Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 153
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །འོད་སྲུངས་གང་ལ་ལ་ཞིག་སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་པ་དེ་ནི་ངའི་བསྔགས་པ་མ་ཡིན་པ་རྗོད་ པར་བྱེད་པ་ཡིན་ལ། གང་ལ་ལ་ཞིག་སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་པ་རྗོད་པར་བྱེད་པ་དེ་ནི་ངའི་བསྔགས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ཡུན་རིང་པོ་ནས་སྦྱངས་པའི་ཡོན་ཏན་དེ་དག་བསྟོད་ཅིང་བཀུར་ལ། བསྔགས་ཤིང་རབ་ཏུ་བསྔགས་པའི་ཕྱིར་རོ། །འོད་སྲུངས་ དེ་ལྟ་བས་ན་ཁྱོད་ནི་དགོན་པ་པ་ཡིན་ཞིང་། དགོན་པ་ཉིད་ཀྱི་བསྔགས་པ་བརྗོད་པ་དང་། བསོད་སྙོམས་པ་ཡིན་ཞིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་བརྗོད་པ་དང་། ཕྱག་དར་ཁྲོད་པ་ཡིན་ཞིང་། ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཕོངས་ པ་དང་བཅས་པའི་དུས་བྱུང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་བསོད་སྙོམས་སྦྱོར་ཏེ། དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དགེ་སློང་མ་བཅུ་གཉིས་སྡེ་ དག་གི་གན་དུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་བཞུགས་ལ་ཞལ་ཚུས་གསོལ་ཅིག །སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་དེ་ཙམ་གྱིས་ཁོ་བོ་ཅག་འཚོ་བར་མི་ནུས་སོ། །འདི་ལྟར་བྲམ་ཟེ་ དང་། ཁྱིམ་བདག་དད་པ་ཅན་གང་དག་གིས་དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་དེ་དག་གལ་ཏེ་ཁྱོད་ཀྱིས་ཁོ་བོ་ཅག་གི་ཕྱིར་སྦྱོར་དུ་བཅུག་ན་དེ་ལྟ་ན་ཁོ་བོ་ཅག་འཚོ་བར་ནུས་སོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་ཁྱིམ་གང་དག་ཏུ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བའི་ཁྱིམ་དེ་དག་ཏུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་སུའི་བསོད་སྙོམས་སྦྱར། དེ་དག་གིས་སྨྲས་པ། འཕགས་ པ་ཀུན་ཤེས་ཀཽཎྜི་ནྱ་དང་དགེ་སློང་གནས་བརྟན་གནས་བརྟན་དག་གིའོ། །སྦོམ་དགའ་མོས་སྨྲས་པ་ཁྱོད་ཀྱིས་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་གང་དག་ཡིན་པ་དེ་དག་གི་བསོད་སྙོམས་སྦྱར་ན། དེ་ལྟ་ན་ཁྱོད་ ལ་བསོད་ནམས་ཆེ་བར་འགྱུར་རོ། །དེ་དག་གིས་སྨྲས་པ། དེ་དག་གང་ལགས། སྦོམ་དགའ་མོས་སྨྲས་པ། འཕགས་པ་དགའ་བོ་དང་། ཉེ་དགའ་བོ་དང་། འདུན་པ་དང་། འཆར་ཀ་དང་། འགྲོ་མགྱོགས་དང་། ནབས་སོ་དག་གོ། །དེ་དག་གིས་སྨྲས་པ། དེ་ལྟར་བགྱིའོ་ཞེས་དེ་དག་གིས་འཕགས་པ་ཀུན་ཤེས་ ཀཽཎྜི་ནྱ་དང་། དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་གང་དག་ཡིན་པ། དེ་དག་དྲུག་སྡེ་དག་གི་ཕྱིར་སྦྱོར་དུ་བཅུག་གོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་དོང་བ་དང་། དེ་དག་ལྷུང་བཟེད་ཁས་ བཏགས་པའི་བསོད་སྙོམས་དག་གིས་འོངས་པ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཨེ་མའོ་དྲུག་སྡེ་དག་གིས་ལྷུང་བཟེད་ཁས་བཏགས་སོ། །དྲུག་སྡེ་དག་གིས་སྨྲས་པ། གང་དག་གིས་བདག་ཅག་གི་ཕྱིར་བསོད་སྙོམས་དག་སྦྱོར་དུ་བཅུག་པའི་སྲིང་མོ་དག་ནད་མེད་པར་གྱུར་ཅིག །དགེ་ སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་བཟར་རུང་ངམ། དྲུག་སྡེ་དག་གིས་སྨྲས་པ། རུང་བ་ཡང་སྲིད་མི་རུང་བ་ཡང་སྲིད་དེ། ཇི་ཁོ་བོ་ཅག་ལྟོགས་ཏེ་འཆི་བར་བྱ་འམ། ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ མས་སྦྱོར་དུ་བཅུག་པའི་ཟས་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་ རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྟོ་འདུན། ཉེས་པ་ནི་དགེ་སློང་མས་སྦྱོར་དུ་བཅུག་པའི་ ཟས་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེ་ལས་ཀྱི་མཐའ་གཉིས་བྱེད་དུ་འཇུག་སྟེ། ཚོང་དང་ཞིང་ལས་ཀྱི་མཐའོ། །དེས་དགོན་པར་ ཞིང་རྨོས་ནས་ས་བོན་བཏབ་སྟེ། ཞིང་དེའི་དྲུང་དུ་སྤྱིལ་བུ་བྱས་ནས་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་ངོ་། །དགེ་སློང་བསོད་སྙོམས་པ་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན། མཉན་ཡོད་དུ་ཕྱིན་ནས། དེས་དེར་བྱུལ་བ་ན་ཞིང་དེའི་དྲུང་ན་སྤྱིལ་བུ་ཞིག་འདུག་པ་མཐོང་ནས། དེས་བསམས་པ། ཕྱོགས་འདི་ གོ་སྐབས་དབེན་པ་ཡིན་གྱི་འདི་ཉིད་དུ་འདུག་པར་བྱའོ་སྙམ་པས། དེས་དེ་ཉིད་དུ་འདུག་པར་བརྩམས་ཏེ། མཉན་ཡོད་དུ་བསོད་སྙོམས་རྒྱུས་ནས་དེ་ཉིད་དུ་གནས་འཆའོ། །དེར་མིའི་དྲིས་རི་དགས་དང་བྱ་འགའ་ཡང་མི་འོང་ཞིང་དེར་ལྷས་ཀྱང་དུས་དང་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ཞིང་དེ་ ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །ཁྱིམ་བདག་དེ་ཡང་དོན་ལེགས་པར་གྲུབ་སྟེ་བཀྲ་ཤིས་ཤིང་བདེ་བར་འོངས་སོ། །དེ་ནས་ཁྱིམ་བདག་དེ་རྫས་སྦས་ནས་ཁྲུས་བྱས་ཏེ། ཟན་ཟོས་པ་དང་ཆུང་མས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་དགོན་པའི་ཞིང་དེ་ལ་ས་བོན་བཏབ་ནས་ ཡུལ་གཞན་དུ་བཞུད་ན། གལ་ཏེ་ས་བོན་གྱི་སྐྱིན་པ་ཙམ་གྲུབ་པར་གྱུར་ཏམ་ཇེ་གཟིགས་ཤིག །ཁྱིམ་བདག་དེ་དེང་སོང་བ་དང་། ཇི་ཙམ་དུ་ཞིང་དེ་ལོ་ཏོག་ཕུན་སུམ་ཚོགས་པ་མཐོང་ནས་དེས་བསམས་པ། བདག་གིས་འདིར་རིབ་མ་ཡང་མ་བྱས། སྲུང་བའི་མི་འགའ་མ་བཞག་པར་ཞིང་ལོ་ཏོག་ ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་པ་འདི་ལ་རྒྱུ་ཅི་ཡོད་སྙམ་ནས་དེས་དེར་བྱུལ་བ་དང་མིའི་རྗེས་མཐོང་ནས་དེ་རྗེས་བཞིན་དུ་སྤྱིལ་བུ་དེར་སོང་བ་དང་། ཇི་ཙམ་ན་དགེ་སློང་བསོད་སྙོམས་པ་ཞིག་སྐྱིལ་མོ་ཀྲུང་གིས་འདུག་པ་མཐོང་ནས། དེས་བསམས་པ། འདིའི་མཐུས་ཞིང་འདི་ཤིན་ཏུ་ལོ་ཏོག་ཕུན་སུམ་ ཚོགས་པར་གྱུར་ཏོ་སྙམ་ནས་དེས་སྨྲས་པ། འཕགས་པ་སྤྱིལ་བུ་འདི་ན་བཞུགས་སམ། དེས་སྨྲས་པ། ཁྱིམ་བདག་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཞིང་འདི་བདག་གི་ལགས་ཀྱི། འཕགས་པས་མེ་ཏོག་དང་འབྲས་བུ་དང་ཚེམས་ཤིང་དག་ཇི་བདེར་ལོངས་སྤྱད་དུ་གསོལ། འཕགས་ པ་སང་བདག་གི་སྡུམ་པར་བསོད་སྙོམས་གསོལ་བར་ཅི་གནང་ཞེས་མགྲོན་དུ་བོས་ནས་དེ་ཁྱིམ་དུ་སོང་སྟེ། ཆུང་མས་ཟས་གཙང་ཞིང་བསོད་པ་དག་སྟ་གོན་བྱེད་དུ་བཅུག་གོ། །དེའི་ཚེ་ན་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་ སྙོམས་ལ་ཞུགས་ནས་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་ཏེ་སྨྲས་པ། མཚན་བཟངས་ཨ་རོག་གྱ་བསོད་སྙོམས་བྱིན་ཅིག །ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་མ་བདག་གིས་བསོད་སྙོམས་པ་ཞིག་སྤྱན་དྲངས་པ་དེ་མཆིས་ཏེ། ཟན་བཅད་པར་གྱུར་ན་མི་རུང་བས་བདག་ བྲེལ་གྱི་རེ་ཞིག་བཞུད་ཅིག །སྦོམ་དགའ་མོས་སྨྲས་པ། གལ་ཏེ་ཁོ་མོས་བསོད་སྙོམས་པ་དེ་ཁྲིད་དེ་འོངས་ན་ཁྱོད་ཀྱིས་ཁོ་མོ་ལ་བསོད་སྙོམས་སྦྱིན་ནམ། དེས་སྨྲས་པ། གསོལ་ལོ། །སྦོམ་དགའ་མོས་བསམས་པ། དགེ་སློང་གཞན་དག་གིས་བསོད་སྙོམས་ལ་རྒྱུས་ནས་དེ་ཙམ་ཕྱིར་འབྱུང་བས་ གང་གཟོད་འཇུག་པ་དེ་བསོད་སྙོམས་པ་ཡིན་ནོ་སྙམ་ནས་དེ་གྲོང་ཁྱེར་གྱི་སྒོར་སོང་སྟེ་བསྡད་དོ། །བསོད་སྙོམས་པ་དེས་ཀྱང་བསམས་པ། དེང་བདག་གིས་བསོད་སྙོམས་ལ་རྒྱུ་མི་དགོས་པས་དགེ་བའི་ཕྱོགས་ལ་ཏྲོན་བྱ་ཞིང་དུས་ཤེས་པར་བྱས་ཏེ་འགྲོའོ་སྙམ་ནས་དེས་དུས་ཤེས་པར་བྱས་ནས་སྔ་དྲོ་ཤམ་ ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་འཇུག་པར་བརྩམས་པ་དང་། དེ་སྦོམ་དགའ་མོས་མཐོང་ནས་བསམས་པ། བསོད་སྙོམས་པ་དེ་འདི་ཡིན་ནོ་སྙམ་ནས་དེ་ལ་དྲིས་པ། འཕགས་པ་སྡུམ་པ་ག་གེ་མོ་ཞིག་ཏུ་སྤྱན་མ་དྲངས་སམ། སྲིང་མོ་གཡར་ དྲངས་སོ། །འཕགས་པ་བདག་གིས་ཁྱོད་ཀྱི་ཁྱིམ་དེར་ཁྱོད་ཀྱི་བསྔགས་པ་བརྗོད་དོ། །དེས་སྨྲས་པ། སྲིང་མོ་ཅི་ཁོ་བོས་ཁྱོད་ལ་ཁོ་བོའི་བསྔགས་པ་རྗོད་ཅིག་ཅེས་བྱས་སམ། འཕགས་པ་བཀའ་མ་སྩལ་ཏོ། །བསོད་སྙོམས་པ་དེས་བསམས་པ། འདི་ནི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ ཡིན་པར་གྱུར་གྱི་བདག་གི་ཟན་བཅད་པ་ནི་བླའི་བདག་ལྟུང་བ་དང་བཅས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེས་ཕྱིར་ལྡོག་པར་བརྩམས་པ་དང་། སྦོམ་དགའ་མོས་སྨྲས་པ། འཕགས་པ་བདག་གིས་ཁྱོད་ཀྱི་གདུང་ཡང་མ་འཚལ་མཚན་ཡང་མ་འཚལ་བས་བདག་གིས་ཁྱོད་ཀྱི་བསྔགས་པ་བརྗོད་རེ་སྐན། བསོད་སྙོམས་པས་སྨྲས་པ། སྲིང་མོ་གལ་ཏེ་ཁྱོད་ཀྱི་ཚིག་སྔ་མ་བདེན་ན་ནི་ཕྱི་མ་བརྫུན་ལ། གལ་ཏེ་ཕྱི་མ་བདེན་ན་ནི་སྔ་མ་བརྫུན་ནོ་ཞེས་དེ་ཕྱིར་ལོག་སྟེ་སྤྱིལ་བུ་དེ་ཉིད་དུ་སོང་ནས་དེ་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས་གང་གི་ཚེ་ལུས་ལས་མདངས་ཡལ་བ་དེའི་ཚེ་ ན་གློས་ཕབ་སྟེ་ཉལ་བ་དང་། བསོད་སྙོམས་པ་གཞན་དག་འོངས་ཏེ་དེ་ལ་སྨྲས་པ། གལ་ཏེ་ཟས་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་སྙམ་མམ། ཇི་ཙམ་གྱིས་གློས་ཕབ་སྟེ་ཉལ་བར་འགྱུར་བ་དེ་ཙམ་གྱིས་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་ཟོས་སོ། །ཁོ་བོས་མ་ཟོས་སོ། །འོ་ན་ཅིའི་ ཕྱིར་གློས་ཕབ་སྟེ་ཉལ། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་ པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་ མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་བསོད་སྙོམས་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་རིག་པའམ། གཞན་དག་གིས་བརྗོད་པས་སོ། ། དགེ་སློང་མས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྦྱོར་དུ་བཅུག་པའི་ཞེས་བྱ་བ་ནི་སྦྱོར་དུ་བཅུག་པ་གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང་། ཐོས་པས་སྦྱོར་དུ་བཅུག་པའོ། །ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །སྔར་ ཁྱིམ་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་སྔར་ཁྱིམ་དུ་མགྲོན་དུ་བོས་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་ པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་སྦྱིན་བདག་གིས་དགེ་སློང་མགྲོན་དུ་མ་བོས་པ་ལ་དགེ་སློང་མས་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་གིས་ངག་གི་རྣམ་པར་རིག་བྱེད་ཀྱིས་ཟས་སྦྱོར་དུ་བཅུག་པ་དང་། བོས་ པ་ལ་ཡང་དགེ་སློང་མས་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་གིས་ངག་གི་རྣམ་པར་རིག་བྱེད་ཀྱིས་ཟས་ལྷག་པ་སྦྱོར་དུ་བཅུག་པ་དགེ་སློང་གིས་དེར་འདུ་ཤེས་པས་ཟོས་ན་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སྦྱིན་བདག་གིས་དགེ་སློང་མགྲོན་དུ་བོས་པ་ལ་དགེ་སློང་མས་ཚུལ་ ཁྲིམས་དང་། ཐོས་པ་དང་། དེ་གཉིས་ཀྱི་འབྲས་བུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་ཡོན་ཏན་གང་ཡང་རུང་བ་ཡང་དག་པ་མ་ཡིན་པ་དག་གིས་ངག་གི་རྣམ་པར་ རིག་བྱེད་ཀྱིས་ཟས་སྦྱོར་དུ་བཅུག་པ་དགེ་སློང་གིས་དེར་འདུ་ཤེས་པས་ཟོས་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་གིས་དགེ་སློང་མགྲོན་དུ་བོས་པ་ལ་དགེ་སློང་མས་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་གིས་ངག་གི་རྣམ་པར་རིག་བྱེད་ཀྱིས་ཟས་ལྷག་པ་སྦྱོར་དུ་བཅུག་པ་དགེ་སློང་གིས་དེར་འདུ་ཤེས་ པས་ཟོས་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་མིའི་འགྲོ་བ་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཟ་མ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྐྱེས་པ་ཉིད་དམ་བུད་མེད་ཉིད་ལ་ན་སྨད་པ་མེད་དོ། །དགེ་སློང་མགྲོན་དུ་མ་བོས་པ་དང་བོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་བསྙེན་པར་རྫོགས་ པ་ཅན་མ་ཉམས་པ་ཉེ་དུ་དང་ཉེ་དུ་མ་ཡིན་པས་སྦྱོར་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཡོན་ཏན་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། དེ་དག་གི་འབྲས་བུ་འཕགས་པའི་གང་ཟག་བརྒྱད་དང་། སྡེ་སྣོད་གསུམ་དང་ལྡན་པ་གང་ཡང་རུང་བ་དག་གིས་ཡང་དག་པ་མ་ཡིན་པས་སྦྱོར་དུ་བཅུག་པ་ པ་ལ་ན་སྨད་པ་མེད་དོ། །ཚིག་གིས་བཅོལ་ཞིང་ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཟས་བཟའ་བར་བྱ་བ་ལྔ་དང་། བཅའ་བར་བྱ་བ་ལྔ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཟས་ལྷག་མ་གསུམ་འཕེལ་བ་ལས་རྩད་བྱེད་དང་། ར་མར་ལས་བ་མར་དང་། འགྱུར་ བྱེད་ཀྱི་ལན་ཚྭ་ལས་རྒྱམ་ཚ་ལ་སོགས་པ་དང་། རྩབ་མོ་ལས་དར་བ་དང་། ཚ་དང་སྦྱར་བའི་བཏུང་བ་ལས་ཚོགས་ལ་སོགས་པ་དང་། མོན་སྲན་གྲེའུའི་ཁུར་བ་ལས་ཧྭགས་ཀྱི་ཁུར་བ་ལ་སོགས་པ་དང་། ཚ་སྐྱུར་ལས་སྔོ་་ཤ་ལ་སོགས་པ་དང་། བུ་རམ་ཆུ་ལས་ཧྭགས་ཆུ་ལ་སོགས་པ་དང་། འབྲས་ ཆེན་རྩུབ་མོ་དང་། ཀོ་དྲ་བའི་ཆན་ལས་འབྲས་སཱ་ལུའི་ཆན་དང་། མོན་སྲན་གྲེའུའི་སྲན་ཚོད་ལས་མོན་སྲན་སྡེའུའི་སྲན་ཚོད་དང་། སྔོ་ཚོད་ལས་ཤ་རྣམ་པ་སྣ་ཚོགས་དང་། ཧྭགས་ཚོད་དང་ཞོ་དང་འོ་མའི་ཚན་ལ་སོགས་པ་ལྟ་བུར་ལྷག་པར་སྦྱོར་དུ་བཅུག་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཟས་ ཀྱང་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ཟོས་ཏེ་མགུལ་དུ་མིད་པ་ཉིད་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ ཉིད་ཡིན་ནོ། །འདི་ལ་དགེ་སློང་མགྲོན་དུ་མ་བོས་པ་ཉིད་དང་བོས་པ་གཉི་ག་ལ་ཡན་ལག་དྲུག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མགྲོན་དུ་མ་བོས་པ་ལ་ནི་མགྲོན་དུ་མ་བོས་པ་ཉིད་དང་། དགེ་སློང་མས་ཡང་དག་པ་མ་ཡིན་པའི་ཡོན་ཏན་དང་། ངག་གི་རྣམ་པར་རིག་བྱེད་དང་། ཟས་སྦྱོར་ དུ་བཅུག་པ་དང་། དགེ་སློང་གིས་དེར་འདུ་ཤེས་པ་དང་ཟས་ཟོས་པའོ། །མགྲོན་དུ་བོས་པ་ལ་ནི་མགྲོན་དུ་བོས་པ་ཉིད་དང་། དགེ་སློང་མས་ཡང་དག་པ་མ་ཡིན་པའི་ཡོན་ཏན་དང་། ངག་གི་རྣམ་པར་རིག་བྱེད་དང་། ཟས་ལྷག་མ་སྦྱོར་དུ་བཅུག་པ་དང་། དགེ་སློང་གིས་དེར་འདུ་ཤེས་པ་དང་ཟོས་ པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་ཀྱི་སྦྱོར་བར་རྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་ རེ་རེའོ། །སྦྱིན་བདག་མིའི་འགྲོ་བ་པ་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཉེས་བྱས་སོ། །ཆོས་འདི་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་པ་ལ་ཉེས་བྱས་སོ། །དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །དགེ་སློང་མ་མ་ཆགས་པ་དང་། ཉམས་པས་སྦྱོར་དུ་ བཅུག་པ་ལ་ཉེས་བྱས་སོ། །དགེ་སློང་དང་བསྙེན་པར་མ་རྫོགས་པ་དང་ཁྱིམ་པས་སྦྱོར་དུ་བཅུག་པ་ལ་ཉེས་བྱས་སོ། །བྲོ་གར་དང་གླུ་གླིང་ལ་མཁས་པ་ལ་སོགས་པ་ཡོན་ཏན་གཞན་དག་གིས་སྦྱོར་དུ་བཅུག་པ་ལ་ཉེས་བྱས་སོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་མས་འདི་ལ་ བྱིན་ཅིག་ཅེས་ཟེར་བ་ཟོས་པ་ལ་ཉེས་བྱས་སོ། །སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དང་། མངགས་པ་དང་། བརྒྱུད་པ་དང་། ