Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 158
Văn bản gốc(Tây Tạng)
Trang 21 / 21 (50.000 ký tự/trang)
ན་ལག་ཉིད་ཡིན་པར་མི་འདོད་དེ། དེ་ལྟ་བས་ན་ཕོ་ཉ་ལ་སོགས་པའི་འཐག་ཏུ་འཇུག་པ་ལ་ཉེས་བྱས་ཁོ་ན་བཟང་ངོ་ཞེས་བྱ་བར་ཤེས་པར་བྱའོ། །ཞུས་པ་ལ་ལ་ལས་ནི་གཞུང་འདི་སྐད་དུ། དགེ་སློང་གི་ཕྱིར་ ཁྱིམ་པ་དག་གི་ཆོས་གོས་འཐག་ཏུ་བཅུག་པ་ལ་དགེ་སློང་དེ་འང་ཉེ་བར་འགྲོ་ཞིང་བྱེ་བྲག་ཏུ་འབྱེད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། བདག་ཉིད་ཀྱིར་སྒྲུབ་པའི་ཆེད་དུ་མ་ཡིན་པར་མཛའ་བ་ཙམ་གྱིས་ཉེ་བར་འགྲོ་བ་གང་ཡིན་པ་དེ་ལས་འདིར་ཉེས་བྱས་སུ་ གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཡང་བསམས་པའི་ཕྱིར་ལ། མ་བསམས་པའི་ཕྱིར་ཡང་ལྟུང་བ་མི་སློང་བའི་ཕྱིར་རོ་ཞེས་ཟེར་རོ། །འདིར་ཡང་བྱེ་བྲག་ཏུ་འབྱེད་པ་ཞེས་བྱ་བའི་སྒྲས་ནི་ཁྱད་པར་ཏེ། ཆོས་གོས་ཀྱིས་ཐ་དད་པ་ཡིན་ པར་ཤེས་པར་བྱ་བའི་བདག་གི་ཕྱིར་ཆོས་གོས་འཐག་གོ་སྙམ་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ཏེ། དེ་མེད་ན་བསམས་པའི་ཕྱིར་ཉེས་བྱས་སུ་སྨོས་པ་མི་རུང་བའི་ཕྱིར་རོ། །དེ་བས་ན་བྱེ་བྲག་ཏུ་འབྱེད་པ་མི་བྱེད་པ་ཞེས་བྱ་བ་འདིར་བདག་གི་ཕྱིར་ཆོས་གོས་འཐག་གི་ཀྱེ་མ་བདག་དེར་སོན་དང་ཆོས་གོས་དེ་ཤིན་ཏུ་ བཟང་པོར་འགྲུབ་པར་འགྱུར་རོ་སྙམ་ནས། དེའི་དོན་དུ་སོང་ལ་བྱེ་བྲག་ཏུ་འབྱེད་པར་མི་བྱེད་དེ། ཆོས་གོས་ཁྱད་པར་དུ་བྱ་བའི་ཕྱིར་མི་འཇུག་ཅིང་ཆོས་གོས་ཐ་དད་པ་ཉིད་དུ་བྱ་བ་དང་། ཆོས་གོས་ཕུལ་དུ་དབྱུང་བར་བྱ་བའི་ཕྱིར་མི་སློང་ངོ་ཞེས་བྱ་བའི་དོན་འདི་ནི་རྣམ་པར་གནས་པས་ཉེས་བྱས་འདི་ ནི་སྦྱོར་བ་ལས་བྱུང་བར་བཤད་པ་ཡིན་ནོ། །འདི་ནི་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལྟ་མ་ཡིན་ན་ལེན་པ་ལྟུང་བ་སློང་བར་ཡང་ཐལ་བར་འགྱུར་ལ་བསོད་སྙོམས་ལ་རྒྱུ་བ་ལ་སོགས་པ་ལ་ལྟུང་བར་ཐལ་བར་འགྱུར་རོ། །ལྷག་པར་སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།ཆོས་གོས་བྱིན་ནས་བྱ་བ་ལ་ སོགས་པ་འདི་ལ་རང་གིས་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ཏེ། འདིར་གལ་ཏེ་རང་གིས་བྱིན་པ་ཡན་ལག་ཉིད་ཡིན་པར་གྱུར་ན་དེའི་ཚེ་རང་གིས་མ་བྱིན་པ་འཕྲོག་ན་ཤིན་ཏུ་ཡང་ཉེས་པ་འདིར་འགྱུར་དགོས་སོ། །དེ་ལྟ་བས་ན་འདི་ལ་རང་གི་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །འོན་ཀྱང་གླེང་གཞིའི་ དབང་གིས་གསུངས་ཏེ་ཞག་བདུན་པ་འབྲལ་བའི་སྤང་བ་ལ་དབྱར་གནས་པར་དམ་བཅའ་བ་ཕྱི་མ་ཉིད་ལྟ་བུའོ། །ཁྲོས་པ་ནི་འཁྲུགས་པ་ཆུང་ངུས་སོ། །འཁྲུགས་པ་ནི་འབྲིང་པོས་སོ། །རྔམ་པར་གྱུར་པ་ནི་ཆེན་པོས་སོ། །ཡང་ན་གོ་རིམས་བཞིན་དུ་ཁྲོས་པ་ལས་བྱུང་བའི་ལུས་དང་ཡིད་དང་ ངག་གི་འགྱུར་བ་ཡིན་པར་ཤེས་པར་བྱའོ། །ཡི་མ་རངས་པ་ནི་གནོད་པ་བྱ་བར་ཞུགས་པའོ། །འཕྲོག་གམ་ཞེས་བྱ་བ་ལ་སོགས་པ་འདིས་ནི་རང་གི་ཡིན་པའི་འདུ་ཤེས་ཀྱིས་འཕྲོག་ན་ལྟུང་བ་འདིར་གསུངས་སོ། །དེ་ལྟ་མ་ཡིན་ན་ཕམ་པར་ཐལ་བར་འགྱུར་རོ། །ཁྲོས་ཞེས་སྨོས་པ་ནི་འདིར་ འབྱུང་བའི་དབང་གིས་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། གཞི་མེད་པར་སྐུར་བ་འདེབས་པ་དང་འདྲའོ། །འོན་ཀྱང་རླུང་སེམས་མེད་པར་རང་གིར་བྱེད་པ་དང་འབྲལ་བར་བྱེད་པ་ལ་ལྟུང་བ་འདི་ཡིན་ནོ། །འམ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ལུས་ཀྱི་ལས་བྱས་ནས། ངག་གི་ལས་དགེ་སློང་ ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་བྱིན་ཅིག་ཅེས་བྱ་བ་ནི་ཁྱེར་ཏེ་ཤོག་ཤིག་པ་སྟེ། འོན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བརྒྱ་ཞིག་ལ་འཕྲོག་པར་བྱེད་པའི་དགེ་སློང་དེའི་ཆོས་གོས་དེ་སྤྱད་དེ་ཟད་ན་སྤང་བའི་དུས་སུ་ཇི་ལྟར་སྤང་བར་བྱ་ཞེ་ན། ལྷག་མ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ ཅེས་བྱ་བའི་སྒྲ་ནི་བདོག་པ་བརྗོད་པ་ཡིན་ནོ། །ན་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བ་བརྗོད་པ་ཡིན་ཏེ། དེ་ནི་སྲིན་ལ་སོགས་པས་ཟོས་པ་དང་སྤྱད་དེ་རྙིངས་པའི་ལྷག་རོལ་དུམ་བུར་གྱུར་པ་ཡོད་པ་གང་ཡིན་པ་དེའང་སླར་སྦྱིན་པར་བྱ་སྟེ། མ་བྱིན་ན་ཉེས་བྱས་སོ། །དོན་ནི་འདི་ཡིན་ཏེ། དེ་ལ་ཆོས་གོས་སྤྱད་པའི་ལྷག་ རོལ་ཡོད་པ་གང་ཡིན་པ་དེ་ཡང་དགེ་སློང་དེ་ལ་ཕྱིར་སྦྱིན་པར་བྱ་བ་སྟེ། དེ་ལྟ་བུའི་ཚུལ་དུ་འདིར་སྤང་བར་བྱའི། སྤྱད་དེ་ཟད་པ་དང་འདྲ་བར་སྦྱིན་པར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་སྤང་བར་འགྱུར་ཞེ་ན། བཏང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཆོས་གོས་དེ་ལུས་ལས་ བཏང་ཞིང་བྲལ་བར་གྱུར་པ་དེའི་ཚེ་སྤང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འབྲལ་བ་ནི་འདི་ལྟར་བྱ་སྟེ། གང་གི་ཚེ་འཕྲོག་པར་བྱེད་པའི་དགེ་སློང་གིས་ཆོས་གོས་དེ་དགེ་སློང་གི་ལུས་ལས་ཕྲལ་བར་གྱུར་ཅིང་ལོགས་ཤིག་ཏུ་བྱས་པ་དེའི་ཚེ་འདི་ལ་འཕྲོག་པའི་ལྟུང་བ་ འབྱུང་ངོ་། །སྤོང་བ་བྱེད་པ་ནི་ཆོས་གོས་སྤྱད་པའི་ལྷག་རོལ་ཇི་ཙམ་ཞིག་ལུས་པ་དེ་ཁོ་ན་སླར་བྱིན་ནས་སྤང་བའི་ལྟུང་བ་སྦྱང་བར་བྱའི། སྤང་བ་གཞན་སྦྱང་བ་ལྟ་བུ་ནི་མ་ཡིན་ནོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་འདི་ནི་མཚན་ཐ་དད་པར་ བྱས་པའི་ཕྱིར་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་ན་ཡང་དེ་ཉིད་དུ་ཤེས་པར་བྱའོ། །འཕྲོག་པའི་སྤང་བ་གཏན་ལ་དབབ་པའོ།། །།དགེ་སློང་གིས་ཞེས་བྱ་བ་ནི་ཆོས་གོས་སྦེད་པ་སྟེ། དགེ་འདུན་རྣམས་ཀྱིས་བཏད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་ཆོས་གོས་སྦེད་པ་ལ་བསྐོས་ན་དེ་ཁོ་ན་ ལྟུང་བར་བྱེད་པ་བསྟན་པའི་ཕྱིར་ཆོས་གོས་སྦེད་པའི་དགེ་སློང་བསྐོས་ནས་ལྟུང་བ་མེད་པར་འགྱུར་རོ། །གང་ལ་ཆོས་གོས་སྦེད་པ་མ་བསྐོས་པ་དེ་ནི་དགེ་འདུན་ཁོ་ན་ལ་ལྟུང་བར་བརྗོད་པའི་ཕྱིར་དེ་དག་གི་ནང་ནས་དམིགས་ཀྱིས་གཅིག་ཁོ་ན་ལྟུང་བར་འགྱུར་བ་ནི་མ་ཡིན་ཏེ། རྙེད་པ་དགེ་འདུན་ཐམས་ ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་བརྟད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་དགེ་སློང་གིས་ཞེས་སྨོས་པ་ནི་གནས་གཅིག་ན་དགེ་སློང་འགའ་ཞིག་གནས་པའི་དབང་དུ་མཛད་པ་ཡིན་ནོ་ཞེས་ཟེར་རོ། །སྟོན་ཟླ་ཐ་ཆུངས་ཉེར་བཞི་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་ དྲུག་དང་ཉེ་བར་འདུག་པ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔར་ཞེས་བྱ་བའི་ཐ་ཚིག་གོ། །ཞག་བཅུ་མ་ཚང་བ་ཞེས་བྱ་བ་ནི་ཞག་བཅུ་མ་ལོན་པ་དེ་ཞག་བཅུས་བར་དུ་ཆོད་པ་ཞེས་བྱ་བའི་དོན་ཏོ། །སྟོན་ཟླ་ཐ་ཆུངས་ཉ་ནི་དབྱར་ཕྱི་མར་གནས་པར་དམ་བཅས་པ་རྣམས་ཀྱི་དགུན་ཟླ་ར་བ་ཉའི་དཔེ་སྟེ། དེ་ སྐད་དུ་ཡང་ཉེལ་འཁོར་ཇི་ལྟར་གནས་བར་དམ་བཅས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ནི་ཕོངས་པའི་དུས་ཀྱི་གོས་ཏེ་ནད་པ་དང་དེའི་ཆེད་དང་འཆི་བ་དང་དེའི་ཆེད་དང་། འགྲོ་བའི་སྦྱིན་པའི་བྱེ་བྲག་གིས་རྣམ་པ་ལྔ་པོ་ཞེས་བྱ་བའི་ ཐ་ཚིག་གོ། །བླང་བར་བྱ་བ་ནི་བདག་གིར་བྱ་བ་ཡིན་གྱི་བགོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བླངས་ནས་ཆོས་གོས་སྦྱིན་པ་དུས་ཀྱི་ཚེའི་བར་དུ་འཆང་ངོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་བགོ་བར་བྱ་བ་ཡིན་ན་ཅི་སྟེ་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེའི་བར་དུ་བཅང་བར་གསུངས་ཏེ། བཅང་ བ་ཅུང་ཟད་ཀྱང་མི་དགོས་པའི་ཕྱིར་རོ། །དེ་ལ་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེ་ནི་དབྱར་གྱི་དུས་ཟླ་བ་གསུམ་གྱི་ཚད་ཀྱི་དགག་དབྱེའི་རྗེས་སྟོན་ཟླ་འབྲིང་པོའི་མར་གྱི་ཉི་མ་དང་པོ་ཚེས་སུ་གྱུར་པའམ། སྟོན་ཟླ་ཐ་ཆུངས་མར་གྱི་ཉི་མ་དང་པོའི་ཚེས་སུ་གྱུར་པའི་ཚེས་གཅིག་ནི་བགོ་བའི་དུས་སོ། ། དེ་རང་གི་ངོ་བོའི་ཚེའོ། །དེ་ནི་ཆོས་གོས་བྱིན་པའི་དུས་ཏེ་དེ་ཕྱིན་ཆད་ནི་དུས་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགེ་སློང་གི་ཆོས་གོས་བཙལ་བའི་དུས་གང་ལགས། སྲ་བརྐྱང་མ་་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོའི་བར་དང་། སྲ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ། དགུན་ཟླ་ཐ་ཆུངས་ཀྱི་བར་འདི་ནི་དགེ་སློང་གི་ཆོས་གོས་སྦྱིན་པའི་དུས་མ་ཡིན་ནོ། །ལྷག་མ་ནི་དུས་ཡིན་ནོ་ཞེས་གསུངས་སོ། །འདིར་ནི་གནས་པར་ཁས་ལེན་པ་ཕྱི་མ་ངེས་པར་མཛད་ནས་སྟོན་ཟླ་འབྲིང་པོའི་བར་དུས་མ་ཡིན་པར་གསུངས་སོ། །འདིར་གནས་པར་ཁས་ལེན་པ་དང་ པོ་རྣམས་ཀྱི་དུས་ནི་སྟོན་ཟླ་ར་བའི་བར་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། འདིར་ནི་རྣམ་པར་དབྱེ་བར་མཛད་པའི་ཕྱིར་རོ། །འདས་པར་འཆང་ན་ཞེས་བྱ་བ་ནི་ཐམས་ཅད་དུ་དུས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་དགག་དབྱེ་མ་བྱས་པ་དང་། དངོས་གཞིའི་དགག་དབྱེ་ཚུན་ཆད་དབྱར་ གྱི་ནང་ལོགས་སུ་བརྟད་པ་ལས་བྱུང་བའི་ཆོས་གོས་བགོ་བར་མི་བྱའོ་ཞེས་གསུངས་པའི་ཕྱིར། བརྟད་པ་ལས་བྱུང་བའི་ཆོས་གོས་ཀྱི་སྤང་བ་གཏན་ལ་དབབ་པའོ།། །།གནས་མལ་དགོན་པ་ནི་དགོན་པའི་གཙུག་ལག་ཁང་ངོ་། །དོགས་པ་དང་བཅས་པར་གྲགས་པ་ནི་གང་དག་ཏུ་ ཆོམ་རྐུན་ལ་སོགས་པའི་འཇིགས་པ་ནི་མ་བྱུང་ལ་དོགས་ནི་དོགས་པ་སྟེ། དོགས་པ་ཡོད་པ་ནི་དོགས་པ་དང་བཅས་པའོ། །དེ་ལྟ་བུ་ཉིད་དུ་གྲགས་པ་ནི་དོགས་པ་དང་བཅས་པར་གྲགས་པའོ། །དེ་དག་དུས་ཏེ་དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །འཇིགས་པ་དང་བཅས་པར་ གྲགས་པ་ནི་གང་དག་ཏུ་སེང་གེ་ལ་སོགས་པའི་འཇིགས་པ་ལན་ཅིག་བྱུང་བའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ལ། འཇིགས་པ་ཐ་དད་པ་ནི་གང་དག་ཏུ་འཆི་བའི་རྒྱུ་མཚན་སྦྲུལ་དང་སྡིག་པ་ལ་སོགས་པ་ལན་ཅིག་མ་ ཡིན་པར་འབྱུང་བའོ། །འཇིགས་སུ་རུང་བ་ནི་ཀུན་དུ་འཁྲུག་པའི་རྒྱུ་མཚན་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་སྟེ། སྔ་མ་རྣམས་སྐྲག་པར་བྱེད་པའི་ཕྱིར་རོ། །གང་དག་ལ་འཇིགས་པ་ཐ་དད་པ་དང་འཇིགས་སུ་རུང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བ་ ནི་དབྱར་གནས་པར་ཁས་ལེན་པའི་དབྱར་ཕྱི་མར་གྱུར་པ་ལ་གསུངས་མོད་ཀྱི་འོན་ཀྱང་ལྟུང་བ་བསྟན་པ་ལས་འདི་ཡན་ལག་ཉིད་དུ་རྟེན་པ་མེད་པའི་ཕྱིར་འདི་ཡན་ལག་ཉིད་ནི་མ་ཡིན་ནོ། །དེ་སྐད་དུའང་ཇི་ཙམ་དུ་དགེ་སློང་དགོན་པ་པ་ཞག་དྲུག་ལས་འདས་པར་ཆོས་གོས་གསུམ་པོ་དག་ལས་ཆོས་ གོས་གང་ཡང་རུང་བ་ཞིག་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ། འདི་ནི་འདིའི་ཡན་ལག་ཉིད་ཡིན་པ་མེད་དོ་ཞེས་བསྟན་ཏོ། །ཅི་སྟེ་གལ་ཏེ་ལྟུང་བ་བསྟན་པ་ལས་འདི་ལ་བརྟེན་པ་མེད་ན་ཅིའི་ཕྱིར་མདོ་དང་རྣམ་ པར་འབྱེད་པ་དག་ལས་ཞེ་ན་གླེང་གཞིའི་དབང་གི་ཕྱིར་རོ། །གླེང་གཞིའི་དབང་གིས་ནི་ཡན་ལག་ཏུ་མ་གྱུར་པའི་དོན་རྣམས་སྨོས་པར་གྱུར་པ་ཡང་ཡོད་དེ། དཔེར་ན་བླ་མར་གྱུར་པ་སྨྲ་བ་ལ་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། ། དབྱར་ཕྱི་མར་གནས་པར་ཁས་བླངས་པ་རྣམས་གནས་བཞིན་དུ་འགྲོར་མི་རུང་གི་གཞན་དག་ནི་ཡིན་པས་དེའི་ཕྱིར་འདི་དག་ཁོ་ན་ལ་ཞག་དྲུག་གི་འབྲལ་བར་རྗེས་སུ་གནང་གི་གཞན་དག་དབྱར་ཕྱི་མར་གྱུར་པ་ཉིད་ཡན་ལག་ཁོ་ན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་གཞན་པ་ཡོད་པའི་ཕྱིར་རོ། །འདི་ ལྟར་འཇིགས་པ་དང་བཅས་པའི་གནས་ཡོངས་སུ་མི་བཏང་བ་ལ་ནི་རྒྱུ་དབྱར་ཕྱི་མར་གྱུར་པ་ཉིད་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། ལུས་གཟི་མདངས་ཉིད་དང་། ཆོས་ཀྱི་ལོངས་སྤྱོད་དང་ཟང་ཟིང་གི་ལོངས་སྤྱོད་དང་ གཙུག་ལག་ཁང་བསྐྱང་བ་དང་། གཙུག་ལག་ཁང་སྟོང་པ་ཉིད་ཡོངས་སུ་སྤང་བ་དང་། སྦྱིན་བདག་གི་དད་པ་ཉམས་པ་ཡོངས་སུ་སྤང་བ་ཡིན་ནོ། །འདོད་ན་ཞེས་བྱ་བ་འདིས་ནི་ཅི་དགར་ཟད་པ་སྟོན་པར་བྱེད་དོ། །ཆོས་གོས་གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་མཐང་ གོས་རྣམས་ལས་སོ། །ཁྱིམ་གྱི་ནང་དུ་གཞག་པར་བྱའོ་ཞེས་བྱ་བ་ནི་དགོན་པའི་གཙུག་ལག་ཁང་གི་ཉེ་སྤྱོད་དུ་གྱུར་པའི་གྲོང་ཉེ་བར་གཞག་པར་བྱ་བའི་ཐ་ཚིག་གོ། །དེ་དང་ཞེས་བྱ་བའི་ཁྱིམ་གྱི་ནང་དུ་གཞག་པའི་ཆོས་གོས་དེ་དང་ངོ་། །མཚམས་ཀྱི་ཕྱི་རོལ་ནི་དགོན་པའི་གནས་དང་ཆོས་ གོས་ཀྱི་རྟེན་གྱི་གནས་དེའི་ཉེ་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་དུ་གྱུར་པའི་མཚམས་གང་ཡིན་པ་སྟེ་དེར་རོ། །དེ་ལྟ་བུའི་རྐྱེན་ནི་དགེ་འདུན་གྱི་འམ་སངས་རྒྱས་ཀྱི་ཆེད་དོ། །ཞག་དྲུག་གི་མཐའ་ཚུན་ཆད་ནི་ཞག་དྲུག་ཁོ་ན་སྟེ། ཞག་བདུན་བར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ གོ། །བར་ཆད་བརྒྱད་ལས་ཞེས་བྱ་བ་ནི་བགེགས་བརྒྱད་ལས་ཏེ། དེ་དག་ཀྱང་རྒྱལ་པོ་དང་། མེ་དང་། ཆུ་དང་། ཆོམ་རྐུན་དང་། སེང་གེ་དང་། མི་མ་ཡིན་པ་དང་། མི་དང་། སྡིག་སྦྲུལ་ཞེས་བྱ་བའི་བར་ཆད་རྣམས་སོ། །འདི་དག་ཀྱང་སྲོག་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་ གྱུར་པའི་ནད་ལ་སོགས་པ་གཞན་དག་གི་དཔེ་ཡིན་ནོ། །ཁ་ཅིག་ནི་བདུན་པ་རེ་ཞིག་བསྙེན་པར་མ་རྫོགས་པར་བྱ་བ་ལ་སོགས་པས་བདུན་པ་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བསླབ་པའི་གཞི་འདི་ནི་བསྙེན་པར་རྫོགས་པ་ཁོ་ན་དང་འབྲེལ་པ་ཡིན་གྱི་བསྙེན་པར་མ་རྫོགས་པ་ རྣམས་ནི་བག་ཙམ་ཡང་ཁོངས་སུ་གཏོགས་པ་མེད་དོ། །དེ་ལྟ་བས་ན་འདོན་པ་འདི་ནི་ནོར་བ་བཤད་པས་འཕེན་པའི་དབང་གིས་སྒྲོ་བཏགས་པ་ཡིན་ཏེ། ཞག་བདུན་པའི་སྤང་བ་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་ སུ་གསུངས་པའི་འདུལ་བ་མདོར་བསྡུས་པར་གཏོགས་པ་ཡིན་ནོ། །དངོས་ཀྱི་ཚུལ་དུ་ནི་དགེ་སློང་མ་རྣམས་ལ་ཞག་དྲུག་འབྲལ་བའི་སྤང་བ་ཉིད་རྣམ་པར་མ་བཞག་པའི་ཕྱིར་རོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་དགོན་པར་གནས་པ་བཅོམ་ལྡན་འདས་ཀྱིས་བཀག་སྟེ། འདི་ལྟར་བུད་མེད་ རྣམས་ཀྱི་ལུས་ནི་ཟས་དང་སྐོམ་གྲུབ་པ་བཞིན་དུ་སྐྱེས་བུ་འཕྱོན་མ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དང་། ཉམ་ཆུང་བའི་ཕྱིར་དགོན་པར་གནས་ན་སྐྱེས་པས་གནས་པ་དང་། མངོན་པར་འགྲོ་བ་ལ་སོགས་པ་ཉེས་དམིགས་ཡང་དང་ཡང་དུ་འབྱུང་བ་ཁོ་ནར་འགྱུར་ བ་གང་ཡིན་པ་དེ་འདྲ་བ་ཡིན་ནོ། །དེ་མེད་ན་ཡང་དེར་གཏོགས་པའི་སྤང་བ་ཡང་རྣམ་པར་མི་གཞག་གོ། །གལ་ཏེ་ན་དགེ་སློང་མས་འདས་ཏེ་སྤྱོད་པར་ནི་མི་བྱེད་པས་དེའི་ཕྱིར་འདིར་གཏོགས་པའི་ཉེས་བྱས་སུ་གསུངས་ཏེ། མི་རུང་བའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །ཞག་བདུན་དུ་ འབྲལ་བའི་སྤང་བ་གཏན་ལ་དབབ་པའོ།། །།སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ན་ཞེས་བྱ་བ་ནི་དབྱར་ཟླ་ར་བའོ། །དབྱར་གྱི་གོས་རས་ཆེན་ནི་དབྱར་རྣམས་སུ་དགོས་པ་ནི་དབྱར་གྱི་རས་ཆེན་ཏེ། དབྱར་བགོ་བའི་གོས་སོ། །གོས་དེ་ཉིད་དུ་རུང་བ་དང་། ཁ་ཚར་གཅད་པ་དང་། ཁ་ དོག་ངན་པར་བྱས་པ་ནི་དབྱར་གྱི་གོས་ཞེས་བྱ་བའི་ཐ་ཚིག་གོ། །བཙལ་བར་བྱ་བ་ནི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་དག་ལས་བསླང་བའམ་དེའི་རིན་སྦྱིན་དུ་འཇུག་པའམ། དབྱར་གྱི་རས་ཆེན་སྦེད་པ་ལ་བསླང་བ་ལ་སོགས་པས་བཙལ་བར་བྱའོ། །དབྱར་དག་ཟླ་བ་ཕྱེད་ལུས་ པར་བྱས་ནས་བཅང་བར་བྱའོ་ཞེས་བྱ་བ་ནི་ཟླ་བ་བཞིའི་ཚད་གང་དག་ལ་ལྷག་མ་ཟླ་བ་ཕྱེད་དང་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་ཡོད་པ་དེ་དག་ནི་དབྱར་གྱི་ཟླ་བ་ཕྱེད་ལུས་པ་སྟེ། དེ་དག་བྱས་ན་བཅང་བར་བྱའོ། །དེ་ལ་དོན་ནི་འདི་ཡིན་ཏེ། དབྱར་གྱི་གོས་རས་ཆེན་ནི་བཙལ་ནས་དབྱར་ཟླ་བ་བཞིའི་ཚད་ལས་ཟླ་བ་ ཕྱེད་ལུས་པར་བྱས་པར་གྱུར་པ་ཇི་སྲིད་པ་དེ་སྲིད་དུ་བཅང་བར་བྱའོ། །གཞན་དག་ན་རེ་དབྱར་གྱི་གོས་རས་ཆེན་བཙལ་བའི་ཕྱིར་ཕྱི་མ་ཟླ་བ་བཞིའི་ཚད་དེ་དག་ཟླ་བ་ཕྱེད་ལུས་ནས་བཅང་བར་བྱ་བ་ཡིན་པར་དབྱར་གྱི་ཟླ་བ་བཞིའི་ཚད་ཟླ་བ་ཕྱེད་ལུས་པར་བྱས་ཤིང་ཟླ་བ་ཕྱེད་མ་ཚང་བར་བྱས་པར་གྱུར་པ་ཇི་ སྲིད་པ་དེ་སྲིད་དུ་བཅང་བར་བྱ་སྟེ། ཟླ་བ་ཕྱེད་འབའ་ཞིག་ལུས་པར་གྱུར་གྱི། གཞན་ནི་ཟད་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་འབྱེད་པ་ལས་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་དོ་ཞེས་གསུངས་སོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་དེའི་ སྔོན་རོལ་དུ་ཞེས་བྱ་བ་ནི་དབྱར་ཟླ་ར་བའི་སྔོན་རོལ་དཔྱིད་ཟླ་ཐ་ཆུངས་ལ་སོགས་པ་ལའོ། །དབྱར་གྱི་ཟླ་བ་དག་ཟླ་བ་ཕྱེད་ལུས་པར་བྱ་བའི་འོག་ཏུ་འཆང་ན་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པའི་དབྱར་གྱི་ཟླ་བ་བཞི་པོའི་ཚད་དེ་དག་ལས་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོས་མ་ཚང་བ་ཕྱེད་དང་བཞི་པའི་ ཚད་བཟླས་ཏེ། གལ་ཏེ་དུས་ཕྱི་མ་ཟླ་བ་བཞི་པ་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་དང་བཅས་ཏེ་འདའ་བར་བྱེད་ན་དེའི་ཚེ་འདི་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕོ་ཉ་ལས་ཞེས་བྱ་བ་ནི་བཙལ་ན་ཉེས་བྱས་ཆུང་ངུར་ཤེས་པར་བྱའོ། །ཚོལ་བ་སྔོན་དུ་འགྲོ་བའི་རྙེད་པ་འཆང་ན་ནི་ སྤང་བ་ཁོ་ན་སྟེ། འདི་འཆང་བ་གཙོ་ཆེའི་ཚོལ་བ་ནི་མ་ཡིན་ནོ། །དེའི་འོག་ཏུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཇི་ཙམ་དུ་དགེ་སློང་ཅུང་ཟད་ཤིན་ཏུ་རིངས་པར་ཚོལ་ཞིང་ཤིན་ཏུ་རིང་དུ་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ན་རེ་ ཚོལ་བ་དང་བཅས་པའི་འཆང་བ་ལྟུང་བ་བྱེད་པ་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཟེར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ནས། ཉེས་བྱས་སུ་གསུངས་པ་ནི་བག་ཙམ་འདྲ་བ་ལ་བརྟེན་པའི་ཕྱིར་དེའི་ཁོངས་སུ་གཏོགས་པར་ གྱུར་པ་སྟེ། འདུལ་བ་མདོར་བསྡུས་པ་ལས་གསུངས་པ་ཡིན་ནོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་རྙེད་པ་ཆུང་བའི་ཕྱིར་དབྱར་གྱི་རས་ཆེན་གྱི་བསླབ་པ་མ་བཅས་པ་མ་ཚང་བ་ནི་ཚད་དུ་མི་ལྡང་བ་སྟེ། དབྱར་གྱི་རས་ནི་སྲིད་དུ་ཁྲུ་དགུའོ། །ཞེང་དུ་ཁྲུ་གསུམ་དང་སོར་བརྒྱད་ཀྱི་ཚད་ ཡིན་པས་དེའི་ཕྱིར་འདི་ཡིན་ནོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱི་རས་ཆེན་རུང་བ་མ་ལགས་པ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་ཏུ་འཆང་ན་ནི་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། རུང་བ་མ་ལགས་པ་ ཞེས་བྱ་བ་ནི་མ་གཏོགས་པ་ལ་སོགས་པའོ། །ཟླ་བ་ཕྱེད་དང་ལྔའི་འོག་ཅེས་བྱ་བ་ནི་ཟླ་བ་གང་དག་ལ་སྔ་མ་ཟླ་བ་བྱེད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཟླ་བ་བཞི་པོ་ཕྱེད་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཚོལ་བའི་དུས་དང་བཅས་པའི་ཟླ་བ་བཞི་པོ་ཕྱེད་དང་བཅས་པའི་འོག་རོལ་ གྱི་དུས་སུ་འཆང་ན་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལས་ཀྱང་འདི་སྐད་དུ་དབྱར་གྱི་རས་ཆེན་དེངས་པ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་རོལ་དུ་འཆང་ན་ཉེས་བྱས་སོ། །དེ་བཞིན་དུ་དབྱར་གྱི་རས་ཆེན་སེང་རས་ཤིག་ཤིན་ཏུ་རིངས་ བར་ཚོལ་ན་ཉེས་བྱས་སོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། དེངས་པ་ནི་མི་སྲི་བ་སྟེ་ཟད་ལ་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །སེང་རས་ནི་སྲབ་མོར་བཏགས་པའོ། །དབྱར་གྱི་རས་ཆེན་གྱི་སྤང་བ་གཏན་ལ་དབབ་པའོ།། །།བསྔོས་པ་ནི་དགེ་འདུན་ ལ་དབུལ་བའོ་ཞེས་དེ་ལྟར་ངེས་པར་བྱས་པས་སོ། །རྙེད་པ་ནི་གོས་ཀྱི་རྙེད་པའོ། །ཤེས་བཞིན་དུ་བྱ་བ་ནི་བདག་ཉིད་ཀྱིས་རིག་པའམ། གཞན་དག་གིས་བསྟན་པའོ། །གང་ཟག་ལ་བསྒྱུར་དུ་འཇུག་ན་ཞེས་པ་ནི་སྒྲུབ་པར་བྱེད་ནའོ། །གང་ལ་ཞེ་ན་བདག་ལ་ཞེས་བྱ་ བ་གསུངས་ཏེ། བདག་ཉིད་ལ་བསྒྱུར་དུ་འཇུག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེ་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །བསྒྱུར་དུ་འཇུག་པ་ནི་ཉེས་བྱས་ཡིན་ལ་ཐོབ་ནས་ནི་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ཐ་དད་པའི་དགེ་འདུན་གྱི་རྙེད་པ་ཡིན་པའི་ཕྱིར་འདི་ཡིན་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་པ་ལའང་དེ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ། །གཉི་གའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་ དང་དགེ་སློང་མའི་དགེ་འདུན་ནོ། །དེ་ལ་འདིར་གཉིས་སུ་གསུངས་པ་ནི་མཚན་ཐ་དད་པའི་ཕྱིར་དང་། ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་མདོ་དང་རྣམ་པར་འབྱེད་པ་དང་ཞུས་པ་དག་ལས་དགེ་འདུན་ཉིད་ཀྱིས་ཁྱད་པར་མ་སྨོས་པའི་ཕྱིར་བདག་ཉིད་ལ་ཡོངས་སུ་བསྒྱུར་ན་ སྤང་བ་ཁོ་ནར་གསུངས་ཏེ། དེའི་ཕྱིར་འདི་དང་སྔ་མ་བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་ཐ་དད་པ་ལ་ཡང་སྤང་བ་ཁོ་ནས་བརྗོད་པར་བྱའོ་ཞེས་ཟེར་རོ། །བསྒྱུར་དུ་འཇུག་པའི་སྤང་བ་གཏན་ལ་དབབ་པའོ།། །།ཕན་པ་ནི་མཐུན་པ་དག་སྟེ། ནད་ཀྱི་ གཉེན་པོར་གྱུར་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་རླུང་གི་གཉེན་པོར་གྱུར་པ་ནི་ཏིལ་མར་རོ། །མཁྲིས་པ་ནི་ཞུན་མར་རོ། །བད་ཀན་ནི་སྦྲང་རྩིའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་དག་ཅེས་བྱ་བ་འདིས་ནི་སྨན་རྣམས་ལས་གང་གི་ཁོངས་སུ་གཏོགས་ པ་ཉིད་སྟོན་པར་བྱེད་དེ། དེས་ན་སྨན་གང་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་གསུངས་པ་དེ་དག་ཅེས་བྱ་བའི་ཐ་ཚིག་གོ། །བཀའ་སྩལ་པ་ནི་རབ་ཏུ་བསྟན་པའོ། །སྦྲང་རྩི་ནི་སྦྲང་མའི་སྦྲང་རྩིའོ། །བུ་རམ་གྱི་ལྦུ་བ་ནི་བུ་རམ་དང་། ཧྭགས་དང་། ཤ་ཁ་ར་ལ་སོགས་པའོ། །རང་གིས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི། ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་ལག་པ་གཡོན་པར་བཞག་ལ་ལག་པ་གཡས་པས་བཀབ་སྟེ། དགེ་སློང་ཞིག་གི་མདུན་དུ་འདུག་ལ་སྔ་དྲོ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་སོ། །ཞག་ བདུན་པར་ཞེས་བྱ་བ་ནི་ཞག་བདུན་པ་ཁོ་ནར་རོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཞེས་བྱ་བ་ལ་སོགས་པས་གསོག་འཇོག་ནི་གསོག་པར་བྱེད་པ་སྟེ། འདི་ལྟ་སྟེ། སྦྱིན་པ་དང་། ལེན་པ་དང་། སྦེད་པ་དང་། ཟ་བ་དང་། འཇོག་པ་དང་བྱི་དོར་བྱེད་པའོ། ། འདིས་ཡོངས་སུ་སྤྱོད་པར་བྱེད་པའི་ཕྱིར་དེ་ཉིད་ཡོངས་སུ་སྤྱོད་པ་ཡིན་ནོ། །གསོག་འཇོག་གིས་ཡོངས་སུ་སྤྱོད་པ་སྟེ། རང་གིས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཡོངས་སུ་ལོངས་སྤྱད་པར་བྱ་བ་ནི་རང་གིར་བྱས་ནས་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་འདིའི་དོན་ནི་འཆང་ན་ཞེས་བྱ་བ་ནི་ཡིན་གྱི། ཟ་ན་ཞེས་བྱ་བ་ནི་མ་ཡིན་ཏེ། སྤང་བ་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བཙུན་པ་སྨན་དགུང་བདུན་ལས་ཞེས་བྱ་བ་ལ་སོགས་པ་ལ་སྨན་མི་རུང་བ་ནི་མི་ཚིལ་ལ་ སོགས་པའོ། །མི་རུང་བ་དང་འདྲེས་པ་ནི་མི་ཚིལ་ལ་སོགས་པ་དང་འདྲེས་པའོ། །རུང་བ་ལ་ནི་བྱིན་གྱིས་བརླབས་པ་དང་། སྤང་བ་ཉིད་ཡིན་ན་དེ་ལ་ཡང་རུང་བ་ཉིད་མེད་པའི་ཕྱིར་སྤང་བ་མི་སློང་ངོ་། །འོ་ན་ཇི་ལྟར་ཞག་བདུན་འདས་པ་ཞེས་བྱ་ཞེ་ན། ལ་ལ་མི་ཤེས་བའམ་འདས་ནས་ ཀྱང་བྱིན་གྱིས་རློབ་པར་བྱེད་པས་དེའི་ཕྱིར་དེའི་དབང་དུ་མཛད་ནས་འདི་གསུངས་པར་རྣམ་པར་གནས་སོ། །སྤང་བར་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཤེས་པས་སྨྲས་པར་རིག་པར་བྱའོ། །འདི་ལྟར་མི་ལྟ་བར་སྤངས་པ་ཡང་ཕྱིར་ལེན་པའི་དུས་ན་ལྟ་ བ་དང་བཅས་ནས་ཉེས་བྱས་སུ་བཤད་དེ། མི་ལྟ་བར་ལྟ་བ་ལ་ལྟ་བ་དང་བཅས་ན་ཕྱེད་ཉིད་དོ། །ཤེས་བཞིན་དུ་མི་བླང་ངོ་ཞེས་འབྱུང་བའི་ཕྱིར་རོ། །སོག་འཇོག་བགྱིས་པ་ནི་གསོག་འཇོག་བྱས་པའི་ལྟུང་བྱེད་དུ་གཏོགས་སོ། །དུས་ལས་འདའ་བར་བྱེད་ན་ཞེས་བྱ་བ་ནི་ཉི་མའི་གུང་ལ་ སོགས་པ་ལས་སོ། །དུས་སུ་རུང་བའི་འབྲས་ཆན་ལ་སོགས་པ་སྟེ། ཉི་མ་ཕྱེད་ཀྱི་བར་དུས་སུ་སྤྱད་པར་བྱ་བ་དག་གོ། །ཐུན་ཚོད་དུ་རུང་བ་ནི་རྒུན་ཆུ་ལ་སོགས་པ་སྟེ། ཐུན་ཚོད་ཀྱི་དུས་སུ་སྤང་བར་བྱ་བ་དག་གོ། །དགུང་བདུན་པ་ནི་ཞུན་མར་ལ་སོགས་པ་སྟེ། ཞག་བདུན་གྱི་བར་ གྱི་དུས་སུ་སྤྱད་པར་བྱ་བ་དག་གོ། །ཇི་སྲིད་འཚོའི་བར་དུ་བཅང་བ་ནི་ཨ་རུ་ར་ལ་སོགས་པ་སྟེ། ཇི་སྲིད་འཚོའི་བར་གྱི་དུས་སུ་སྤྱད་པར་བྱ་བ་དག་གོ། །བདག་གིར་བགྱིད་པ་བྱིན་གྱིས་བརླབ་པའི་སྔགས་མེད་པར་རང་གིར་བྱེད་པའོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ ཞེས་བྱ་བ་ལ་སོགས་པ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་གསོག་འཇོག་མེད་དེ། འདི་ལྟར་འདི་དག་བྱིན་གྱིས་བརླབས་པ་ལ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པ་རྗེས་སུ་གནང་གི་གཞན་དག་ནི་མ་ཡིན་པས་དེའི་ཕྱིར་མི་རུང་ངོ་ཞེས་དེ་སྐད་དུ་གསུངས་སོ། །དེ་ལ་བྱིན་གྱིས་ བརླབས་པ་འབྲས་བུ་མེད་པའི་ཕྱིར་དུས་སུ་རུང་བ་ལ་བྱིན་གྱིས་བརླབས་པ་མེད་མོད་ཀྱིས། འོན་ཀྱང་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པའི་ཞར་ལ་འདི་དག་གི་ནང་དུ་འདུས་སོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་སྤངས་པའི་བྱིན་གྱིས་རློབ་ན་ཉེས་བྱས་སུ་གསུངས་པ་ནི་མི་རུང་ བ་བྱིན་གྱིས་བརླབ་པའི་ཕྱིར་རོ། །བྱིན་གྱིས་བརླབས་ནས་འདས་པར་ཞེས་བྱ་བ་ནི་གང་དང་གང་གིར་རང་གི་དུས་སུ་ཐུན་ཚོད་ཀྱི་བར་གང་ཡིན་པ་དེ་ལས་འདས་པར་རོ། །འདི་ཉིད་བསྟན་པའི་ཕྱིར་དུས་སུ་རུང་བ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡོངས་སུ་སྤྱད་ན་ཞེས་ བྱ་བ་ལ་སོགས་པས་ལྟུང་བྱེད་དུ་གསུངས་པ་ནི་སྤྱད་པའི་དུས་ལས་འདས་པའི་ཕྱིར་རོ། །འདིར་ཡང་བྱིན་གྱིས་བརླབས་པ་ལས་འདས་པར་ཞེས་གསུངས་པ་ནི། ཇི་སྲིད་འཚོའི་བར་དུ་བཅད་པ་མ་གཏོགས་པ་རྣམས་ལ་ཤེས་པར་བྱ་སྟེ། དེ་དག་ལ་བྱིན་གྱིས་བརླབས་པ་ལས་འདས་པ་མི་ སྲིད་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་སྤྱད་ན་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་བཅང་བ་མ་གཏོགས་པ་རྣམས་ཁོ་ན་ལ་ཤེས་པར་བྱའོ། །གལ་ཏེ་བྱིན་གྱིས་རློབ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་མི་རུང་བར་བྱིན་གྱིས་རློབ་པར་གཏོགས་པ་ཡིན་ནོ། །དགེ་ སློང་མ་ལ་ཉེས་བྱས་སུ་གསུངས་པ་ནི། གསོག་འཇོག་བྱས་པ་སྤྱོད་པར་གཏོགས་པ་ཡིན་ཏེ། བྱིན་ལེན་མ་བྱས་བཟའ་མི་བྱ། །དེ་བཞིན་གསོག་འཇོག་བཟའ་མི་བྱ། །ཞེས་འབྱུང་བའི་ཕྱིར་རོ། །ཞག་བདུན་པའི་སྤང་བ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་ རྣམ་པར་བཤད་པ་རིགས་པ་དང་། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།ཤེས་བཞིན་དུ་བརྫུན་སྨྲ་ན་ཞེས་བྱ་བ་ལ། ཤེས་བཞིན་ནི་མ་རིག་པའི་འདུ་ཤེས་ཉམས་སུ་མྱོང་བ་ཡིན་ནོ། །བརྫུན་ ནི་དོན་ཕྱིན་ཅི་ལོག་ཉེ་བར་སྟོན་པའོ། །སྨྲ་བ་ནི་བརྗོད་པ་སྟེ། ཤེས་བཞིན་དུ་དོན་གཞན་དུ་རྣམ་པར་གསང་བ་ལ་སླུ་བ་ལ་སོགས་པའི་ཆེད་དུ་གཞན་དུ་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བརྫུན་གྱི་ངོ་བོ་སྨྲ་བ་ནི་བརྫུན་སྨྲ་བའོ། །ཤེས་བཞིན་གྱི་བརྫུན་སྨྲ་བ་ནི་ཤེས་བཞིན་དུ་ བརྫུན་སྨྲ་བ་སྟེ་དྲུག་པར་ཚིག་བསྡུ་བའོ། །དེའི་ཕྱིར་ཞེས་གཏན་གྱི་ལྔ་པ་ཡིན་ནོ། །གཞན་ལ་ཡང་ལྟུང་བྱེད་དུ་གྱུར་པས་དེའི་ཕྱིར་བརྫུན་སྨྲ་ན་ཞེས་ཁྱད་པར་དུ་བྱས་ཏེ་འོག་མ་དག་ལ་ཡང་ཅི་རིགས་པར་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །བསླབ་པ་ཕུལ་བ་ཞེས་བརྗོད་པར་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་འབུལ་བའི་བསམ་པ་མེད་པའི་ཕྱིར་འདིར་གསུངས་ཏེ། འདི་ལ་ཉམས་པར་རྗོད་པར་བྱེད་པ་དགོས་ཀྱི་ཚིག་གི་ཁྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མི་སྨྲ་བ་ནི་ཅང་མི་སྨྲ་བའོ། །ཁས་ལེན་ན་ཞེས་བྱ་བ་ནི་ཁས་ལེན་པར་ བྱེད་ནའོ། །བརྫུན་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།མིའི་སྐྱོན་ནས་སྨྲ་བ་ནི་མིའི་ཡོན་ཏན་རིགས་དང་གཟུགས་ལ་སོགས་པ་བརྗོད་པར་འདོད་པས་དམན་པ་ཉིད་བརྗོད་པར་བགྱིད་ན་ཞེས་བྱ་བ་ནི་ཐ་སྙད་འདོགས་པའོ། །རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་ པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ཐ་དད་པའི་སྐྱོན་ནས་སྨྲ་བར་གཏོགས་པ་ཡིན་ནོ། །ཟ་མ་དང་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་དགེ་སློང་མའི་མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དུ་འདོད་དོ། །དེ་དག་གི་བསམ་པ་འདི་ཡིན་ཏེ། ཟ་མ་དབང་པོ་མེད་པ་ཡིན་ལ། དེའི་ ཡན་ལག་སྐྱེས་ནི་བཅད་པ་ལ་སོགས་པས་ཉམས་པ་བཞིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ཇི་སྲིད་ཅིག་ཏུ་འགྱུར་བ་མི་བསྟེན་པ་འདི་སྲིད་དུ་བསྐྲད་པར་མི་བྱའོ། །ནམ་ཞིག་འགྱུར་བ་དེའི་ཚེ་ནི་བསྐྲད་པར་བྱའོ་ཞེས་གསུངས་སོ། །འདིས་ནི་ཇི་སྲིད་དུ་འགྱུར་བ་མི་ བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ་དགེ་སློང་ཉིད་ཡིན་ན་ཡང་ང་འདི་ལ་དགེ་སློང་གཞན་བཞིན་དུ་རིགས་པར་ལྟུང་བ་རྣམས་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ནི་ཁྱད་པར་ཁས་མ་བླངས་པར་སྤྱིར་ཇི་ལྟར་མ་ནིང་དང་མཚན་གཉིས་པ་དག་སྡོམ་པ་དང་སྡོམ་པ་མ་ཡིན་པའི་ཞིང་ཉིད་མ་ཡིན་པ་ ལྟར་འདི་དང་འདྲ་བར་ཁྱིམ་པ་ལྟ་བུར་འདོད་དོ། །དེ་བས་ན་ཇི་ལྟར་འདི་དག་ཞིང་ཉིད་མ་ཡིན་ཞིང་ཐ་སྙད་དུ་རུང་བ་མ་ཡིན་པ་ལྟར་ཟ་མ་ཡང་དེ་དང་འདྲའོ། །དེའི་ཕྱིར་འདི་སྡོམ་པ་མ་སྐྱེས་པ་དང་འདྲ་བར་རྣམ་པར་གཞག་པ་ཤེས་པར་བྱ་སྟེ། ཇི་ལྟར་དགེ་སློང་མ་སུན་འབྱིན་པ་ལ་སོགས་པའི་མིའི་ སྐྱོན་ནས་སྨྲ་ན་ལྟུང་བ་ཆུང་ངུ་བྱེད་པ་ཉིད་ཡིན་པ་ལྟར་འདི་ཡང་དེ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །མིའི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།དགེ་སློང་ཕྲ་མ་བྱེད་པ་ནི་དབྱེ་བའི་བསམ་པས་དགེ་སློང་གི་ཡུལ་ལ་ཁྱོད་ལ་དགེ་སློང་ཆེ་གེ་མོ་འདི་ཞེས་བྱ་བས་འདི་དང་ འདི་སྨྲས་སོ་ཞེས་ཟེར་རོ། །གཞུང་རྒྱས་པར་ནི་ཕོ་ཉ་ལས་ཞེས་བྱ་བ་ལ་སོགས་པའོ། །ཕྲ་མའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་རོ། །རྩོད་པར་ནི་འགྱེད་པ་དང་། མི་གདམས་པ་དང་། ལྟུང་བ་དང་བྱ་བའི་རྩོད་པ་ཞེས་བྱ་བ་བཞི་པོ་ འཐབ་པའི་བྱེད་རྒྱུ་དག་གོ། །སྦྱངས་པ་ནི་ཉེ་བར་ཞི་བར་བྱས་སོ། །ཡང་ལས་ཀྱི་སྐྱོ་སྔོགས་བྱེད་པ་ནི་ཡང་ལས་བྱེད་པས་སྔར་བྱས་པའི་ལས་སྤོང་བར་བྱེད་པའོ། །གཞན་དག་ན་རེ་ལེགས་པར་མ་བྱས་པར་བརྗོད་པའོ་ཟེར་རོ། །གཞན་དག་ན་རེ་འདི་ལྟར་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་པ་ཞེས་བྱ་བ་ནི་ཡང་ ལས་བྱེད་དུ་འཇུག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་མདོའི་རྣམ་པར་བཤད་པའི་ཕྱིར་རང་གི་བློ་གྲོས་ཀྱི་དབུགས་ཀྱིས་བཤད་པ་ནི་དོན་མེད་དོ་ཞེས་ཟེར་རོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་གྱུར་པའི་རྩོད་པ་ལ་སྐྱོ་ སྔོགས་བྱེད་པའི་ཕྱིར་རོ། །དགེ་སློང་མ་མཚན་གྱུར་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །རྩོད་པ་ཆོས་བཞིན་དུ་སྦྱངས་པ་ནི་ལས་མ་ཉམས་པ་དང་། དགེ་སློང་དག་ལས་དེའི་ཚད་དུ་ཚང་བ་ཉིད་དང་ལས་བྱེད་པ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཆོས་བཞིན་ནོ། །བཟློག་པ་ནི་ ཆོས་བཞིན་མ་ཡིན་པའོ། །རྩོད་པའི་ཆོས་བཞིན་དུ་མ་སྦྱངས་པ་ཡིན་ལ་ཉེས་བྱས་སུ་གསུངས་པ་ནི་ཆོས་བཞིན་མ་ཡིན་པས་ཉེ་བར་ཞི་བར་བྱས་པ་ཡང་ཉེ་བར་ཞི་བ་ཉིད་ཡིན་པས་ཡང་དེ་ལ་སྐྱོ་སྔོགས་བྱེད་པ་བཀག་པའི་ཕྱིར་ཏེ་ཆོས་བཞིན་མ་ཡིན་པས་ཉེ་བར་ཞི་བ་ལ་ཡང་སྐྱོ་སྔོགས་མི་བྱའོ་ཞེས་ འབྱུང་བའི་ཕྱིར་རོ། །ཁྱིམ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་འདི་ལ་ནི་རྩོད་པ་ནི་སྤྱིར་འཐབ་པ་ཙམ་ཡིན་ནོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ཚིག་ལྔའམ་དྲུག་ལས་ལྷག་པ་ནི་ཚིག་དྲུག་པའི་ཆེད་ཀྱི་ཚིག་དང་། ཚིག་ལྔ་པའི་ཚད་ཀྱི་ཚིག་ལས་ལྷག་པ་སྟེ། དེ་ལ་ཚིག་དྲུག་པ་ནི་དཔེར་ན་མིག་མི་རྟག་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །ཚིག་ལྔ་པ་ནི་གཟུགས་མི་རྟག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །རིག་པའི་སྐྱེས་པ་ ནི་ཁོང་དུ་ཆུད་ཅིང་སྐད་བརྡ་ཕྲད་པའི་སྐྱེས་པ་སྟེ། དེ་དང་ཉེ་བས་བག་འཁུམས་པ་ཉིད་ཀྱིས་གནས་ངན་ལེན་སྨྲ་བའི་གོ་སྐབས་མེད་པའི་ཕྱིར་རོ། །ཕོ་ཉ་ལས་ཞེས་བྱ་བ་ནི་བློ་མ་བྱང་བའམ་རུང་བ་མ་ཡིན་པ་ལས་སོ། །གཞན་དག་ན་རེ་བུད་མེད་ལས་སོ་ཞེས་ཟེར་རོ། །དེ་ལྟ་ཡིན་ཏེ་ཕོ་ཉ་སྐྱེས་བུ་ ཉིད་དུ་གྲུབ་ན་ཡང་རིག་པའི་སྐྱེས་བུ་ཞེས་སྨོས་པ་དོན་མེད་པར་འགྱུར་རོ། །གཞན་དག་ན་རེ་ཕོ་ཉ་སྨོས་པ་ནི་བཤད་པ་འཕངས་པ་གསུངས་པར་ཟད་དེ། འདི་ཡན་ལག་མ་ཡིན་ནོ་ཞེས་ཟེར་རོ། །རུང་བ་བགྱི་བ་ནི་རིག་པའི་སྐྱེས་པའོ། །དབེན་པ་ལ་དབེན་པར་འདུ་ཤེས་པ་ནི་རིག་པའི་སྐྱེས་པ་ མེད་ན་བུད་མེད་ཡོད་དུ་ཟིན་ཀྱང་དབེན་པ་ཡིན་པར་ཤེས་པར་བྱ་སྟེ། བུད་མེད་དང་ལྷན་ཅིག་ཏུ་དབེན་པའི་སྐྱབས་ཡོད་པ་ན་ཞེས་གསུངས་པའི་ཕྱིར་རོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ལྟུང་བ་མེད་པར་གསུངས་པ་ནི་ཉེས་པ་མེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དགེ་སློང་མ་བུད་ མེད་ལ་ཆོས་སྟོན་པར་བྱེད་ན་མི་མཐུན་པ་མེད་པའི་ཕྱིར་རོ། །དགེ་སློང་མ་རྣམས་རིག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཆོས་སྟོན་པར་བྱེད་པ་ནི་ལྟུང་བ་འགའ་ཡང་མ་མཆིས་ཀྱི། འདི་རྣམས་དགེ་སློང་མ་ཟླ་མེད་པར་སྐྱེས་པ་ལ་ཆོས་སྟོན་ན་མིའི་ཆོས་བླ་མར་གྱུར་པ་བརྗོད་པ་དང་། ལྷན་ཅིག་ཉལ་བ་ལ་སོགས་པའི་ ལྟུང་བ་རྣམས་ཀྱང་བསྙེན་པར་མ་རྫོགས་པའི་གང་ཟག་བཞིན་དུ་འདི་ལ་ལྟ་བར་ཤེས་པར་བྱའོ། །འདི་ཉིད་ཀྱི་རྗེས་སུ་འབྲངས་ཏེ་འདིའི་གསོག་འཇོག་བྱས་པ་དང་བླངས་པ་དང་། ཕྱིས་བླངས་པ་ལ་སོགས་པ་གང་ཡིན་པ་དེ་གཞན་རང་བཞིན་དུ་གནས་པ་ལ་མི་འབྱུང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གང་ཟག་ བསྙེན་པར་མ་རྫོགས་པ་ཟ་མ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་ཏེ། མ་ནིང་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ལ་སོགས་པས་ལྟུང་བྱེད་དུ་གསུངས་པ་ནི་བསྙེན་པར་མ་རྫོགས་པ་ཁོ་ནའི་ ཕྱིར་རོ། །དགེ་འདུན་གྱི་དབྱེན་བགྱིད་པ་ཞེས་བགྱི་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པས་ཆོས་ལ་མ་གུས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །དེ་ཉིད་དུ་དགེ་སློང་དགེ་སློང་མ་དང་འདོན་ན་ཉེས་བྱས་སུ་འཆད་པར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་མགྲིན་གཅིག་ཏུ་ཆོས་འདོན་ པར་བགྱིད་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་བསྙེན་པར་རྫོགས་པའི་ཕྱིར་མགྲིན་པ་སྙོམས་ཏེ་ཚིག་འདོན་པར་བྱེད་ན་ལྟུང་བྱེད་དེ། འདི་ལྟར་འདོན་དུ་གཞུག་པ་དང་། འདོན་དུ་འབྱུང་བ་མ་གུས་པའི་ཕྱིར་རོ། །གུས་པ་ཉམས་པ་ཡོངས་སུ་སྤང་བའི་བསྙམས་ན་བསྙེན་པར་མ་རྫོགས་ པས་མ་གུས་པ་བྱས་པ་ཡང་མ་གུས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་ལ་དགེ་སློང་དང་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ་ཞུས་པ་ལས་འདི་སྐད་དུ་དགེ་སློང་གིས་དགེ་སློང་ལས་ཚིག་རེ་རེ་ནས་ཆོས་འདོན་དུ་སྩལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་འབྱུང་ སྟེ་འདིར་ཡང་ཚུལ་ནི་བཤད་མ་ཐག་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དགེ་སློབ་མ་ལ་སོགས་པས་བསྙེན་པར་མ་རྫོགས་པ་དང་མགྲིན་པ་སྙོམས་ཏེ་ཆོས་འདོན་པ་ཁྱིམ་པ་དང་ཡིན་པར་ཤེས་པར་བྱ་སྟེ། འོག་མ་གནས་ངན་ལེན་རྗོད་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །འདོན་ པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་གནས་ངན་ལེན་ནི་ངོ་བོ་ཉིད་དང་ཀུན་ནས་སློང་བ་དག་གི་ཉོན་མོངས་པ་ཅན་ཏེ། ཕམ་པ་དང་དགེ་འདུན་ལྷག་མའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱིས་གནང་བ་ནི་དགེ་འདུན་ གྱིས་རྗེས་སུ་གནང་བ་སྟེ། དགེ་འདུན་གྱིས་གནང་བ་ཐོབ་ནས་ཕམ་པ་དང་དགེ་འདུན་ལྷག་མ་དག་ཤེས་པའི་ཁྱིམ་དུ་བརྗོད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་དགེ་སློང་གིས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་ བྱའོ། །དེ་ལྟ་མ་ཡིན་ན་ཡང་བསྟན་པ་ཁོ་ནར་ལྟུང་བར་འགྱུར་ཏེ། དེ་ཡང་རིགས་པ་མ་ཡིན་ནོ། །འདི་སྐད་དུའང་ལྟུང་བ་བསྟན་པ་ལས་ཤེས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་དགེ་སློང་ལ་བརྟེན་པ་མཛད་དོ། །མི་ལ་མི་ཡིན་པར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་མི་མ་ཡིན་ པ་ལ་བརྗོད་ན་ཡང་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །ལྟུང་བའི་མཐའ་ནི་ལྟུང་བའི་ཚད་དོ། །བསྒོ་བར་བྱ་བ་ནི་ཁྱོད་ཀྱིས་ལྟུང་བ་འདི་སྙེད་ཅིག་བརྗོད་པར་བྱའོ། །ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཁྱིམ་གྱི་མཐའ་སྟེ། ཁྱིམ་འདི་སྙེད་ཅིག་ཏུ་བརྗོད་པར་བྱའོ་ཞེས་དེ་ལྟར་འདི་ལ་ཁྱིམ་ གྱི་མཐའ་བསྒོ་བར་བྱ་བ་ཡིན་ནོ། །ཁྱིམ་གྱི་མཐའ་མ་ཡིན་པ་ནི་ཁྱིམ་འདི་སྙེད་དུ་བརྗོད་པར་མི་བྱའོ། །གང་ཞིག་ཅེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་སྟེ། དེ་དང་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ་། །ལྟུང་བ་འབྱིན་པ་པོ་གང་ཞིག་ལྟུང་བ་རྔམས་མི་ཆེ་བ་དག་གིས་ཁྱིམ་ཚད་ཡོད་པ་དག་སུན་ འབྱིན་པ་དེ་དང་འབྲེལ་པའི་ལྟུང་བ་གང་དག་ཡིན་པ་དང་། ཁྱིམ་གང་དག་ཡིན་པ་དེ་དག་གིས་རྗོད་པར་བྱེད་པ་ལ་ལྟུང་བ་འདི་སྙེད་ཁྱིམ་འདི་སྙེད་ཅིག་ཏུ་བརྗོད་པར་བྱའོ་ཞེས་ཡོངས་སུ་ཆད་པར་བྱ་བ་ཡིན་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །རྔམས་ མི་ཆེ་བ་ནི་ཚད་དང་ལྡན་པའོ། །ཚད་མེད་པའི་ཚད་ནི་ཡོངས་སུ་ཆད་པ་མེད་པའི་ཕྱིར་རོ། །སུན་འབྱིན་པ་ནི་གནས་པ་དང་ལོངས་སྤྱོད་པ་དག་གིས་མ་དད་པ་སྐྱེད་པའི་ཕྱིར་རོ། །ཚད་ཡོད་པ་ནི་ཚད་ཡོངས་སུ་ཆད་པའི་ཕྱིར་རོ། །རྔམས་པོ་ཆེ་ནི་ཚད་མེད་པ་དང་ལྡན་པའོ། །དེས་ནི་ཞེས་བྱ་བ་ནི་རྗོད་ པར་བྱེད་པ་དགེ་སློང་གིས་སོ། །ལྟུང་བ་དེ་ཙམ་ཁོ་ན་ཞེས་བྱ་བ་ནི་དགེ་འདུན་གྱི་ལྟུང་བ་རྣམས་ཀྱི་ཚད་ཅི་ཙམ་ཞིག་བརྗོད་པར་བྱ་བའི་ཕྱིར་བསྟན་པའོ། །ཤེས་པའི་ཁྱིམ་དེ་ཙམ་ཁོ་ན་དག་ཏུ་ཞེས་བྱ་བ་ནི་ཁྱིམ་གང་དག་ཏུ་དེས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་ཤེས་པ་དེ་དང་ལྡན་པ་དེ་དག་ ཏུའོ། །དེ་ལས་ལྷག་པར་བརྗོད་ན་ཞེས་བྱ་བ་ནི་ཁྱིམ་གང་དག་ཏུ་དེས་བྱས་པའི་གནས་ངན་ལེན་གྱི་ལྟུང་བ་མི་ཤེས་པར་རོ། །ལྟུང་བྱེད་དུ་འགྱུར་བ་ཞེས་བྱ་བ་ནི་མི་ཤེས་པའི་ཁྱིམ་དུ་བརྗོད་པའི་ཕྱིར་རོ། །ཤེས་པའི་ཁྱིམ་ཐམས་ཅད་དུ་ཞེས་བྱ་བ་ནི་དེས་བྱས་པའི་ལྟུང་བ་ཤེས་པ་དང་ལྡན་པ་དག་ ཏུའོ། །ཁ་ཅིག་ནི་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་ཁོ་ན་ལ་ལྟུང་བའི་མཐའ་ཡང་བསྒོ་བར་བྱའོ་ཞེས་བྱ་བ་ལ་ཁྱིམ་གྱི་མཐའ་ཡང་བསྒོ་བར་བྱའོ་ཞེས་བྱ་བ་ལ་སོགས་པས་བརྗོད་ཅིང་འོག་མ་དག་ལ་ཡང་གང་ཟག་གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་བྱ་ལ་ཁྱིམ་གྱི་མཐའ་བསྒོ་བར་བྱ་བ་དེ་ལ་ནི་ལྟུང་ བ་དེ་ཙམ་ཁོ་ན་ཙམ་ཞེས་བྱ་བ་ལ་སོགས་པས་དྲུག་པའི་མཐའ་ཅན་དུ་ལྟུང་བ་འབྱིན་པར་བྱེད་པ་ཁོ་ན་ཡིན་པར་འདོན་ཅིང་འཆད་པར་ཡང་བྱེད་དོ། །དོན་འདི་ནི་འབྲེལ་པ་མ་ཡིན་ཏེ་འདི་ལྟར་གནས་ངན་ལེན་བརྗོད་པར་གཏོགས་པའི་ལས་ནི་གང་གིས་ན་མངོན་སུམ་དུ་བྱེད་པར་འགྱུར་བ་མངོན་སུམ་དུ་བྱ་བ་ནི་ མ་ཡིན་ནོ། །འོན་ཀྱང་འདིར་གྲགས་པ་ཡན་ལག་ཡིན་ཏེ། གྲགས་པ་ཙམ་གྱིས་ནི་འདི་བརྗོད་པར་བྱའོ། །འདི་ལ་ནི་ལྟུང་བ་འབྱིན་པར་བྱེད་པར་སྤྲོ་བ་བཞིན་དུ་དོན་དུ་གཉེར་བ་ཉིད་ཀྱིས་འཇུག་པ་ཡང་མ་ཡིན་གྱི། ཉེས་ན་འདི་ཕྱིར་གནོད་པར་བྱ་བའི་ཕྱིར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་དགེ་སློང་འཕྲལ་བ་ཅན་ གྱིས་རྗོད་པར་བྱེད་པ་ལ་གལ་ཏེ་འདི་ཁོ་བོ་ལ་རུང་ན་ཁྱོད་ཀྱི་མགོ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་འབྲུ་མར་གྱི་སྣོད་བཞིན་དུ་སྤྱད་པ་གང་ཡིན་པ་དེ་ཅིའི་ཕྱིར་མི་རུང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟ་བས་ན་འདོན་པ་དང་བཤད་པ་སྔ་མ་བཞིན་བཟང་སྟེ། བསྟན་པ་ལ་ཁ་ཟེར་བ་ཐམས་ཅད་དུ་ཡོངས་སུ་སྤང་ བའི་ཕྱིར་ནི་ཁྱིམ་དག་ཏུ་ཤེས་པར་བྱའོ། །བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་གཞན་གྱི་ཡིན་པ་མེད་པའི་ཕྱིར་ཏེ། བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་བཞིན་ནོ། །ལ་ལ་ལས་དགེ་སློང་གིས་གནས་ངན་ལེན་གྱི་ལྟུང་བ་ནི་མ་ནིང་ལ་ཞེས་བྱ་བ་ལ་ སོགས་པས་དགེ་སྦྱོང་ལ་ཐུག་པའི་བར་ལ་ཉེས་བྱས་སུ་འདོན། ལ་ལས་ནི་ལྟུང་བྱེད་དུ་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལ་ནི་བསྙེན་པར་མ་རྫོགས་པ་ཡན་ལག་ཉིད་དུ་རྣམ་པར་གཞག་པའི་ཕྱིར་དང་། འདི་ཡང་དགེ་སློང་གི་རྒྱུ་མཚན་ཅན་གྱི་ལྟུང་བ་རྣམས་ཀྱི་སྐབས་ཡིན་པའི་ ཕྱིར་རོ། །གཞན་ཡང་བསྙེན་པར་རྫོགས་པ་ལས་བརྗོད་པའི་ཕྱིར་ཁ་ན་མ་ཐོ་བ་འདིར་འགྱུར་ན་དགེ་སློང་མ་ལ་སོགས་པ་བསྙེན་པར་མ་རྫོགས་པ་མ་ཡིན་ནམ་ཅི་ན་ཡང་བརྗོད། དེ་བས་ན་འདི་ཐམས་ཅད་འོར་ལ་འདི་ལྟར་འདོན་པར་བྱ་སྟེ། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་ཟ་མའི་གནས་ ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ནིང་དང་མཚན་གཉིས་པ་དང་། ཁས་བླངས་པ་དང་། བསླབ་པ་བྱིན་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་གྱིས་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ། ། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་གི་དགེ་འདུན་གྱི་དབྱེན་བགྱིད་པའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས་ལྟུང་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པའི་དགེ་སློང་གི་ གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས་ལྟུང་བ་མེད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། དགེ་སློང་མ་ཟ་མའི་གནས་ངན་ལེན་གྱི་ལྟུང་བ་ཞེས་བྱ་བ་ནི་ཟ་མ་བྱས་པའི་ལྟུང་བ་ཟ་མ་དང་འབྲེལ་པ་སྟེ་དེ་ཞེས་བྱ་བའི་ཐ་ཚིག་གོ། ། དེའི་ལྟུང་བ་འདི་ཕམ་པ་དང་། དགེ་འདུན་ལྷག་མ་ཞེས་བྱ་བ་མིང་དུ་རྣམ་པར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གནས་ངན་ལེན་ཅེས་ཐ་སྙད་དུ་གདགས་སོ། །མ་ནིང་ལ་སོགས་པ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། འདི་ནི་སྡོམ་པ་མ་སྐྱེས་པའི་ཕྱིར་ཤེས་པར་བྱའོ། །དགེ་འདུན་གྱི་དབྱེན་ བྱེད་པ་ལ་སོགས་པ་དང་འབྲེལ་པའི་ལྟུང་བ་དག་བསྙེན་པར་མ་རྫོགས་པ་ལ་ཡང་ལྟུང་བྱེད་དུ་གསུངས་པ་འདི་དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་ཉིད་ཀྱིས་དགེ་སློང་ཉིད་མེད་པ་མ་ཡིན་པའི་ཕྱིར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་ ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།མིའི་ཆོས་བླ་མར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་དེར་ཕམ་པར་བརྗོད་ལ། དེ་ནི་ལྟུང་བྱེད་དུ་སྟོན་ཞེ་ན། བདེན་ན་ ཞེས་བྱ་བ་སྨོས་ཏེ་བདེན་ནའོ། །དེས་ན་བདེན་པའི་རྒྱུས་ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བདེན་དུ་ཟིན་ཀྱང་གདུལ་བ་མ་ཡིན་པའི་སེམས་ཅན་རྣམས་ལ་མི་སྲིད་པ་འཛིན་པ་ལ་སོགས་པ་ཉེས་པ་འབྱུང་བས་བཀག་གོ། །བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཕམ་པ་བསྟན་ པར་ནི་མི་བདེན་པ་ཡིན་ལ་འདིར་ནི་བདེན་པ་ཡིན་པས་འདི་དག་གི་ཁྱད་པར་ནི་དེ་ཡིན་ནོ། །སངས་རྒྱས་དང་སྟོན་པ་ཞེས་བྱ་བ་མ་གཏོགས་པ་ཞེས་བྱ་བ་ནི་བདག་ནི་སངས་རྒྱས་སོ། །སྟོན་པ་ཞེས་བྱ་བ་དེ་མ་གཏོགས་པ་ལྷག་མ་བརྗོད་པར་བྱ་བ་ཡིན་ནོ། །དེ་དག་ཡིན་པ་སྨྲས་ནས་ནི་ འདིས་མི་བདེན་པར་ནི་མི་བདེན་པ་ཁོ་ནར་སྨྲ་བར་གྱུར་ཏེ། འདི་ལྟར་འདི་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟུགས་ཀྱི་སྐུ་དང་སངས་རྒྱས་བྱེད་པ་དང་། སྟོན་པ་བྱེད་པའི་ཆོས་རྣམས་ཀྱི་བདག་ཀྱང་མེད་པའི་ཡང་དག་པའི་འདུ་ཤེས་ཉེ་བར་མི་གནས་པའི་ཕྱིར་ རོ། །དེ་བས་ན་མིའི་ཆོས་བླ་མར་གྱུར་པ་བརྗོད་པའི་ལྟུང་བྱེད་ལ་སངས་རྒྱས་དང་<སྟེན་‚སྟོན་>པ་ཞེས་བྱ་བ་བོར་ནས་ལྷག་མ་སློབ་པ་དང་མི་སློབ་པ་དང་། ཅི་ཡང་བ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་བདེན་པ་ཁོ་ནར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུས་པ་ལ་ལས་འདི་སྐད་དུ། བདེན་པ་མཐོང་བ་ དང་ལྟ་བ་ཕུན་སུམ་ཚོགས་པ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། བདེན་པ་མཐོང་བ་ནི་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ། །ལྟ་བ་ཕུན་སུམ་ཚོགས་པ་ནི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ལྟུང་བ་འདི་ནི་ མ་གུས་པ་ཡོངས་སུ་སྤང་བའི་ཕྱིར་གསུངས་ཏེ། འདི་ལྟར་མིའི་ཆོས་བླ་མར་གྱུར་པ་དང་ལྡན་པ་ཉིད་དུ་ཡིད་མི་ཆེས་པའི་ཕྱིར་རོ། །གང་ཟག་བདེན་པ་མཐོང་བ་ལ་ནི་ཉེས་པ་འདིའི་གོ་སྐབས་སུ་ཡང་མི་འགྱུར་ཏེ། འདི་ལྟར་མིའི་ཆོས་བླ་མར་གྱུར་པའི་ཡུལ་ཅན་གྱི་ལོག་པར་ལྟ་བ་དང་ཐེ་ཚོམ་རྣམས་གཏན་དུ་ སྤངས་པས་དེ་དང་ལྡན་པའི་གང་ཟག་སྲིད་པར་འཛིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དགོངས་པ་ནི་བདེན་པ་མཐོང་བ་བསྙེན་པར་མ་རྫོགས་པའི་མིའི་ཆོས་བླ་མར་གྱུར་པ་བརྗོད་ན་ལྟུང་བ་མེད་དོ་ཞེས་བྱ་བར་སྣང་ངོ་། །མིའི་ཆོས་བླ་མར་གྱུར་པ་བརྗོད་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །། ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་རྗེས་སུ་གནང་བ་བྱིན་པ་སྟེ་དད་པ་ཕུལ་ནས་ཞེས་བྱ་བའི་ཐ་ཚིག་གོ། །བཤེས་དེར་བྱས་ཏེ་ཞེས་བྱ་བ་ནི་བཤེས་པ་ནི་བཤེས་པ་སྟེ། བཤེས་ཤིང་འདྲིས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་དང་གང་དག་གང་ལ་བཤེས་པ་ནི་བཤེས་ངོའོ། །དེར་ཇི་ལྟར་བཤེས་བཞིན་ཞེས་ བྱ་བའི་ཐ་ཚིག་གོ། །རྙེད་པ་ནི་གོས་ཀྱི་རྙེད་པའོ། །གང་ཟག་ལ་ཞེས་བྱ་བ་ནི་ཡུལ་གཅིག་པའོ། །དངོས་པོ་ཞེས་བྱ་བ་ནི་བསྒྲུབས་པ་ནི་དེས་ན་གང་རྣམས་གང་དག་དང་བཤེས་ཤིང་ངོ་། །ཤེས་པ་དེ་རྣམས་ཀྱི་དེ་དག་གིས་གང་ཟག་ལ་བསྒྲུབས་སོ་ཞེས་བྱ་བའི་ཐ་ཚིག་སྟེ་འདི་ནི་བླ་བའི་ཕྱིར་རོ། །རེ་ཞིག་དགེ་སློང་གིས་ ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་རྙེད་པའི་མཚན་ཐ་དད་པའི་དགེ་འདུན་གྱི་ཡིན་པའི་ཕྱིར་ཏེ། དགེ་སློང་མ་ལ་དེ་དང་འདྲ་བར་ཤེས་པར་བྱའོ། །དེ་ལས་གཞན་པ་ནི་ཟས་ཀྱི་རྙེད་པ་ལ་སོགས་པའོ། །མངོན་སུམ་དུ་མ་བབ་པར་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི། སྔར་དད་པ་ཕུལ་བ་མེད་པའི་ཕྱིར་རོ། །སྐུར་བ་འདེབས་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ངོ་། །སོ་སོར་ཐར་པ་ནི་སྡིག་པ་ལས་དང་པོར་ཐར་བའི་ཕྱིར་རོ། །དེ་ཉིད་མདོ་ཡིན་ཏེ་དོན་སྨོས་པའི་ཕྱིར་རོ། །དེ་ གདོན་པ་ནི་སྨྲ་བའོ། །དེ་གདོན་པ་ན་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་སྨྲ་བ་སྟེ། བརྗོད་པ་ནི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཞེས་བྱ་བ་ནི་རིགས་གཞན་བསྟན་པའི་ཕྱིར་རོ། །འགྱོད་པའི་ཕྱིར་གདུང་བ་སྟེ་འདི་ནི་འགྱོད་པའི་རྣམ་པ་ཆུང་ངུ་བསྟན་པ་ཡིན་ནོ། །མ་དགའ་བ་ནི་མཚོན་ཆའི་སོ་བཞིན་དུ་སེམས་ལ་ གནོད་པར་བྱེད་པ་སྟེ། འདི་ནི་འགྱོད་པ་འབྲིང་བསྟན་པ་ཡིན་ནོ། །གནོད་པ་ནི་ཁྱད་པར་དུ་སེམས་ལ་གནོད་པ་བྱེད་པ་སྟེ། འདི་ནི་འགྱོད་པ་ཆེན་པོ་བསྟན་པའི་ཕྱིར་རོ། །རྣམ་པར་ཐོ་འཚམས་པ་ནི་རྣམ་པར་འཚེ་བ་ཆེས་ཁྱད་པར་དུ་འཕགས་པ་སྐྱེད་པར་བྱེད་པ་སྟེ། འདི་ནི་འགྱེད་པའི་རྣམ་པ་ཆེས་ཆེན་པོ་ བསྙད་པ་ཡིན་ནོ། །ཡིད་ལ་གཅགས་པ་ནི་མཆོག་ཏུ་སེམས་ཞུམ་པར་བྱེད་པ་སྟེ། འདི་ནི་འགྱོད་པའི་རྣམ་པ་ཆེས་ཤིན་ཏུ་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལྟར་འདི་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེས་ཆེན་པོ་དང་ཆེས་ཤིན་ཏུ་ཆེན་པོའི་བྱེ་བྲག་གིས་སེམས་ཀྱིས་འགྱོད་པའི་རྒྱུ་དག་བཤད་པ་ཡིན་ནོ། ། འགྱུར་བ་ནི་རྒྱུའི་དངོས་པོར་འགྱུར་བའོ། །བསླབ་པའི་གཞིས་ཞེས་བྱ་བ་ལ་བསླབ་པ་ནི་ཉོན་མོངས་པ་སྤོང་བའོ། །དེའི་གཞི་ནི་རྟེན་ཏོ། །ཚུལ་ཁྲིམས་ལ་བརྟེན་ཏེ་ཉོན་མོངས་པ་སྤོང་བ་བསྒྲུབ་སྟེ། འདུལ་བ་ལས་ཉེ་བར་བསྟན་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །ཕྲན་ཚེགས་ནི་སོ་སོར་བཤགས་པར་བྱ་བར་ འགྱུར་བའི་ལྟུང་བྱེད་རྣམས་སོ། །རབ་ཏུ་ཕྲ་བ་ནི་ཉེས་བྱས་སུ་གྱུར་པ་དག་གོ། །ཡང་ན་ཕྲན་ཚེགས་ཞེས་བྱ་བའི་སྒྲ་ནི་ཕྲ་མོ་རྣམ་གྲངས་ཡིན་ཏེ། དེས་ན་ཇི་ཙམ་དུ་ཕྲན་ཚེགས་རབ་ཏུ་ཕྲ་བ་ཞེས་བཤད་པ་དེ་ཙམ་དུ་ཕྲ་བ་ཞེས་བཤད་པ་ཡིན་ནོ་ཞེས་བཤད་པའི་ཐ་ཚིག་གོ། །འདོན་པ་དག་གིས་ཞེས་ བྱ་བ་ནི་བསྙད་པ་དག་གིས་སོ། །དེ་སྐད་ཅེས་བྱ་བའི་སྒྲ་ནི་མ་སྨོས་པ་བསྡུ་བའི་ཕྱིར་རོ། །བསླབ་པ་ཁྱད་དུ་གསོད་ན་ཞེས་བྱ་བ་ནི་བསླབ་པ་རྣམས་དང་མི་མཐུན་པར་བྱེད་ན་སྟེ། འགལ་བར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ ཐ་དད་པའི་ཕྱིར་ཏེ་དགེ་སློང་མ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །སྤྲུལ་པ་ནི་ལྷ་ལ་སོགས་པ་སྟེ་འདི་ནི་ཐ་སྙད་དུ་མི་རུང་བའི་ཕྱིར་རོ། །བསླབ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ས་བོན་གྱི་ཚོགས་ནི་རྩ་བའི་ས་བོན་ལ་སོགས་པའི་ཡོ་བྱད་དོ། །འབྱུང་པོའི་གནས་ནི་འབྱུང་ པོ་སྦུང་བ་དང་ཕྱེ་མ་ལེབ་དང་བྱ་ལ་སོགས་པའི་གནས་ཤིང་ལ་སོགས་པ་ལ་སྐྱེ་བ་སྟེ། སྐྱེ་བ་ཡང་ས་བོན་ཉིད་དང་ཐ་མི་དད་པས་ལྷུང་བ་གཅིག་ཏུ་བཅས་སོ། །འཇིག་གམ་འཇིག་ཏུ་འཇུག་པ་ནི་གོ་རིམས་བཞིན་དུ་རང་བཞིན་གྱི་ལག་པ་དག་གིས་འབྱིན་པ་དང་སྐྱེལ་བ་དང་། གཅོད་པ་དང་འཇོམས་ པ་ལ་སོགས་པས་མ་རུང་བར་བྱེད་པའོ། །རྫུ་འཕྲུལ་གྱིས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་མོས་ན་ཞེས་བྱ་བ་ནི་འདོན་ན་སྟེ། རྫུ་འཕྲུལ་ནི་དགེ་བའི་ཕྱིར་ལྟུང་བ་རྣམས་ཀྱི་ཞིང་མ་ཡིན་པ་དེའི་ཕྱིར་དེ་ཤེས་པར་བྱའོ། །ཁ་ཅིག་ནི་འདི་སྐད་དུ། བཙུན་པ་རེ་ཞིག་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ འགུམས་ན་ཅིར་འགྱུར་ལགས་ཉེས་བྱས་ཞེས་འདོན་ཏོ། །འདུལ་བ་འཛིན་པ་རྣམས་ན་རེ་འདོན་པ་འདི་ནི་རུང་བ་མ་ཡིན་ཏེ། འདི་ལྟར་གནོད་སེམས་ཀྱི་རྣམ་པ་ཉིད་ཡོད་ན་ནི་དངོས་གཞི་ཁོ་ནར་རྣམ་པར་གཞག་གོ། །མེད་ན་ནི་ལྟུང་བ་ཡང་མེད་ན་ཇི་ལྟར་འདི་ལ་ཉེས་བྱས་སུ་འགྱུར་རོ་ཞེས་ཟེར་རོ། ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་འདི་ནི་ངག་མེད་པའི་ཕྱིར་ཡིན་ནོ། །རྡོའི་དྲག་པ་ནི་འདི་རྡོ་དྲེག་ཡིན་གྱི་རྡོ་གཅོག་པ་ནི་མ་ཡིན་ནོ། །ས་བོན་རྩ་བ་མ་ཟུག་པ་ནི་མྱུ་གུ་འཕངས་པ་ཙམ་སྟེ། འདི་ནི་རྩ་བ་མ་ཟུག་པའི་ཕྱིར་ཡིན་ནོ། །ལྡམ་སྔོ་བ་ནི་ས་ལྡམ་སྔོན་པོར་འདུག་པ་སྟེ། ས་ཞག་སྔོན་པོ་ ཞེས་བྱ་བའི་ཐ་ཚིག་གོ། །ལྡམ་སྐྱ་བ་ནི་བུམ་པ་དང་གོས་ལ་སོགས་པ་ལས་བྱུང་བའོ། །འདི་ནི་ཕྱེད་སྐྱེས་པའི་ཕྱིར་ཡིན་པར་རིག་པར་བྱ་སྟེ། ཕ་བ་དགོ་དགོ་དང་། ཤ་མོ་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཆུ་རྩ་ནི་རྩྭ་ཉ་ལྕིབས་དང་འདྲ་བ་ཞིག་སྟེ། ཉ་ལྕིབས་དང་ཆུ་རྩ་དག་གི་སྲོག་ནི་ཆུ་ ཡིན་བས་དེ་བས་ན་དེ་དག་ཕྱུང་བ་ཉིད་མ་རུང་བར་བྱས་པ་ཡིན་པས་དེའི་ཕྱིར་ལྟུང་བྱེད་འདིར་གསུངས་སོ། །སྲོག་ཆགས་རྣམས་ནི་བྱ་མ་གཏོགས་པ་རྣམས་ཏེ། དེ་དག་མིང་གིས་འཆད་པར་འགྱུར་རོ། །གནས་ནི་འདུག་གནས་སོ། །འབྱིན་པ་ནི་དྲུངས་ནས་འབྱིན་པའོ། །མ་རུང་བར་བགྱིད་པ་ནི་ཐམས་ཅད་དུ་འཇོམས་ པའོ། །ཚང་ནི་གནས་སོ། །འཇུག་པ་ནི་ཕྱིར་གློག་པའོ། །མ་རུང་བར་བགྱིད་པ་ནི་མེས་སྲེག་པའོ། །སྒོ་ང་དག་མ་ལྷགས་ན་དེའི་ཚེ་གཞིག་པར་བྱའོ་ཞེས་གསུངས་པའི་སྒོ་ང་མེད་པ་རྣམས་གཞིག་པར་བཅོམ་ལྡན་འདས་ཀྱིས་གནང་བ་མ་ཡིན་ནམ་ཞེ་ན། འདི་ལ་འགལ་བ་ མེད་དེ། འདི་ལྟར་དགེ་འདུན་གྱི་གནས་དག་ལ་ནི་དགེ་སློང་རྣམས་ལ་རང་གི་ཡིན་པའི་བློ་ཡོད་པས་དེ་ནས་ཚང་འཇིག་པ་ལ་བཅོས་ལེགས་པའི་བློ་ཡོད་ན་རྗེས་སུ་གནང་ངོ་། །གང་ལ་རང་གི་ཡིན་པའི་བློ་མེད་པ་དེ་ནས་འཇིག་པ་ལ་འདི་གཞག་གོ། །ཕ་བ་དགོ་དགོ་ནི་འབྲུག་གྲག་པའི་ཚེ་འབྱུང་བ་འཕྲུམ་འདྲ་ པའི་རྔད་ཅིག་གོ། །ཤ་མོ་ནི་ཤ་མོ་ཞེས་བྱ་བའི་རྔད་ཅིག་སྟེ། ཤ་མོ་ཁོ་ལུ་ཞེས་བྱ་བའི་ཐ་ཚིག་གོ། །རྙིས་པ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་ཤུན་པ་མི་རྙིས་པ་འཆུ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འདི་སྐད་དུ་ཡང་ཤུན་པ་སྙིང་པོ་དང་བཅས་ཏེ་འཆུ་ན་ལྟུང་བྱེད་ དུ་འགྱུར་རོ་ཞེས་གསུངས་ཏེ། མེ་ཏོག་ལ་སོགས་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་དགེ་སློབ་མའི་ཡུལ་ཅན་དུ་རིག་པར་བྱའོ། །དགེ་སྦྱོང་གི་ཡུལ་ཅན་ནི་མ་ཡིན་ཏེ། དེ་ལ་རྩྭ་གཅོད་པ་ནི་ཉེས་པ་རྣམ་པར་ གཞག་པས་སོ། །དགེ་སློབ་མ་ལ་ནི་རྣམ་པར་གཞག་པས་དེས་ནི་དེ་ལྟར་ཤེས་པར་བྱ་སྟེ། རྩྭ་སྔོན་གཅད་པར་མི་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཤིང་ནི་ལྗོན་པའོ། །ལེགས་པ་ནི་བཟང་བའོ། །མ་ཉེས་པ་ནི་ཉེན་མེད་པའོ། །ཉེས་བྱས་སོ་ཞེས་བྱ་བ་འདི་ནི་འདིར་ལྷངས་པོར་མ་སྨྲས་པའི་ཕྱིར་ཤེས་ པར་བྱའོ། །ཚི་གུ་ནི་རྒྱ་ཤུག་གི་ཚི་གུའོ། །མ་བཅོམ་པར་བྱ་བ་ནི་མ་ལྡད་པར་རོ། །རིལ་མིད་བགྱིད་པ་ནི་ཁྱུར་མིད་དུ་གཏོང་བའོ། །ཉེས་བྱས་སུ་ཞེས་བྱ་བ་ནི་འདིར་སྦྱོར་བ་ལས་བྱུང་བའོ། །རུང་བར་མ་བགྱིས་པ་ནི་མེ་ལ་སོགས་པས་སོ། །ས་བོན་དུ་མ་རེད་པ་ནི་གང་དག་གིས་ཚི་གུ་ས་བོན་དུ་མ་རེད་པ་སྟེ། ས་བོན་དུ་མ་ གྱུར་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་ཇི་ལྟར་མེ་དང་མཚོན་དང་། སེན་མོ་དང་། རྙིས་པ་དང་། ནེ་ཙོ་དང་། གནོད་པ་དང་། གཤེགས་པ་དང་། བཅད་པ་དང་གཞིག་པའི་རུང་བར་བྱ་བ་དང་། དེ་དག་གིས་རུང་བར་བྱས་པའི་འབྲས་བུ་རྣམས་བཟར་རུང་བ་དེ་བཞིན་དུ་འབྲས་བུའི་ས་བོན་རྫོགས་སོ།། །།