Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 153

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
དུག་གནས་དེའི་བདག་པོ་ཁྱིམ་པ་དང་བཅས་པ་ལ་ན་སྨད་པ་མེད་དོ། །འདུག་གནས་དེ་མུ་སྟེགས་ཅན་གྱི་ཡིན་པ་ལ་ན་སྨད་པ་མེད་དོ། །དེར་དགེ་སློང་ཉི་མ་དང་པོ་ལ་བསོད་སྙོམས་གཅིག་ཟོས་ནས་ཞག་གཅིག་ལོན་པས་ཉི་མ་གཉིས་
པའི་བསོད་སྙོམས་ཟོས་པ་ལ་ན་སྨད་པ་མེད་དོ། །ཉི་མ་གཉིས་པའི་བསོད་སྙོམས་སྦྱིན་བདག་གིས་མ་བསྟབས་པ་ལ་ན་སྨད་པ་མེད་དོ། །བཟའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཉི་མ་གཉིས་པ་དེའི་བསོད་སྙོམས་སྦྱིན་བདག་གིས་མ་བསྟབས་པར་ཟོས་ན་ཟོས་པ་དེ་
ལ་དངོས་གཞི་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་བ་སྦྱིན་བདག་གིས་མ་བསྟབས་པ་ལ་ཆོས་འདི་པའི་མ་ཡིན་པ་མུ་སྟེགས་ཅན་གྱི་འདུག་གནས་བདག་པོ་ཁྱིམ་པ་དང་བཅས་པ་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མི་
ན་བ་དང་། སྦྱིན་བདག་གིས་མ་བསྟབས་པ་དང་། འདུག་གནས་ཆོས་འདི་པའི་མ་ཡིན་པ་དང་གཞན་མུ་སྟེགས་ཅན་གྱི་ཡིན་པ་དང་། བདག་པོ་ཁྱིམ་པ་དང་བཅས་པ་དང་། དགེ་སློང་དེས་ཟན་ཟོས་ནས་ཞག་གཅིག་ལོན་པ་དང་། ཉི་མ་གཉིས་པའི་བསོད་སྙོམས་ཟོས་པའོ། །དེ་དག་ལས་ཡན་
ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དེར་ཉི་མ་དང་པོ་ལ་ཟན་ཟོས་པ་ཉི་མ་

གཉིས་པའི་བར་དུ་གནས་པ་ཉི་མ་གཉིས་པའི་བསོད་སྙོམས་མ་ཟོས་པ་ལ་ཉེས་བྱས་སོ། །འདུག་གནས་དེའི་བདག་པོ་མེད་པ་དང་། བདག་པོ་རབ་ཏུ་བྱུང་བ་དང་། བདག་པོ་མུ་སྟེགས་ཅན་དང་། བདག་པོ་ཉེ་དུ་ཡིན་ན་ཉེས་བྱས་སོ། །ཉི་མ་གཉིས་པ་ལ་གཞན་ནས་བསོད་སྙོམས་
བླངས་ནས་འདུག་གནས་དེར་ཟོས་པ་ལ་ཉེས་བྱས་སོ། །ཉི་མ་གཉིས་པ་ལ་བཟའ་བར་བྱ་བ་ལས་གཞན་པ་བཅའ་བ་དང་བཏུང་བ་དང་། གཞིབ་པ་དང་བལྡག་པ་དག་ཟོས་པ་ལ་ཉེས་བྱས་སོ། །བཟའ་བར་བྱ་བ་ནི་བཟའ་བ་ལྔའི་ཁོངས་སུ་གཏོགས་པའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་
བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་བསྟབས་པ་ལ་ལྟུང་བ་མེད་དོ། །འདུག་གནས་ཆོས་འདི་པ་ཡིན་ཞིང་གཞན་མུ་སྟེགས་ཅན་གྱི་མ་ཡིན་པ་ལ་ལྟུང་བ་
མེད་དོ། །ཉི་མ་དང་པོ་ལ་གནས་པ་དང་ཟོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འདུག་གནས་སུ་ཟ་བའི་ལྟུང་བྱེད་དུ་འགྱུར་
བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་ཆོས་སྟོན་པས་པུས་འཁྱུད་བཅང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འདུག་གནས་སུ་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་གཉིས་པ་བཤད་ཟིན་ཏོ།། །།ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་ཀྱི་གླེང་
གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ་བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བྱང་ཕྱོགས་ནས་ཚོང་པ་དོན་མཐུན་དག་མཉན་ཡོད་དུ་ལྷགས་པ་ན་དྲུག་སྡེ་དག་གིས་ཐོས་ནས་སྨྲས་
པ། དགའ་བོ་ཉེ་དགའ་བདག་ཅག་གིས་བྱང་ཕྱོགས་ནས་ཚོང་པ་དོན་མཐུན་དག་མཉན་ཡོད་དུ་ལྷགས་ཞེས་ཐོས་ཀྱི་གལ་ཏེ་ཅུང་ཟད་སྒྲུབ་པར་ནུས་ཀྱང་སྲིད་ཀྱི་འདོང་ངོ་། །གལ་ཏེ་བསོད་སྙོམས་ཟོ་ཤིག་ཅེས་ཟེར་ན་ལྟོ་གང་བས་ཆོག་གོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གོས་ལོང་ཤིག་ཅེས་ཟེར་ན་བླང་

བར་བྱའོ་ཞེས་དེ་དག་འདོང་སྟེ། ཚོང་པ་དེ་དག་ལ་ཆོས་བསྟན་ནས་དེ་དག་དགའ་བས་འཕགས་པ་དག་འདི་ཉིད་དུ་བསོད་སྙོམས་གསོལ་ཅིག་ཅེས་སྨྲས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་ལྟོ་གང་བས་ཆོག་གོ་ཞེས་ཟེར་ཞིང་མི་ཟ་བར་ཡང་དང་ཡང་དུ་དེར་འོངས་ཤིང་དེ་སྐད་
སྨྲའོ། །དུས་གཞན་ཞིག་ན་ཚོང་པ་དེ་དག་དེ་ན་གླང་དག་གི་རྩྭ་མེད་ནས། རི་བྲགས་ཤིག་ཏུ་གླང་དག་གཟན་དུ་དོང་བ་དང་། དྲུག་སྡེ་དག་གིས་ཕྱི་བཞིན་རྨས་ཏེ་བཙལ་ནས། དེར་ཡང་དོང་སྟེ་དེ་དག་ལ་ཆོས་བསྟན་པ་དང་། དེ་དག་དགའ་བས་འཕགས་པ་དག་འདི་ཉིད་དུ་བསོད་སྙོམས་གསོལ་ཅིག་
ཅེས་སྨྲས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་ལྟོ་གང་བས་ཆོག་གོ། །དེད་དཔོན་གྱིས་སྨྲས་པ། ཤེས་ལྡན་དག་འཕགས་པ་དག་ཡང་དང་ཡང་དུ་ལྟོ་གང་བས་ཆོག་གོ་ཞེས་གསུངས་པ་ལས་ན། འདི་དག་ལ་ན་བཟའ་མི་མངའ་གོར་མ་ཆག་གི །འདི་དག་ལ་ན་བཟའ་དབུལ་བར་
བྱའོ། །དེ་ལྟར་བགྱིའོ་ཞེས་དེ་དག་གིས་དྲུག་སྡེ་དག་ལ་ལ་བ་སྲིན་བུའི་མདོག་ལྟ་བུ་རེ་རེ་བསྐོན་ཏོ། །དེ་ནས་དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁྱེད་ཅག་ཡང་དང་ཡང་དུ་བསོད་སྙོམས་ཟོ་ཤིག་ཅེས་ཟེར་ན། བསོད་སྙོམས་ཇི་ལྟ་བུ་སྦྱིན་པ་ལྟས་འོན་ཅིག་ཅེས་དྲུག་སྡེ་དག་ལས་གཅིག་གིས་
ཐབ་ཀྱི་སྒྱེད་པུའི་སྟེང་དུ་གཟུགས་པའི་སྣོད་ཆེན་པོ་ལྟ་བུ་ལྷུང་བཟེད་ཚད་ལས་འདས་པ་ཆེ་བ་ཐབ་སྣོད་ལྟ་བུ་བཟེད་ནས། འདིར་ལྡུགས་ཤིག་ཅེས་སྨྲས་པ་དང་། ཚོང་པ་དེ་དག་གིས་བསམས་པ། སྣོད་འདི་རེ་ཆེ་ཞིག་སྟེ། འདི་བཀང་བས་འདི་དག་ཐམས་ཅད་ཀྱི་ལྟོ་ཁེངས་པའི་བསོད་སྙོམས་འབྱུང་བར་
འགྱུར་རོ་སྙམ་ནས་དེ་དག་གིས་ལམ་བརྒྱགས་ལས་སྣོད་དེ་བཀང་སྟེ་ཕུལ་ལོ། །དྲུག་སྡེ་དག་གིས་ཀྱང་དེ་བཞིན་དུ་མཐར་གྱིས་རེ་རེ་ནས་ཐབ་སྣོད་ལྟ་བུ་རེ་རེ་བཟེད་པ་དང་ཇི་ཙམ་ན་ཚོང་པ་དེ་དག་གིས་ལམ་བརྒྱགས་ལས་ཐབ་སྣོད་ལྟ་བུའི་སྣོད་དྲུག་བཀང་སྟེ་ཕུལ་བ་དང་། དེ་དག་གིས་ལམ་བརྒྱགས་ཐམས་ཅད་ཟད་པར་
གྱུར་ནས། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་འདིར་ཤུལ་བརྒྱགས་ཉུང་ཤས་ཤིག་འཚལ་ཏེ་མཆིས་པ་དེ་དག་ཐམས་ཅད་བས་ཀྱི་བདག་ཅག་གིས་མི་འདི་ལ་ཀཱར་ཥཱ་པ་ཎ་དག་བསྐུར་ཏེ། འཕགས་པ་དག་དང་། ཐབས་ཅིག་མཉན་ཡོད་དུ་གཏང་གི །

