Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 159

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
གནས་བརྟེན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་
ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ།

གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན།
ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་བདག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་
སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་
པོར་བྱ་བའོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན། དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་
བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་
བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་། ནབ་སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ། དེ་དག་ལ་
འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་

པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་
བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་
ལྡན་པ་ཀུན་དགའ་བོ་དང་གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་
ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཀྱིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་
སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་
གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་གནས་བརྟན་གནས་

བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ། དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་དགེ་སློང་རྣམས་ལ་ཡང་འདི་
སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས།
འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་
གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ། ཚེ་དང་ལྡན་པ་འགྲོ་མགྱོགས་དང་ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་
ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་
བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་
འགྲོ་བ་མ་ཡིན། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར། ཚེ་དང་ལྡན་པ་དག་འདུན་པས་

འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་
འགྲོ་མགྱོགས་དང་ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་ཁྱིམ་སུན་འབྱིན་པ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་སྐབས་ནས་
བཀའ་བློ་མི་བདེ་བ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། འདི་ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་
པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བ་དག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་
ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་
བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་

ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་
འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་འདི་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་
བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དེ་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན།
དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། དགེ་སློང་གཅིག་
གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་
པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བ་དག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་
ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་འདི་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་

གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་
པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པ་
བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་
དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི། ཚེ་དང་ལྡན་པ་འདུན་པ་
ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་
ཆོས་བཞིན་དུ་སླར་མི་བགྱིད་ནས་འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཅང་རུང་བདག་ལ་
ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱོད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་

མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་
དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་
མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ་གཅིག་ལ་
གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི།
ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་
གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་
ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བཀའ་བློ་མི་བདེ་བ་ལས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །འབྲལ་བའི་སྤང་བའི་སྐབས་ནས་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་

རོལ་དུ་འབྲལ་བར་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་དགེ་སློང་རྒན་པོ་རྒས་པ་འཁོག་ཏུ་གྱུར་པ་དང་ནད་པ་ཡིན་ལ། དེའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་མི་ནུས་ན་དགེ་འདུན་གྱིས་དེ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་
བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་དེས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་རིམས་
བཞིན་དུ་ཕྱག་འཚལ་ནས། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་འཁོག་ཏུ་གྱུར་པའམ། བདག་དགེ་
སློང་ཤཱ་རིའི་བུ་རླུང་ནད་ཅན་ལགས་ལ། བདག་གི་སྣམ་སྦྱར་འདི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། བདག་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་འཁོག་ཏུ་གྱུར་པའམ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན།
ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་འཁོག་ཏུ་གྱུར་པའམ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་
བཟླས། དེ་ནི་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུངས་འདི་རྒན་
པོ་རྒས་པ་འཁོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ། འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་འོད་སྲུངས་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་

འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་
འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུངས་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ། འདིའི་སྣམ་
སྦྱར་འདི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མ་ཐོག་ནས། དགེ་སློང་འོད་སྲུངས་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བར་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འོད་སྲུངས་རྒན་པོ་རྒས་
པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་
གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འོད་སྲུངས་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་
མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་རྒན་པོའམ་ནད་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །ལོ་དྲུག་ཏུ་འཆང་བའི་སྤང་བའི་སྐབས་ནས་དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་
བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་སྟན་སར་པ་གཞན་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ལ། དགེ་འདུན་གྱིས་གནང་བ་ནི་དགེ་སློང་ལག་གི་

