Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 159

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
ཀྱིས་བསྒོ་བར་བྱའོ། །
འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་
ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དེ་དག་འཚལ་བཞིན་དུ་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་རྟུལ་བར་བགྱིད་ཅིང་དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་
སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་ནས་འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་
བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་རྣམས་ལ་འཕགས་མ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་མ་གང་

དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་སུ་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་
ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་
མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། འཕགས་མ་དག་
དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་དག་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་
འདི་གང་ལ་འདོད་ཅིང་བཟོད་པ་དེ་དག་ལ་འཕགས་མ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །འཕགས་མ་དག་དགེ་འདུན་འབྱེད་འདོད་པར་མ་བྱེད་པར། འཕགས་མ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །འཕགས་མ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་
མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། འཕགས་མ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་
བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་འདི་དག་འཚལ་བཞིན་དུ་དགེ་སློང་མ་གང་དགེ་འདུན་

མཐུན་པ་དབྱེ་བའི་སླད་དུ་རྟུལ་བར་བགྱིད་ཅིང་དབྱེན་བགྱིད་པའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་ནས་འདི་དག་ལ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་
གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་རྣམས་ལ་འཕགས་མ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་མ་གང་དགེ་
འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་ཁྱེད་ཅག་དགེ་ཡང་
རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ཤེས་
བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཀྱང་འདོད་ཅིང་བཟོད་ཅེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། འཕགས་མ་དག་དགེ་སློང་མ་འདི་ནི་
ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་
འདོད་ཅིང་བཟོད་པ་དེ་ལ་འཕགས་མ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །འཕགས་མ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་འཕགས་མ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །འཕགས་མ་དག་དགེ་འདུན་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད།

ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། འཕགས་མ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པ་སྨྲ་བ་
འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་
ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་སློང་མའི་དགེ་འདུན་གྱིས་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་
ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་འདུན་གྱི་དབྱེན་བྱེད་པ་ལ་རྗེས་སུ་ཕྱོགས་པ་ལ་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་སྐབས་ནས། ཁྱིམ་སུན་འབྱིན་པ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་
པས་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་བརྟེན་ཅིང་གནས་པར་གྱུར་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གི་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་ལ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་
སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་
ཞིང་ཐོས་ལ་རབ་ཏུ་ཤེས་ཀྱི། ཕུ་ནུ་མོ་དག་ཁྱེད་འདི་ན་གནས་པས་ཆོག་གི་གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་

པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཕུ་ནུ་མོ་དགའ་མོ་ཉེ་དགའ་མོ་གཙུག་
དགའ་མོ་སྦོམ་དགའ་མོ་ཁྱེད་དགེ་སློང་མ་གནས་བརྟན་གནས་བརྟན་གང་དག་གིས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་མ་རྣམས་ལ་
ཡང་འདི་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་
སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་
འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་
བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་

ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་འདི་དག་དགེ་སློང་མ་གནས་བརྟན་གནས་བརྟན་གང་དག་
གིས་འདི་དག་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་མ་རྣམས་ལ་ཡང་འདི་སྐད་ཅེས་འཕགས་མ་དག་འདི་ནས་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་
པ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་
སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་
གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་དག་ལ། འཕགས་མ་དགའ་མོ་ཉེ་དགའ་མོ་གཙུག་དགའ་མོ་སྦོམ་དགའ་མོ་ཁྱོད་དགེ་སློང་མ་གནས་བརྟན་གནས་བརྟན་གང་དག་གིས་
ཁྱེད་བསྐྲད་པའི་ལས་བྱས་པ་ཤེས་བཞིན་དུ། དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་མ་རྣམས་ལ་ཡང་འདི་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་
བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན།

ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་
སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་
བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་འདི་དག་དགེ་སློང་མ་གནས་བརྟན་གནས་བརྟན་གང་དག་གིས་འདི་དག་བསྐྲད་
པའི་ལས་བགྱིས་བར་འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་དགེ་སློང་མ་རྣམས་ལ་ཡང་འདི་སྐད་ཅེས། འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་
བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་
ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་ལ། ཕུ་ནུ་མོ་ཁྱོད་དགེ་སློང་
མ་གནས་བརྟན་གནས་བརྟན་གང་དག་གིས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་མ་རྣམས་ལ་ཡང་འདི་སྐད་ཅེས་འཕགས་མ་དག་

འདི་ན་དགེ་སློང་མ་ཁ་ཅིག་ནི་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་
ཕྱིར་ཞེ་ན། དགེ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་
ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། འཕགས་མ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་
ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མ་དགའ་མོ་དང་ཉེ་དགའ་མོ་དང་གཙུག་དགའ་མོ་དང་སྦོམ་དགའ་མོ་ལ་སོགས་པ་ལ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་ཁྱིམ་སུན་འབྱིན་པ་ལ་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་སྐབས་ནས་བཀའ་བློ་མི་བདེ་བ་ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་
ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། འདི་ན་དགེ་སློང་མ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་པ་ལ། དེ་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་

པར་གྱུར་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ། །འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་
བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། འཕགས་མ་སྐར་རྒྱལ་ཁྱོད་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་
མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་མ་རྣམས་འཕགས་མ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་
མ་ཡང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། འཕགས་མ་སྐར་རྒྱལ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་
ཏེ་བསྒོ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་
ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་

གསན་དུ་གསོལ། དགེ་སློང་མ་སྐར་རྒྱལ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་
དང་འདུལ་བ་དང་མཐུན་པར་སྨྲས་པ་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ། །འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་
བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་
བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྐར་རྒྱལ་ལ་འཕགས་མ་སྐར་རྒྱལ་ཁྱོད་དགེ་
སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་
གྱིས་ཤིག །དགེ་སློང་མ་རྣམས་འཕགས་མ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན་འཕགས་མ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་
འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། འཕགས་མ་སྐར་རྒྱལ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་

བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྐར་རྒྱལ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས་
འདི་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །
བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ། །འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་
ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྐར་རྒྱལ་ལ་འཕགས་མ་
སྐར་རྒྱལ་ཁྱོད་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མས་བདག་ཉིད་བརྗོད་པར་བྱ་
བ་ཁོ་ནར་གྱིས་ཤིག །དགེ་སློང་མ་རྣམས་འཕགས་མ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། འཕགས་མ་ཡང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་།
གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི་འཕགས་མ་སྐར་རྒྱལ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་

མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་སྐར་རྒྱལ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་
མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྐར་རྒྱལ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་
མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བཀའ་བློ་མི་བདེ་བ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །འབྲལ་བའི་སྤང་བའི་སྐབས་ནས་དགེ་སློང་ཆོས་གོས་མིན་པས་སྲ་བརྐྱང་ཕྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་
ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ། དགེ་སློང་མ་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ཡིན་ལ། དེའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་མི་ནུས་ན་དགེ་འདུན་གྱིས་
དེ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་
ལ། དགེ་སློང་མ་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་
དུ་གསོལ། བདག་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ། བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས་བདག་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་དགེ་འདུན་འཕགས་མ་རྣམས་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་

གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་སྣམ་
སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་ཆོས་བྱིན་
འདི་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་འདི། དགེ་འདུན་ལས་སྣམ་སྦྱར་དང་མི་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་
ཀྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་
ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་ཆོས་བྱིན་འདི་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ། འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་མ་ཆོས་བྱིན་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་འདི་དགེ་འདུན་
ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། འཕགས་མ་གང་དག་དགེ་སློང་མ་ཆོས་བྱིན་རྒན་མོ་རྒས་པ་
དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ཆོས་བྱིན་རྒན་མོ་

རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་རྒན་མོ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །གསེར་དངུལ་
ལ་རེག་པ་སྤང་བའི་སྐབས་ནས་ཡང་དགེ་སློང་མ་གང་རང་གིས་གསེར་དང་དངུལ་ལེན་ནམ། ལེན་དུ་འཇུག་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ལ་འདི་སྙམ་དུ་དགོངས་ཏེ་ཀྱེ་མ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཀྱང་གོས་ཀྱི་རིན་དག་སྦྱིན་པར་བྱེད་ལ། ངའི་ཉན་ཐོས་མ་རྣམས་
ཀྱང་གོས་ཀྱི་རིན་དག་འདོད་ཀྱི་ངས་ཉན་ཐོས་མ་རྣམས་ལ་རུང་བར་བྱ་བ་ཅུང་ཞིག་གནང་བར་བྱའོ་སྙམ་དུ་དགོངས་ནས། བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །གཞན་ཡང་དགེ་སློང་མས་ཞལ་ཏ་བྱེད་པར་སྤྲོ་བར་བྱའོ། །
གཞན་ཡང་དགེ་སློང་མས་བླང་བར་བྱ་ཞིང་བླངས་ནས་ཀྱང་དགེ་སློང་མའི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པས་རུང་བ་གསུམ་བཀའ་སྩལ་ཏེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང་། བྱིན་གྱིས་
བརླབ་པར་བྱ་བའོ། །དེ་ལ་རུང་བ་དང་པོའི་ཆོ་ག་ནི་དགེ་སློང་མས་ཆོས་གོས་ཀྱི་ཟོང་རིན་པོ་ཆེ་དག་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །རུང་བ་གཉིས་པའི་ཆོ་ག་ནི་དགེ་སློང་མ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རུང་བ་མ་ཡིན་པའི་དངོས་
པོ་གང་ཅུང་ཟད་ཅི་སྙེད་པ་དེ་ཐམས་ཅད་སྦྱིན་བདག་ཞལ་ཏ་བྱེད་པ་ཀུན་དགའ་ར་བའམ་དགེ་བསྙེན་སྤྲོ་བར་བྱ་ཞིང་དེའི་མིང་གིས་བཅང་བར་བྱའོ། །རུང་བ་གསུམ་པའི་ཆོ་ག་ནི་མི་གཟུང་བར་མདུན་དུ་བཞག་ནས་དགེ་སློང་མའི་མདུན་དུ་འགྲེང་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འཕགས་མ་
དགོངས་སུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །དེ་བཞིན་དུ་

ལན་གཉིས་ལན་གསུམ་དུ་བཟླས། ཉན་པའི་དགེ་སློང་མས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །བདག་ཉིད་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །རུང་བ་དེ་གསུམ་གང་བྱས་ཀྱང་འདྲ་སྟེ། བདག་གིར་བྱ་བ་མེད་པས་དེ་ལ་རེག་གམ་རེག་ཏུ་བཅུག་ན་ཡང་འགྱོད་པར་མི་བྱའོ། །
དེ་ནི་དངོས་པོ་རུང་བ་མ་ཡིན་པ་རུང་བར་བྱ་བའི་ཆོ་ག་དང་ལས་སོ། །ལྷུང་བཟེད་ཚོལ་བའི་སྐབས་ནས། ཡང་དགེ་སློང་མ་གང་དག་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་
བྱེད་དོ། །དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་མའི་འཁོར་གྱི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་
མི་བྱ་བར་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ་དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་གསུངས་པའི་ཞར་ལ། ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མ་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་བ་
མེད་པ་འབྲིམ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ་བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ལྷུང་བཟེད་
འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་མི་ཤེས་པའོ། །ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་
འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ལྷུང་བཟེད་འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་

པ་མེད་པ་འབྲིམ་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་
འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་
དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་
འདི་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོ་སྟེ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་དགེ་འདུན་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་མོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་
ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོ་ན།
འཕགས་མ་གང་དག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས།
དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་མའི་ཀུན་ཏུ་སྤྱོད་པའི་

ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་མས་དགེ་སློང་མའི་དགེ་འདུན་ཚོགས་པའི་དུས་སུ་དགེ་འདུན་ལ་འཕགས་མ་དག་བདག་སང་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་འགྱུར་གྱིས། ཁྱེད་ཅག་ནང་པར་གཎྜཱི་
བརྡུངས་པ་ན་རང་རང་གི་ནང་དུ་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་མས་ཕྱི་དེ་ཉིན་པར་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་
ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་ཀྱང་རང་རང་གི་ལྷུང་བཟེད་དག་བྱིན་གྱིས་བརླབ་པ་ཕྱུང་ཞིང་ཐོགས་ཏེ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་མས་དགེ་
སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ལྷུང་བཟེད་འབྲེལ་པ་མེད་པ་ཐོགས་ཏེ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས། དགེ་སློང་མའི་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ་
དབྱིབས་ལེགས་པ་ལོངས་སྤྱོད་པར་བཟོད་པ་ལགས་ཀྱི། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་བརྗོད་དེ་དབུལ་བར་བྱའོ། །དགེ་སློང་མའི་དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་གལ་ཏེ་འདོད་ན་བླང་
བར་བྱའོ། །གལ་ཏེ་དགེ་སློང་མའི་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་དེ་བླངས་ན་དགེ་སློང་མའི་དགེ་འདུན་གྱི་གནས་བརྟན་གྱི་ལྷུང་བཟེད་གང་ཡིན་པ་དེ་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གནས་བརྟན་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་གནས་
བརྟན་གསུམ་པ་ལ་དབུལ་བར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་དགེ་འདུན་གྱི་གསར་བུ་ལ་དབུལ་བའི་བར་དུ་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་བླངས་ན་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གལ་

ཏེ་གནས་བརྟན་གཉིས་པས་མ་བླངས་ན་གནས་བརྟན་གསུམ་པ་ལ་དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གསུམ་པས་བླངས་པ་ན་དགེ་འདུན་གྱི་གནས་བརྟན་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་བརྗོད་པ་གཉིས་པ་ལ་ཡང་སྦྱིན་
པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གསུམ་པས་མ་བླངས་ན་གསར་བུ་གཉིས་པ་ལ་དབུལ་བར་བྱའོ། །གལ་
ཏེ་གསར་བུ་གཉིས་པས་མ་བླངས་ན་གསར་བུ་གསུམ་པ་ལ་དབུལ་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གསར་བུས་བླངས་པ་ན་གསར་བུ་གསུམ་པས་བློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་
བྱ་སྟེ། དགེ་འདུན་གྱི་གསར་བུ་གསུམ་པས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པའི་བར་དུ་བྱའོ། །དགེ་སློང་མའི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་
བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་མའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་
མས་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་གཞག་པར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབ་པ་གཞུག་པར་བྱའོ། །དེས་ལྷུང་བཟེད་གཉི་ག་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱ་ཞིང་། གལ་
ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་པ་མེད་པས་བླང་བར་བྱའོ། །གལ་ཏེ་འབྲས་ཆན་གཤེར་པ་རྙེད་ན་ལྷུང་བཟེད་བྱིན་གྱིས་བརླབས་པས་བླང་བར་བྱའོ། །གཙུག་ལག་ཁོང་དུ་འོངས་ནས་དཀྱིལ་འཁོར་བྱས་ཏེ་ལྷུང་བཟེད་འབྲེལ་པ་མེད་པ་མདུན་དུ་བཞག་ནས་ལྷུང་བཟེད་བྱིན་