འཕགས་པ་དག་གིས་བདག་ཅག་གི་ཤུལ་བརྒྱགས་དག་འཇོལ་ཏེ། སྩོལ་བ་བསྩེལ་བ་དང་བཅས་ཏེ་གཏོང་དུ་གསོལ། བཞིན་བཟངས་དག་དེ་ལྟར་བྱའོ་ཞེས་དྲུག་སྡེ་དག་གིས་ཚོང་པ་དག་གི་མི་ཀཱར་ཥཱ་པ་ཎ་དང་བཅས་པ་མཉན་ཡོད་དུ་གཙུག་ལག་ཁང་དུ་ཁྲིད་ནས། མི་
དེ་དྲུག་སྡེ་དག་སྤྱི་དང་རེ་རེའི་ལས་ཤ་སྟག་ལ་བཀོལ་བཀོལ་ནས་ཇི་ཙམ་ན་ཉི་མ་ཡོལ་བར་གྱུར་པ་དང་། དེའི་འོག་ཏུ་བཏང་སྟེ་སྨྲས་པ། ད་ཁྱོད་རང་གིས་ལམ་བརྒྱགས་ཉོས་ཏེ་སོང་ཤིག །མི་དེ་རང་གིས་ལམ་བརྒྱགས་དག་ཉོས་ཏེ་འཕགས་པ་དང་། མཉན་ཡོད་ཀྱི་ཐེན་ཀོར་ཐབས་བོར་སོན་པ་ན་ཆོམ་རྐུན་
པ་དག་གིས་བཅོམ་ནས། དེ་གཅིག་པུ་གྲོགས་ཀྱི་ནང་ན་སོང་ངོ་། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ཅི་ཁྱེར་ཏེ་འོངས། དེས་སྨྲས་པ། ཅི་ཡང་མ་འོངས་སོ། །ཅིའི་ཕྱིར། ཆོམ་རྐུན་པ་དག་གིས་བཅོམ་མོ། །དེ་དག་གིས་སྨྲས་པ། འཕགས་པ་དག་གིས་ཁྱོད་ཀྱི་བསེལ་བ་མ་བཏང་ངམ། དེས་
སྨྲས་པ། ཤེས་ལྡན་དག་བསེལ་བ་ལྟ་བཏང་རེ་སྐན་གྱི། དོན་གྱིས་ན་དེ་དག་ཉིད་ཀྱིས་བཅོམ་མོ། །དེ་དག་གིས་སྨྲས་པ། ཇི་ལྟར་གྱུར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེ་དག་ཤཱ་ཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་
ཕན་པར་བྱའོ་ཞེས་ཟེར་ནས་གནོད་པ་ཁོ་ན་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །
དེ་ལ་བུ་མོ་གཡས་ཞར་མ་ཅིག་བྱུང་ནས། དེ་བསྲེངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏེ། བུ་མོ་དེའི་ན་ཟླ་གཞན་ཐམས་ཅད་བག་མར་བཏང་ན། བུ་མོ་དེ་གཡས་ཞར་མ་ཡིན་པའི་ཕྱིར་སློང་བ་འགའ་འང་མ་འོངས་སོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་

ལས་ཆུང་མ་བླངས་ནས། དེའི་ཆུང་མ་དེ་རང་གི་ལས་དག་གིས་དུས་ལ་བབ་པོ། །དེས་ཆུང་མ་གཉིས་པ་དང་གསུམ་པ་ནས་བདུན་པའི་བར་དུ་བླངས་པ་དང་། དེ་དག་ཀྱང་དེ་བཞིན་དུ་དུས་ལ་བབ་པོ། །ཁྱིམ་བདག་དེ་ཡང་སྐུར་བ་བཏབ་པར་གྱུར་པའི་ལས་དག་གིས་ཆུང་མ་གསོད་པ་ཆུང་མ་གསོད་པ་
ཞེས་བྱ་བའི་མིང་དུ་གྱུར་ཏེ། དེས་ཡང་གཞན་གྱི་བུ་མོ་དང་ཡུགས་ས་མོ་ཡན་ཆད་བསླངས་ན་སུས་ཀྱང་མ་སྟེར་ནས། དེ་རང་ཉིད་སོ་ནམ་བྱེད་ཅིང་འདུག་གོ། །དེའི་ཆུང་པོ་གྲོགས་པོ་ཞིག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་གཡས་ཞར་མོ་སློངས་ཤིག་ཅེས་ཟེར་ནས། དེས་གཡས་ཞར་མའི་ཕ་མ་དག་ལས་
གཡས་ཞར་མ་བསླངས་ཏེ། བག་མར་བླངས་པའི་དུས་བཏབ་པོ། །དེའི་ཆུང་པོ་གྲོགས་དེ་ཡང་འགྱོད་པ་སྐྱེས་ཏེ་བདག་གིས་གྲོགས་པོ་ལ་གཡས་ཞར་མ་སློངས་ཤིག་ཅེས་བསྐུལ་བ་དེ་ནི་མ་ལེགས་པ་ཞིག་བྱས་ཏེ། དེ་མཚན་ངན་པ་ཡིན་པས་དེས་གྲོགས་པོ་བསད་པར་གྱུར་ན་མི་རུང་གི་དེ་འདོར་དུ་བཅུག་
ལ་བདག་གི་སྲིང་མོ་ཡུགས་ས་མོ་ཞིག་ཡོད་པ་སྦྱིན་ནོ་སྙམ་ནས། དེས་དེ་ལ་དེ་སྐད་སྨྲས་པ་དང་། ཁྱིམ་བདག་དེས་སྨྲས་པ། གྲོགས་པོ་དེ་དེ་བཞིན་དོར་བར་མི་ནུས་ཏེ། འོན་ཀྱང་འདི་ལ་ཐབས་ཀྱི་རྣམ་པ་ཞིག་བྱའོ། །གཡས་ཞར་མའི་མ་དེས་ཀྱང་བག་རྫོངས་སྟ་གོན་བྱ་བར་བརྩམས་སོ། །
དེ་དྲུག་སྡེ་དག་གི་སྦྱིན་བདག་ཡིན་པས། དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། ཇི་ཙམ་ན་གཡས་ཞར་མ་བརྫང་བ་དང་། གཉེན་སྟོན་གྱི་
ཁུར་པ་དག་སྲེག་པ་མཐོང་ནས་དེ་དག་གིས་སྨྲས་པ། སྲིང་མོ་དུས་སྟོན་ལ་བབ་དུ་ཉེ་འམ་ཅི། དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་ལྕམ་མོ་བག་མར་མཆི་བ་ལ་ཐུག་ནས་དེའི་བག་རྫོངས་སྟ་གོན་བགྱིའོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་ཁོ་བོ་ཅག་གིས་ཅུང་ཟད་མི་འཐོབ་བམ།
འཕགས་པ་དག་ཁྱེད་ཅག་ལ་སུ་ཞིག་གིས་དབུལ་འཚལ། འདི་ཉིད་ཁྱེད་ཀྱི་ལགས་སོ་ཞེས་དེས་བག་རྐྱོང་སྟེ་དེ་དག་གི་ལྷུང་བཟེད་ཐམས་ཅད་ཁུར་བ་དག་གིས་བཀང་ནས། དྲུག་སྡེ་དག་གིས་དེའི་ཁ་ཟས་ཐམས་ཅད་བསྡུས་ཏེ་དོང་ངོ་། །དེ་ནས་གཡས་ཞར་མའི་མས་ཆུང་མ་གསོད་

པ་ལ་བུ་བདག་ཅག་གིས་ཁ་ཟས་དག་སྟ་གོན་བྱས་པར་གྱུར་པ་གང་ཡིན་པ་དེ་སྦྱིན་གནས་དག་གིས་བཞེས་ཀྱི་ད་ཉེ་དུ་དག་གི་ཕྱིར་ཁ་ཟས་སྟ་གོན་བྱེད་ཀྱི་བར་དུ་སྡོད་ཅིག་ཅེས་སྨྲས་པ་དང་། ཆུང་མ་གསོད་པས་སྨྲས་པ། ཁོ་བོ་མི་སྡོད་དེ་གལ་ཏེ་ཉི་མ་དེ་ཉིད་ལ་བག་མར་
རྫོང་ཞིང་སྦྱིན་ན་ནི་བག་མར་བླང་ངོ་། །གལ་ཏེ་མི་སྦྱིན་ན་ཁོ་བོ་ཆུང་མ་གཞན་ལེན་གྱི། ཁྱོད་ཀྱི་བུ་མོ་དོར་བར་བྱའོ་ཞེས་ཟེར་ནས་གཡས་ཞར་མའི་ཕ་མས་དུས་སུ་མ་བརྫངས་པའི་སྐབས་སུ་ཆུང་མ་གསོད་པས་གཡས་ཞར་མོ་མི་བླང་བར་བྱས་པ་ན། གཡས་ཞར་མའི་ཕས་ཆུང་མ་གསོད་པ་བཟུང་
སྟེ། རྒྱལ་པོའི་ཕོ་བྲང་དུ་འོ་དོད་བོས་ནས་ཤགས་ལ་བཀུག་པ་དང་། ཆུང་མ་གསོད་པས་གཡས་ཞར་མའི་ཕ་ཕམ་པར་བྱས་སོ། །གཡས་ཞར་མའི་མ་དེ་བདག་གི་བུ་མོ་མ་ལམ་མོ་ཞེས་ངུ་ཞིང་འདུག་པ་དང་། དེའི་ངོས་ཀྱི་ཁྱིམ་ཚེས་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་
ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་བུ་མོ་སྦྱིན་ཟིན་པའི་བར་ཆད་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་
འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་
ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དག་དང་ཁུར་བ་དག་དུས་ཀྱིས་སྟོབས་པར་
གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ་དགེ་སློང་འཁོད་པ་རྣམས་ལའང་བགོ་བཤའ་བྱ། བདག་

ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྟོ་འདུན། །ཉེས་པ་ནི་སྦྱིན་བདག་ཁྱིམ་པས་ཡོངས་སུ་མ་སྤངས་པ་ཇི་བདེར་མ་བྱས་པའི་ཁ་ཟས་བསྟབས་པ་ལ་ལྷུང་བཟེད་འབྲིང་ཚང་གསུམ་
ལས་ལྷག་པར་ལེན་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་དག་གོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ། །ཁྱིམ་རྣམས་སུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་དག་གི་ཁྱིམ་རྣམས་སུའོ། །དོང་བ་ལས་ཞེས་བྱ་བ་ནི་སོང་བ་ལས་སོ། །
གལ་ཏེ་དེ་དག་ལ་ཞེས་བྱ་བ་ནི་དགེ་སློང་དེ་དག་ལའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཞེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། ཆོས་དང་དགེ་འདུན་
ལ་སྐྱབས་སུ་སོང་བ་དག་གོ། །ཕྱེ་དག་ཅེས་བྱ་བ་ནི་ཕྱེ་དད་འདག་གུ་དག་གོ། །ཁུར་བ་དག་ཅེས་བྱ་བ་ནི་བག་ཆོས་དག་གོ། །དུས་ཀྱིས་སྟོབས་པར་གྱུར་ལ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྟོབས་པར་གྱུར་ལའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེ་དག་གིས་
ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དག་གིས་སོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བསླང་བར་བྱའོ་ཞེས་བྱ་བ་ལ་ལྷུང་བཟེད་ནི་གསུམ་སྟེ། ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། །དེ་ལ་ཆེན་པོ་ནི་གང་དུ་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས་
ཚོད་མ་དང་བཅས་པ་བླུགས་ན་ཁའི་མཐའི་ཆ་ཁོ་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །འབྲིང་ནི་བྲེའུ་ཆུང་ཕྱེད་དང་དོ་བཙོས་པ་དེ་ལྟ་བུའོ། །ཆུང་ངུ་ནི་བྲེའུ་ཆུང་གང་བཙོས་པ་དེ་ལྟ་བུའོ། །མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་སྲང་བཅུ་དྲུག་སྟེ། མ་ག་དྷཱའི་
སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ནི་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩིས་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །མ་ག་དྷཱའི་སྲང་གཅིག་ལ་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་

ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ། །འབྲས་དྲུས་པ་སྐམ་པོ་ནི་ཆན་དུ་བཙོས་ནས་སུམ་འགྱུར་དུ་བརྩིའོ། །དེ་ལྟར་ན་ལྷུང་བཟེད་ཆེན་པོ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་བཙོས་པའི་
ཆན་བྲེ་དོ་དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་འབྲིང་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་བཙོས་པའི་ཆན་བྲེ་ཕྱེད་དང་དོ་དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་
བའོ། །ལྷུང་བཟེད་ཆུང་ངུ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་བོད་ཀྱི་བདུན་ཕུལ་དོ་དང་ཁྱོར་གང་བཙོས་པའི་ཆན་བྲེ་གང་དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་ཞེས་བྱ་བ་ནི་ཁའི་ཟུར་གང་དུ་མཆུས་རྔུབ་པའོ། །མཐེ་
བོའི་ལྟོ་གང་ཞེས་བྱ་བ་ནི་མཐེབ་སོར་གཅིག་སྟེ། མཐེ་བོའི་ཚིགས་དང་པོའི་ཟུར་ཡ་གཅིག་ནས་ལྟོ་རོལ་དུ་དཀྲིས་ཏེ་ཟུར་ཡ་གཅིག་ལ་ཐུག་པའོ། །འདིར་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ་ཞེས་གནང་བ་ནི་གསུམ་མན་ཆད་ཇི་ཙམ་འདོད་པ་བླང་བར་བྱའོ། །ལྟུང་བ་རྣམ་པར་
གཞག་པ་ལ་ནི་ལྷུང་བཟེད་འབྲིང་པོའི་ཚད་དང་སྦྱར་ཏེ། ལྷུང་བཟེད་འབྲིང་པོའི་ཚད་ཀྱི་འབྲས་ཆན་བྲེ་ཕྱེད་དང་དོ་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ཡོད་དོ། །ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ཀྱི་འབྲས་ཆན་བྲེ་ཕྱེད་དང་ལྔ་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་
པོ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་ཡོད་དོ། །དེ་མན་ཆད་ཅི་འདོད་པ་བླང་བར་བྱའི། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དུ་འགྱུར་ཏེ། འདིར་གཞུང་ནི་དགེ་སློང་གིས་ཇི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་
འབྲས་སྐམ་པོའི་ཚད་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལ་ཆན་དུ་བཙོས་ན་སུམ་འགྱུར་དུ་བརྩི་བས། འབྲས་དྲུས་པ་སྐམ་པོ་བྲེའུ་ཆུང་ཕྱེད་དང་ལྔ་ལ་འབྲས་ཆན་བྲེའུ་ཆུང་ཕྱེད་དང་བཅུ་བཞི་ཡོད་དོ། །ཡུལ་ཆོས་སུ་བརྩི་ན་འབྲས་དྲུས་པ་སྐམ་པོ་བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་

དོ་ཡོད་དོ། །དེའི་ཆན་ནི་སུམ་འགྱུར་ཏེ་བྲེ་ཕྱེད་དང་ལྔ་ཡོད་དོ། །དེ་ལྟར་ན་ལྷུང་བཟེད་འབྲིང་པོ་གསུམ་ལ་འབྲས་སྐམ་ནི་བྲེ་ཕྱེད་དང་དོ། །འབྲས་ཆན་ནི་བྲེ་ཕྱེད་དང་ལྔ་ཡོད་དོ། །འབྲས་ཆན་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་མན་ཆད་བླང་བར་བྱའི། དེ་ལས་ལྷག་ན་ལྟུང་
བྱེད་དུ་འགྱུར་རོ། །ཕྱེ་དང་ཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བའི་བསོད་སྙོམས་གཞན་དག་ལ་ཡང་བླང་བ་དང་དགག་པའི་ཚད་ནི་འབྲས་ཆན་བྲེ་ཕྱེད་དང་ལྔ། དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་འདིས་ཅི་རིགས་པར་བསྒྲེ་ཞིང་བརྩིའོ། །དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ཆེན་པོ་ནི་དགེ་སློང་
རྣམས་ཀྱི་ལྷུང་བཟེད་ཆུང་ངུ་དང་ཚད་གཅིག་སྟེ། འབྲིང་དང་ཆུང་ངུ་ཡང་དེ་བཞིན་དུ་ན་སྨད་དེ། ཆུང་ཚད་ནི་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །དེ་ལས་ལྷག་པར་ལེན་ན་ཞེས་བྱ་བ་ནི་ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་འབྲས་ཆན་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་དེ་ལས་
ལྷག་པར་ལེན་ནའོ། །ཕྱེ་དང་ཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བའི་བསོད་སྙོམས་གཞན་དག་ལ་ཡང་ཚད་འདིས་ཅི་རིགས་པར་བསྒྲེ་ཞིང་བརྩིས་པ་ལས་ལྷག་པར་ལེན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་
དགའ་ར་བར་དོང་ལ་དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ་ཞེས་བྱ་བ་ནི་བླང་བར་བྱ་བ་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་བོད་ཀྱི་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་ཙམ་སྟེ། གལ་ཏེ་བདག་ཉིད་གྲོགས་དང་བཅས་པས་བཟའ་
བ་ལས་ལྷག་ཅིང་མང་བ་ཉིད་ཡིན་ན། ཁྱིམ་གྱི་ཕྱི་རོལ་གཙུག་ལག་ཁང་དུ་དོང་ལ་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ལ་ཡང་སྦྱིན་པར་བྱའོ། །བདག་ཅག་ཀྱང་བཟའ་བར་བྱ་སྟེ་ཞེས་བྱ་བ་ནི་བླང་བར་བྱ་བ་ལ་གལ་ཏེ་མང་བ་ཉིད་ཡིན་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ། བདག་ཀྱང་བཟའ་བར་
བྱའི། གལ་ཏེ་མང་བ་ཉིད་མ་ཡིན་ན་དགེ་སློང་དག་ལ་བགོ་བཤའ་བྱ་བ་གདོན་མི་ཟ་བར་བྱ་བ་མ་ཡིན་ཏེ། བདག་ཅག་བཟའ་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་ནི་ངེས་པ་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་

ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་
གཅིག་གམ་གཉིས་སམ། རབ་ཏུ་མང་པོ་ཡང་རུང་བ་དག་ཁྱིམ་རྣམས་སུ་དོང་བ་ལ། སྦྱིན་བདག་ཁྱིམ་པ་སྟོབས་པའི་བསོད་སྙོམས་ཡོངས་སུ་མ་སྤགས་པ་ཅི་བདེར་མ་བྱས་པ་ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་
དོ་ཡོད་པ་བཙོས་པའི་ཆན་བྲེ་ཕྱེད་དང་ལྔ། དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་ཙམ་ལས་ལྷག་པ་མནོས་ཏེ་ཟོས་ན་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་འདི་ནི་དགེ་སློང་གཞན་དག་
ཐ་མལ་པར་རང་རང་གི་བསོད་སྙོམས་ལྷུང་བཟེད་གཅིག་གིས་ཁྱིམ་བདུན་ཚུན་ཆད་དུ་བསོད་སྙོམས་རུང་བ་ལྟོ་འགྲངས་ཙམ་ལེན་དུ་གནང་བ་ལས་མཚན་ཉིད་གཞན་མ་ཡིན་ནོ། །དེའི་ཕྱིར་དགེ་སློང་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་ཡང་རུང་བ་དག་ལ་ན་སྨད་པ་མེད་དོ། །བྲམ་ཟེ་དང་ཁྱིམ་བདག་གི་
ཁྱིམ་གང་ཡང་རུང་བ་དག་ཏུ་འདོང་བ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པ་སྐྱེས་པ་འམ་བུད་མེད་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །སྟོབས་པ་ལ་ན་སྨད་པ་མེད་དོ། །བསོད་སྙོམས་རུང་བ་བཟའ་བ་དང་བཅའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་
མེད་དོ། །ལྷུང་བཟེད་འདི་སྙེད་ཅིག་བཞེས་ཤིག་ཅེས་ཚད་ཡོངས་སུ་མ་སྤགས་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་གིས་ཅི་དགྱེས་པ་མཛོད་ཅིག་ཅེས་ཅི་བདེར་མ་བྱས་པ་ལ་ན་སྨད་པ་མེད་དོ། །ཁྱིམ་པ་སྟོབས་པའི་བསོད་སྙོམས་པ་ལ་ན་སྨད་པ་མེད་དོ། །ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་འབྲས་
ཐུག་པོ་ཆེ་དྲུས་པ་སྐམ་པོ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་དོ་ཡོད་པ་བཙོས་པའི་ཆན་བྲེ་ཕྱེད་དང་ལྔ། དེའི་རྐྱེན་གྱི་བྱ་ན་དང་ཚོད་མ་དང་བཅས་པ་ལས་ལྷག་པ་དང་ཕྱེ་དང་ཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བའི་བསོད་སྙོམས་གཞན་དག་ལ་ཡང་ཚད་འདིས་ཅི་རིགས་

པར་བསྒྲེང་ཞིང་བརྩིས་པ་དེ་ཙམ་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ཁྱིམ་ནས་མནོས་ཏེ་ཁྱེར་བ་ལ་ན་སྨད་པ་མེད་དོ། །ཟོས་ཏེ་མགུལ་དུ་མིད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྦྱིན་བདག་ཁྱིམ་པ་སྟོབས་པའི་བསོད་སྙོམས་ཡོངས་སུ་མ་སྤགས་པ་ཅི་བདེར་མ་བྱས་པ། དགེ་སློང་གིས་ལྷུང་
བཟེད་འབྲིང་པོ་གསུམ་གྱི་ཚད་ལས་ལྷག་པ་མནོས་ཏེ་ཟ་བའོ། །དགེ་སློང་གི་ལྷུང་བཟེད་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་། ཆུང་ངུའོ། །དེ་ལ་ཆེན་པོ་ནི་གང་དུ་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་
ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །འབྲིང་ནི་བྲེའུ་ཆུང་ཕྱེད་དང་དོ་བཙོས་པ་དེ་ལྟ་བུའོ། །ཆུང་ངུ་ནི་བྲེའུ་ཆུང་གང་བཙོས་པ་དེ་ལྟ་བུའོ། །མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་སྲང་བཅུ་དྲུག་སྟེ། མ་ག་དྷཱའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །
འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷཱའི་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ནི་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩིས་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་
དང་ཁྱོར་དོ་ཡོད་དོ། །འབྲས་དྲུས་པ་སྐམ་པོ་ནི་ཆན་དུ་བཙོས་ན་སུམ་འགྱུར་དུ་བརྩིའོ། །དེ་ལྟ་ན་ལྷུང་བཟེད་ཆེན་པོ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་བཙོས་པའི་ཆན་བྲེ་དོ། དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་
འབྲིང་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པོ་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་བཙོས་པའི་ཆན་བྲེ་ཕྱེད་དང་དོ། །དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་ཆུང་ངུ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་པ་བོད་ཀྱི་བདུན་ཕུལ་དོ་དང་ཁྱོར་གང་བཙོས་པའི་ཆན་བྲེ་གང་དང་དེའི་རྐྱེན་
གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །འདིར་ལྟུང་བའི་བྱེད་པ་པོ་ནི་ལྷུང་བཟེད་འབྲིང་པོའི་ཚད་དང་སྦྱར་ཏེ། དགེ་སློང་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་ཇི་སྙེད་ཡོད་ཀྱང་རུང་སྟེ། གྲོགས་ཀྱི་སྐལ་བ་དང་ཡང་བཅས་པར་ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ལས་ལྷག་པར་མནོས་

ཏེ་ཟ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པ་སྐྱེས་པའམ་བུད་མེད་གང་ཡང་རུང་བ་དང་། བསྟབས་པའི་བསོད་སྙོམས་ཡོངས་སུ་སྤགས་པ་ཅི་བདེར་མ་བྱས་པ་ཉིད་དང་། ལྷུང་བཟེད་འབྲིང་པོ་གསུམ་
གྱི་ཚད་ལས་ལྷག་པ་ཉིད་དང་། ཁྱིམ་ནས་མནོས་ཏེ་ཁྱེར་བ་དང་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་
སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཉེས་བྱས་སོ། །ཆོས་འདི་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་ལ་ཉེས་བྱས་སོ། །དུད་འགྲོ་ལ་
ལ་ཉེས་བྱས་ན་སྨད་དོ། །མི་སྟོབས་པ་ལེན་པ་ལ་ཉེས་བྱས་སོ། །བསོད་སྙོམས་མནོས་པ་དེ་ལས་ལྷག་པར་ནོད་ན་སྦྱོར་བའི་ཚེ་ན་ཉེས་བྱས་སོ། །གཞན་ནོད་དུ་བཅུག་པ་ལ་ཉེས་བྱས་སོ། །ཟས་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །མ་ཟོས་ཀྱི་བར་དུ་སྦྱོར་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་
བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་གལ་ཏེ་ཡོངས་སུ་སྤགས་ཏེ་སྟོབས་ལ་ཆོས་དང་ལྡན་པའི་དགོས་པ་ཡོད་ན་ལྷུང་བཟེད་བརྒྱ་བླངས་ཀྱང་ཉེས་པ་མེད་དོ། །ཅི་དགར་གྱིས་
ཤིག་ཅེས་ཅི་བདེར་བྱས་པ་ལ་ཉེས་པ་མེད་དོ། །ཚད་ལས་མ་ལྷག་པ་ལ་ཉེས་པ་མེད་དོ། །དེ་ཉིད་དུ་འདུག་སྟེ་ཇི་སྙེད་ཟོས་ཀྱང་ལྟུང་བ་མེད་དོ། །འབྲས་ལ་སོགས་པ་རྔོ་བཏགས་པ་དང་གཡོས་ཀྱི་ལས་སུ་མ་བྱས་པ་མནོས་ཏེ་ཟ་བ་ལ་སྐབས་འདིའི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་
དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །

མི་སྟོབས་པར་བླང་བར་མི་བྱའོ། །བླང་བར་བྱ་བ་གལ་ཏེ་མང་བ་ཉིད་ན་དགེ་སློང་དག་ལ་བགོ་བཤའ་བྱའོ། །ཐབ་ཀྱི་སྒྱེད་པོའི་སྟེང་དུ་གཟུགས་པའི་སྣོད་ཆེན་པོ་ལྟ་བུའི་ལྷུང་བཟེད་ཚད་ལས་འདས་པར་ཆེ་བ་ཐབ་སྣོད་ལྟ་བུ་བཅང་བར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ལྷུང་བཟེད་དོ་གསུམ་
ལས་ལྷག་པར་ལེན་པའི་ལྟུང་བྱེད་དེ་སུམ་ཅུ་གསུམ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་བདུན་པ། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་
ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་སྟེ། ང་སྟན་གཅིག་པའི་ཟས་ཟ་བ་ནི་སྙིང་ལས་ཆུང་ངུར་འཚོ་ཞིང་
གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་སྟོབས་དང་ལྡན་པ་དང་། བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཚོར་རོ། །དགེ་སློང་དག་ཁྱེད་ཀྱང་ཚུར་ཤེག་ལ་སྟན་གཅིག་པའི་ཟས་ཟོ་ཤིག་དང་། ཁྱོད་ཀྱང་སྟན་གཅིག་པའི་ཟས་ཟ་
བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་། གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་སྟོབས་དང་ལྡན་པ་དང་། བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང་། །བདེ་བ་ལ་རེག་པར་གནས་པར་ཚོར་བར་འགྱུར་རོ། །ཟས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང་།
ཟས་བརྩམས་པས་སློབ་དཔོན་དང་མཁན་པོ་དང་བླ་མ་དང་བླ་མ་ལྟ་བུ་མཐོང་ན་ཡང་ལྡང་བར་མི་བྱའོ། །བཅའ་བ་ལྔ་པོ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་གིས་ནི་སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་
དང་། འདག་གུ་དག་གིས་ནི་སྤངས་པར་འགྱུར་རོ། །རྒྱུ་ལྔ་པོ་ཟས་ཡོད་པ་དང་། ཟས་སྟོབས་པ་ཡོད་པ་དང་། ཟས་བརྩམས་པ་ཡོད་པ་དང་། ཟས་སྤངས་པ་ཡོད་པ་དང་། སྤྱོད་ལམ་ལས་ཉམས་པ་དག་གིས་ནི་སྤངས་པ་བརྗོད་པར་བྱ་ལ། རྒྱུ་ལྔ་པོ་ཟས་མེད་པ་དང་། ཟས་སྟོབས་པ་མེད་