བླ་གང་ལ་ལོ་དྲུག་དུ་སྟན་གྱིས་མི་ཐུབ་པའི་དགེ་སློང་དེས་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་བ་དེ་ལ་དགེ་འདུན་གྱིས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་སྦྱིན་པར་བྱའོ། །དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པའི་དགེ་སློང་དེས་དགེ་འདུན་ལས་ལོ་
དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་ལག་གི་བླ་དེས་བླ་
གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་ལ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་དྲུག་ཏུ་སྟན་མི་བགྱིད་པ་
ལས། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་སྩལ་དུ་
གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་བའོ། །དེ་དགེ་སློང་དེ་དག་གིས་དགེ་སློང་ལག་གི་བླ་དེ་ལ་དད་པའམ་ཡིད་ཆེས་པས་འགྲོ་བ་མི་བྱ་བར་དགེ་འདུན་ཐམས་ཅད་དེ་འདོང་བར་བྱ་བའམ། དགེ་འདུན་གྱིས་བསྐོས་པའི་
དགེ་སློང་དག་གཏང་བར་བྱ་ཞིང་དེ་དག་གིས་སྟན་དེ་རང་གི་མིག་སྔར་བབ་པར་བྱ་བའམ། ཡང་ན་སྟན་དེ་དགེ་འདུན་གྱི་དབུས་སུ་དབྱུང་བར་བྱ་སྟེ། གལ་ཏེ་སྟན་དེ་ཧ་ཅང་རིང་བ་ཡིན་ན་དེ་དེ་དག་གིས་གཅད་པར་བྱའོ། །གལ་ཏེ་ཧ་ཅང་ཐུང་བ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་ཧ་ཅང་ཡངས་
པ་ཡིན་ན་དེ་དག་གིས་གཅད་པར་བྱའོ། །གལ་ཏེ་ཧ་ཅང་དོག་པ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་རལ་བ་དང་རྡོལ་བ་ཡིན་ན་བལ་སྦྱིན་པར་བྱའོ། །དེ་ནི་དུས་དང་པོར་བྱ་བའོ། །གལ་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང་བཅོས་དཀའ་བ་ཉིད་ཡིན་ན། དེའི་འོག་ཏུ་དགེ་སློང་

གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས་དགེ་སློང་ལག་གི་བླ་མིང་
འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་
ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་
གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་
དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་ལག་གི་བླ་སྟན་མེད་པ་ལ་ལོ་དྲུག་ཚུན་ཆད་
དུ་སྟན་གྱི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །གསེར་དངུལ་ལ་རེག་པའི་སྤང་བའི་སྐབས་ནས་ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང་དངུལ་ལེན་ནམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ལ། འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཀྱང་
གོས་ཀྱི་རིན་དག་སྦྱིན་པར་བྱེད་ལ། ངའི་ཉན་ཐོས་རྣམས་ཀྱང་གོས་ཀྱི་རིན་དག་འདོད་ཀྱིས། ངས་ཉན་ཐོས་རྣམས་ལ་རུང་བར་བྱ་བ་ཅུང་ཟད་གནང་བར་བྱའོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །གཞན་

ཡང་དགེ་སློང་གི་ཞལ་ཏ་བྱེད་པ་སྤྲོ་བར་བྱའོ། །གཞན་ཡང་དགེ་སློང་གིས་བླང་བར་བྱ་ཞིང་བླངས་ནས་ཀྱང་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པས་རུང་བ་གསུམ་བཀའ་སྩལ་ཏེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་
ཁས་ལེན་དུ་གཞུག་པ་དང་། བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རུང་བ་དང་པོའི་ཆོ་ག་ནི་དགེ་སློང་གིས་ཆོས་གོས་ཀྱི་ཟོང་རིན་པོ་ཆེ་དག་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །རུང་བ་གཉིས་པའི་ཆོ་ག་ནི་དགེ་སློང་རྣམས་ཀྱིས་ཇི་
སྲིད་འཚོའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་གང་ཅུང་ཟད་ཅི་རྙེད་པ་དེ་དག་ཐམས་ཅད་སྦྱིན་བདག་ཞལ་ཏ་བྱེད་པས་ཀུན་དགའ་ར་བའམ། དགེ་བསྙེན་སྤྲོ་བར་བྱ་ཞིང་དེའི་མིང་གིས་བཅང་བར་བྱའོ། །རུང་བ་གསུམ་པའི་ཆོ་ག་ནི་མི་བཟུང་བར་མདུན་དུ་བཞག་ནས་དགེ་སློང་གི་མདུན་དུ་འགྲེང་
སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་པོ། །དངོས་པོ་རུང་བ་མ་ལགས་པ་
འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཉན་པའི་དགེ་སློང་གིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །བདག་ཉིད་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །རུང་བ་དེ་གསུམ་གང་བྱས་ཀྱང་འདྲ་སྟེ་བདག་གིར་བྱ་བ་མེད་པས་དེ་ལ་རེག་
གམ་རེག་ཏུ་བཅུག་ན་ཡང་འགྱོད་པར་མི་བྱའོ། །དེ་ནི་དངོས་པོ་རུང་བ་མ་ཡིན་པ་རུང་བར་བྱ་བའི་ཆོ་ག་དང་སྔགས་སོ། །ལྷུང་བཟེད་ཚོལ་བའི་སྤང་བའི་སྐབས་ནས་ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་
ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་

