Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 159

Văn bản gốc(Tây Tạng)

Trang 11 / 17 (50.000 ký tự/trang)
ག་ཏུ་བཟུང་ཞིང་མངོན་པར་ཞེན་
ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨོད་པའི་ལས་བགྱིས་ཏེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་
ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱིད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་
བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བགྱི་ཞིང་ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་

གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་། མཆོག་ཏུ་སྨད་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་
ནས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ཕྲིན་ལས་མཛད་ཅིང་། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་
འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱིས་ཤིང་། མཆོག་ཏུ་སྨད་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །འདི་ནི་དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ཆོ་ག་དང་ལས་
སོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་སྐབས་ནས་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་སྤོང་བ་ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་ཚུལ་གང་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་
བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ།
ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་
ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་ཆེན་པོ་པ་འདོད་པ་བར་དུ་གཅོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་

ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་
ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་
པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་བཞག་ནས། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་
འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་
ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་
བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་

འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་ཆེན་པོ་པ་འདོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་
འགྱུར་གྱིས། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་
མཛད་པར་འགྱུར་བ་ལས། གསོལ་བ་མཛད་ལགས་ཀྱིས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་
པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་
ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་
བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ལ་ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།
དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་ཆེན་པོ་པ་འདོད་པ་ནི་

བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་
ན། ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་
ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས། ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་
ལས་བརྗོད་པ་གཉིས་པ་བྱའོ། །ལས་བརྗོད་པ་གཉིས་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས། ལས་བརྗོད་པ་གཉིས་པ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་
འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་
མཛད་པར་འགྱུར་བ་ལས། ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱིས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བ་བྱ་སྟེ། དགེ་འདུན་གྱིས་བཟོད་
ཅིང་གནང་ནས་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་

ལས་སོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དེ་ཉིད་ཀྱི་སྐབས་ནས་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་བསྙིལ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་ཚུལ་གང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་
ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་
གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་བཞག་ནས་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་
སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྙེན་
ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་
གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་
གཏོང་བ་ལ་དེང་ཕྱིན་ཆད་དགེ་ཚུལ་ཁྱེད་གཉིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་

སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་གནང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱེད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །
དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་གསོལ་བ་མཛད་ལགས་ཀྱིས་ཁྱེད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་
གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་དང་པོ་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་
པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་
བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས་འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་
སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ། ཚེར་མ་དང་ཆེན་པོ་པ་
ཁྱེད་གཉིས་དེང་ཕྱིན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་

དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱེད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་སྡིག་པ་
ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་བསྙིལ་བའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་
ལས་མཛད་པར་འགྱུར་བ་ལས། ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱིས། ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱའོ། །ལས་
བརྗོད་པ་གཉིས་པ་བྱས་ནས་ཀྱང་། དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས། ལས་བརྗོད་པ་གཉིས་པ་ཡང་མཛད་ལགས་ཀྱིས། ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་
བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་། དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་
ལས། ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱིས། ཁྱེད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བར་བྱ་སྟེ། དགེ་འདུན་གྱིས་བཟོད་ཅིང་གནང་ནས།
དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་བསྙིལ་བའི་ཆོ་ག་དང་ལས་སོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་

བཤགས་པར་བྱ་བའི་སྐབས་ནས་སྦྱིན་བདག་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་ཟད་དེ་ཡོངས་སུ་མཐར་ཐུག་པར་གྱུར་པ་ལ་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་
ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་
དཔོན་སེང་གེ་ནི་དད་པ་དང་ལྡན་ཅིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེ་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་
ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་
གང་ལ་བསླབ་པའི་སྡོམ་པ་བྱིན་པ་དེར་དགེ་སློང་གིས་ཁྱིམ་དུ་འགྲོ་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། ཆོས་བསྟན་པར་བྱའོ། །བསོད་སྙོམས་བླང་བར་མི་བྱ། ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་
ཏེ་སྦྱིན་པར་བྱའོ། །ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་རྩ་བ་དག་དང་ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་འབྱུང་བ་བླང་བར་བྱའོ། །དེ་ནི་བསླབ་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དེ་ཉིད་ཀྱི་སྐབས་ནས་སྦྱིན་བདག་དེ་ལོངས་སྤྱོད་དག་འཕེལ་
བར་གྱུར་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་སྦྱིན་བདག་དེས་ཕྱག་