པ་དང་། ཟས་བརྩམས་པ་མེད་པ་དང་། ཟས་སྤངས་པ་མེད་པ་དང་། སྤྱོད་ལམ་ལས་མ་ཉམས་པ་དག་གིས་ནི་མ་སྤངས་པར་བརྗོད་པར་བྱའོ། །གཞན་ཡང་ཚིག་ལྷག་མ་མེད་པ་ལྔ་པོ་ཐོང་ཤིག་ཅེས་བྱ་བ་དང་། གཞན་ལ་བྱིན་ཅིག་ཅེས་བྱ་བ་དང་། སོང་ཤིག་ཅེས་བྱ་བ་
དང་། ཟོས་ཟིན་ཏོ་ཞེས་བྱ་བ་དང་། ཆོག་གོ་ཞེས་བྱ་བ་དག་གིས་ནི་སྤངས་པར་བརྗོད་པར་བྱ་ལ། ཚིག་ལྷག་མ་དང་བཅས་པ་ལྔ་པོ་རེ་ཞིག་ཐོང་ཤིག་ཅེས་བྱ་བ་དང་། རེ་ཞིག་གཞན་ལ་བྱིན་ཅིག་ཅེས་བྱ་བ་དང་། རེ་ཞིག་སོང་ཤིག་ཅེས་བྱ་བ་དང་། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང་། རེ་ཞིག་ཆོག་གོ་
ཞེས་བྱ་བ་དག་གིས་ནི་མ་སྤངས་པར་བརྗོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་སྤངས་པ་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་
སློང་གིས་སྤངས་པ་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་
ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་
དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསླབ་པ་ལ་གཡེལ་བ་དང་བཀའ་ལ་མ་གུས་པ་དང་། ཉེས་པ་ནི་ཟས་སྤངས་པས་ཟ་བར་བྱེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དགེ་སློང་ནད་པ་རབ་ཏུ་མང་པོ་དག་གི་ནད་གཡོག་རབ་ཏུ་མང་པོ་དག་ཡོད་པ་དེ་དག་གིས་བདག་ཉིད་ཀྱིས་ཟོས་ནས་ནད་པ་རྣམས་ཀྱི་ལྟོ་
ཁེངས་པའི་བསོད་སྙོམས་དག་མནོས་པ་དང་། དགེ་སློང་ནད་པ་རྣམས་ཀྱིས་ཟ་བར་མི་ནུས་ཤིང་། དགེ་སློང་ནད་གཡོག་དག་གིས་ཀྱང་བདག་ཅག་གིས་སྤངས་སོ་ཞེས་ཟ་བར་མི་བྱེད། ཀུན་དགའ་ར་བ་པ་དང་། དགེ་ཚུལ་དག་ཀྱང་མེད་ནས། དེ་དག་གིས་ཀུན་དགའ་ར་བའི་ནང་དུ་ཟས་ཀྱི་ཕུང་
པོ་ཆེན་པོ་རྣམ་པར་གཞག་པ་དང་། དེར་བྱ་རོག་དག་ཟ་བ་ན། བྱ་རོག་གི་སྒྲ་འབྱིན་པ་ཆེན་པོ་བྱུང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་མཛད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་
བོ་ཀུན་དགའ་ར་བའི་ནང་ན་བྱ་རོག་སྒྲ་འབྱིན་པ་ཆེན་པོ་བྱུང་བར་གྱུར་པ་འདི་ཅི་ལས་གྱུར། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་། སྦྱིན་པ་པོ་རྣམས་
ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར་ལྷག་བོར་གནང་བར་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ལྷག་བོར་བྱས་ཏེ་བཟའ་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་ལྷག་བོར་བྱས་ཏེ་བཟའ་བར་རྗེས་སུ་གནང་ངོ་ཞེས་
བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ལྷག་བོར་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཟས་ཟོས་ཟིན་ནས་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ་བཟའ་བ་རྙེད་ཅིང་ཟ་བར་འདོད་ན་དགེ་
སློང་དེས་ལག་པ་གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པའམ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །

ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་། མཐར་ཐུག་པར་བགྱིས་པ་ལས་བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན། ལྷག་པོར་བགྱིས་ཏེ་བདག་ལ་སྩལ་
དུ་གསོལ། ལྷག་པོར་བྱེད་པའི་དགེ་སློང་གིས་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ནས། ཁྱེད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པས་ལྷག་པོར་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་
ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་ལག་པར་བྱིན་ནས་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པས་ལྷག་པོར་བྱའོ། །གལ་ཏེ་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྒྱུ་ལྔས་ལྷག་བོར་མ་བྱས་པར་བརྗོད་པར་བྱ་སྟེ་ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་དང་། མི་
འཐོབ་པའི་ཕྱོགས་སུ་དང་། རྒྱབ་ནས་དང་། གློ་ནས་དང་། སྤྱོད་ལམ་ལས་ཉམས་པར་བྱེད་དུ་འཇུག་པའོ། །རྒྱུ་ལྔས་ལྷག་པོར་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པ་དང་། འཐོབ་པའི་ཕྱོགས་སུ་དང་། རྒྱབ་མ་ཡིན་པ་ནས་དང་། གློ་མ་ཡིན་པ་ནས་
དང་། སྤྱོད་ལམ་ལས་མ་ཉམས་པར་བྱེད་དུ་འཇུག་པའོ། །གཞན་ཡང་རྒྱུ་ལྔས་ནི་ལྷག་པོར་མ་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་དང་། མི་འཐོབ་པའི་ཕྱོགས་སུ་དང་། ལྷུང་བཟེད་ཀྱི་གཞིར་དང་། ཐུ་བར་དང་། སྤྱོད་ལམ་ལས་ཉམས་པར་བྱེད་དུ་འཇུག་
པའོ། །རྒྱུ་ལྔས་ནི་ལྷག་བོར་བྱ་བར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པ་དང་། འཐོབ་པའི་ཕྱོགས་སུ་དང་། ལྷུང་བཟེད་ཀྱི་གཞི་མ་ཡིན་པ་དང་། ཐུ་བར་མ་ཡིན་པ་དང་། སྤྱོད་ལམ་ལས་མ་ཉམས་པར་བྱེད་དུ་འཇུག་པའི་དགེ་སློང་གིས་ལྷག་པོར་བྱས་པ་མང་པོ་
དག་གིས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པར་བྱ་བར་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དག་

དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་ཟོས་ཟིན་
ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་བའམ་ཟ་ན་ལྟུང་བྱེད་དོ་ཞེས་གནང་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་ནང་གཡོག་རབ་ཏུ་མང་པོ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་
གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་ཟོས་ཟིན་ཅིང་སྤངས་པ་ལས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལས་སོ། །ལྷག་བོར་མ་བྱས་པར་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བར་རོ། །བཅའ་བ་འམ་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་
བ་ལྔ་པོ་དག་གོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་
བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ཟས་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་ཀྱི་དུས་སུ་རུང་བའི་ཟས་གང་ཡང་རུང་བ་ཟོས་ན་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་
ཟས་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་ཀྱིས་དུས་སུ་རུང་བའི་ཟས་གང་ཡང་རུང་བ་ཟོས་ན་འདིར་དངོས་གཞིར་གསུངས་པ་ལ། ཟས་སྤངས་པ་ཉིད་ནི་གང་ཡིན། ལྷག་བོར་ནི་གང་ཡིན་པར་བརྗོད་པར་བྱ་ཞེ་ན། ཟས་སྤངས་པ་ཉིད་ཅེས་བྱ་བ་ནི་དགེ་སློང་ཟས་བརྩམས་པས་འདུག་
པའི་གནས་བཏང་བ་སྟེ། དེ་ཡང་རྒྱུ་ལྔ་པོ་ཟས་ཡོད་པ་དང་། ཟས་སྟོབས་པ་ཡོད་པ་དང་། ཟས་བརྩམས་པ་ཡོད་པ་དང་། ཟས་སྤངས་པ་ཡོད་པ་དང་། སྤྱོད་ལམ་ལས་ཉམས་པ་དག་གིས་ནི་ཟས་བརྩམས་པས་འདུག་པའི་གནས་གཏོང་བར་འགྱུར་རོ། །དགེ་སློང་ཟས་བརྩམས་པའི་