སྦྱིན་པར་མི་བྱ་བར་མ་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་གསུངས་པའི་ཞར་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་
སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་།
ལྷུང་བཟེད་འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་མི་ཤེས་པའོ། །ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་
དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ལྷུང་བཟེད་འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོ་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོའམ་ཞེས་
དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་
ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་
གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་

འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་
པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་
གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གིས་དགེ་འདུན་ཚོགས་པའི་དུས་སུ་དགེ་འདུན་ལ་ཚེ་དང་ལྡན་པ་དག་བདག་སང་དགེ་འདུན་ལ་ལྷུང་བཟེད་
འབྲེལ་པ་མེད་པ་འབྲིམ་པར་འགྱུར་གྱིས་ཁྱོད་ཅག་ནང་པར་གཎྜཱི་བརྡུངས་པ་ན་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་ན་འབྲིམ་པའི་དགེ་སློང་གིས་ཕྱི་དེ་ཉིན་པར་གནས་མལ་བཤམ་པ་
བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཀྱང་རང་རང་གི་ལྷུང་བཟེད་བྱིན་གྱིས་བརླབས་པ་དག་ཕྱུང་ཞིང་ཐོགས་ལ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་
པའི་དགེ་སློང་གིས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ལྷུང་བཟེད་འབྲེལ་པ་མེད་པ་ཐོགས་ཏེ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ། དབྱིབས་ལེགས་
པ། ལོངས་སྤྱོད་པར་བཟོད་པ་ལགས་ཀྱིས་གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་བརྗོད་དེ་དབུལ་བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་གལ་ཏེ་འདོད་ན་བླང་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་

གྱིས་ལྷུང་བཟེད་དེ་བླངས་ན་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་གང་ཡིན་པ་དེ་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གནས་བརྟན་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་གནས་བརྟན་གསུམ་པ་ལ་དབུལ་བར་བྱའོ། །དེ་བཞིན་དུ་དགེ་འདུན་
གྱི་གསར་བུ་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་དགེ་འདུན་གྱི་གསར་བུ་ལ་དབུལ་བའི་བར་དུ་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་བླངས་ན་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གཉིས་པས་མ་བླངས་ན་གནས་བརྟན་གསུམ་པ་ལ་
དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གསུམ་པས་བླངས་པ་ན་དགེ་འདུན་གྱི་གནས་བརྟན་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་འདུལ་བ་དང་
འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གསུམ་པས་མ་བླངས་ན་གསར་བུ་གཉིས་པ་ལ་འབུལ་བར་བྱའོ། །གལ་ཏེ་གསར་བུ་གཉིས་པས་མ་བླངས་ན་གསར་བུ་གསུམ་པ་ལ་དབུལ་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གསར་བུས་
བླངས་པ་ན་གསར་བུ་གསུམ་པ་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་། བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གསར་བུ་གསུམ་པས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པའི་བར་དུ་བྱའོ། །
དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱི་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །
ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གིས་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་གཞག་པར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེ་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་ཅིག་ཤོས་

སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །དེས་ལྷུང་བཟེད་གཉིས་ཀ་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱ་ཞིང་། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་པ་མེད་པས་བླང་བར་བྱའོ། །གལ་ཏེ་འབྲས་ཆན་གཤེར་པ་རྙེད་ན་ལྷུང་བཟེད་བྱིན་གྱིས་བརླབས་པས་
བླང་བར་བྱའོ། །གཙུག་ལག་ཁང་དུ་འོངས་ནས་དཀྱིལ་འཁོར་བྱས་ཏེ། ལྷུང་བཟེད་འབྲེལ་པ་མེད་པ་མདུན་དུ་བཞག་ནས་ལྷུང་བཟེད་བྱིན་གྱིས་བརླབས་པར་བཟའ་བར་བྱའོ། །ཟོས་ཟིན་ནས་བྱི་དོར་དང་ཁ་ཟས་འབགས་པའི་དྲིལ་ཕྱིས་བྱ་བ་ཡང་དང་པོར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་
པར་བྱ་ཞིང་། དེའི་འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབ་པ་ལ་བྱའོ། །བཀྲུ་བ་དང་། སྐམ་པ་དང་། ལྕི་བས་བྲུད་པ་ལ་ཡང་དེ་བཞིན་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ངོས་ཁུང་གཉིས་ཡོད་ན་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་
གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་གཅིག་ཡོད་ལ། གལ་ཏེ་ཤོད་ཁུང་བཟང་ན་ཤོད་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། ངོས་ཁུང་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་བཟང་ན་ངོས་ཁུང་དུ་ལྷུང་བཟེད་འབྲེལ་པ་
མེད་པ་གཞུག་པར་བྱ་ཞིང་། ཤོད་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །ལྷུང་བཟེད་ཀྱི་ལས་བྱེད་པ་ན་གལ་ཏེ་རྫ་བོ་གཉིས་ཡོད་ན་རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་བསྲེག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་
བསྲེག་པར་བྱའོ། །གལ་ཏེ་རྫ་བོ་གཅིག་ཡོད་ན་གལ་ཏེ་འོག་ཏུ་བཞག་པས་ལེགས་པར་ཚོས་པར་གྱུར་ན་འོག་ཏུ་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། སྟེང་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །གལ་ཏེ་སྟེང་དུ་བཞག་པ་ལེགས་པར་ཚོས་པར་འགྱུར་ན་
སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །ལམ་དུ་འགྲོ་ན་ལྷུང་བཟེད་ཀྱི་སྣོད་གཉིས་བཀུར་བར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་

བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ཁུར་རྩ་བ་འགའ་ཞིག་ཡོད་ན་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབས་པ་བཀུར་བར་བྱ་ཞིང་། བདག་ཉིད་ཀྱིས་ལྷུང་བཟེད་འབྲེལ་པ་མེད་པ་བཀུར་བར་བྱའོ། །གལ་ཏེ་ཁུར་རྩ་བ་འགའ་ཡང་མེད་ན་ཕྲག་པ་གཡོན་
པས་ལྷུང་བཟེད་འབྲེལ་པ་མེད་པ་བཀུར་བར་བྱ་ཞིང་། ཕྲག་པ་གཡས་པས་ལྷུང་བཟེད་བྱིན་གྱིས་བརླབས་པ་བཀུར་བར་བྱའོ། །འདི་ནི་དེའི་ཆད་པའི་ལས་ཡིན་ཏེ། ཚུལ་ཁྲིམས་ཡང་དག་པར་རྗེས་སུ་སྲུང་བས་ཇི་སྲིད་འཚོའི་བར་དུ་བཅང་བར་བྱའོ། །དེ་ནི་ལྷུང་བཟེད་འབྲེལ་པ་
མེད་པ་འབྲིམ་པ་བསྐོ་བའི་ཆོ་ག་དང་ལས་སོ། །བསྔོས་པ་ལས་བསྒྱུར་བའི་སྤང་བའི་སྐབས་ནས་ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་བསྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་སྐབས་ན་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་
ལས། གནས་གང་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེར་སྦྱིན་བདག་གིས་དགེ་འདུན་གྱི་ཕྱིར་རྙེད་པ་འབུལ་བར་བྱེད་ན་དགེ་སློང་དེ་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་པར་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ལ། གཅིག་པུས་
རྙེད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་ནི་བདག་གནས་འདི་ན་གཅིག་པུ་གནས་ཏེ། དགེ་འདུན་ལ་གོས་ཀྱི་རྙེད་པ་འདི་བྱུང་བས་བདག་གིས་གོས་འདི་ཉམས་སུ་བླང་ངོ་། །དུས་སུ་བྱིན་གྱིས་བརླབ་པོ་ཞེས་ལན་གསུམ་སེམས་བསྐྱེད་པར་བྱ། ཚིག་ཏུ་བརྗོད་པར་བྱ་བ་ཡིན་ནོ། །
དེ་ནི་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །བསྔོས་པ་ལས་བསྒྱུར་བའི་སྤང་བ་དེ་ཉིད་ཀྱི་སྐབས་ནས་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གཙུག་ལག་ཁང་གི་བདག་པོ་བཅོམ་མམ་བཅིངས་སམ་ཤིའམ་སྤྱུགས་ན་དགེ་སློང་དག་གིས་གཙུག་ལག་ཁང་དེ་ཡལ་བར་མི་འདོར་
བར་དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་ཤས་ཆེན་པོ་ཡོད་པ། དེ་དེར་སྲུང་མར་བཞག་ཅིང་དེར་དགེ་འདུན་དང་སྦྱིན་བདག་དུས་སུ་མ་ལྷགས་ན་དགེ་སློང་དེས་ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་འཚོ་བ་ཐུན་