གྱིས་བརླབས་པར་བཟའ་བར་བྱའོ། །ཟོས་ཟིན་ན་བྱི་དོར་དང་ཁ་ཟས་འབགས་པའི་དྲིལ་ཕྱི་བྱ་བ་ཡང་དང་པོར་ལྷུང་བཟེད་འབྲེལ་པ་མེད་པ་ལ་བྱ་ཞིང་དེའི་འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་བྱའོ། །བཀྲུ་བ་དང་། བསྐམ་པ་དང་། ལྕི་བས་དྲུད་པ་ལ་ཡང་དེ་
བཞིན་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ངོས་ཁུང་གཉིས་ཡོད་ན་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་གཞུག་པར་བྱ་ཞིང་ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་གཅིག་ཡོད་ལ། གལ་ཏེ་ཤོད་ཁུང་བཟང་ན་གཅིག་ཏུ་
ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། ངོས་ཁུང་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་བཟང་ན་ངོས་ཁུང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཤོད་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །
ལྷུང་བཟེད་ཀྱི་ལས་བྱེད་པ་ན་གལ་ཏེ་རྫ་བོ་གཉིས་ཡོད་ན། རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་བསྲེག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྲེག་པར་བྱའོ། །གལ་ཏེ་རྫ་བོ་གཅིག་ཡོད་ན་གལ་ཏེ་འོག་མ་ལེགས་པར་ཚོས་
པར་གྱུར་ན། འོག་ཏུ་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། སྟེང་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །གལ་ཏེ་སྟེང་དུ་བཞག་པ་ལེགས་པར་ཚོས་པར་གྱུར་ན། སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། འོག་ཏུ་ལྷུང་
བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །ལམ་དུ་འགྲོ་ན་ལྷུང་བཟེད་ཀྱི་སྣོད་གཉིས་བཀུར་བར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་
ཏེ་ཁུར་རྩ་བ་འགའ་ཞིག་ཡོད་ན་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབས་པ་བཀུར་བར་བྱ་ཞིང་། བདག་ཉིད་ཀྱིས་ལྷུང་བཟེད་འབྲེལ་པ་མེད་པ་བཀུར་བར་བྱའོ། །གལ་ཏེ་ཁུར་རྩ་བ་འགའ་ཡང་མེད་ན་ཕྲག་པ་གཡོན་པས་ལྷུང་བཟེད་འབྲེལ་པ་མེད་པ་བཀུར་བར་བྱ་ཞིང་། ཕྲག་པ་

གཡས་པས་ལྷུང་བཟེད་བྱིན་གྱིས་བརླབས་པ་བཀུར་བར་བྱའོ། །འདི་ནི་དེའི་ཆད་པའི་ལས་ཡིན་ཏེ། ཚུལ་ཁྲིམས་ཡང་དག་པར་རྗེས་སུ་སྲུང་བས་ཇི་སྲིད་འཚོའི་བར་དུ་བཅང་བར་བྱའོ། །དེ་ནི་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པ་བསྐོ་བའི་
ཆོ་ག་དང་ལས་སོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་མ་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱི་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ། དགེ་སློང་དང་དགེ་སློང་མ་
སྡིག་པ་ཅན་དག་ཁྱིམ་རྣམས་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བསྐོ་བར་བྱ་སྟེ། ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་
སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གོ་བར་བྱས་པ་དང་མ་བྱས་པའི་ཁྱིམ་མི་ཤེས་པའོ། །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་
ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གོ་བར་བྱས་པ་དང་
མ་བྱས་པའི་ཁྱིམ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོ་སྤྲོ་བར་བྱ་སྟེ། དགེ་སློང་མ་མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་
ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་

ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་
རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་
རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་
སོ་སོར་གོ་བར་བགྱིད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་
རྣམས་སུ་སྤྱོད་པར་བགྱིད་ནས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱི་བར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་
བགྱིད་པར་བསྐོ་སྟེ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་ན་འཕགས་མ་གང་དག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་
ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་

གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཁྱིམ་རྣམས་སུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་
པ་དག་ཁྱེད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་བྱེད་པ་འདི་ལྟ་སྟེ། དཔེར་ན། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་
བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན། འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས། ཚེ་དང་ལྡན་
པ་དག །ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་། གནས་བརྟན་ཀུན་
ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། རྟ་ཐུལ་དང་། བཟང་ལྡན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། གསུས་པོ་ཆེ་ཆེན་པོ་དང་། སྐུལ་བྱེད་
ཆེན་པོ་དང་། ཀ་ཏའི་བུ་ཆེན་པོ་དང་། ལྟེང་རྒྱས་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། འགབ་མ་འོད་སྲུངས་དང་། འོད་སྲུངས་ཆེན་པོ་དང་། དགའ་བྱེད་དང་། ཀིམ་པི་ལ་དང་། ལེགས་སྐྱེས་དང་། ནམ་གྲུ་དང་། ས་རི་དང་།
ཉེ་སྡེ་དང་། སོམ་ཉི་ནམ་གྲུ་དང་། ལམ་བསྟན་དང་། ལམ་ཕྲན་བསྟན་དང་། བརྟག་པའི་ཤིང་དང་། ཆེན་པོ་པ་དང་། གྲགས་བྱིན་དང་། དེ་དག་ལ་སོགས་པ་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནི་ཁྱིམ་

རྣམས་སུ་སོ་སོར་གོ་བར་བྱེད་པ་བསྐོ་བའི་ཆོ་ག་དང་ལས་སོ། །དེ་ཉིད་ཀྱི་སྐབས་ནས་དགེ་སློང་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོ་ན། དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་
མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་སོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་
ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་འདི་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་འཕྲལ་བ་དང་དགེ་སློང་མ་
གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ཀྱང་། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱིས་དུས་ལ་བབ་
ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་པར་གང་གིས་མཐོང་ཞིང་གང་དུ་ཐོས་པ་དེས་
ཁྱིམ་དེར་ཁྱེད་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །དགེ་སློང་འདི་དང་། དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་
ཅེས་སོ་སོར་གོ་བར་བགྱིད་དུ་སྩལ་ཏོ། །འདི་ནི་གསོལ་བའོ། དགེ་འདུན་གྱིས་ཀྱང་སོ་སོར་རིག་པའི་ཁྱིམ་དག་ཏུ་སོ་སོར་གོ་བར་བྱའི་སོ་སོར་མ་རིག་པའི་ཁྱིམ་དག་ཏུ་ནི་སོ་སོར་གོ་བར་མི་བྱའོ། །དེ་ནི་དགེ་འདུན་ཐམས་ཅད་ལ་གསོལ་བའི་ཆོ་ག་དང་ལས་སོ།། །།

བམ་པོ་དྲུག་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་མ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་
དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གིས་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་དགེ་སློང་མ་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་པ་ལ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་རས་ཡུག་ཆེན་སྦྱིན་པར་བྱའོ་ཞེས་
གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་
ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། །འཕགས་མ་ཨུཏྤ་ལའི་མདོག་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དགེ་འདུན་ལ་ཡང་ཆོས་ཀྱི་ཞལ་ཏ་བགྱིད་པའི་ལས་ལ་བརྩོན་པ་ལགས་ལ། དེས་
སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་མ་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ་དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ལ། དགེ་འདུན་ལ་ནི་རས་ཡུག་
ཆེན་འབྱོར་པར་མངའ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་མ་ཨུཏྤ་ལའི་མདོག་ལ་རས་ཡུག་ཆེན་སྩོལ་ཏོ། །འདི་ནི་གསོལ་
བའོ། དེ་ནི་གོས་སྦྱིན་པའི་ཆོ་ག་དང་ལས་སོ། །འཕྱ་བའི་ལྟུང་བྱེད་ཀྱི་སྐབས་ནས། འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་དགེ་སློང་མ་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་དང་མ་བསྐོས་པ་ལ་ངོར་འཕྱ་བ་དང་གཞོགས་འཕྱས་བྱེད་པ་གསོལ་

བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བའི་གྲངས་སུ་གཞུག་པ་དང་གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་
མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་མ་གཅིག་གིས་གསོལ་བ་བྱའོ་འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་འཚལ་བཞིན་དུ་དགེ་སློང་
མ་གང་དགེ་འདུན་མཐུན་པས་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པ་འཕགས་མ་ཨུཏྤ་ལའི་མདོག་འདི་ལ་ངོར་འཕྱ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་
འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ངོར་འཕྱ་བའི་གྲངས་སུ་སྩོལ་ཏོ། །འདི་ནི་གསོལ་བའོ། །འདི་ནི་ངོར་འཕྱ་བའི་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པའི་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་
བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་
མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་འཚལ་བཞིན་དུ་དགེ་སློང་མ་གང་དགེ་འདུན་མཐུན་པས་གནས་མལ་འབོགས་པ་དང་། ཟས་ལ་བསྐོ་བར་བསྐོས་པ་འཕགས་མ་ཨུཏྤ་ལའི་མདོག་དེ་ལ་གཞོགས་འཕྱས་བགྱིད་ན། གལ་ཏེ་དགེ་འདུན་འཕགས་
མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་གཞོགས་འཕྱས་བགྱིད་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་གཞོགས་འཕྱས་བྱེད་པའི་གྲངས་

སུ་གཞུག་པའི་ཆོ་ག་དང་ལས་སོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ཀྱི་སྐབས་ནས། བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ། བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་
ལ་གཟོན་པའི་གྲངས་སུ་གཞུག་པ་དང་ཅང་མི་སྨྲ་བར་རྣ་ལ་གཟོན་པའི་གྲངས་སུ་གཞུག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་
འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ།
འདི་ལ་དགེ་སློང་མ་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེས་གླེངས་ཀྱང་དགེ་སློང་མ་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་
བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའི་ཆོ་ག་
དང་ལས་སོ། །ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའི་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་
པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་མ་

དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེ་གླངས་ཀྱང་དགེ་སློང་མ་རྣམས་ལ་ཅང་མི་སྨྲ་བས་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་
འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་སྩོལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །
སྐྱེས་པ་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་ཀྱི་སྐབས་ནས་བུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་
འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་
གསན་དུ་གསོལ། བདག་དགེ་སློང་མ་སྦེད་མ་ལས་བུ་འོད་སྲུངས་གཞོན་ནུ་བཙས་ཏེ། བདག་དགེ་སློང་མ་སྦེད་མ་དགེ་འདུན་འཕགས་མ་རྣམས་ལས་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་
ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མ་སྦེད་མ་ལ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་དེ་ནི་བུ་དང་ལྷན་ཅིག་ཉལ་བའི་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་
ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦེད་མ་འདི་ལས་བུ་འོད་སྲུངས་གཞོན་ནུ་བཙས་ནས་དགེ་སློང་མ་སྦེད་མ་འདི་དགེ་འདུན་འཕགས་མ་རྣམས་ལས་བུ་དང་ལྷན་ཅིག་

ཁྱིམ་གཅིག་ཏུ་ཉལ་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦེད་མ་ལ་བུ་དང་ལྷན་ཅིག་ཏུ་ཁྱིམ་
གཅིག་ཏུ་ཉལ་བའི་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦེད་མ་འདི་ལས་བུ་འོད་སྲུངས་གཞོན་ནུ་བཙས་ནས་དགེ་སློང་མ་སྦེད་མ་དགེ་འདུན་འཕགས་མ་རྣམས་ལས་བུ་དང་
ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦེད་མ་ལ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་གསོལ་ན། འཕགས་མ་གང་དག་དགེ་སློང་མ་སྦེད་མ་ལ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་
བའི་གནང་བ་གསོལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦེད་མ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་
བ་གསོལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་ཀྱི་སྒབས་ནས། དགེ་སློང་མ་འཁོར་ཉེ་བར་འཇོག་ནུས་པ་བསྙེན་པར་རྫོགས་ནས་ལོ་བཅུ་
གཉིས་ལོན་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་
གྱུར་པ་ལ་དགེ་སློང་མ་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། བདག་དགེ་

སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ་འཁོར་ཉེ་བར་འཇོག་པར་སྤྲོ་ནས། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལས་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་
རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་བའོ། །དེའི་
འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ། འཁོར་ཉེ་བར་
འཇོག་པར་སྤྲོ་ནས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་པ་འདི། དགེ་འདུན་འཕགས་མ་རྣམས་ལས་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་
མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་ན། འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་
རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ་འཁོར་ཉེ་བར་འཇོག་པར་སྤྲོ་ན། དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་འདི། དགེ་འདུན་འཕགས་མ་རྣམས་
ལས་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ན། འཕགས་མ་གང་དག་དགེ་སློང་མ་མིང་འདི་

ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་
གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་གསོལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་འཁོར་ཉེ་བར་འཇོག་པའི་
གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་ཀྱི་སྐབས་ནས་དགེ་སློང་མ་འཁོར་མང་པོ་ཉེ་བར་འཇོག་ནུས་པ། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ།
གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་
པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ་འཁོར་མང་པོ་ཉེ་བར་འཇོག་པར་སྤྲོ་
ནས། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལ་འཁོར་མང་པོ་ཉེ་བར་འདོག་པའི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་
གཉིས་ཀྱང་ལོན་ལགས་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །

འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ་འཁོར་མང་པོ་ཉེ་བར་འཇོག་པར་སྤྲོ་ནས། དགེ་སློང་མ་མིང་འདི་
ཞེས་བགྱི་བ་འདི་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་འདི་དགེ་འདུན་འཕགས་མ་རྣམས་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་
ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་
ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ། འཁོར་མང་པོ་ཉེ་བར་འཇོག་པར་སྤྲོ་ནས། དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་འདི་དགེ་འདུན་འཕགས་མ་
རྣམས་ལས་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་གསོལ་ན། འཕགས་མ་གང་དག་
དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ་ལ། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་
གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་རྔོ་ཡང་ཐོག་ལ། ལོ་བཅུ་གཉིས་ཀྱང་ལོན་ལགས་པ། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྩོལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་འཁོར་མང་པོ་

ཉེ་བར་འཇོག་པའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་སྐབས་ནས་སྦྱིན་བདག་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་ཟད་དེ་ཡོངས་སུ་མཐར་ཐུག་པར་གྱུར་པ་ལ་བསླབ་པའི་སྡོམ་པ་སྦྱིན་པར་
བྱའོ། །ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱའོ། །
འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། །དམག་དཔོན་སེང་གེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་
འཐད་པའི་དགེ་སློང་མ་རྣམས་ལ་མ་ཕུལ་བའི་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་
འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བྱིན་པ་དེར་དགེ་སློང་མས་ཁྱིམ་དུ་འགྲོ་བར་བྱ། སྟན་ལ་
ལོངས་སྤྱད་པར་བྱ། ཆོས་བསྟན་པར་བྱའོ། །བསོད་སྙོམས་བླང་བར་མི་བྱ། ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་པར་བྱའོ། །ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་རྩ་བ་དག་དང་
ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་བྱུང་ན་བླང་བར་བྱའོ། །དེ་ནི་བསླབ་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དེ་ཉིད་ཀྱི་སྐབས་ནས་སྦྱིན་བདག་དེ་ལོངས་སྤྱོད་འཕེལ་བར་གྱུར་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་

བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་སྦྱིན་བདག་དེས་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་
ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། བདག་གིས་འདི་ལྟ་སྟེ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། ཡིད་དུ་འཐད་
པའི་དགེ་སློང་མ་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། བདག་གིས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