འཚལ་ཏེ་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། བདག་གིས་འདི་ལྟ་སྟེ། སངས་
རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། བདག་གིས་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་
ཐུག་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བདག་ལ་བསླབ་པའི་སྡོམ་པ་སྩལ་པ་བས། བདག་དམག་དཔོན་སེང་གེ་ཡང་ལོངས་སྤྱོད་འཕེལ་ནས། བདག་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩལ་བ་བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། ཐུགས་བརྩེ་བ་
ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པར་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་བསླབ་པའི་སྡོམ་པ་གཞིག་པ་གསོལ་བའོ། །དེའི་འོག་ཏུ་སྦྱིན་བདག་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་
མཐོང་བའི་ཉེ་འཁོར་དུ་བཞག་ནས་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་དེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་
ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ནས་དེ་ལ་
དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བསླབ་པའི་སྡོམ་པ་སྩལ་བ་ལས། དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ། དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་དགེ་འདུན་ལས་བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་

ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བཤིག་པ་དེར་དགེ་སློང་རྣམས་ཀྱིས་འགྲོ་བར་བྱ། སྟན་
ལ་ལོངས་སྤྱད་པར་བྱ། བསོད་སྙོམས་བླང་བར་བྱ། ཆོས་བསྟན་པར་བྱའོ། །དེ་ནི་བསླབ་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པའི་ཆོ་ག་དང་ལས་སོ། །སོ་སོར་བཤགས་པར་བྱ་བ་དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། མཚམས་ཀྱི་ནང་ན་དགེ་
སློང་ཇི་སྙེད་འཁོད་པ་ཐམས་ཅད་བསྡུ་བ་ནི་མི་དགོས་ཏེ། གནས་ཀྱི་ནང་དུ་སོང་བས་དགེ་སློང་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཅི་ནས་ཀྱང་གནས་ཁང་ལ་སོགས་པ་ན་འཁོད་པ་དག་ལ་ཡང་གྲགས་པར་འགྱུར་བ་དེ་ལྟར་དགེ་སློང་དེ་དག་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་
ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་ལན་ཅིག་བརྗོད་པར་བྱའོ། །འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པ་བརྗོད་པས་སོ་སོར་བཤགས་
པར་བྱ་བ་ཉིད་དུ་གསུངས་པ་ཡིན་གྱི་བཤགས་པ་ནི་མ་ཡིན་ནོ། །བཤགས་པ་ནི་ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བས་གཅིག་གི་མདུན་དུ་བཤགས་པ་བྱ་བར་གསུངས་པ་དང་འདྲའོ། །དེ་ནི་སོ་སོར་བཤགས་པར་བྱ་བ་དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང་སྔགས་སོ། །ནགས་མ་བརྟགས་
པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བའི་སྐབས་ནས། དགེ་སློང་ནགས་ཉུལ་བ་བསྐོ་བར་བྱའོ། །ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ལ་ཡང་བསྐོ་བར་མི་བྱ་ལ་བསྐོས་པ་ཡང་དབྱུང་བ་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་
འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ནགས་ཉུལ་བ་དང་མ་ཉུལ་བ་མི་ཤེས་པའོ། །ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་

མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ནགས་ཉུལ་བ་དང་མ་ཉུལ་བ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོ་སྤྲོ་བ་བྱས་ཏེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་ནགས་ཉུལ་བར་སྤྲོའམ་ཞེས་དྲི་
བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་
ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནགས་ཉུལ་བར་བསྒོ་ཏེ། དགེ་སློང་ནགས་ཉུལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ལོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་
ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྒོས་ཏེ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ལགས་པས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་
ནགས་ཉུལ་བའི་ཀུན་ཏུ་སྤྱོད་པའི་ཆོས་འདི་ལྟར་བྱ་སྟེ། དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ནགས་ཉུལ་བར་བྱའོ། །དེ་གལ་ཏེ་འདོད་ན་ཁྱེའུ་སུས་སྦྱིན་ཞིང་གྲོགས་ཀྱང་བསྐོ་བར་བྱའོ། །གལ་ཏེ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དེས་དུད་བརྡ་བཏུལ་