མོང་དུ་བྱ་བས་འདའ་བར་བྱ་ཞིང་གཙུག་ལག་ཁང་དེ་དང་ཉེ་འཁོར་གྱི་གཙུག་ལག་ཁང་དེར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་པའི་ལས་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་
ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེས་འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་
པོ་བཅོམ་མམ། བཅིངས་སམ། གུམ་མམ། སྤྱུགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་གི་བའི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་པར་མཛད་དོ། །འདི་ནི་གསོལ་
བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ། བཅིངས་སམ། གུམ་མམ། སྤྱུགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་གི་བའི་ལོ་ལྔར་རྙེད་པ་ནི་ཐུན་
མོང་ལ་གསོ་སྦྱོང་གི་ཐ་དད་དུ་མཛད་ཀྱིས། ཚེ་དང་ལྡན་པ་གང་དག་གཙུག་ལག་ཁང་འདི་དང་ཕ་གི་བའི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ཐ་དད་དུ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་
ནས། དགེ་འདུན་གྱི་གཙུག་ལག་ཁང་འདི་དང་ཕ་གི་བའི་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་གཙུག་ལག་ཁང་གཉིས་གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་དུ་བྱ་བའི་ཆོ་ག་དང་ལས་སོ། །གནས་ངན་
ལེན་བརྗོད་པའི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་

བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བསྐོ་བར་བྱ་སྟེ། ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་
གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གོ་བར་བྱས་པ་དང་མ་བྱས་པའི་ཁྱིམ་མི་ཤེས་པའོ། །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ།
ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གོ་བར་བྱས་པ་དང་མ་བྱས་པའི་ཁྱིམ་ཤེས་པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་
འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས།
དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་
ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་
གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་

ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ནས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་དགེ་སློང་མ་
གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་སློང་གིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་ན། ཚེ་དང་
ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་
རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཁྱིམ་རྣམས་སུ་འདི་སྐད་ཅེས་བརྗོད་པར་བྱ་
སྟེ། ཚེ་དང་ལྡན་པ་དག་ཁྱོད་ཉོན་ཅིག་ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་བྱེད་པ་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་།
ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་
སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་། གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། རྟ་ཐུལ་དང་། བཟང་

ལྡན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། གསུས་པོ་ཆེ་ཆེན་པོ་དང་། སྐུལ་བྱེད་ཆེན་པོ་དང་། ཀ་ཏའི་བུ་ཆེན་པོ་དང་། ལྟེང་རྒྱས་འོད་སྲུངས་དང་། ཆུ་ཀླུང་
འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། འགབ་མ་འོད་སྲུངས་དང་། འོད་སྲུངས་ཆེན་པོ་དང་། དགའ་བྱེད་དང་། ཀི་མ་པི་ལ་དང་། ལེགས་སྐྱེས་དང་། ནམ་གྲུ་དང་། ས་རི་དང་། ཉེ་སྡེ་དང་། སོམ་ཉི་ནམ་གྲུ་དང་། ལམ་བསྟན་དང་། ལམ་ཕྲན་བསྟན་དང་། བརྟག་པའི་ཤིང་རྟ་དང་།
ཆེན་པོ་བ་དང་། གྲགས་བྱིན་དང་། དེ་དག་ལ་སོགས་པ་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནི་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་བསྐོ་བའི་ཆོ་ག་དང་ལས་སོ། །དེ་ཉིད་ཀྱི་སྐབས་ནས་དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་དེ་བཞིན་དུ་ཁྱིམ་
རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོ་ན་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་བྱས་ཏེ། ཁྱིམ་རྣམས་སུ་སོ་སོར་གོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་
ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་འདི་དང་དགེ་སློང་མ་གསལ་མ་འདི་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་
པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ཀྱང་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་
སོར་གོ་བར་བགྱིད་པར་སྤྲོ་བ་སུ་ལ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཕྲལ་བ་དང་དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་