གནས་སུ་འདུག་སྟེ། བཅའ་བ་ལྔ་དང་བཟའ་བ་ལྔའི་ཟས་བརྩམས་ཤིང་ཐ་ན་ལན་ཚྭ་ཙམ་ཡན་ཆད་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བྱིན་ལེན་བྱས་ཏེ་ཟས་བརྩམས་པ་དང་། ཟས་ཡོད་པ་དང་། ཟས་སྟོབས་པ་ཡོད་པ་དང་། ཟས་བརྩམས་པ་
ཡོད་པས་བཅའ་བ་ལྔ་དང་ཐུག་པ་དང་སྐྱོ་མ་མ་གཏོགས་པ་བཟའ་བ་ལྔའི་ཟས་རུང་བ་དང་མི་རུང་བ་དང་མ་འདྲེས་པའི་བྱིན་ལེན་སྟོབས་པ་ཐོ་འཚམས་པ་མ་ཡིན་པ། དགེ་སློང་བྱིན་ལེན་བྱེད་པ་རང་གི་ཟས་འཐོབ་པའི་ཕྱོགས་ན་འགྲེང་བ་ལ་ཚིག་ལྷག་མ་མེད་པ་ལྔ་པོ་ཐོང་ཤིག་ཅེས་བྱ་བ་དང་།
གཞན་ལ་བྱིན་ཅིག་ཅེས་བྱ་བ་དང་། སོང་ཤིག་ཅེས་བྱ་བ་དང་། ཟོས་ཟིན་ཏོ་ཞེས་བྱ་བ་དང་། ཆོག་གོ་ཞེས་བྱ་བ་དག་ལས་གང་ཡང་རུང་བས་བྱིན་ལེན་སྟོབས་པ་དེ་སྤངས་པ་བྱས་ནས་ཟས་བརྩམས་པའི་ཕྱོགས་གང་དུ་སྔར་འདུག་པར་གྱུར་པའི་གནས་བཏང་སྟེ། ཟས་སྤངས་པ་ཡོད་པ་
དང་། སྤྱོད་ལམ་ལས་ཉམས་པར་གྱུར་པ་ནི་ཟས་སྤངས་པ་ཉིད་ཡིན་ནོ། །འདི་ལ་རྒྱུ་ལྔས་ནི་ཟས་བརྩམས་པས་འདུག་པའི་གནས་གཏོང་བར་མི་འགྱུར་ཏེ། ཟས་མེད་པ་དང་། ཟས་སྟོབས་པ་མེད་པ་དང་། ཟས་བརྩམས་པ་མེད་པ་དང་། ཟས་སྤངས་པ་མེད་པ་དང་། སྤྱོད་ལམ་ལས་
མ་ཉམས་པ་དག་གིས་སོ། །ཚིག་ལྷག་མ་དང་བཅས་པ་ལྔས་ནི་བྱིན་ལེན་སྟོབས་པ་སྤངས་པར་མི་འགྱུར་ཏེ། རེ་ཞིག་ཐོང་ཤིག་ཅེས་བྱ་བ་དང་། རེ་ཞིག་གཞན་ལ་བྱིན་ཅིག་ཅེས་བྱ་བ་དང་། རེ་ཞིག་སོང་ཤིག་ཅེས་བྱ་བ་དང་། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང་། རེ་ཞིག་ཆོག་གོ་
ཞེས་བྱ་བ་དག་གིས་སོ། །བཅའ་བ་ལྔ་དང་། ཐུག་པ་དང་སྐྱོ་མ་བཏང་བས་ནི་ཟས་སྤངས་པར་མི་འགྱུར་ཏེ། བཅའ་བ་ལྔ་ནི་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་གོ། །ཐུག་པ་ནི་གང་དུ་ཁ་གཟར་བཙུགས་ན་ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་
པ་ཉིད་མན་ཆད་ཀྱི་ཐུག་པ་དག་ནི་ཐུག་པ་ཉིད་ཡིན་ནོ། །སྐྱོ་མ་ནི་སྐྱོ་མ་གང་གི་སྟེང་དུ་སོར་མོ་ལྔ་གཞག་པའི་རྗེས་མི་མངོན་པ་ཉིད་མན་ཆད་ཀྱི་སྐྱོ་མ་དག་ནི་སྐྱོ་མ་ཉིད་ཡིན་ནོ། །བྱིན་ལེན་སྟོབས་པ་ཐོ་འཚམས་པ་བཏང་བས་ཀྱང་ཟས་སྤངས་པར་མི་འགྱུར་ཏེ། བྱིན་ལེན་སྟོབས་པ་ཐོ་འཚམས་པ་ནི་

གལ་ཏེ་འགའ་ཞིག་ཐོ་འཚམས་པའི་བསམ་པས་དགེ་སློང་ལ་བྱིན་ལེན་སྟོབས་པར་བྱེད་པ་སྟེ། དེ་ནི་བྱིན་ལེན་སྟོབས་པ་ཉིད་མ་ཡིན་པས་དགེ་སློང་གིས་ཀྱང་དེ་ཤེས་ནས་དེ་ལ་ཚིག་ལྷག་མ་མེད་པ་ལྔ་པོ་ཐོང་ཤིག་ཅེས་བྱ་བ་དང་། གཞན་ལ་བྱིན་ཅིག་ཅེས་བྱ་བ་དང་། སོང་ཤིག་ཅེས་བྱ་བ་དང་།
ཟོས་ཟིན་ཏེ་ཞེས་བྱ་བ་དང་། ཆོག་གོ་ཞེས་བྱ་བ་དག་ལས་གང་སྨྲས་ཀྱང་དེས་ཟས་སྤངས་པར་མི་འགྱུར་རོ། །བཟའ་བ་ལྔ་དང་ཟས་མི་རུང་བ་དང་མ་འདྲེས་པ་བཏང་བས་ནི་ཟས་སྤངས་པར་འགྱུར་རོ། །བཟའ་བ་ལྔ་ནི་འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་དང་། ལྡེ་གུ་དག་གོ། །ཟས་མི་
རུང་བ་དང་མ་འདྲེས་པ་ནི་དེ་དག་ཉིད་བྱིན་ལེན་མ་བྱས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དང་། གསོག་འཇོག་ཏུ་གྱུར་པ་དང་། རྨིག་གཅིག་པའི་ཤ་དང་། མི་ཤ་ལ་སོགས་པ་དང་མ་འདྲེས་པའོ། །བྱིན་ལེན་སྟོབས་པ་ཐོ་འཚམས་པ་མ་ཡིན་པ་བཏང་བས་
ཀྱང་ཟས་སྤངས་པར་འགྱུར་ཏེ། བྱིན་ལེན་སྟོབས་པ་ཐོ་འཚམས་པ་མ་ཡིན་པ་དེ་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། གཞན་ཡང་རུང་བར་བྱེད་པ་བྱིན་ལེན་སྟོབས་པར་གནང་བ་ཐོ་འཚམས་པའི་བསམ་པ་མེད་པ་
ཟས་འཐོབ་པའི་ཕྱོགས་ན་འདྲེན་པའོ། །ལྷག་པོར་མ་བྱས་པ་ཉིད་ཅེས་བྱ་བ་ལ་ལྷག་པོར་ཇི་ལྟར་བྱ་ཞེ་ན། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ་བཟའ་བ་རྙེད་ཅིང་བཟའ་བར་འདོད་ན་དགེ་སློང་དེས་ལག་པ་
གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ། སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པའམ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་
དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་། སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་བོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། དེས་ཁམ་གཉིས་

སམ་གསུམ་ཟོས་ནས་འདི་སྐད་ཅེས་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བརྗོད་པར་བྱའོ། །སློབ་དཔོན་ཁ་ཅིག་ན་རེ་ཁྱོད་ཀྱིར་གྱུར་གྱི་ཅི་བདེར་གསོལ་ཅིག་ཅེས་བརྗོད་པར་བྱའོ་ཞེས་ཀྱང་ཟེར་རོ། །དེ་ལ་དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་
ཉམས་པ་གང་ཡིན་པ་དེས་ནི་བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ནས་དེ་ལྟར་ལྷག་བོར་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་དེས་ལག་པར་བྱིན་ནས་དེ་ལྟར་ལྷག་བོར་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་
སློང་གང་གིས་བདག་གིས་དེང་འདི་ལས་ཟས་གཞན་མི་བཟའོ་ཞེས་དེ་ལྟར་བརྟག་པར་བྱས་ཏེ་ཟས་སྤངས་པ་དང་། དེ་ལྟར་བརྟག་པར་མ་བྱས་པར་སྤྱོད་ལམ་ལས་ཉམས་པ་ཙམ་གྱིས་ཟས་སྤངས་པ་བྱས་པས་ཀྱང་ལྷག་པོར་བྱེད་དུ་གཞུག་ཏུ་རུང་ངོ་། །དུས་སུ་རུང་བ་མ་ཡིན་པ་དང་། དེ་དང་འདྲེས་པ་
ལ་ནི་མི་བྱ་བ་ཉིད་དོ། །རྒྱུ་ལྔས་ལྷག་བོར་མ་བྱས་པར་བརྗོད་པར་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དུ་དང་། མི་འཐོབ་པའི་ཕྱོགས་སུ་དང་། རྒྱབ་ནས་དང་། གློ་ནས་དང་། སྤྱོད་ལམ་ལས་ཉམས་པར་བྱེད་དུ་འཇུག་པས་སོ། །དེ་ལས་ཟློག་པ་ལྔས་ནི་ལྷག་བོར་བྱས་པར་བརྗོད་པར་བྱའོ། །གཞན་ཡང་རྒྱུ་ལྔས་ནི་
ལྷག་བོར་མ་བྱས་པར་བརྗོད་པར་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དུ་དང་། མི་འཐོབ་པའི་ཕྱོགས་སུ་དང་། ལྷུང་བཟེད་ཀྱི་གཞི་དང་། ཐུ་བར་དང་། སྤྱོད་ལམ་ལས་ཉམས་པར་བྱེད་དུ་འཇུག་པས་སོ། །དེ་ལས་བཟློག་པ་ལྔས་ནི་ལྷག་བོར་བྱས་པར་བརྗོད་པར་བྱའོ། །ལྷག་བོར་ཞེས་བྱ་བ་ནི་ལྷག་མར་
བྱས་ཤིང་བོར་བ་སྟེ། ལྷག་བོར་བྱེད་པའི་དགེ་སློང་གིས་ཟོས་པའི་ལྷག་མ་བོར་བ་ནི་ལྷག་བོར་ཞེས་བྱའོ། །གཅིག་གིས་ལྷག་བོར་བྱས་པ་མང་པོ་དག་གིས་ཀྱང་བཟར་རུང་ངོ་། །ལྷག་བོར་བྱས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་ལྟར་མ་བྱས་པ་ནི་ལྷག་བོར་མ་བྱས་པ་ཉིད་དོ། །དེ་ལྟར་དགེ་སློང་ཟས་སྤངས་
པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་ཀྱི་མཚན་ཉིད་བསྟན་ནས། ད་ནི་ལྟུང་བ་རྣམ་པར་གཞག་པའི་མཚན་ཉིད་བསྟན་པར་བྱ་སྟེ། དགེ་སློང་ཟས་སྤངས་པ་ཉིད་ལ་ན་སྨད་པ་མེད་དོ། །ལྷག་བོར་མ་བྱས་པ་ཉིད་ལ་ན་སྨད་པ་མེད་དོ། །སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་ཀྱང་ཡིན་ལ། དེ་དག་