བར་བྱ། བ་དན་སྔོན་པོ་བསྒྲེང་བར་བྱ། འདབ་མའི་ཆང་བུ་དག་ལམ་ཁར་བཞག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་མེད་པ་ཉིད་ཡིན་ན་བ་དན་དཀར་པོ་བསྒྲེང་བར་བྱའོ། །དེ་ནི་ནགས་ཉུལ་བ་བསྐོ་བའི་ཆོ་ག་དང་ལས་སོ། །དགེ་སློང་གི་རྣམ་པར་
འབྱེད་པའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་རྫོགས་སོ།། །།ད་ནི་དགེ་སློང་མའི་རྣམ་པར་འབྱེད་པའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་བརྗོད་པར་བྱ་སྟེ། སྡོམ་ལ། བཟློག་དང་ཉེ་དུ་སྤོང་བ་དང་། །འཐབ་ཀྲོལ་བརྟེན་དང་བརྟེན་འཇུག་དང་། །དགེ་འདུན་དབྱེན་དང་
དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ་མི་བདེ་དང་། །རྒན་དང་རུང་དང་འབྲེལ་མེད་དང་། །གོ་བྱེད་གསོལ་བ་ཆོས་གོས་དང་། །ངོར་དང་གཞོགས་འཕྱས་བསྒོ་བ་དང་། །ཅང་མི་སྨྲ་དང་བུ་དང་འཁོར། །མང་དང་བསླབ་དང་གཞིག་བཤགས་པའི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །
བཟློག་པའི་ཕམ་པར་འགྱུར་བའི་སྐབས་ནས་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་
སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་ཤེས་བཞིན་དུ་དེ་ཟློག་པར་བྱེད་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། སྦོམ་དགའ་མོ་
ཁྱོད་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་སྐྲ་འགྲེང་བར་འགྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད།
མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དགེ་སློང་དེ་ལ་འཕགས་པ་ཁྱོད་སྐྲ་འགྲེང་བར་འགྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བསྐྱོད་ཅིག །མཚུངས་པར་ཉེ་བར་མ་

སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་མ་གསོལ་ཅིག །བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་
ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་གནས་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་
མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་
དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་
སྦོམ་དགའ་མོ་འདི་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ་དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ལགས་པའི་སྡོམ་པ་སྩལ་བ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་
བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །
འབྱུང་བར་མ་བསྐྱོད་ཅིག །མཚུངས་པར་ཉེ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་ཏེ་བཟོད་པ་མ་གསོལ་ཅིག །བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་།

ཡིད་ལ་བྱ་བ་དང་། འཕགས་པ་རྣམས་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་མཆི་ནས་དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་
ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་སྦོམ་དགའ་མོ་གནས་ནས་
ཕྱུང་བའི་རྗེས་སུ་ཕྱོགས་པའི་གཞི་མི་གཏོང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་
གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ལགས་པའི་སྡོམ་པ་སྩལ་བ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་པ་མཚམས་ཀྱི་
ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བསྐྱོད་ཅིག །མཚུངས་པར་ཉེ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་
བཟོད་པ་མ་གསོལ་ཅིག །བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་
བྱའོ་ཞེས་མཆི་ནས། དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་མཆི་སྟེ། དེའི་སླད་དུ་དགེ་འདུན་

འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་གཞི་མི་གཏོང་བ་ལ། སྦོམ་དགའ་མོ་ཁྱོད་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་
པའི་སྡོམ་པ་བྱིན་པ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་
འགྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་བསྐྱོད་ཅིག །མཚུངས་པར་ཉེ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་མ་གསོལ་ཅིག །བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་།
ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་མ་ཟེར་ཅིག །འཕགས་མ་ཁྱོད་གནས་ནས་དབྱུང་བའི་རྗེས་སུ་ཕྱོགས་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག །
ཅེས་དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་
འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ལ། སྦོམ་དགའ་མོ་ཁྱོད་དགེ་སློང་གི་དགེ་འདུན་མཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ་དགེ་སློང་མའི་དགེ་འདུན་གྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་ལ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་།
དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དགེ་སློང་དེ་ལ་འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་