སུ་སྤྱོད་པར་བགྱིད་པར་གང་གིས་མཐོང་ཞིང་གང་དུ་མཐོང་བ་དེས་ཁྱིམ་དེར་ཁྱེད་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱིས་བཅོམ་ལྡན་འདས་
དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སོ་སོར་གོ་བར་བགྱིད་དུ་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་ཀྱང་སོ་སོར་རིག་པའི་ཁྱིམ་དག་ཏུ་ནི་སོ་སོར་གོ་བར་བྱའི། སོ་སོར་མ་རིག་པའི་ཁྱིམ་དག་ཏུ་ནི་སོ་སོར་གོ་བར་མི་བྱའོ། །དེ་ནི་དགེ་འདུན་
ཐམས་ཅད་ལ་གསོལ་བའི་ཆོ་ག་དང་ལས་སོ།། །།བམ་པོ་བཞི་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པ་བསྔོས་
པ་བདག་གིས་གང་ཟག་ལ་བསྔོས་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་དགེ་སློང་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་པ་ལ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་རས་ཡུག་ཆེན་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་
བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་
པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྱད་བུ་ནོར་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དགེ་འདུན་ལ་ཡང་ཆོས་ཀྱི་ཞལ་ཏ་བགྱིད་པའི་ལས་ལ་བརྩོན་པ་ལགས། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ་
ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ལ་དགེ་འདུན་ལ་ནི་རས་ཡུག་ཆེན་འབྱོར་པར་མངའ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།

དགེ་འདུན་གྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རས་ཡུག་ཆེན་སྩོལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་གོས་སྦྱིན་པའི་ཆོ་ག་དང་ལས་སོ། །འཕྱ་བའི་ལྟུང་བྱེད་ཀྱི་སྐབས་ནས་འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ། དགེ་སློང་གང་ཟག་བཅུ་
གཉིས་ཀྱི་ལས་སུ་བསྐོས་པ་དང་མ་བསྐོས་པ་ལ་ངོར་འཕྱ་བ་དང་གཞོགས་འཕྱས་བྱེད་པ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བའི་གྲངས་སུ་གཞུག་པ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་
གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་
སློང་མཛའ་བོ་དང་ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོགས་པ་དང་ཟས་ལ་བསྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་ངོར་འཕྱ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་
འདུན་གྱིས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་ངོར་འཕྱ་བའི་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པའི་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་
དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མཛའ་བོ་
དང་ས་ལས་སྐྱེས་འདི་གཉིས་འཚལ་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པས་གནས་མལ་འབོགས་པ་དང་ཟས་ལ་བསྐོ་བར་བསྐོས་པ་ཚེ་དང་ལྡན་པ་གྱད་བུ་ནོར་དེ་ལ་གཞོགས་འཕྱས་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་

གྱིས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཞོགས་འཕྱས་བགྱིད་པའི་གྲངས་སུ་སྩོལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ཀྱི་སྐབས་ནས་བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ་ཞེས་གསུངས་པའི་
ཞར་ལ་བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་དང་། ཅིང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་
བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་
པ་འདུན་པ་འདི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས་གཞི་དེ་གླེངས་ཀྱང་དགེ་སློང་རྣམས་ཀྱི་བསྒོ་བ་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་གྱི་དུས་
ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །དེ་ནི་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པའི་
ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདུན་པ་འདི་ནི་ལྟུང་བ་བྱུང་ཡང་ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པ་འཚལ་བ། གྲུབ་པ་དང་བདེ་བ་འཚལ་བ་རྣམས་ཀྱིས། གཞི་དེས་གླེངས་