ཏུ་འདུ་ཤེས་པ་ཉིད་དང་ཡིད་གཉིས་ཟ་བ་ཉིད་ལ་ན་སྨད་པ་མེད་དོ། །ཟས་དུས་སུ་རུང་བ་བཅའ་བ་ལྔ་དང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཟོས་ཤིང་མགུལ་དུ་མིད་པ་ལ་ན་སྨད་པ་མེད་དོ། །འདིར་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ནི་བཅས་པ་དང་གནང་བའི་དབང་གིས་
རྣམ་པར་གཞག་པ་ཡིན་པས། དགེ་སློང་ཟས་སྤངས་པ་ཉིད་ཀྱིས་ལྷག་བོར་མ་བྱས་པར་དུས་སུ་རུང་བའི་ཟས་གང་ཡང་རུང་བ་ཟོས་ན་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དུ་འགྱུར་ལ། ལྷག་བོར་བྱས་ཏེ་ཟོས་པ་ལ་ནི་ལྟུང་བ་མེད་པར་སྟོན་ཏོ། །སྟན་གཅིག་པའི་སྦྱངས་པའི་ཡོན་ཏན་ཡང་དག་པར་
བླངས་པའི་དགེ་སློང་འདི་ཡང་དག་པར་བླངས་པ་ལས་བྱུང་བའི་ཡི་དམ་ཁྱད་པར་ཅན་ཡིན་པས་དེས་ནི་སྤངས་པ་ཉིད་ཡིན་ཡང་རུང་། སྤངས་པ་ཉིད་མ་ཡིན་ཡང་རུང་སྟེ། ལན་ཅིག་སྟན་གཅིག་གི་སྟེང་དུ་བྱིན་ལེན་བྱས་ཏེ་ཟོས་ཟིན་ཕན་ཆད་ཕྱིས་བྱིན་ལེན་བྱས་ཀྱང་རུང་མ་བྱས་ཀྱང་རུང་། ལྷག་བོར་
བྱས་ཀྱང་རུང་མ་བྱས་ཀྱང་རུང་བའི་བཟའ་བ་དང་བཅའ་བ་དག་བཟའ་བར་མི་བྱ་སྟེ། ཟོས་ན་ཡི་དམ་རལ་བར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཟས་སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་
ཏེ། ཟས་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། དུས་སུ་རུང་བའི་ཟས་དང་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་
དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཟས་སྤངས་པ་ཉིད་མ་ཡིན་པ་དང་། ལྷག་བོར་བྱས་པ་ཉིད་མ་ཡིན་པ་ལ་སྤངས་པ་ཉིད་དང་། ལྷག་བོར་བྱས་པ་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །
ཟས་བརྩམས་པས་ལྡང་བ་ལ་ཉེས་བྱས་སོ། །ལྷག་བོར་བྱེད་པ་ཟས་ཟོས་ཟིན་ཅིང་སྤངས་པ་སྤྱོད་ལམ་ལས་མ་ཉམས་པས་ལྷག་བོར་བྱས་པའི་ཟས་ལས་ཁམ་གཅིག་གམ་གཉིས་ཟ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་

སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། ལྟུང་བ་མེད་པ་ནི་ཟས་མ་སྤངས་པ་ཉིད་ལ་ལྟུང་བ་མེད་དོ། །ལྷག་བོར་བྱས་པ་ཉིད་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་པ་ཉིད་ལ་ལྟུང་བ་མེད་དོ། །དུས་སུ་རུང་བའི་ཟས་མ་ཡིན་པ་ཐུན་ཚོད་དུ་རུང་
བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དང་། དུས་ཀུན་ཏུ་རུང་བ་ལ་ལྟུང་བ་མེད་དོ། །མ་ཟོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་
ལ་གནས་སྐབས་ཐམས་ཅད་དུ་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྟན་གཅིག་པའི་ཟས་བཟའ་བར་བསླབ་པར་བྱའོ། །ཟས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱའོ། །ཟས་བརྩམས་པའི་གནས་སུ་འདུག་སྟེ། བཅའ་བ་
ལྔ་དང་བཟའ་བ་ལྔའི་ཟས་བརྩམས་ཤིང་ཐ་ན་ལན་ཚྭ་ཙམ་ཡན་ཆད་བཟའ་བར་བྱ་བ་གང་རུང་བ་ཅུང་ཟད་ཅིག་བྱིན་ལེན་བྱས་ཏེ་ཟས་བརྩམས་པས་ལྡང་བར་མི་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ་བཟའ་བ་རྙེད་
ཅིང་ཟ་བར་འདོད་ན། དེས་ལྷག་བོར་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དེ་སུམ་ཅུ་བཞི་པ་བཤད་ཟིན་ཏོ།། །།སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པ་དང་། ནོར་ཟད་པ་དང་། ལོངས་སྤྱོད་ཟད་
པར་གྱུར་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་མི་ནུས་ཀྱི་རབ་ཏུ་འབྱུང་དུ་འགྲོའོ། །རྗེའི་སྲས་དེ་བཞིན་མཛོད་ཅིག །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དེ་དགེ་སློང་ཞིག་ལ་རབ་ཏུ་འབྱུང་བར་གསོལ་པ་དང་། དེས་མཁན་པོ་སྤོང་བ་ལ་དགོན་པ་

ན་བསམ་གཏན་བྱེད་པ་ཞིག་ཡོད་པའི་གན་དུ་ཁྲིད་དེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས། དེ་དགེ་སློང་དེ་ལ་གཏད་དེ་གཏང་ངོ་། །དགེ་སློང་དེས་རྒན་ཞུགས་དེ་ཀློག་པ་དང་། སློབ་ཏུ་འཇུག་པ་ན་རྒན་ཞུགས་དེ་བརྗེད་ངས་པས།
ཡང་དང་ཡང་དུ་ལྟུང་བ་འབྱིན་ནས་དེས་དེ་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་ལྟུང་བ་འཆགས་སུ་འཇུག་པར་བྱེད་དོ། །རྒན་ཞུགས་དེས་བསམས་པ། བདག་སློབ་དཔོན་འདིས་རྟག་ཏུ་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་ལྟུང་བ་འཆགས་སུ་འཛུད་པས་བདག་གིས་ཀྱང་འདི་མདུན་དུ་ཙོག་པུར་འདུག་ཏུ་
བཅུག་སྟེ་ལྟུང་བ་འཆགས་སུ་གཞུག་པའི་ཐབས་ཅི་ཡོད་སྙམ་མོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་ཏེ་བཅོམ་ལྡན་འདས་ཀྱིས་གདུགས་ཚོད་གསོལ་ནས་ཁྱིམ་བདག་
དེ་ལ་ཆོས་བསྟན་པར་བརྩམས་སོ། །དགེ་སློང་དེས་རྒན་ཞུགས་དེ་ཁྲིད་དེ་སྦྱིན་བདག་གི་ཁྱིམ་དུ་སོང་བ་དང་། སྦྱིན་བདག་གིས་དེ་གཉིས་ལ་ཟས་བསྟབས་ནས་དེ་གཉིས་ཀྱིས་ཁོ་བོ་ཅག་ཟས་ཟོས་ཟིན་ཏོ་ཞེས་སྤངས་པ་དང་། སྦྱིན་བདག་གིས་སྨྲས་པ། བསྣོམས་ཏེ་བཞུད་ལ་ལྷག་བོར་མཛོད་ཅིག །དེ་གཉིས་
ཀྱིས་བྱིན་ལེན་བྱས་ཏེ་དོང་ནས། རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། དགེ་སློང་དེ་ནི་ཆུ་འཆག །རྒན་ཞུགས་དེ་ནི་ལྷག་བོར་བྱེད་དུ་བཅུག་ན། རྒན་ཞུགས་ཀྱིས་རང་གི་སྐལ་བ་ནི་ལྷག་བོར་བྱས་ལ། དགེ་སློང་དེའི་སྐལ་བ་ནི་ལྷག་བོར་མ་བྱས་པར་བྱས་སོ་ཞེས་ཟེར་ཏེ་ཟར་བཅུག་ནས་དེའི་འོག་ཏུ་ཁྱོད་ཀྱིས་ལྷག་
བོར་མ་བྱས་པའི་བཅའ་བ་དང་བཟའ་བ་ཟོས་ཀྱི་ལྟུང་བ་ཤོགས་ཤིག་ཅེས་བྱས་པ་དང་། དགེ་སློང་དེས་སྨྲས་པ། རྒན་ཞུགས་ཁོ་བོས་ལྟུང་བ་མི་འཆགས་ཀྱི་འདི་ལྟར་ཁྱོད་ཉིད་ལྟུང་བ་དང་བཅས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེས་དེས་དགེ་སློང་རྣམས་ལ་སྐབས་དེ་བརྗོད་པ་དང་།
དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་འདི་འཆོ་ཤིག་འདི་ཟོ་ཞིག་ཅེས་ལྷག་བོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་

པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ།
རྒན་ཞུགས་དེ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་
རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙོམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་འདི་འཆོ་ཤིག་འདི་ཟོ་ཤིག་ཅེས་ལྷག་བོར་མ་བྱས་
པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རྒན་ཞུགས། ཉོན་མོངས་པ་ནི་ཉེས་རྩོམ། ཉེས་པ་ནི་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་ལྷག་བོར་མ་བྱས་པའི་བཅའ་བ་དང་། བཟའ་བ་དུས་
ཀྱིས་སྟོབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པའམ་གཞན་དག་གིས་བརྗོད་པས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཟས་ཟོས་ཟིན་ཅིང་སྤངས་པ་ལ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལ་འོ།
སྐབས་ཚོལ་ཞིང་ཞེས་བྱ་བ་ནི་ཀླན་ཀ་ཚོལ་ཞིང་ངོ་། །ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དང་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་སློང་འདི་ལྟུང་བ་དང་བཅས་པར་བྱས་པར་འགྱུར་རོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ནས་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཚེ་དང་ལྡན་པ་འདི་འཚོ་ཤིག་འདི་ཟོ་ཤིག་
ཅེས་བྱ་བ་ནི་བཅའ་བ་དང་བཟའ་བའོ། །ལྷག་བོར་མ་བྱས་པའི་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བའིའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །དུས་ཀྱིས་སྟོབས་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྟོབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་

སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་
ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལྷག་བོར་མ་བྱས་པའི་ཟས་རུང་བ་དུས་ཀྱིས་སྟོབས་ན་སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ཡང་ཟས་ཟོས་ཟིན་ཅིང་སྤངས་པ་ཉིད་ཡིན་ལ། ལྟུང་བ་འབྱིན་པ་པོས་
ཀྱང་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་ཉིད་ལ་ན་སྨད་པ་མེད་དོ། །ལྷག་བོར་མ་བྱས་པ་ཉིད་ལ་ན་སྨད་པ་མེད་དོ། །ཟས་རུང་བ་བཟའ་བ་ལྔ་དང་བཅའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དུས་ཀྱིས་སྟོབས་པ་ལ་ན་སྨད་པ་
མེད་དོ། །ངག་གི་རྣམ་པར་རིག་བྱེད་ཀྱིས་སྟོབས་པ་ལ་ན་སྨད་པ་མེད་དོ། །ཕ་རོལ་པོས་དང་དུ་བླངས་ཀྱང་རུང་མ་བླངས་ཀྱང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཟས་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་
དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ཟས་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་དང་། དེར་འདུ་ཤེས་པ་དང་། དུས་སུ་རུང་བའི་ཟས་དང་སྟོབས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྤངས་པ་ལ་སྟོབས་
པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཟས་སྤངས་པ་ཉིད་མ་ཡིན་པ་དང་། ལྷག་བོར་མ་བྱས་པ་ཉིད་མ་ཡིན་པ་ལ་སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དུ་འདུ་ཤེས་
པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཟས་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །དགེ་སློང་ཉམས་པ་དང་མ་ཆགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་ལ་ཉེས་བྱས་སོ། །ཕྲིན་པ་དང་སྤྲིང་ཡིག་ལ་སོགས་པས་སྟོབས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་

བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཟས་མ་སྤངས་པ་ཉིད་ལ་ལྟུང་བ་མེད་དོ། །ལྷག་པོར་མ་བྱས་པ་ཉིད་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་མེད་པ་
ཉིད་ལ་ལྟུང་བ་མེད་དོ། །ལྷག་པོར་བྱ་མི་དགོས་པ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དང་། དུས་ཀུན་ཏུ་རུང་བ་ལ་ལྟུང་བ་མེད་དོ། །མ་བསྟབས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་
ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཉེས་རྩོམ་མི་བྱའོ། །ཀླན་ཀ་མི་བཙལ་ལོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། སྤངས་པ་ལ་སྟོབས་
པའི་ལྟུང་བྱེད་དེ་སུམ་ཅུ་ལྔ་པ་བཤད་ཟིན་ཏོ།། །།འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ལྷ་
སྦྱིན་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟས་ཟ་ན་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟས་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ལྷ་སྦྱིན་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་
གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ལྷ་སྦྱིན་འཁོར་དང་བཅས་

པ། ཉོན་མོངས་པ་ནི་མི་མཐུན་པ་འདོད་པ། ཉེས་པ་ནི་འདུས་ཤིང་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དགེ་སློང་རབ་ཏུ་མང་པོ་ན་བ་དག་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་
ཁོ་བོ་ཅག་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཞལ་སུས་གསོལ་ཅིག །སུས་སྦྱིན་པར་འགྱུར། བདག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་དམ། མ་ལགས་ཏེ་དགེ་སློང་བསྙུང་བ་ཇི་སྙེད་པ་དག་གོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་
གཞི་བཅའ་བ་མཛད་དོ། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་
བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་གིས་དགེ་འདུན་གྱི་དང་མཆོད་རྟེན་གྱི་ལས་དག་ཀྱང་བྱས་ནས་དེ་དག་བཀྲེས་པས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་
བསྟན་པ་ལ་གཅིག་པུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དེ་དག་གིས་སྨྲས་པ། ཁོ་བོ་ཅག་བཀྲེས་སོ། །ཅིའི་སླད་དུ་ཞལ་སུས་མི་གསོལ། སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་ལ་
གསོལ་ལམ། མ་ལགས་ཏེ་ཁྱེད་ཅག་ཁོ་ན་ལ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་
ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འདོང་བ་ན་ཅི་ཙམ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་གྱིས་སྨྲས་པ། འཕགས་

པ་དག་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱི་ཚུར་གཤེགས་དང་། བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ་མ་ལགས་ཏེ། ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་
བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་
དང་ལྷན་ཅིག་གྲུར་ཞུགས་ཏེ་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུ་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་གྱིས་སྨྲས་པ། འཕགས་པ་དག་གྲུའི་ཤུལ་འདི་ན་ཆོམ་རྐུན་པའི་
འཇིགས་པ་མཆིས་ཀྱི་ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་
དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གྲུར་ཞུགས་པའི་དུས་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་
དང་། ལོ་ལྔའི་དུས་སྟོན་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་རྣམས་ཀྱི་འདུས་པ་ཆེན་པོར་བྱུང་བར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཚུར་གཤེགས་གདུགས་ཚོད་གསོལ་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་དགེ་
འདུན་ཐམས་ཅད་ལ་གསོལ་ལམ། འཕགས་པ་དག་བདག་ཅག་ལ་དགེ་འདུན་ཐམས་ཅད་གསོལ་བའི་འབྱོར་པ་གང་ལགས་པ་དེ་ལྟ་བུ་ག་ལ་མཆིས་ཏེ། འདི་ལྟར་ལ་ལས་ཉི་ཤུ་ལ་གསོལ་ལོ། །ལ་ལས་སུམ་ཅུ་ལ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་

བཟའ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་འདུས་པ་ཆེན་པོའི་དུས་མ་གཏོགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས། བདེན་པ་དག་མ་མཐོང་
བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལ་ཕུལ་བར་གྱུར་ཏོ། །གང་གི་ཚེ་བདེན་པ་དག་མཐོང་བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལས་ཕྲོགས་ཏེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་ཏུ་འཚོ་དག་གི་ནང་དུ་རབ་ཏུ་བྱུང་ནས་རྒྱལ་པོས་
སྨྲས་པ། འཕགས་པ་དག་འདི་བདག་གི་ཞང་པོ་ལགས་ཀྱི་ཇི་སྲིད་དུ་འགྱུར་བ་བསྟེན་པར་མི་བགྱིད་ཀྱི་བར་དུ་འདི་གཅིག་པུ་གཞག་ཏུ་གསོལ། གང་གི་ཚེ་འགྱུར་བ་བསྟེན་པར་འགྱུར་བ་དེའི་ཚེ། བདག་གིས་འདི་ཡང་བསྐྲད་པར་བགྱིའོ་ཞེས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀུན་དུ་འཚོ་དེ་ལ་ཁ་ཟས་ཀྱི་
མཁོ་བ་སྟོབས་པར་བྱེད་དོ། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་ཀུན་དུ་འཚོ་དེས་མཐོང་ནས་དེ་ཤིན་ཏུ་དད་པ་སྐྱེས་ཏེ། དེས་དགེ་སློང་རྣམས་ལ་སྨྲས་པ། བདག་གིས་ཀྱང་དགེ་སློང་རྣམས་ཀྱི་གདུགས་ཚོད་བགྱིའོ། །དེ་ལྟར་
གྱིས་ཤིག །ཅི་དགེ་འདུན་ཐམས་ཅད་ཀྱི་བྱེད་དམ། མ་ལགས་ཏེ། བདག་གིས་རྒྱལ་པོས་ཞལ་ཟས་ཀྱི་མཁོ་བ་སྟོབས་པར་བགྱིད་པ་ལྟར་བདག་ལ་དགེ་འདུན་ཐམས་ཅད་ཀྱི་གདུགས་ཚོད་བགྱིད་པའི་འབྱོར་བ་དག་གང་ལགས་པ་དེ་ལྟ་བུ་མ་མཆིས་ཏེ། འདི་ལྟར་དགེ་སློང་ཉི་ཤུའམ། ཉི་ཤུ་རྩ་
ལྔའི་གདུགས་ཚོད་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སྦྱོང་གི་
ཟས་ཀྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་

མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་
ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཆོས་འདི་པའི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་
པ་དང་ཉེས་པ་ནི་མེད་དོ། །དེ་ལ་འདུས་ཤིང་ཟ་ན་ཞེས་བྱ་བ་ནི་མི་མཐུན་པར་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་
པའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །
གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །འདུས་པ་ཆེན་པོ་དུས་སོ་ཞེས་བྱ་བ་ནི་སྤགས་པའོ། །དགེ་སྦྱོང་གི་ཟས་དུས་ཏེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དག་འཁོད་ན་དེ་ཡང་དགེ་སྦྱོང་
ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བ་དང་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་
མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། གྲུར་མ་ཞུགས་པ་དང་སོ་སོར་ངེས་པའི་ཟས་ཀྱི་གནས་

ཅན་དག་ལས་གཞན་པ་དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་དུ་ཟ་བས་མཚམས་ཀྱི་ནང་དུ་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུག་སྟེ་དུས་སྟོན་ཆེན་པོ་མ་ཡིན་པ་དང་། དགེ་སློང་གི་ཟས་མ་ཡིན་པ་ཟས་གང་ཡང་རུང་བ་ཆུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་
འདུས་ཏེ་ཟ་བ་གང་ཡང་རུང་བ་ཅིག་ལ་མ་བསྲུལ་བར་དེར་འདུ་ཤེས་པས་དུས་སུ་རུང་བའི་ཟས་ཟོས་ན་འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། གྲུར་མ་ཞུགས་པ་ཉིད་ལ་ན་སྨད་པ་མེད་དོ། །ན་བའི་ཚད་ནི་དགེ་
སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་ཀྱི་ཚད་ནི་དགེ་སློང་གིས་དགེ་འདུན་གྱི་འམ་མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་གྱི་ཚད་ནི་དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །གྲུར་ཞུགས་
པའི་ཚད་ནི་དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་སོང་བའ