བྱེད། འབྱུང་བར་མ་བསྐྱོད་ཅིག །མཚུངས་པར་ཉེ་བར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་མ་གསོལ་ཅིག །བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་།
ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག །འཕགས་མ་ཁྱོད་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་
ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་
དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་
པ་ལ་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མའི་གནས་སྐབས་ནས་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་དགེ་སློང་མ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་
བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་མ་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་
ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྡུག་བསྔལ་བའི་དུས་འདི་ལྟ་བུའི་ཚེ་ཟས་མ་མཆིས་པར་འཚོ་བའི་རྔོ་མི་ཐོག་སྟེ། བདག་མིང་འདི་ཞེས་བགྱི་བ་སྡུག་བསྔལ་བའི་དུས་ལ་

འདི་ལྟ་བུའི་ཚེ་ཟས་མ་མཆིས་པར་འཚོ་བའི་རྔོ་མི་ཐོག་པས་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལས་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་
དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་ཉེ་དུ་རྣམས་དང་ལྷན་ཅིག་ཉེ་བར་འབྲེལ་བའི་སྤྱོད་པ་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་
གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་སྡུག་བསྔལ་བའི་དུས་འདི་ལྟ་བུའི་ཚེ་དགེ་འདུན་འཕགས་མ་རྣམས་ལས་ཉེ་དུ་རྣམས་དང་ལྷན་
ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་ཉེ་དུ་རྣམས་དང་ལྷན་
ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་སྡུག་བསྔལ་བའི་དུས་འདི་ལྟ་བུའི་ཚེ་དགེ་འདུན་འཕགས་མ་རྣམས་ལས་ཉེ་དུ་
རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་སྡུག་བསྔལ་བའི་དུས་འདི་ལྟ་བུའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་གསོལ་ན། འཕགས་མ་གང་དག་དགེ་
སློང་མ་མིང་འདི་ཞེས་བགྱི་བ་ལ་སྡུག་བསྔལ་བའི་དུས་འདི་ལྟ་བུའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་

འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་དགེ་སློང་མ་ལ་ཉེ་དུ་
རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །སྤོང་བའི་དགེ་འདུན་ལྷག་མའི་སྐབས་ནས་དགེ་སློང་མ་གང་དཀོན་མཆོག་གཏོང་བ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་
དཀོན་མཆོག་གསུམ་གཏོང་ངོ་། །དགེ་སྦྱོང་དང་བྲམ་ཟེ་གཞན་དག་ལ་ཚངས་པར་སྤྱོད་དོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ནག་མོ་ཁྱོད་འཐབ་ཀྲོལ་བྱེད་ཅིང་འདི་སྐད་ཅེས་སངས་རྒྱས་གཏོང་ངོ་། །
ཆོས་དང་དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སློང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས།
དེ་དག་ལ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་མ་ཟེར་ཅིག །ནག་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་
ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་
འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་འཐབ་ཀྲོལ་བགྱིད་ཅིང་འདི་སྐད་ཅེས། སངས་

རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་
གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་མཆི་ནས། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་
སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གསོལ་བ་དང་
བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་འཐབ་ཀྲོལ་བགྱིད་ཅིང་འདི་སྐད་ཅེས། སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་
དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱི་དེ་དག་ལ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་
མཆི་ནས། དགེ་སློང་མ་ནག་མོ་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་
དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ། ནག་མོ་ཁྱོད་འཐབ་ཀྲོལ་བྱེད་ཅིང་འདི་སྐད་ཅེས། སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་། །ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་

དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱི། དེ་དག་ལ་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་མ་ཟེར་ཅིག །ནག་མོ་ཁྱོད་སྡིག་པ་
ཅན་གྱི་ལྟ་བའི་རྣམ་པ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་ནག་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་མི་གཏོང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་
བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་མི་གཏོང་བ་ལ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དཀོན་མཆོག་གཏོང་བ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའི་སྐབས་ནས་དགེ་སློང་མ་འཐབ་ཀྲོལ་བྱེད་པ་
ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་གནས་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མ་རྣམས་ཀྱིས་འཐབ་
ཀྲོལ་མ་བྱེད་ཅིག །མཚང་མ་འབྲུ་ཤིག །མ་རྩོད་ཅིག །མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་ན་འདི་སྐད་ཅེས། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་
མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །སྦོམ་དགའ་མོ་ཁྱོད་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག །

དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ།
གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་
བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་སློང་མ་རྣམས་དང་འཐབ་ཀྲོལ་བགྱིད་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ། གལ་ཏེ་དགེ་སློང་མ་རྣམས་ཀྱིས་འཕགས་མ་འཐབ་ཀྲོལ་མ་བྱེད་
ཅིག །མཚང་མ་འབྲུ་ཤིག །མ་རྩོད་ཅིག །མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་
ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་མཆི་ནས། དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་
ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་འདུན་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ་དང་
གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བའི་ཚིག་གི་ལམ་མ་བཏང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་སློང་མ་རྣམས་དང་

འཐབ་ཀྲོལ་བགྱིད་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཏེ་གནས་པ་འདི་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འབྲུ་ཤིག །མ་རྩོད་ཅིག །མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་
ན་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས་དགེ་སློང་མ་སྦོམ་དགའ་མོ་འདི་ལ་
དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་
སློང་མ་སྦོམ་དགའ་མོ་འདུན་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ་ལ། སྦོམ་དགའ་མོ་ཁྱོད་དགེ་སློང་མ་རྣམས་ཀྱི་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འབྲུ་ཤིག །མ་རྩོད་ཅིག །
མ་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ། དེ་ལྟར་བཟློག་ནས་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་
ཟེར་ཅིག །སྦོམ་དགའ་མོ་ཁྱོད་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་སྦོམ་དགའ་
མོ་འདུན་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་

ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་འདུན་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ།
ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བགྱི་བའི་ཚིག་གི་ལམ་མ་བཏང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་འཐབ་ཀྲོལ་བྱེད་པ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ།། །།
བམ་པོ་ལྔ་པ། བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའི་སྐབས་ནས་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་པ་ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་བུད་མེད་དང་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་
ཞིང་གནས་པར་བྱེད་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་ཐོག་མར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་ཁྱེད་གཉིས་སྡེ་ཞིང་མ་གནས་ཤིག །སྡེ་ཞིང་གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་མ་
བྱེད་ཅིག །དགེ་སློང་མ་ཁྱེད་གཉིས་ཐ་དད་དུ་གནས་པར་གྱིས་ཤིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ། །དེ་ནི་དུས་དང་པོར་བ་བྱའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་
གཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་
བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་དང་མི་འཆི་

ལྟས་འདི་གཉིས་སྡེ་ཞིང་གནས་པ་སྟེ། འདི་གཉིས་སྡེ་ཞིང་གནས་པས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བགྱིད་དེ། དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་འདི་གཉིས་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་མ་མང་པོས་བཞམས་
ཏེ་བསྒོ་ཡང་། དེ་བཞིན་དུ་སྡེ་ཞིང་གནས་ལ་འདི་གཉིས་དེ་བཞིན་དུ་སྡེ་ཞིང་གནས་པས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་
འཕགས་མ་རྣམས་ཀྱིས་དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་འདི་གཉིས་སྡེ་ཞིང་
གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བགྱིད་དེ། དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་འདི་གཉིས་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། དེ་བཞིན་དུ་སྡེ་ཞིང་གནས་ཏེ། འདི་གཉིས་དེ་བཞིན་དུ་སྡེ་ཞིང་
གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བགྱིད་དེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་ལ་དགེ་སློང་མ་ཁྱེད་གཉིས་ཐ་དད་དུ་གནས་པར་གྱིས་ཤིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་
བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་རྣམས་གང་དག་དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་འདི་སྡེ་ཞིང་གནས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་
གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་འཆི་ལྟས་དང་མི་འཆི་ལྟས་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་

ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་པ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །བུད་མེད་དང་སྟེན་དུ་འཇུག་པའི་དགེ་འདུན་ལྷག་མའི་སྐབས་ནས། དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་སུ་
འཇུག་པ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་དགེ་སློང་མ་བུད་མེད་དང་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་ཞིང་གནས་པ་དེ་བཏང་སྟེ་ཐ་དད་དུ་གནས་པར་ཤེས་བཞིན་དུ་དེ་གཉིས་ཀྱི་གན་དུ་སོང་སྟེ་སྡེ་
ཞིང་གནས་སུ་འཇུག་པར་བྱེད་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བྱེད་པ་ལས་དེ་གཉིས་ཐ་དད་དུ་
གནས་པར་ཤེས་བཞིན་དུ་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་པ་ན་དགེ་བའི་ཆོས་
རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་མ་ཟེར་ཅིག །སྦོམ་དགའ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་ཡང་།
གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་
དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ།

དགེ་སློང་མ་སྦོམ་དགའ་མོ་འདི་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་། འཕྱར་གཡེང་དང་ཙབ་ཧྲལ་བགྱིད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་འཚལ་བཞིན་དུ་ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་
བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་མཆི་ནས། དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་སློང་མ་མང་པོས་
བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་
འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་
བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བགྱིད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་འཚལ་བཞིན་དུ་ཕུ་ནུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱོད་གཉིས་ཐ་དད་དུ་གནས་པར་
བྱེད་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་དེ་སྐད་ཅེས་མཆི་ནས་དགེ་སློང་མ་སྦོམ་དགའ་མོ་འདི་ལ་དགེ་
སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་འཕགས་མ་

རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་མ་བཏང་བ་ལ་སྦོམ་དགའ་མོ་ཁྱོད་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོགས་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་བྱེད་པ་ལས་དེ་གཉིས་ཐ་དད་དུ་གནས་པར་ཤེས་བཞིན་དུ་ཕུ་ནུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་
མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི་འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག །ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་དེ་སྐད་མ་
ཟེར་ཅིག །སྦོམ་དགའ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་གང་དག་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིང་། གང་དག་མི་
བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་
ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་སུ་འཇུག་པ་ལ་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་སྐབས་ནས་དགེ་འདུན་གྱི་དབྱེན་བྱེད་པ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་
ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་
བསྒོ་བར་བྱ་སྟེ། འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད།

ཀུན་ཏུ་དགའ་མི་རྩོད། མཆོག་གཅིག །འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་
འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་
བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་མའི་དགེ་འདུན་ཐམས་ཅད་མཐུན་པར་གྱུར་པ་ལ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་
སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདིས་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་རྟུལ་ཏེ་དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་ནས་འདི་ལ་དགེ་སློང་
མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་
བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །
འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག །འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས།

འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདིས་
དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་རྟུལ་ཏེ། དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་ནས། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་
མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དོ། །དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་
ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག །འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་
པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། འཕགས་མ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་
བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ལ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་འདུན་གྱིས་དབྱེན་བྱེད་པ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་སྐབས་ནས་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་

པ་ལ་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མ་དེའི་གྲོགས་བྱེད་པའི་དགེ་སློང་མ་མི་མཐུན་པ་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འཕགས་
མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་
མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། འཕགས་མ་
དགའ་མོ་ཉེ་དགའ་མོ་གཙུག་དགའ་མོ་ཁྱོད་ཤེས་བཞིན་དུ་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དག་སློང་མ་
རྣམས་ལ་འདི་སྐད་ཕུ་ནུ་མོ་དག་ཁྱེད་ཅག་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕུ་ནུ་མོ་དག་ཁྱེད་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་
སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ནོ། །དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་དག་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཕུ་ནུ་མོ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་
བ་མ་ཡིན་གྱི། ཕུ་ནུ་མོ་དག་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་

ཡིན་པའི་ཕྱིར་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཕུ་ནུ་མོ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཕུ་ནུ་མོ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཕུ་ནུ་མོ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཕུ་ནུ་མོ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་
མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། འཕགས་མ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་
ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན་དེ་དག་ལ་གསོལ་བ་དང་བཞིའི་ལས་