ཀྱང་དགེ་སློང་རྣམས་ལ་ཅང་མི་སྨྲ་བས་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་
བའོ། །དེ་ནི་བསྒོ་བ་རྣ་ལ་གཟོན་པ་དང་ཅང་མི་སྨྲ་བས་རྣ་ལ་གཟོན་པ་གྲངས་སུ་གཞུག་པའི་ཆོ་ག་དང་ལས་སོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་
གསུངས་པའི་ཞར་ལ་དགེ་སློང་མའི་སྟོན་པ་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཆོས་ལྔ་དང་ལྡན་པ་དགེ་སློང་མའི་སྟོན་པར་བསྐོ་བར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་བུ་དང་། གྲོང་ཁྱེར་པའི་
སྐད་དང་ལྡན་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱི་རེག་པས་སུན་མ་ཕྱུང་ཞིང་གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་ཆོས་བཞིན་དུ་སླར་བྱ་བའོ། །ཆོས་ལྔ་པོ་དེ་དག་ལས་བཞི་ནི་ངེས་པ་ཡིན་ནོ། །མང་དུ་ཐོས་པ་མེད་ན་སོ་སོར་ཐར་པའི་མདོ་ཐོན་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་
མའི་ཕམ་པར་འགྱུར་བ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་པོ་སྟོན་ནུས་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གནས་བརྟན་རྒྱལ་ཚབ་ལྟ་བུ་དེས་དགེ་སློང་མ་ལ་ལུས་ཀྱི་རེག་པས་སུན་མ་ཕྱུང་ཞིང་གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་
ཆོས་བཞིན་དུ་ཕྱིར་བྱས་པ་ཡིན་ལ། སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་ནི་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་
ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་བསྐོའོ། །འདི་ལྟར་བསྐོ་བར་བྱ་སྟེ། གསོ་སྦྱོང་

བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་གསོ་སྦྱོང་བྱས་ནས། དགེ་སློང་མའི་སྟོན་པ་དེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་མའི་སྟོན་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་
བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་
བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་སྟོན་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མ་ལ་སྟོན་ཏོ། །འདི་ནི་གསོལ་པའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་སྟོན་པར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མ་ལ་སྟོན་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་
སློང་མའི་སྟོན་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནས་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་
འཛིན་ཏོ། །དེ་ནི་དགེ་སློང་མའི་སྟོན་པ་བསྐོ་བའི་ཆོ་ག་དང་ལས་སོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་སྐབས་ནས་ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཞར་ལ་ལྷག་པོར་བྱའོ་ཞེས་
གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པ་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ་བཟའ་བ་རྙེད་ཅིང་ཟ་བར་འདོད་ན་དགེ་སློང་དེས་ལག་པ་གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་

ལས་མ་ཉམས་པ་གང་ཡིན་པའམ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་
ལགས་ཤིང་སྤངས་ཏེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཅའ་བ་དང་བཟའ་བ་རྙེད་ཅིང་འཆལ་བར་འཚལ་ན། ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། ལྷག་པོར་བྱེད་པའི་དགེ་སློང་ཟས་ཟོས་མ་ཟིན་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་
བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ནས་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བརྗོད་པས་ལྷག་པོར་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་ལག་པར་བྱིན་ནས་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བརྗོད་པས་ལྷག་པོར་
བྱའོ། །དེ་ནི་ལྷག་པོར་བྱ་བའི་ཆོ་ག་དང་སྔགས་སོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་སྐབས་ནས་དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལས་བཟློག་པའི་ཕྱིར་བསྒོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་འགའ་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་
བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་བར་
བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །
བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་

བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག །དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་
པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་
གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་
གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་བཞམས་ཏེ་བསྒོ་བ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་
མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་
ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་
ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་

དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་
གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་
བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ། འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་
པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་
སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་
དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་
ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་སྡིག་པ་ཅན་གྱིས་ལྟ་བའི་རྣམ་པ་མི་གཏོང་བ་ལས་

བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ཉིད་ཀྱི་སྐབས་ནས་དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་གང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གསོལ་བ་དང་
བཞིའི་ལས་ཀྱིས་སྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ན། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྨད་པའི་ལས་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་
བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་
དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་
ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བགྱིས་ཏེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་

འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་གདོལ་བུ་བཞིན་དུ་སྤང་བར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱིའོ། །འདི་ནི་གསོལ་བའོ། །
ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་
མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་
པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོ