི་ཞག་བཅོ་ལྔ་པོ་ལས་བྱ་བ་འཆད་པར་འགྱུར་རོ། །གང་ལས་ཤེ་ན། དུས་གཞན་དུ་གང་ཞག་བཅོ་ལྔ་པ་ལས་ཁྲུས་ཀྱི་ ཞག་གཅིག་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་ནི་ལྷག་མ་ཅི་ཙམ་པས་ཞེས་བྱ་བའི་དྲི་བ་འདི་ལ་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། གང་གི་ཟླ་བ་ཕྱེད་དང་གཉིས་ལྷག་པའི་ལྷག་མ་ཞེས་བྱ་བའི་དྲི་བ་འདི་ལ་སོ་ག་རྣམས་ ཀྱི་ཞེས་བྱ་བ་སྨོས་སོ། །ཅི་སོ་གའི་ཟླ་བ་ཕྱེད་དང་གཉིས་ལས་ལྷག་པ་ལྷག་མའི་དུས་གཞན་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་སྨོས་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོའི་ཟླ་བ་ལས་དུས་གཞན་ལ་ཞེས་བྱ་བའི་ དོན་ཏོ། །ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ཚ་བའི་གཉེན་པོའི་ཕྱིར་འདི་རྗེས་སུ་གནང་ངོ་། །དེ་བས་ན་འདིར་ཁས་བླངས་པར་རྣམ་པར་གཞག་པར་ཤེས་པར་བྱ་བ་མ་ཡིན་ནོ། །ཅི་གནས་སྐབས་ཐམས་ཅད་དུ་དགེ་སློང་ལ་དེ་ལྟ་བུའི་དུས་ཀྱི་ཐ་མར་ཁྲུས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་ གོས་མེད་པའི་ཟས་གཉིས་པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་ཟས་གཉིས་པ་རྙེད་པ་ལ་རྣམ་པ་གང་ཡིན་པའི་དགེ་སློང་ལ་ལྷག་པར་གནས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་དེ་ལྟ་བུ་ཞེས་བྱ་བའི་དོན་ཏེ། །ནད་པ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་ ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །ཅི་གནས་སྐབས་གཞན་ཐམས་ཅད་ལ་ཡང་བབ་པ་ལ་ཡང་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་རླུང་གིས་མ་བསྐྱོད་པ་ལའོ་ཞེས་བྱ་བ་སྨོས་ཏེ། །འདིར་ཚད་ཇི་ཙམ་གྱིས་ན་བསྐྱོད་པ་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་གོས་ཀྱི་གྲྭ་འགུལ་བ་ནི་དེའི་མཐའ་ཡིན་ ནོ་ཞེས་བྱ་བ་སྨོས་ཏེ། འདིར་བཏིང་བ་ནི་རྒྱུ་མཚན་ཉིད་དོ། །དེ་ཙམ་གྱིས་བསྒུལ་བ་ལ་སྟེ་འདིང་བ་ནི་མ་ཡིན་ནོ། །གང་ཇི་སྲིད་ཅེས་བྱ་བ་འདི་ལ་བཟུང་བ་ནི་དེའི་མཐའོ་ཞེས་བྱ་བ་ནི་བསྐྱེད་པའི་མཐའོ། །བཞི་པོ་འདི་རྣམས་ལས་གཞན་པའི་གནས་སྐབས་ཐམས་ཅད་ ལ་ཅི་ཡོད་པར་གྱུར་པ་ཡིན་ནམ་ཞེ་ན། ཆར་གྱིས་མ་ཕོག་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་ཡང་རུང་བའི་ཆུས་ཕོག་པ་གང་ཡིན་པ་དེ་ནི་འདིར་ཆར་གྱིས་ཕོག་པ་ཡིན་ནོ། །དེ་ལྟར་ཡང་ཆུ་ཀླུང་རྒལ་བ་ལ་སོགས་པ་ལ་དུས་དེ་ཉིད་དུ་ལྷག་པར་གནས་ཏེ་ཁྲུས་བྱའོ་ཞེས་སྨོས་པ་ཡིན་ནོ། །ཆར་གྱིས་ ཕོག་པ་འདིའི་མཐའ་གང་ཡིན་ཞེ་ན། དེའི་ཕྱིར་དེའི་ཐིགས་པ་གཉིས་ཀྱིས་ཕོག་པའོ་ཞེས་བྱ་བ་སྨོས་སོ། །ཅི་གོས་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་ལའོ་ཞེས་བྱ་བ་སྨོས་ཏེ། ཐ་ན་ཆུའི་ཐིགས་པ་གཉིས་སམ་གསུམ་གྱིས་ལུས་ལ་ཕོག་པར་གྱུར་ན་ཞེས་གསུངས་པ་ཡིན་ནོ། །འདིར་བསྒྲུབ་ པའི་ཚུལ་གྱིས་ནི་འདི་སྐད་བསྟན་པ་ཡིན་ཏེ། དེ་བས་ན་འདི་མ་བཟུང་ངོ་། །འདིར་རླུང་དང་ཆར་གྱིས་ཕོག་པའི་གཞན་གྱི་འདུ་ཤེས་འབྱུང་བ་ཡིན་ཏེ། འདིར་རླུང་ནི་རྒྱུ་མཚན་ཅན་གྱི་སྒྲིབ་པ་ནི། རྒྱུ་མཚན་ཉིད་མ་ཡིན་ཏེ་ཆར་གྱིས་འདི་ལ་སོ་སོར་བྱས་པ་ཉིད་ཀྱི་ཕྱིར་རོ། །ཆར་མི་བབ་ན་སྐམས་པ་ བཞིན་དུ་གཉེན་པོ་གོས་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདོད་པར་གྱུར་པའི་ཕྱིར་འདི་སྨོས་སོ། །ཕྱིར་འདོད་པ་འདི་བྱེ་བྲག་མེད་པར་འབྱུང་བ་ཡིན་ཏེ། གོ་སྐབས་མེད་པར་བྱས་པ་འདི་ཞེས་བྱ་བ་མ་བཟུང་བའོ། །གཞན་གྱི་དུས་སུ་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་བྱ་ བ་ནི་གང་ཞིག་དུས་འདི་སྨོས་པ་དེ་ལས་གཞན་པའི་དུས་ལ་གང་ཞིག་བཅོ་ལྔ་པ་ཁྲུས་མ་ཡིན་པའི་ཞག་སྨོས་པ་དེའི་མདུན་རོལ་དུ་ཁྲུས་བྱེད་པ་ལ་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །ཁྲུས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དབང་བསྐུར་བས་སམ་འཇུག་པས་སོ་ཞེས་བྱ་བ་སྨོས་ཏེ། ཆུས་ལུས་ཀྱི་ཚད་ཙམ་དུ་ བྱས་ན་ཁྲུས་ཡིན་ཞེ་ན། དེའི་ཕྱིར་ལྟེ་བར་སོན་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཕྱོགས་གཞན་ནས་རྩོམ་པ་ཡོད་པ་ལ། གལ་ཏེ་ལྟེ་བའི་ལྟག་ཡན་ཆད་འཁྲུ་ཞིང་འོག་ཏུ་མ་སོན་པ་དང་ཆུས་འཁྲུ་ཞིང་ལྟག་ཏུ་མ་སོན་པ་ཡང་མ་ཆོག་པ་ཉིད་དོ། ། གལ་ཏེ་དེ་གཉིས་ཀ་ཡང་དུས་གཅིག་ཏུ་ཁྲུས་རྩོམ་པ་ན་གལ་ཏེ་མཉམ་དུ་འཇུག་པར་གྱུར་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་གཅིག་གི་ཕྱེད་དུ་འགྱུར་རོ། །གལ་ཏེ་མ་ཡིན་ན་མ་ཆོག་པ་ཉིད་དོ། །དེ་བས་ན་གོང་མའམ་འོག་གི་ཆ་དག་ལ་ཐམས་ཅད་དུ་གྱུར་པ་ཉིད་ཅེས་བྱ་བ་འདི་ལ་ལྟེ་བར་ཞེས་སྨོས་པ་ ནི་གཙོ་བོ་ཡིན་ཏེ། དེ་ལྟ་བས་ན་མི་སྲིད་པ་ཉིད་ལ་ཡང་ལྟེ་བའི་ཕྱོགས་གཏམས་ཏེ་རྫོགས་པ་ལ་རྫོགས་པ་ཉིད་དོ། །འདིར་ལྟེ་བར་མ་ཕྱིན་པའི་མདུན་རོལ་དུ་ཅི་ཞིག་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། ཆུ་ལ་རེག་པའི་མདུན་རོལ་དུ་སྦྱོར་བར་བྱེད་པ་ནི། དེ་ སྦྱོར་བའི་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ན་ཞེས་བྱ་བ་ནི་དུས་དག་ལ་ཐམས་ཅད་དུ་བྱས་པ་གང་ཡིན་པ་བསླབ་པའི་གཞི་གཞན་དང་འབྲེལ་པ་དེ་ལ་དུས་དག་ཡོད་དུ་ཟིན་ཀྱང་བྱིན་གྱིས་མ་བརླབས་ཤིང་མངོན་སུམ་དུ་མ་བྱས་ན་ཉེས་ བྱས་སོ། །འདིར་གཞུང་ནི་ཞུ་བ་ལས། ཉེས་བྱས་ལས་ལྡང་བ་ནི་འདི་ཡིན་ཏེ། གང་ཞིག་རྒྱུར་གྱུར་པ་དུས་ཀྱི་གནས་སྐབས་སམ་གཞན་དེ་ནི་དུས་སོ། །ཞག་བཅོ་ལྔ་ན་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་ན་འདིར་དུས་མེད་པའོ། །འདི་ནི་དུས་བྱིན་གྱིས་བརླབ་ པར་བྱ་བ་ལ་ཡུལ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །དོན་གཞན་ལ་གཞོལ་བར་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ། །དེའི་ཕྱིར་མ་བསམས་པར་བརྒལ་བ་དང་བརྒྱལ་བ་ལ་གདབ་པ་དག་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཁྲུས་ལ་རྩེ་གཅིག་པ་ཉིད་ཀྱི་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་གཞན་ ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་དག་ཆུ་ཀླུང་རྒལ་བར་བྱེད་དོ་ཞེས་གསུངས་པ་དང་། འདིར་གཞུང་གཞན་ལས་ཀྱང་རྐྱལ་བ་ལ་ཆུས་དབང་བསྐུར་བ་དང་། ཟམ་པ་ལས་ལྟུང་བ་ཆུ་ཀླུང་ལས་རྒལ་བར་བྱེད་པ་དང་། ཆུས་གང་བ་ལ་མཆོང་བར་བྱེད་པ་ལ་ཡང་ལྟུང་བ་མེད་དོ། ། དེ་བཞིན་དུ་མདུན་རོལ་དུ་འགྲོ་ཞིང་རྒྱ་མཚོ་ལ་གཟིངས་ནས་འགྲོ་བ་རྣམས་ལ་བཤང་བ་དང་གཅི་བ་བྱེད་པ་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་དང་དེའི་ངོ་བོ་གཞན་གྱི་རྐྱེན་རྣམས་ལ་ཆུ་ཉམས་སུ་མྱོང་བ་ལ་ཉེས་པ་མེད་པ་ཉིད་དུ་བསྟན་པའོ། །ཇི་སྲིད་དུ་ཁྲུས་ཞེས་བྱ་བ་ལ་སོགས་པ་རྣམས་ ཀྱིས་རིག་པར་བྱའོ། །ཨ་མྲ་པ་རན་ཏའི་ཡུལ་དག་ལ་འདི་ནི་འདི་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་ཁྲུས་ངེས་པའོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་དག་ལ་ཨ་མྲ་པ་རན་ཏའི་ཡུལ་དག་ཏུ་ནི་སྐྱེ་བོའི་ཚོགས་རྣམས་ལ་རྟག་ཏུ་ཁྲུས་བྱ་བ་རྗེས་སུ་གནང་ངོ་ཞེས་ གསུངས་པ་ཡིན་ནོ། །འདིར་ཡུལ་དེ་ཉིད་དུས་སུ་རིག་པར་བྱའོ། །དེའི་ཕྱིར་དེ་ཉིད་ཉེ་བར་བཞག་སྟེ། དུས་མ་ཡིན་པར་ཡང་ཁྲུས་ལ་འཇུག་པར་བྱའོ། །ཆོ་ག་བཙན་པོ་ཡོད་ན་བག་ཡངས་བྱ་བ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་བག་ཡངས་སུ་གྱུར་པའི་རྟོགས་པ་ནི་བག་ཡངས་སུ་གྱུར་པའོ། །ཆོ་ག་བཙན་པོ་གཞན་ ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་བུ་མོ་ལ་ཇི་སྐད་དུ་ཡུལ་མཐའ་འཁོབ་དག་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པ་དེ་ལ། བཙུན་པ་གལ་ཏེ་བཅུའི་ཚོགས་མཆིས་བཞིན་དུ་འདུལ་བ་འཛིན་པ་ དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པས་རྣམ་པར་གནས་པ་ཡིན་ནོ། །ཚིག་འདི་ནི་ཆོ་ག་བཙན་པོ་ཡོད་ན་ཞེས་བྱ་བའི་ཚིག་གིས་ཏེ། རྣམ་པར་གཞག་པར་བྱས་པར་གྱུར་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་བུའི་རིགས་ཅན་ལ་དབང་དུ་བྱེད་པ་ཉིད་ནི་འདིར་རོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་གི་ཚེ་བྱས་པ་ལ་གང་བསྐྱེད་པ་ཡིན་ཞེ་ན། དེའི་ཕྱིར་གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་སྨོས་ཏེ། གཞི་དེས་ཞེས་བྱ་བ་ནི་གསོད་པའི་སེམས་ཀྱིས་བསྣུན་པའི་གཞི་དེས་སོ། །དེའི་ཚེའམ་ཞེས་བྱ་བ་ནི་དུས་དེ་ཉིད་ཀྱི་ཚེའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་བསྣུན་པའི་དུས་ཀྱི་འོག་དུས་གཞན་གྱི་ ཚེ་ཤི་ནའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཚེ་ཞེས་བྱ་བ་འདི་ནི་གཞི་དེས་ཞེས་བྱ་བ་བྱེ་བྲག་ཏུ་བསྟན་པའོ། །དེའི་ཚེའམ་ཞེས་བྱ་བ་འདི་ལ་ཡང་རྣམ་པར་དཔྱད་པར་བྱ་བ་མེད་པས་གང་ཞིག་འདིར་ཞུ་བ་ལས་སྦྱོར་བ་གཅིག་གིས་བྱས་ན་ཡང་གསོད་པར་བྱ་བ་ཇི་སྙེད་པ་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་རོ། །སེམས་ ཅན་རེ་རེ་དེ་དང་འབྲེལ་པ་ཞེས་བྱ་བ་འདིས་དེ་བསྡུས་པར་རིག་པར་བྱའོ། །ལུས་དེ་དང་འབྲེལ་པ་ནི་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འདིར་གསོད་པའི་ཕམ་པར་འགྱུར་བ་ལ་རིག་པར་བྱའོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་གཞུང་ནི་ཞུ་བ་ ཁ་ཅིག་ལས་ཤིང་ལས་བྱས་པའམ་ས་ལས་བྱས་པའི་གཟུགས་ལ་བསྣུན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་རིག་པར་མ་གྱུར་པར་ཤེས་པར་མི་བྱའོ། །སེམས་ཅན་གྱི་འདུ་ཤེས་དང་འབྲེལ་པའི་འདུ་ཤེས་ལ་འདིར་དངོས་པོ་ལས་ཡོད་པར་གྱུར་པ་ཉིད་ཀྱིས་དུད་འགྲོའི་རྣམ་པ་ཉིད་ལ་ནི་འདིར་གཏོགས་པའི་ ཁ་ན་མ་ཐོ་བར་རིག་པར་བྱའོ། །གཞན་གྱི་རྣམ་པ་ཉིད་ལ་ནི་མི་གསོད་པ་དང་འབྲེལ་པའོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ།། །།ཅི་ཞིག་རྗེས་སུ་སྒྲུབ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ནའོ་ཞེས་བྱ་བ་སྨོས་ཏེ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པ་ཉིད་དུ་ཇི་སྲིད་བསྙེན་པར་རྫོགས་པའི་དངོས་པོ་ཉམས་པ་ཉིད་དུ་གསལ་བར་བྱེད་ཅིང་དགེ་སློང་མ་ཡིན་པ་ཉིད་དུ་གསལ་བར་བྱེད་པ་དེ་རྣམ་པར་རིག་པའི་རྫས་དེ་ཐམས་ཅད་ཀྱིས་ཚེ་དང་ལྡན་པ་ཁྱོད་ལ་དགེ་སློང་གི་ ཚུལ་ག་ལ་ཡོད་དེ་བྲམ་ཟེ་ཉིད་ཀྱང་ག་ལ་ཡོད། ཚེ་དང་ལྡན་པ་ནི་བྲམ་ཟེ་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ། །འདིར་དགོས་པ་ནི་རིགས་དམིགས་ཀྱིས་བསལ་བ་ལ་རྣམ་པར་གཞག་པར་རིག་པར་བྱའོ། །མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་མི་བྱེད་ཅིང་དེ་ཁ་ན་མ་ ཐོ་བ་ཉམས་པའི་བསམ་པ་ཉིད་ནི་གཉིས་ཀའི་བསམ་པ་ཉིད་ལ་གཉིས་ཀ་ཞེས་བྱ་བའོ། །སུ་ལ་འགྱོད་པ་བསྐྱེད་ཅེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་སོ། །ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན། དེའི་ཕྱིར་བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། །འདིར་ བདེ་བ་ལ་མི་རེག་པ་ཞེས་བྱ་བ་ནི་དགེ་སློང་ལ་ཡིད་ལ་གཅགས་པ་བསྐྱེད་པ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ། །བཞད་གད་ཀྱིས་ཀྱང་འགྱོད་པ་བསྐྱེད་པའི་བསམ་པས་ཞེས་སྨོས་ཏེ། འདིར་ན་སྨད་པར་ཡོད་པར་འགྱུར་རམ་ཞེས་བྱ་བའི་དགོས་པ་སྲིད་པས་གནས་སྐབས་པ་དེ་བཟློག་པའི་ཕྱིར་བརྗོད་ པར་བྱ་སྟེ། བཞད་གད་ཀྱིས་ཀྱང་ཞེས་བྱ་བ་སྨོས་ཏེ། ཅི་འགྱོད་པ་སྐྱེས་པ་ཁོ་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འགྱོད་པ་མ་སྐྱེས་ན་ཡང་ངོ་། །གཞན་གྱིས་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ཡིན་པ་ཉིད་ཀྱི་ཕྱིར་གཞན་གྱི་འགྱོད་པ་བསྐྱེད་པ་ལ་ཉེས་བྱས་སོ། །འགྱོད་ པ་བསྐྱེད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་ལ་སོར་མོ་འམ་ཁུ་ཚུར་རམ་གྲེ་མོ་འམ་ཕྲག་པའམ་མགོ་འམ་རྐེད་པ་འམ་བརླ་འམ་པུས་མོ་འམ་བྱིན་པ་འམ་རྐང་པའམ། མཐེ་བོ་ལ་སོགས་པ་དག་གིས་ག་ག་ཚིལ་བྱེད་པས་རེག་ནའོ་ཞེས་བྱ་བ་ སྨོས་ཏེ། རེག་པའི་བྱེ་བྲག་ཉམས་སུ་མྱོང་བ་དང་། ཉམས་སུ་མྱོང་དུ་བཅུག་པ་དག་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ན་ཡང་རང་གི་འམ་གཞན་གྱི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ནི་ཉེས་བྱས་ཀྱི་ཚིག་གོ། །དེ་ལྟ་བས་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་གི་ལུས་ཀྱི་ཡན་ལག་ གཞན་དག་ཀྱང་འཕངས་པ་ཡིན་གྱི། གོས་ལ་སོགས་པ་ནི་མ་ཡིན་ནོ། །ལུས་མ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་སྐྲ་དང་སེན་མོ་དང་སོ་རྣམས་ལ་ནི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ཀྱི་ཚུལ་གྱི་རྗེས་སུ་འབྲངས་པས་ཉེས་བྱས་སུ་རྟོགས་པར་བྱའོ། །ག་ག་ཚིལ་བྱེད་པ་འདི་ནི་མཚོན་པ་ཙམ་ཡིན་ཏེ། འབྲེལ་པ་བྱེད་པའི་རྣམ་པ་ལའོ། །བཟོད་པ་དང་ཀུན་ནས་བཟོད་པ་དང་རེག་པ་ལ་ཡང་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་གལ་ཏེ་དེ་དང་འབྲེལ་པར་བྱེད་པའི་དེ་ལ་ཡང་འདིས་འཕངས་པའོ། །བག་འཁུམས་པར་མི་བྱེད་པའི་རྣམ་པས་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་རེག་པ་ལ་ལྟུང་བ་ མེད་པར་རིག་པར་བྱའོ། །ཅི་བསམ་པ་གང་ཡང་རུང་བས་རེག་ན་འམ་ཞེ་ན། དེའི་ཕྱིར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་སྐྱི་གཡའ་ཞེས་བྱ་བ་ནི་བག་འཁུམས་པར་རིག་པར་བྱའོ། །འདིར་ཀུན་དུ་འདོད་ཆགས་པ་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་དགེ་འདུན་ལྷག་ མར་གཏོགས་པའི་ཁ་ན་མ་ཐོ་བའི་ཆོ་ག་དམིགས་ཀྱིས་བསལ་བའོ། །སྐྱི་གཡའ་བ་དང་ལྷན་ཅིག་འབྲེལ་པ་ལ་གསོད་པ་དང་རྡེག་པར་བྱེད་པའི་ལྟུང་བྱེད་དོ། །འདི་ལས་གཞན་པའི་སེམས་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱི་སྒྲས་རྣམ་པར་གཞག་པའོ། །དེའི་ཕྱིར་རྨ་དང་སྦྲང་བུ་དང་འབྲུམ་བུ་དང་ སྨེ་བ་དང་སྤུའི་ཚུམས་བསྟན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱི་གཡའ་བའི་སེམས་ཀྱིས་རེག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བ་དེའི་ཕྱིར་འདི་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རེག་བྱེད་གཅིག་གམ་དུ་མ་ཉིད་ལའོ་ཞེས་བྱ་བ་ནི། འདིར་རྡེག་པར་བྱེད་པ་བཞིན་དུ་གསོད་པར་ བྱེད་པ་རེ་རེ་ལ་ལྟུང་བ་མེད་དོ། །འོན་ཀྱང་གསོད་བྱེད་དུ་མ་ཉིད་ལ་ཡང་ལྟུང་བ་གཅིག་ཁོ་ན་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་དུ་གྱུར་པའི་རྣམ་པར་གྱུར་པ་ཅན་གྱི་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། ལོངས་སྤྱོད་ལ་ཡང་གསོད་པར་བྱེད་པ་རེ་རེ་ལ་ཐ་དད་པར་དབྱེ་བ་ནི་མེད་དེ་གནོད་པ་ཇི་ལྟ་བར་ཞེས་བྱ་བ་ འདིས་ཤེས་པའོ། །འདིར་གཞུང་ནི་དགེ་སློང་གིས་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཉིས་སམ་གསུམ་མམ་བཞི་འམ་ལྔ་རྣམས་ཀྱིས་ཀྱང་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ཡང་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་ཉིད་དུ་འགྱུར་རོ། །གཉིས་ སམ་གསུམ་མམ་བཞི་འམ་ལྔ་དག་གིས་ག་ག་ཚིལ་བྱེད་ན་ལྟུང་བ་ལྔའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་འདིར་གཞུང་མཐོང་བ་ཡིན་ནོ། །བརྡེག་པའི་བསླབ་པའི་གཞིའི་རྗེས་སུ་འབྲངས་ནས་དེའི་རྣམ་པར་རྟོག་པར་བྱས་སོ་སྙམ་དུ་བདག་ཅག་སེམས་སོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་དུ་ཁ་ན་མ་ཐོ་བ་ཇི་ལྟ་བུ་འདི་ཡིན་ཞེ་ན། དེའི་ཕྱིར་ཞུགས་ཤིང་ནུབ་པ་དང་འབྱུང་བ་དང་ངོགས་གཞན་དུ་རྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་ བ་དང་ཆུ་ལ་རྔ་བོ་ཆེ་དང་། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་གསེག་མ་འཁྲབ་པ་དང་འཕེན་པ་དང་འཁོར་ཡུག་དང་རྡོ་རྗེ་དང་ཁྲོན་པ་དང་རྦ་ཀློང་དང་ཆུ་སྲུབས་འདྲེན་པར་བྱེད་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། རྔ་བོ་ཆེ་ལ་སོགས་པ་ནས་ཆུ་སྲུབས་འདྲེན་པའི་མཐར་སོ་སོར་ཆུའི་སྒྲ་དང་འབྲེལ་པའོ། །རྒྱུན་ ཕྱོགས་ཀྱི་སྒྲས་ཀྱང་འབྱིན་པ་དང་སོ་སོར་འབྲེལ་པའོ། །བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སོ། །བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁམ་ཕོར་དང་། བུ་རམ་གྱི་ཁུ་བ་འཛག་པ་དང་སྲན་ཚོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་འཇུག་ཏུ་རུང་བའི་གནས་དེར་ཞུགས་ཏེ་ནུབ་པ་ལ་སོགས་ པ་རྗེས་སུ་བསྒྲུབ་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། བེམ་ཏོལ་གྱིས་རྡེག་པ་ནི་རིལ་བ་ལ་སོགས་པ་འཇུག་པའི་ཡུལ་གང་ལ་གང་དུ་འཇུག་ཏུ་རུང་བ་དེར་ཆུའི་ཡུལ་གྱི་ལས་རྗེས་སུ་བསྒྲུབ་པ་ལ་ཉེས་བྱས་ཏེ་བེམ་ཏོལ་གྱིས་རྡེག་པ་ལ་ནི་ཉེས་བྱས་སོ། །འུ་ཤ་ལ་སོགས་པ་ཚ་བ་ཉིད་ལ་ལྟུང་བ་ མེད་དོ་ཞེས་བྱ་བར་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བར་ཤེས་པར་བྱ་བའི་དོན་ཏོ། །མ་ཞུགས་པ་དང་ཞུགས་པའི་ཡུལ་བེམ་ཏོལ་གྱིས་རྡེག་པ་ཞེས་བྱ་བ་འདི་ལ་ཉེས་བྱས་སུ་གཏོགས་པར་བྱའོ། །ལྟེ་བ་ཙམ་ལ་ཞུགས་པའི་བློ་ནི་དེ་ལྟ་ན་ཡང་ཁྲུས་བྱེད་པ་ལ་འདི་ནི་མཐར་གསུངས་སོ། །དེ་ལྟ་བས་ན་ དེ་དག་ལ་སོགས་པ་ལ་འཇུག་པ་ཉིད་ཀྱིས་ཡང་དག་པར་བརྟེན་པ་ཉིད་ཡིན་གྱི་དབང་བསྐུར་བ་ལ་ཆུ་དང་འབྲེལ་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་འདིའི་དབང་གིས་དངོས་གཞིའི་བྱེད་པ་ཉིད་ནི་མ་ཡིན་ནོ། །ཆོལ་ཟངས་ལ་སོགས་པར་མི་ནུབ་པ་ནི་མི་ནུབ་པའོ། །འདིར་ཆུ་ལ་རྩེ་བའི་བློ་ཡོད་པས་ ཡིན་ཏེ། དེ་བས་ན་འདིའི་དབང་གིས་དངོས་གཞི་མ་ཡིན་པ་ནི་མ་ཡིན་ནོ། །གང་ཡང་རུང་བ་ཉིད་ཀྱིས་ལྟེ་བ་ནུབ་པ་ཙམ་དུ་ཆུ་ལ་ཞུགས་པ་ཉིད་ནི་ཆུ་ལ་རྩེ་བའི་བློ་ཡོངས་སུ་རྫོགས་པ་སྟེ། དེ་བས་ན་འདུག་པ་ལྟེ་བ་ཙམ་དུ་སོན་པ་ལ་དངོས་གཞིའི་བྱེད་པ་ཉིད་ནི་མ་ཡིན་ནོ། །ཆུ་མ་ཡིན་པ་ལ་རྩེ་བ་ལ་ཡང་ངོ་ཞེས་ བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཏེ། ཆུ་ལས་གཞན་པ་ལ་ཡང་རྩེ་བའོ། །རྩེ་བར་གྱུར་པའི་འཛག་པ་ནི་རྩེ་བར་བྱེད་པའོ། །ལུས་ཀྱི་རྩེད་མོར་གྱུར་པ་གང་ཡིན་པ་དེ་ནི་དེའི་གར་གྱི་བདག་ཉིད་ཡིན་ཞེས་བྱ་བ་ཉིད་དུ་དགག་པ་ཉིད་ཀྱི་ཕྱིར་འདིར་ ཞུགས་པ་མ་ཡིན་ནོ། །གར་གྱི་བདག་ཉིད་མ་ཡིན་པའི་གཞན་ཐམས་ཅད་ནི་བོང་བ་ལ་སོགས་པ་འཕེན་པ་དང་། ལུས་ཀྱི་རྩེད་མོར་གྱུར་པ་གཡོ་བའི་རྩེད་མོ་གཞན་ཐམས་ཅད་ལ་ཡོངས་སུ་བཟུང་བ་འདིར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་ཆབ་མ་ལགས་ པ་དངོས་པོ་ལྡེག་མ་ལ་རྩེ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ལ་བྱེད་དུ་བཅུག་པ་ནི་དེ་དང་འདྲའོ་ཞེས་བྱ་བ་ནི་གང་དུ་འདིར་ཆར་པར་གྱུར་པ་ལ་ཆུ་ལས་གཞན་པའི་རྫས་ལ་ཁ་ན་མ་ཐོ་བར་སྨོས་པ་དེ་ལྟ་བུར་གྱུར་པའི་ཆུ་དང་། དེ་ལས་གཞན་པའི་རྫས་དག་ ལ་འཛག་ཏུ་འཇུག་པའི་རྒྱུ་དེ་དང་འདྲ་བར་རང་གིས་བྱས་པ་ལྟར་བལྟ་བར་བྱའོ། །རེངས་པའི་ལྟུང་བྱེད་དུ་འགྱུར་བར་བྱེད་དུ་བཅུག་པ་ལ་ཡང་ལྟུང་བྱེད་དོ། །ཉེས་བྱས་སུ་གྱུར་པ་ལ་ནི་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །བསྙེན་པར་རྫོགས་པས་བྱེད་དུ་བཅུག་ན་བྱེད་དུ་བཅུག་པ་དང་བྱེད་པ་པོ་གཉིས་ཀ་ལ་ཁ་ ན་མ་ཐོ་བ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སྐྱེས་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས། རེངས་པའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རེངས་སུ་བཅུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ། །རྩེ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རྩེར་འཇུག་པའི་བསམ་པ་ལ་ཡང་དེ་བཞིན་ ནོ། །དགའ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་དགར་འཇུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཇི་བསམ་པ་གང་ཡང་རུང་བས་དེ་ལས་གཞན་པའི་ཡུལ་ལས་སྐྱེས་པའི་བྱ་བ་རྣམས་རྗེས་སུ་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་འདི་རྣམས་ཡིན་ནམ་ཞེ་ན། དེའི་ཕྱིར་དགོད་ པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ་ཞེས་བྱ་བ་སྨོས་ཏེ། ཇི་སྲིད་དུ་དགའ་བའི་ངོ་བོ་མེད་པར་འདུན་པ་འདི་མི་འགྲུབ་པས་དེ་སྲིད་དུ་འདིར་འདི་ནི་མཐར་རོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་བུམ་པའི་སྦྱོར་བས་ཆུས་འཐོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་ གསུངས་པ་ཡིན་ནོ། །དེའི་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ནུབ་པ་དང་མ་ནུབ་པ་དག་ལ་སོགས་པའི་སྒྲས་འཕངས་པའོ། །རྐྱལ་སློབ་པ་ཐད་ཀའམ་ལྟག་འོག་ཏུ་རྩོལ་བ་ལ་ཡང་ངོ་ཞེས་བྱ་བ་ལ། ལྟག་འོག་ཏུ་ཞེས་བྱ་བ་ནི་སྲིད་དུའོ། །ཐད་ ཀར་ནི་ལྟུང་བ་མེད་དོ། །གྲང་བར་འདོད་པས་ཚ་བ་དག་ལ་རི་མོ་འདོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་གྲང་ཞིང་ངད་ལས་པར་འདོད་པས་ནི་ཉི་མ་ལ་སོགས་ཚ་བར་གྱུར་པའི་ཆུ་དག་ལ་རི་མོ་འདོད་པར་བྱེད་པ་ལྟུང་བ་མེད་དོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ནས་འཇུག་པ་གང་བུད་ མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་ཅེས་བྱ་བ་ནི་གཉིས་ཀ་དག་ཀྱང་ལྷན་ཅིག་གཉིད་ལོག་པ་ལས་འདའ་བར་བྱེད་ན་ཞེས་བྱ་བའི་དོན་ཏོ། །དུས་གང་གི་ཚེ་གཉིད་ལོག་པ་ན་ཞེ་ན། དེའི་ ཕྱིར་མཚན་མོའོ་ཞེས་སྨོས་སོ། །ཅི་མཚན་མོ་ཐམས་ཅད་ཀྱི་སྐད་ཅིག་གང་ཡང་རུང་བ་ལའམ་ཞེ་ན། དེའི་ཕྱིར་མཐར་རོ་ཞེས་བྱ་བ་སྨོས་སོ། །ཅི་མཚན་མོའི་མཐའི་མདུན་རོལ་དུ་ལྟུང་བ་མེད་དམ་ཞེ་ན། དེའི་མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདིར་ སྟོབས་དང་མི་ལྡན་པའི་མ་ནིང་ལ་སོགས་པ་དང་། དུད་འགྲོ་ལ་སོགས་པ་རྣམས་ལ་སོ་སོར་སྟོབས་དང་ལྡན་པ་ཉིད་ལ་ཡང་ཉེས་བྱས་ཡིན་ན་ནི་སྤྱི་བོ་ཚོད་གང་ཡང་རུང་བ་དང་ལྡན་པའི་མཐུ་མེད་པ་ལ་སོགས་པ་དེར་ཤེས་པར་བྱ་འམ་ཞེ་ན། དེའི་ཕྱིར་བྱ་གག་གི་ཚད་ནི་དེ་བྱེད་པ་ཉིད་ཀྱི་མཐའོ་ཞེས་བྱ་བ་སྨོས་ཏེ། གཞན་ཡང་དེ་བྱེད་པ་ཉིད་ནི་ཉེས་བྱས་བྱེད་པ་མཐའོ་ཞེས་བྱ་བ་མཐའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །།གང་ལ་སྔངས་པར་བྱེད་པའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན། དེའི་ཕྱིར་བཞད་གད་བྱ་བའི་བསམ་པས་ཀྱང་རུང་སྟེ། ངང་བར་འདོད་པས་འཇིགས་ པའི་རྒྱུ་ཉེ་བར་བསྒྲུབ་པར་སྔོན་དུ་བཏང་བ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་ཅེས་དགེ་སློང་ལ་གཞན་གྱིས་ཀྱང་གོ་བར་བྱེད་ན་འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཤེས་པར་གྱུར་པའི་འཇུག་པ་བྱེད་པ་འདི་ནི་འཇུག་པ་འདི་ཤེས་པ་ཡིན་ཏེ། འདི་ལ་འཇིགས་པ་བསྐྱེད་པ་འདི་ལས་འབྱུང་ བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བློ་ཡོད་པ་ལ་འཇིགས་པའི་འདུན་པ་ལ་གོ་སྐབས་ཡོད་པ་མ་ཡིན་ནོ། །དེ་བས་ན་འཇིགས་པར་འདུན་པས་ཞེས་བྱ་བ་ནི་བྱེ་བྲག་གོ། །འཇིགས་པའི་རྒྱུ་མཚན་ཡིད་དུ་འོང་བ་མ་ཡིན་པའི་ངོ་བོ་ལ་སོགས་པ་ལ་ཉེ་བར་བསྒྲུབ་པ་སྔོན་དུ་འགྲོ་བས་གོ་བར་བྱེད་ན་ འཇིགས་པའི་ཁ་ན་མ་ཐོ་བའོ། །འདིར་གཞུང་ནི་ཡིད་དུ་མི་འོང་བའི་གཟུགས་རྣམས་ཉེ་བར་སྒྲུབ་པར་བྱེད་པ་དེ་ནག་པོ་དང་ཁ་དོག་ནག་པོར་སྟོན་པ་དེ་ནག་པོར་སྣང་བའོ། །འདི་ལྟ་སྟེ་དཔེར་ན་ཡི་དགས་དང་ཤ་ཟ་དང་གྲུམ་བུམ་དང་ལུས་སྲུལ་པོའི་གཟུགས་ཅན་དེ་ལྟ་བུ་དེ་རྣམས་ཀྱིས་ནི་རུང་བ་དང་། དེ་རྣམས་ཀྱིས་ནི་གསོད་པར་གྱུར་པ་དང་། དེ་རྣམས་ཀྱིས་ནི་སྲོག་གཅོད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་རྣམ་གྲངས་གཞན་ཡང་ཤེས་པར་བྱའོ། །འདིར་ཡང་དེ་ལྟ་བུའི་གཟུགས་ཅན་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པར་བྱའོ། །སྔོན་དུ་འགྲོ་བ་ ཞེས་བྱ་བ་འདི་ལ་གོ་བར་བྱེད་པ་ན་རྣམ་པ་གཉིས་ཏེ། དོན་དང་གོ་བར་བྱ་བ་ལའོ། །དེ་ལ་དོན་གོ་བར་བྱེད་པ་གང་ལ་ཞེས་བྱ་བ་འདི་ལ་འཇིགས་པར་བྱེད་པ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་འཇིགས་པར་གོ་བར་བྱེད་པ་གོ་བར་བྱེད་ཅེ་ན། དེའི་ཕྱིར་ཆེ་གེ་མོ་ཞེས་བྱ་བ་སྨོས་སོ། །གང་ལ་གོ་བར་བྱེད་ ཅེས་བྱ་བའི་དྲི་བ་འདི་ལ་དགེ་སློང་ལ་ཞེས་བྱ་བ་སྨོས་སོ། །ཅི་བདག་ཉིད་ཀྱིས་དེ་ལྟ་བུ་གོ་བར་བྱེད་པ་ལ་འཇིགས་པའི་ཁ་ན་མ་ཐོ་བ་ཞེས་བྱ་བ་འདི་ལ་གཞན་གྱིས་ཀྱང་ཞེས་བྱ་བ་སྨོས་སོ། །ཅི་མ་སྐྱེས་པ་ལ་ཡང་གོ་བར་བྱ་ཞེས་བྱ་བའི་འཇིགས་པ་ལ་ཁ་ན་མ་ཐོ་བ་འདི་ཡིན་ཞེ་ན། དེའི་ཕྱིར་འཇིགས་པ་མ་ སྐྱེས་ཀྱང་ངོ་ཞེས་བྱ་བ་སྨོས་སོ། །འཇིགས་པའི་རྒྱུ་ཅི་འདྲ་བ་ཞིག་ཉེ་བར་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་ཅི་འདྲ་བར་འགྱུར་ཞེ་ན། དེའི་ཕྱིར་ཡིད་དུ་མི་འོང་བ་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨོས་སོ། །འདིར་ཡིད་དུ་མི་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན་ཡི་དགས་དང་ཤ་ཟ་དང་གྲུམ་བུམ་དང་ ལུས་སྲུལ་པོའི་གཟུགས་ལ་བ་ནག་པོ་དང་སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་དང་། སེང་གེ་དང་སྟག་དང་གུང་དང་། མཚའ་དང་གཟིག་དང་ཝའི་སྐད་ལྟ་བུ་བཤང་བ་དང་གཅི་བ་དང་རྭ་དང་དེའི་ཟེ་བའི་དྲི་ལྟ་བུ་སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་བདག་ཉིད་སྒྲོགས་པའོ་ཞེས་བྱ་བ་སྨོས་ཏེ། འདིར་ཐམས་ ཅད་དུ་སྒྲ་དང་དྲི་དང་རེག་བྱ་རྣམས་ལ་ཡི་དགས་དང་། ཤ་ཟ་དང་གྲུམ་བུམ་དང་ལུས་སྲུལ་པོ་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་པ་འདི་ལ་འདིར་སོ་སོར་རྗེས་སུ་སྦྱར་བར་རིག་པར་བྱའོ། །སེང་གེ་ལ་སོགས་པའི་སྒྲ་ལ་སོགས་པ་རྣམས་ལ་ཡི་དགས་ལ་སོགས་པར་གྲགས་པས་གོ་བར་བྱེད་ན་དངོས་གཞི་ སྟེ་གཞན་རྣམས་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡིད་དུ་འོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་རྒྱུ་ཉེ་བར་བསྒྲུབ་པ་སྒྲོགས་ན་ཉེས་བྱས་སོ། །གང་གི་ཕྱིར་འདི་ལ་འཇིགས་པའི་རྒྱུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་ལ་ཤིན་ཏུ་ཡིད་འབྱུང་བར་བྱེད་པ་ཉིད་མ་ཡིན་ཞེས་གསུངས་ པ་ཡིན་ནོ། །འདིར་ཡིད་དུ་འོང་བ་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན་ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ། པི་ཝང་ལ་སོགས་པའི་སྒྲ་ལྟ་བུའོ་ཞེས་བྱ་བ་ལ། འདིར་སོགས་པའི་སྒྲས་ནི་གླིང་བུ་དང་ བ་ལ་རི་དང་མ་ཧཱ་ཏི་དང་སུ་གོ་ཥ་ལྟ་བུ་རྣམས་ཀྱང་བསྡུའོ། །ཨ་ཀ་རུ་དང་ཙན་དན་དང་གུར་གུམ་དང་། ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དང་། དར་དང་རས་ཡུག་ཆེན་དང་བེའུ་རས་དང་དར་ལ་དང་དུ་ཀུ་ལའི་རས་དང་། ཀོ་ཏམ་པའི་རས་ཀྱི་རེག་པ་ལྟ་བུ་རྣམས་ཉིད་སྒྲོགས་པའོ་ཞེས་བྱ་བ་ནི་ ཇི་སྲིད་ལྷ་ལ་སོགས་པ་འདི་ན་ཡོད་དོ་ཞེས་སྒྲོགས་ཤིང་ཞེས་བྱ་བ་འདི་ལ་འདིར་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ། །འདིར་ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་ཡིན་ཏེ་ཤིན་ཏུ་ཆེ་བའི་ཡི་དགས་ལ་སོགས་པ་རྣམས་ཀྱང་འདིར་བསྡུས་པའོ། །ཅི་འདིར་འཇུག་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདི་ཡིན་ ནམ་ཞེ་ན། དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་འདི་ལ་རྣམ་པ་འདི་ལྟ་བུ་དག་མ་གཏོགས་པར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཇུག་པ་འདི་ལས་འཇུག་པ་གཞན་ནི་ཁ་ན་མ་ཐོ་བ་དེ་བས་ན་དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་དུ་སེམས་ཅན་དམྱལ་བ་དང་ དུད་འགྲོ་དང་། ཡི་དགས་ཀྱི་གཏམ་ལ་སོགས་པ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་སྨོས་སོ། །སྔངས་པར་བྱེད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་དང་། ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐེ་རགས་ལ་ སོགས་པ་དགེ་སློང་གི་འཚོ་བའི་ཡོ་བྱད་སྦེད་དུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱིས་གསུངས་པའི་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་ལ་སོགས་པ་དེ་དག་དགེ་སློང་གི་འཚོ་བའི་ཡོ་བྱད་ཚད་དང་ལྡན་པ་རུང་བ་རང་གིས་སྦེད་དམ་སྦེད་དུ་འཇུག་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ བྱུང་བ་འདི་པ་ཞེས་བྱ་བ་སྨོས་པ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་ཞེས་བྱ་བ་ཐམས་ཅད་ནི་རབ་ཏུ་བྱུང་བ་འདི་པའི་གང་ཟག་རྣམས་ཉེ་བར་བསྡུ་བའི་དོན་དུའོ། །ཅི་དུས་གང་ཡང་རུང་བ་ལ་མ་བྱས་པ་འདི་དག་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཕན་པར་འདོད་པས་ནི་ མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། འདིས་ལྟུང་བ་མེད་པ་ཁོ་ན་ཡིན་ནོ། །སྦེད་པའི་ལྟུང་བྱེད་དོ།། །།གང་ལ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་ལ་གོས་བླངས་པ་མེད་པར་བྱིན་པ་དེས་གནང་བ་མེད་པར་སྤྱོད་ནའོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ ཐམས་ཅད་དུ་བྱིན་པའི་དགེ་སློང་གིས་གོས་གང་ལ་སྦྱིན་པ་དེ་རྗེས་སུ་གནང་བ་མེད་པར་ཡོངས་སུ་ལོངས་སྤྱོད་པ་ལ་ཞེས་བྱ་བའི་དོན་ཏོ། །རང་གི་བློས་ཉེ་བར་འཚོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གཞན་གྱི་བློས་ནི་སྦོམ་པོ་སྟེ། འདིར་མ་བྱིན་པར་ལེན་པ་ཉེ་བར་འབྲེལ་པའོ། །དེ་བས་ན་མ་བྱིན་པ་ ལ་ཁ་ན་མ་ཐོ་བ་འདི་བསྐྱེད་པའོ། །འདི་རང་གི་བློ་ལ་ཉེས་པ་མེད་པ་ཁོ་ན་ཡིན་ནོ། །གཞན་གྱི་ལ་འདི་ནི་བདག་གི་ཡིན་ནོ་སྙམ་དུ་འཁྲུལ་པར་འགྱུར་བའི་གོ་བ་གྲུབ་པའོ། །རང་གི་བློ་འཁྲུལ་པར་གྱུར་པས་འདི་དང་གཞན་ལ་ཡང་ཉེ་བར་སྦྱོར་བ་ལ་ཉེས་པ་མེད་དོ། །གོས་དང་ཡོ་བྱད་ལྷག་མ་རྣམས་ ལ་ཡང་ཐོག་མ་ཉིད་དུ་འདིར་ཁ་ན་མ་ཐོ་བ་འདི་རྣམ་པར་གནས་པ་ཡིན་ནོ། །ལྷུང་བཟེད་ལ་ནི་ཡོངས་སུ་རྫོགས་པ་སྟེ། ལྷུང་བཟེད་ཆུང་བ་ལ་ནི་ན་སྨད་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། བཙུན་པ་རེ་ཞིག་དགེ་སློང་ལ་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱ་སྟེ། དེའི་འོག་ཏུ་ སླར་འཕྲོག་པར་བྱེད་ཅིང་ལོངས་སྤྱོད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་དགེ་སློང་གིས་ལྷུང་བཟེད་དམ་ཆོས་གོས་དགེ་སློང་གཞན་དང་གཞན་ལ་འཚོ་བའི་ཡོ་བྱད་དུ་བྱིན་ནས་འཕྲོག་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་སྔ་མ་ལ་ ལྷུང་བཟེད་དང་ཆོས་གོས་ལས་གཞན་མ་བཟུང་བའོ། །འདི་ལ་ནི་ཉེས་པ་མེད་པས་མ་བཟུང་བ་ཞེས་གསུངས་པ་ཡིན་ནོ། །ཕྱི་མ་ནི་བཟུང་བས་འདི་ལ་ནི་ཉེས་བྱས་སུ་འགྱུར་བ་ཞེས་བྱ་བ་ནི་ཤེས་བྱེད་དོ། །ཕྱི་མ་ལ་ལྷུང་བཟེད་དམ་ཆོས་གོས་ཞེས་བྱ་བ་འདི་ལྷུང་བཟེད་དམ་ཆོས་གོས་ལས་གཞན་པ་ ཞེས་བྱ་བ་ཉམས་པའོ། །དེའི་རྗེས་སུ་གནང་བ་མེད་པ་ཞེས་བྱ་བ་ནི་གང་ལ་བྱིན་པ་དེའི་རྗེས་སུ་གནང་བ་སོ་སོར་བཟུང་ནས་ཞེས་བྱ་བ་ནི་བསྡུ་བའོ། །ཅི་བསམ་པ་གང་ཡང་རུང་བས་སྤྱོད་པ་ལ་འམ་ཞེ་ན། དེའི་ཕྱིར་གལ་ཏེ་གཞི་དེས་དེ་དག་དགའ་བར་མི་འགྱུར་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་ བ་ནི་གང་ལ་བྱིན་པ་དེས་ཡིད་ཆེས་པས་ལོངས་སྤྱོད་པ་ལ་ལྟུང་བ་མེད་ཅེས་བྱའོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་ སྐུར་པ་བརྗོད་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལྷག་མའི་ལྟུང་བས་སྐུར་པ་འདེབས་པར་འདོད་པས་སྐུར་པ་འདེབས་པ་གང་ཡིན་པ་དེའི་འདུན་པས་ཤེས་པར་རིག་པར་བྱའོ། །ཅི་དངོས་སུ་སྐུར་པ་འདེབས་པ་ཁོ་ན་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་བག་ཙམ་གྱིས་ཀྱང་ངོ་ཞེས་ བྱ་བ་སྨོས་ཏེ། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་བསླབ་པ་སྩལ་བ་ཙམ་གྱིས་དགེ་འདུན་ལྷག་མས་སྐུར་པ་འདེབས་པར་བྱེད་ན་ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།སྔར་ལམ་དུ་འགྲོ་བ་ལ་བུད་ མེད་བྱེད་པ་པོ་ཉིད་དོ། །གང་ཞེས་སྨོས་པ་དེ་ཅི་གཞན་གང་ཡང་རུང་བ་ལ་དེ་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། རང་དགར་ལམ་དུ་འགྲོ་ན་སྟེ། གཞན་དབང་གིས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ལམ་ཇི་སྲིད་དུ་འགྲོ་བ་ལ་ཡིན་ ཞེ་ན། དེའི་ཕྱིར་རྒྱང་གྲགས་རེ་རེར་རོ་ཞེས་བྱ་བ་སྨོས་ཏེ། ལྟུང་བྱེད་ཉིད་ལ་འདིར་བྱེད་པ་པོ་ཉིད་ནི་འདི་ཡིན་ནོ་ཞེས་བྱ་བ་བྱེ་བྲག་མ་བྱས་པ་ཉིད་ཀྱི་ཕྱིར་རྟོགས་པའོ། །དེའི་ཕྱེད་རེ་རེ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་ཕྱེད་རེ་རེར་ནི་བུད་མེད་ཀྱི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །རྒྱང་གྲགས་ རེ་རེར་རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ཏུ་རང་དགར་ལམ་དུ་འགྲོ་བ་ལ་སྤྲོས་པ་ནི་ཤེས་པར་བྱའོ། །ཅི་བུད་མེད་ཀྱི་གནས་སྐབས་ཐམས་ཅད་དགེ་སློང་གི་གནས་སྐབས་རྣམས་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་བསེལ་བྱེད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། དགེ་ སློང་དེ་ཉིད་ཅེས་བྱ་བ་འདི་ལ་འདིར་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རྟོགས་པར་བྱའོ། །དེ་ལྟར་ཡང་ཤུགས་ཀྱིས་ཏེ། གང་གི་དབང་གིས་ཉེས་པ་འདི་མ་བསྐྱེད་པ་ཞེས་བྱ་བ་རིགས་པ་ཉིད་དུ་དེ་འགྱུར་རོ། །དེས་ལམ་ནོར་བ་ལ་ལམ་དུ་འཇུག་པར་བྱེད་པ་ཡང་ངོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགེ་ སློང་ངོ་། །མི་ནུས་པ་ཁྲིད་པ་ཡང་ངོ་ཞེས་བྱ་བ་ནི་ཁྲིད་པར་མི་ནུས་པ་ཞེས་བྱ་བ་ལྟུང་བའི་མི་མཐུན་པའི་ཕྱོགས་དོར་ནས་ཞེས་བྱ་བ་འདི་ལྟར་འདི་བསེལ་བྱེད་པས་རྩོམ་པའི་དོན་དུ་འདིའོ། །བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ།། །།གང་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་དག་གམ་ཤོ་གམ་འདྲལ་བའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་ཐམས་ཅད་ལ་འདི་སྦྱར་བར་བྱའོ། །འདོད་པར་བྱེད་ཅིང་འཇུག་པ་ཞེས་བྱ་བ་འདི་ལ་ཡོངས་སུ་གྱུར་པར་ རིག་པར་བྱའོ། །ཟོལ་པ་དག་དང་རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་དེ་དང་ལྷན་ཅིག་འགྲོ་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། འདིར་ཡང་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཐམས་ཅད་སྦྱར་བར་བྱའོ། །འདིར་རྒྱང་གྲགས་རེ་རེར་ནི་ཉེས་བྱས་ཞེས་བྱ་བ་ཐོབ་པའི་གནས་ལ་ཉེས་ བྱས་ཞེས་སྨོས་པ་འདི་ཡིན་ཏེ། དེའི་དོན་དུ་སོ་སོར་ཉེས་བྱས་སོ། །རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ།། །།ཅི་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་ པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །བསྙེན་པར་རྫོགས་པར་བྱ་བ་ལ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་ནི་འཇུག་པ་གང་ལ་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་བསྙེན་པར་རྫོགས་པར་ཞེས་འོག་ནས་སྟོན་ཏོ། །ཡན་ལག་གང་གིས་བསྙེན་པར་རྫོགས་ཤེ་ན། དེའི་ཕྱིར་སྨོས་པ་ནི་མཁན་པོ་ཉིད་ཀྱིས་ སོ་ཞེས་བྱ་བ་སྟེ། འོ་ན་འདིར་བསྙེན་པར་རྫོགས་པར་བྱེད་པ་ཐམས་ཅད་དབང་དུ་བྱེད་པ་ལྟུང་བའི་བཤད་པ་དང་དགེ་འདུན་ནོ། །དེ་བས་ན་འགལ་ཚབས་དང་བཅས་པར་འགྱུར་རོ་ཞེ་ན། འོན་ཀྱང་བདེན་མོད་ཀྱི་ཉེས་བྱས་གཅིག་ཏུ་བྱས་ཏེ་ལྟུང་བྱེད་དོ། །དེ་བས་ན་ཉེས་བྱས་འགྱོད་པ་དང་བཅས་ པ་ཞེས་བྱ་བ་འདི་ལ་ལྟུང་བྱེད་ཀྱི་བཤད་པ་མི་བཟུང་བ་ཁོ་ན་མཁན་པོ་ལ་ལྟུང་བྱེད་དུ་འགྱུར་ཏེ། ལྷག་མ་ལ་ནི་ཉེས་བྱས་ཞེས་བྱ་བར་རབ་ཏུ་འབྱེད་པ་ལས་མངོན་པར་འདོད་པའོ། །དེའི་ཕྱིར་འདིར་འདི་དག་གིས་ཉེས་པ་སྟེ། དགེ་སློང་གིས་སྦོམ་པོའི་ཕྱིར་བསྙེན་པར་རྫོགས་པར་བྱས་ནའོ་ཞེས་བྱ་ བ་ནི་ལྟུང་བྱེད་ཅེས་སྦྱར་རོ། །གང་ཟག་དེ་ལ་བསྙེམ་པར་མ་རྫོགས་ལ་དགེ་སློང་དེ་རྣམས་ཀྱང་གཟུང་བར་བྱའོ་ཞེས་བྱ་བའི་མདོ་ལས་མཁན་པོ་ཉིད་ཀྱིས་བསྙེན་པར་རྫོགས་པའི་དབང་དུ་མཛད་ནས་འདི་བཅའ་བ་མཛད་དོ། །འདི་ནི་གླེང་གཞི་ལས་ཤེས་པ་ཡིན་ཏེ་མཁན་པོ་འཕགས་པ་མཽད་གལ་གྱི་བུ་ ཆེན་པོས་ལོ་བཅོ་བརྒྱད་ལོན་པ་རྣམས་ལ་བསྙེན་པར་རྫོགས་པའི་དབང་དུ་མཛད་ནས་འདི་བརྟགས་པའོ། །དེས་དེ་ལ་ལོན་པ་ཉིད་མི་དྲི་བར་མི་བྱའོ་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་མཁན་པོའོ། །དེ་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལའོ། །རྫོགས་པ་ཞེས་བྱ་བ་ནི་ལོ་ ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱ་སྟེ་དྲི་བ་ཁོ་ནར་བྱའོ། །གཞན་གྱིས་ཀྱང་མི་བྱའོ་ཞེས་བྱ་བ་ལ་མཁན་པོ་ལས་གཞན་བསྙེན་པར་རྫོགས་པར་བྱེད་པ་པོ་དག་གིས་ཀྱང་བསྙེན་པར་རྫོགས་པར་བྱེད་པ་དེ་ལ་མི་དྲི་བར་མི་བྱའོ། །ངེས་པར་མི་ཤེས་པར་དེ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་ བྱ་བ་ནི་བསྙེན་པར་རྫོགས་པའོ། །མི་ཤེས་པར་དེ་བསྙེན་པར་རྫོགས་པར་བྱ་བ་མ་ཡིན་ནོ། །གང་ཞིག་འདི་རྣམས་ལ་སྨད་པར་བྱ་བ་ཞེས་བྱ་བ་ནི། དགེ་སློང་ལྷག་མ་རྣམས་ལ་ཉེས་བྱས་སྟོན་པར་བྱེད་པ་སྟེ། འདི་ནི་དེའི་བསྡུ་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་ རྫོགས་པ་འཆགས་སོ་ཞེས་བྱ་བ་ནི། ཡོངས་སུ་མ་རྫོགས་པའི་འདུ་ཤེས་ཅན་ལ་བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ལ་བློ་མི་མཐུན་པར་བྱེད་པ་ཉིད་ལ་ཡང་མ་དྲིས་སམ་མ་བརྗོད་པ་དག་ལ་ཡང་ཤེས་པར་བྱ་བ་རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་ཏེ་གཞན་ནི་མ་ ཡིན་ནོ། །འདུ་ཤེས་སམ་ཡིད་གཉིས་ཟ་བ་ལ་སོགས་པ་རྣམས་ལ་ནི་འདིར་ནུས་པ་མ་ཡིན་ནོ། །ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེས་བྱ་བ་ནི། ཅིག་ཤོས་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་སོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ ཟ་བ་དག་ལ་ཡང་ངོ་ཞེས་བྱ་བ་ནི། ཅིག་ཤོས་ལ་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བྱ་བར་སྦྱར་རོ། །མི་ཤེས་པ་ཞེས་བྱ་བ་ནི་ལོ་གྲངས་མི་ཤེས་པས་སོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་རྣམས་ནི་མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དང་། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་ པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ནོ། །གལ་ཏེ་མི་ཤེས་པ་ལ་སོགས་པར་གྱུར་ན་དེ་ལྟར་ཡང་གྲགས་པ་ཞེས་བྱ་བའི་དོན་ཏོ། །འདིར་བྱེད་པ་པོ་རྣམས་ལྷ་འདུ་ཤེས་ཡོངས་སུ་མ་རྫོགས་པ་ཉིད་ཡིན་ཡང་གྲགས་པའོ། །ཇི་ལྟར་ཉི་ཤུ་མ་ལོན་པ་ཞིང་ཉིད་ཡིན་ཡང་ཞེ་ན། འདིར་རྣམ་པ་གཉིས་ཀྱིས་ཞིང་ ཉིད་དུ་རྣམ་པར་གཞག་སྟེ་དངོས་པོ་དང་ཡིད་ཀྱིས་སོ། །ཡང་དག་པར་ལན་པར་བྱེད་པའི་ཡིད་ཀྱི་དབང་གིས་ཞིང་ཉིད་ཡིན་ཏེ་འོན་ཏེ། གང་ཞིག་ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པར་གྱུར་ན་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་པར་རྫོགས་པར་བྱ་བ་མ་ཡིན་ནོ། །ཆོ་ག་འདི་མི་ཤེས་ན་མཁན་པོས་མ་ དྲིས་པའམ་དགེ་འདུན་གྱིས་ཀྱང་མ་དྲིས་པར་གྱུར་ན་དུས་དེ་ལ་གཏོགས་པ་ནི་མ་གྲགས་པ་ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་ལ་ཚར་བཅད་པའི་བློས་ཡང་དག་པར་གནས་པ་མ་ཡིན་ནོ་ཞེ་ན། འོན་ཀྱང་བདེན་མོད་ཀྱི་ཚར་བཅད་པའི་བློ་ཡིས་ནི་མ་གྲགས་པ་ཡན་ལག་མ་ཡིན་ཏེ། འོན་ཀྱང་ཞིང་ ཉིད་དོ། །དེ་ལ་སྐྱེ་བ་ཡང་ཡོད་པར་འགྱུར་ཏེ། ཡོངས་སུ་རྫོགས་པའི་འདུ་ཤེས་ཉིད་ཡོད་པ་ལ་ཡང་ཞིང་ཉིད་དོ། །འོ་ན་རྐུ་ཐབས་སུ་གནས་པ་བསྒྲུབས་པ་གང་ཡིན་ཞེ་ན། འདི་ནི་བསྙེན་པར་རྫོགས་པ་ཉིད་ལ་བསྐྱེད་པ་ཡིན་ནམ་མ་ཡིན་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པར་ཁས་བླངས་ཤིང་མ་ གྲགས་པར་གཏོགས་པ་ལ་སྐྱེད་པ་ཡིན་ཏེ། །རྐྱེན་གྱི་དབང་ཉིད་མ་ཡིན་པ་ལ་མ་ཡིན་ཞེས་བྱ་བ་ཐམས་ཅད་ཉིད་དུ་ཆོ་ག་མ་བྱས་པ་ལ་རྟོགས་པ་ཉིད་ཀྱིས་འདི་བསྐྱེད་པར་རིག་པར་བྱའོ། །གང་གི་ཕྱིར་གཞན་དུ་ན་བདག་ནི་དགེ་སློང་ངོ་སྙམ་དུ་དགེ་འདུན་གྱི་ནང་དུ་གཏོགས་པ་རྐུ་ཐབས་སུ་གནས་པ་མེད་པའི་ ཕྱིར་རོ། །ཤེས་ན་ནི་དེ་ཞིག་གོ་ཞེས་བྱ་བ་ནི་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པ་ལ་ལོ་ཉི་ཤུ་མ་ལོན་པར་ཤེས་ན་དེ་ལ་སྔར་སྡོམ་པ་འཆགས་པ་དེ་ཞིག་གོ། །ཅི་ཆོ་ག་དེ་ལ་གཅིག་ཏུ་ཟད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་སྐྱེས་པ་ན་མ་ལོན་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེས་ཞེས་བྱ་བ་ནི་ཤེས་པའོ། ། སྐྱེས་པ་ན་མ་ལོན་པའི་འོ་ཞེས་བྱ་བ་ནི་ཤེས་ན་ནི་ཡོད་པ་ཉིད་ཉམས་པའོ། །ཡོངས་སུ་རྫོགས་པ་ཐོབ་པ་ལ་ནི་ཉམས་པ་ཉིད་དོ། །ཅི་དང་པོ་མངལ་གྱི་སྒོ་ནས་བཙས་པ་དེ་ནས་བརྩམས་ཏེ་ཟླ་བ་ལྷག་པ་མེད་པར་སོ་སོར་བགྲང་བ་ལ་བསྙེན་པར་རྫོགས་པ་ཐོབ་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་མངལ་ན་ གནས་པ་དང་ཤོལ་གྱི་ཟླ་བ་དག་དང་ཡང་བཅས་ཏེའོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པ་ཉིད་ལ་དེ་གཉིས་ཀ་བརྟེན་པར་བྱ་བ་མ་ཡིན་ནོ། །ལྟུང་བ་དེ་དང་བརྟེན་པས་བསྙེན་པར་རྫོགས་པར་མ་གྲགས་པས་ཤེས་པར་བྱ་བ་རིག་པར་བྱའོ། །མངལ་ན་གནས་པའི་ཟླ་བ་དག་དང་ཤོལ་གྱི་ཟླ་བ་ལྷག་པ་དང་ བཅས་ཏེ། དེའི་ལོ་ཉི་ཤུ་ཉིད་བརྩི་བར་བྱའོ། །ལོ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དོ།། །གང་ལས་ས་རྐོ་བའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན། དེའི་ཕྱིར་རྐོ་འམ་རྐོར་བཅུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། རྐོ་བ་ནི་རང་གིས་སོ། །རྐོར་བཅུག་པ་ནི་གཞན་ལའོ། །གང་ ཞིག་དེ་ཙམ་ཞིག་གིས་ཐ་དད་པར་བྱ་བ་གང་ཡིན་པ་ལ་འབྲས་བུ་ཉིད་ཀྱིས་རྣམ་པར་གཞག་པའོ། །དེའི་ཕྱིར་འདི་ནི་ལན་རེ་བཏབ་པ་ལ་བྱ་བ་ཐ་དད་པར་རིག་པར་བྱའོ། །འབྱིན་པ་ལ་ནི་སོ་སོར་འགུགས་པའོ། །འབད་པ་གཞན་རབ་ཏུ་བསྒྲུབས་པས་འགུགས་པ་ཐ་དད་པའོ། །གང་ཞིག་རྐོ་འམ་རྐོར་ བཅུག་པ་ལ་ཞེ་ན། དེའི་ཕྱིར་སའི་སའོ་ཞེས་བྱ་བ་སྨོས་ཏེ། སའི་རང་བཞིན་གྱིས་ས་ཡིན་གྱི་བྱེ་མ་དང་རྡོ་ཐལ་རྒྱུ་དང་རྡོ་ལ་སོགས་པའི་རང་བཞིན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་འདི་དག་ཐམས་ཅད་དུ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་ སོར་བཞི་ཙམ་བཙུགས་པ་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །སའི་ས་ཇི་ལྟ་བུ་ཞིག་ལ་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་རང་བཞིན་ཅན་དེ་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། འབྲེལ་བར་གྱུར་པའི་གནས་སྐབས་རིགས་མ་ཡིན་པ་ལ་ཉེས་བྱས་འདི་ཞེས་བྱ་བ་ཤུགས་ཀྱིས་རྟོགས་ པར་བྱའོ། །མ་འབྲེལ་པར་གྱུར་པའི་གནས་སྐབས་ལ་ནི་ལྟུང་བ་མེད་པ་ཡོད་པའི་ཕྱིར་རོ། །རང་བཞིན་ཅན་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་སྔ་མ་ཤོས་ནི་ཟླ་བ་གསུམ་ལོན་པའི་འཐས་པའོ་ཞེས་བྱ་བ་སྨོས་ཏེ། འཐས་པ་ཞེས་བྱ་ བ་ནི་འབྲེལ་པ་ཉམས་པ་རྣམས་ལ་དང་པོ་ཉིད་ཡན་ལག་རྣམས་ལ་འབྲེལ་པ་ཁས་ལེན་པར་འདོད་པ་དེ་ལྟ་བུར་གྱུར་པ་འདོད་པ་རྣམས་ལ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །གང་གི་ཕྱིར་མ་འབྲེལ་པར་གྱུར་པ་ཉིད་ལ་འབྲེལ་པ་ཉིད་ཉམས་པས་ཀྱང་ཅུང་ཟད་ཀྱང་ཉམས་པར་གྱུར་པ་མ་ཡིན་ནོ། །ཅི་སྟེ་ གང་ནས་བརྩམས་ནས་འབྲེལ་པར་གྱུར་པ་ཉིད་རྟོགས་པར་བྱའོ། །གང་ནས་བརྩམས་ཏེ་སར་པ་ཉིད་དགོད་པ་དང་ལྷན་ཅིག་ཏུ་སོ་སོར་སྨྲ་བ་སྔོན་གྱི་རང་བཞིན་ཅན་ལ་ཇི་ཙམ་དུ་དེའི་རྣམ་པའི་དུས་ལ་དེ་ཙམ་སོ་སོར་གནས་པ་འདི་རྟོགས་པར་བྱའམ་ཞེ་ན། དེའི་ཕྱིར་གལ་ཏེ་ཆར་ཆུ་ཞོད་ནའོ་ཞེས་བྱ་བ་སྨོས་སོ། ། དུས་གཞན་གྱི་ཚེ་ཟླ་བ་དུ་ལོན་ན་རང་བཞིན་ཅན་དུ་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཚེ་ན་དྲུག་གོ། །རྩིག་པ་ལ་ནི་ས་ཉིད་མ་ཡིན་པར་ཤེས་པར་མི་བྱའོ་ཞེས་བྱ་བ་ནི། འདིས་ནི་ཁང་ཐོག་ཀྱང་ས་ཉིད་ཡིན་པར་རིག་པར་བྱའོ། །ས་ཕུང་ཡང་འབྲེལ་པ་ལ་འདིར་ས་གཞན་གྱིས་ནི་མ་ཡིན་ནོ། །འཐས་པར་ གྱུར་ན་ནི་སའི་གོང་བུ་ཉིད་དུ་གྱུར་པའི་ཕྱིར་རོ། །ས་ཕུང་གལ་ཏེ་སྟེང་གི་ཆ་ནི་འཐས་པ་འོག་གི་ཆའི་ཡན་ལག་མ་འཐས་པར་གྱུར་ན་དེ་ནི་ས་ཉིད་མ་ཡིན་པར་ཤེས་པར་བྱའོ། །སྔ་མ་འཐས་པར་གྱུར་ན་ནི་མཚུངས་པ་རྣམས་ལ་མཚན་ཉིད་རྣམས་ལ་རབ་ཏུ་བྱུང་བ་ཉིད་དོ། །འདུས་པ་དག་ལ་ནི་ཤས་ཆེ་བས་ མཚན་ཉིད་དག་རབ་ཏུ་འབྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། མཚན་ཉིད་དག་ལ་ཞེས་བྱ་བ་ནི་རྫས་ཀྱི་རང་གི་མཚན་ཉིད་རིགས་མི་མཐུན་པའི་རྫས་ཡོད་པར་གྱུར་ཀྱང་རྫས་ཀྱི་མཚན་ཉིད་གང་གི་ཆ་ཤས་ཆེ་བ་ཉིད་ནི་དེ་རྣམས་ཀྱིས་ཚོགས་པ་འདི་གཞག་པ་ཡིན་ཏེ་བསྟེན་པ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །གང་གི་ཕྱིར་ས་ལ་སོགས་པ་འདུས་པ་དག་ལ་རྫས་ཀྱི་རང་གི་མཚན་ཉིད་རྣམས་ནི་མང་བ་ཉིད་ཀྱིས་རྣམ་པར་གཞག་པའོ། །དེའི་ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ་བ་ཉིད་དོ་ཞེས་བྱ་བ་ནི་ཚིག་པ་རྣམས་ལ་ཐམས་ཅད་ཉིད་དོ། །དེའི་ཕྱིར་འདིར་རྐོ་བ་དང་རྐོར་བཅུག་པ་དག་ ལ་དངོས་གཞི་ཁོ་ན་སྟེ་ཞེས་བྱ་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ས་ཉིད་ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྨིན་པ་ཉིད་ནི་ས་ཉིད་མ་ཡིན་ཞེས་བྱ་བ་འདིས་བྱས་པར་རིག་པར་བྱའོ། །ཉམས་པ་ཉིད་ལ་ནི་ཕྱེད་ཉིད་ དོ་ཞེས་བྱ་བ་ནི་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་ས་ཚིག་པ་རྐོ་ན་ཉེས་བྱས་སོ། །རྐོར་འཇུག་ན་ཉེས་བྱས་སོ། །རྣམ་པར་ཉམས་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ས་ཞག་དང་ངོགས་དང་རྩིག་པ་དང་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ངོ་ཞེས་བྱ་ བ་ནི་ཕྱེད་ཉིད་དོ་ཞེས་སྦྱར་རོ། །དུས་གང་གི་ཚེ་སྐྱང་ནུལ་ཞེས་བྱ་བའི་སྒྲ་བརྗོད་པའོ། །རྡོ་ཐལ་རྒྱུ་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །བདུད་རྩིའི་སྦྱིན་པས་རྫས་ལྷག་མ་དག་ལ་སོགས་པ་ཞེས་བྱ་བའི་སྒྲས་བསྙེགས་སོ། །བྱ་བ་དག་ཀྱང་ངོ་ ཞེས་བྱ་བ་ཡང་ཕྱེད་ཉིད་དོ། །དེ་ཡང་གང་ཞེ་ན། དེའི་ཕྱིར་ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་ཕྱེ་མ་འདྲེན་པའི་ལྕི་བ་འགོགས་པ་དང་འདམ་བསྐྱོད་པ་དང་། དེ་དང་འབྲེལ་པའི་ཕྲུ་བ་ལ་སོགས་པ་འདེགས་པ་དང་འཇིགས་པའི་བདག་ཉིད་ཀྱི་ཚ་སྒོ་དག་ཀྱང་ངོ་ཞེས་བྱ་བ་ སྨོས་ཏེ། ཕུར་པ་བཏབ་པ་ནི་ལྟུང་བྱེད་དུ་འགྱུར་ལ་ཞེས་བྱ་བ་འདི་ལ་བཟུང་བས་འདིར་བསྟན་པར་རིག་པར་བྱའོ། །སའི་ཕྱེ་མ་འདྲེན་པའི་ལྕི་བ་འགོགས་པ་དེ་ནི་སའི་ཕྱེ་མ་འདྲེན་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །དེ་དང་འབྲེལ་པའི་ཞེས་བྱ་བ་ནི་འདམ་རྫབ་དང་འབྲེལ་པ་བསྟན་པའོ། ། ཅི་བསམ་པ་གང་ཡང་རུང་བས་འདིར་དེ་དག་སྤྱད་ན་དེའི་མཐར་ཐུག་ཁ་ན་མ་ཐོ་བ་རྫོགས་པའམ་ཆུང་བར་འགྱུར་ཞེ་ན། དེའི་ཕྱིར་འདིར་གཞིག་པའི་བློ་དང་ལྡན་ན་དེའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ། །ས་ལ་ཞེས་བྱ་བ་འདི་ལ་ཡང་དེ་འདིར་འཇུག་པ་བསྟན་པར་རིག་པར་ བྱའོ། །གང་གི་ཕྱིར་སྦ་བའི་བློས་ཕུར་བུ་དབྱུང་བ་ལ་སོགས་པའི་བྱ་བ་རྣམས་ལ་འདི་ནི་ཁ་ན་མ་ཐོ་བའོ། །དེའི་ཕྱིར་བགྲང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། །གང་ལ་རྣམ་པར་སྦེད་པ་འདི་ལྟ་བུའི་འདི་ལྟ་སྟེ་ཕུར་བུ་དབྱུང་བའི་གླགས་མེད་པ་དེར་ ཆོ་ག་འདི་ལ་ཞེས་བྱ་བ་རིག་པར་བྱའོ། །ས་རྐོ་བའི་ལྟུང་བྱེད་དོ།། །།ཧ་ཅང་བསླང་བར་མི་བྱའོ། །མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་ཞེས་བྱ་བ་ལ། རུང་ཞེས་བྱ་བ་ནི་འདིར་སློང་བའི་རྣམ་པ་ཉིད་ཀྱི་ཕྱིར་མི་རུང་བར་ཤེས་པར་བྱ་བ་མ་ཡིན་ཏེ། བྱ་བར་གྱུར་ པ་དུས་ལས་ཡོལ་བར་ཁས་བླངས་པ་བཅག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་དུ་བདག་གིས་གདུགས་བསྐུལ་བར་མི་ནུས་ཀྱི་རང་གིས་དུས་ཤེས་ནས་ཤོག་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་ལས་ཡོལ་དུ་བྱེད་ན་བྲིམས་ཤིག་ཅེས་བསྒོ་བ་ཡང་ངོ་ཞེས་བྱ་བ་ནི་ཞུ་བའི་དོན་བྱས་པ་ཉིད་ ཀྱི་ཕྱིར་རིག་པར་བྱའོ། །དེ་མེད་ན་ཞེས་བྱ་བ་ནི་དུས་ལས་ཡོལ་དུ་དོགས་པ་དེ་མེད་ནའོ། །གདུགས་ཚོད་མ་བསྐུལ་བ་ཞེས་བྱ་བ་ལ། འདིར་གདུགས་ཚོད་བསྐུལ་བའི་ཁྱིམ་དུ་སྟེ། དེར་འགྲོར་རུང་བ་ནི་དུས་ལས་ཡོལ་དུ་བྱེད་པ་ཡོད་སྲིད་པའི་ཕྱིར་རོ། །དུས་ལས་ཡོལ་དུ་བྱེད་ན་བྲིམས་ཤིག་ཅེས་ བསྒོ་བ་ཡང་ངོ་ཞེས་བྱ་བ་ནི་མགྲོན་དུ་བོས་པའི་ཁྱིམ་དུ་སོན་པ་ན་གདུགས་ཚོད་ཡོལ་དུ་བྱེད་ན། གདུགས་ཚོད་བྲིམས་ཤིག་ཅེས་བསྐུལ་དུ་རུང་བ་ཉིད་ཡིན་པའོ། །ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ་ཞེས་བྱ་བ་ནི། ཚིག་གང་རྣམས་ལ་སྔགས་ཉིད་ཀྱིས་བསྡུ་བ་མཛད་པ་དེ་རྣམས་ལ་དེ་ཉིད་ ཀྱི་ཕྱིར་བསྡུ་བ་སྔགས་ཀྱིས་ངེས་པའི་སྐབས་ལ་བརྗོད་པས་འདི་ནི་མི་འཇུག་པར་རྟོགས་པར་བྱའོ། །དོན་དེ་གོ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཚིག་འབྲུ་གང་དུ་གསུངས་པ་དེ་ཉིད་མ་གཏོགས་པ་དེ་ལས་གཞན་ལ་གུས་པར་མི་བྱ་སྟེ། ཚིག་འབྲུ་དེ་ཉིད་ཀྱིས་དོན་དེ་ཉིད་བརྗོད་པར་བྱ་བ་མ་ ཡིན་ཏེ། ཡོངས་སུ་རྫོགས་པ་དེའི་འདོད་པས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་སྟན་དག་ཅི་བདེར་གྱིས་ཤིག །ཚེ་དང་ལྡན་པ་ཁྱེད་ཀྱི་ཅི་བདེ་བ་ཞེས་བྱ་བ་ནི་བདག་གིས་མི་ཤེས་ཀྱི་འདི་ལྟར་སྟན་དག་ནི་ཁྱེད་ཁོ་ནའི་ཕྱིར་བཤམས་སོ་ཞེས་ཟེར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཅི་བདེར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཐམས་ཅད་ལ་འདི་རྣམ་པར་གཞག་པ་དེའི་ཕྱིར་ཐམས་ཅད་དུ་ཞེས་བྱ་བ་ཤེས་པའོ། །སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ་ཞེས་བྱ་བ་ལ། འདི་མི་རུང་བར་ཤེས་པར་མི་བྱ་ཞེས་བྱ་བའི་ དོན་ཏོ། །དགེ་འདུན་མགྲོན་དུ་བོས་པ་ནི་དེའི་ཁོངས་སུ་གཏོགས་པས་མགྲོན་དུ་བོས་པ་ཉིད་དོ། །སྤྱན་དྲངས་པ་ཡོད་ན་ཁས་བླང་བར་མི་བྱ་སྟེ། དེ་ལྟ་བས་ན་མགྲོན་དུ་བོས་པ་མ་ཡིན་པ་ཉིད་ལ་དགེ་འདུན་གྱིས་སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ། །ཚུལ་འདི་ལྟ་བུ་བྱ་བར་འདོད་པ་ལ་འབྲེལ་ པའི་དོན་དུ་གསུངས་པ་ནི། དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་སྤྱན་དྲངས་པ་ཡོད་ན་གང་ཟག་གིས་ཀྱང་མངོན་པར་མི་བརྟེན་པ་ནི་ཁྱད་པར་རོ། །ཇི་ལྟར་གཙུག་ལག་ཁང་གི་ཁ་ཟས་ནི་གང་ཟག་མགྲོན་དུ་བོས་པ་མ་ཡིན་པ་དེ་བཞིན་དུ་འདིས་ཞེས་བྱ་ བའི་ཚིག་འདིའོ། །དུས་ཐམས་ཅད་དུ་ཡང་ཞེས་བྱ་བ་ནི་དགེ་འདུན་ནམ་གང་ཟག་ཇི་སྲིད་འཚོའི་བར་དུ་མགྲོན་དུ་བོས་ན་ཡང་བདག་གིར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱས་ནས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའམ་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཚིག་རྣམ་པར་གཞག་པ་ མེད་པར་མགྲོན་དུ་གཉེར་བ་དང་ལྡན་པ་ལ། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱི་མགྲོན་དུ་གཉེར་བར་མ་བྱས་པ་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་དུས་འདི་ཙམ་དུ་རྟག་པ་ཉིད་དུ་ངེས་པ་རྣམ་པར་གཞག་ནས་ཁྱད་ པར་དུ་དགེ་འདུན་གྱི་སྒོ་ནས་མགྲོན་དུ་གཉེར་བར་བྱེད་པ་རབ་ཏུ་སྦྱར་བའི་མགྲོན་དུ་གཉེར་བར་བྱས་པའམ། ཉེ་བར་སྤྱན་དྲངས་པར་གྱུར་པ་འདི་ལྟ་བུར་གྱུར་པའི་མགྲོན་དུ་བོས་པའི་འོག་ཏུ་དགེ་འདུན་ལ་གཞན་དུ་བྱས་པ་ཉིད་ལ་གང་ཟག་ལ་བྱས་པས་དགེ་འདུན་ལ་བྱས་པ་ཉིད་དོ། །ཡང་དང་ཡང་ དུའམ་ཤིན་ཏུ་དོན་ཉིད་ཀྱིས་མགྲོན་དུ་བོས་པ་བྱས་པ་ནི་ཟླ་བ་བཞིའི་མཐར་ཐུག་པའི་འོག་ཏུ་བཤམས་པ་རྣམ་པར་གཞག་པ་བྱས་པ་ནི་མགྲོན་དུ་གཉེར་བར་བྱས་པ་ཁ་ཟས་སུ་བྱས་པ་ཟ་བར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ། །མགྲོན་དུ་གཉེར་བ་ལས་ལྷག་པར་གནས་པའི་ཁ་ན་མ་ཐོ་བ་འདི་དང་མགྲོན་དུ་མ་ བོས་པའི་དོན་དུ་ཁ་ཟས་བསོད་པའི་ཁ་ན་མ་ཐོ་བའི་ཆོ་ག་འདི་གཉིས་ཀྱི་བྱེ་བྲག་རྟོགས་པར་བྱའོ། །རྟག་ཏུ་མགྲོན་དུ་བོས་པ་ལས་གཞན་དུ་ཞེས་བྱ་བ་འདི་ལ་ངེས་པར་རྣམ་པར་གཞག་པ་མེད་པར་ཞེས་བྱ་བ་བསྡུ་བའོ། །དངོས་སུ་ནི་ཟླ་བ་བཞིའི་འོག་ཏུ་རྙེད་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་དེ་ལ་འདི་བསྟན་ པའི་དོན་དུའོ། །གཞན་དག་གིས་སོ་སོར་མགྲོན་དུ་གཉེར་བ་ཞེས་བྱ་བ་དེ་ལ་གཞན་དུ་ཞེས་བྱ་བ་དེའི་འདི་བསྡུ་བའོ། །འདིར་ཁ་ཟས་བསོད་པ་ལ་མངོན་པར་བརྟེན་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཁ་ཟས་ཐ་མལ་པ་ལ་ཡང་འདིར་ཡོངས་སུ་རྫོགས་པ་ལ་ཁ་ན་མ་ཐོ་བ་བྱེད་པ་ཉིད་དོ། །འདིར་ གཞུང་ནི་བསྡུ་བ་བསྟན་པ་ལས་དགེ་སློང་ཟླ་བ་བཞིའི་བར་དུ་མགྲོན་དུ་བོས་པ་ལས་ཅུང་ཟད་ལྷག་པར་རོ་མྱོང་བར་བྱེད་ན་སོ་སོར་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་པར་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་རིག་བྱེད་ལ་ནི་ཉེས་ བྱས་སོ་ཞེས་བྱ་བ་འདི་ནི་སྦྱོར་བ་ལ་ཉེས་བྱས་སོ་ཞེས་བྱ་བ་དེའི་སྤྲོས་པ་ཡིན་ཏེ། འདིར་རྣམ་པར་རིག་བྱེད་ཅེས་བྱ་བ་འདི་ནི་ཟླ་བ་བཞི་ལས་ལྷག་པར་བཤམས་པའི་ཟན་གྱི་ཕྱིར་ཉེ་བར་འགྲོ་བ་ཡང་ཡིན་པར་རིག་པར་བྱའོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ནད་པའི་ཕྱིར་བླངས་པ་དང་ཟ་བ་ནི་ ཉེས་པ་མེད་དོ། །འདིར་གཞུང་ནི་ཞུ་བ་དག་ལས་མི་ན་བར་བླངས་ཏེ་ཟ་ན་བླངས་པ་ལ་ནི་ཉེས་བྱས་ལ། ཟོས་པ་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ཉིད་མདོ་འདིར་བསྡུས་པ་ཡིན་ནོ། །ཉེ་དུ་ལས་ཀྱང་ངོ་ཞེས་བྱ་བ་ནི་སྦྱིན་བདག་ཉེ་དུ་ལས་བླངས་ཏེ་ཟོས་པ་ལ་ཡང་ལྟུང་བ་མེད་དོ། །འདིར་གཞུང་ནི་ ཞུ་བ་ལས་ཁྱིམ་བདག་དེ་དེའི་ཕུ་ནུ་འམ། བུ་ཚའམ་བུ་སྲིང་ཡིན་ན་དེ་དག་ལས་རོ་མྱོང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་འཁྱམས་པ་ལས་སྔ་མ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་འཁྱམས་པ་ཞེས་བྱ་བ་ཁྱིམ་པར་བབས་པ་ལས་སྔ་མ་ཞེས་བྱ་བ་དེ་དགེ་སློང་ཉིད་ནི་ཐ་དད་པ་ཉིད་ ཡིན་པའོ། །འདིར་གཞུང་ནི་ཞུ་བ་ལས་ཚེ་དང་ལྡན་པ་ལ་གང་དགོས་པ་དེ་ཁྱེར་ཅིག་ཅེས་དགེ་སློང་ལ་བསྟབས་པར་གྱུར་པ་ལས་དགེ་སློང་དེ་རྣམ་པར་འཁྱམས་པར་གྱུར་ཅིང་དེ་དང་བསྙེན་པར་རྫོགས་པར་བགྱིད་ན། དགེ་སློང་དེས་ཆོ་ག་སྔ་མ་དེ་ཉིད་ཀྱིས་རོ་མྱང་བར་བགྱི་འམ། གལ་ཏེ་ ཡང་སྟོབས་པར་བྱེད་ན་ནི་རོ་མྱང་བར་བྱ་བའོ། །སྟོབས་པར་མི་བྱེད་ན་ནི་རོ་མྱང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་མ་བསྟབས་པའི་ཉེས་པ་བྱེད་པ་ཉིད་ཡིན་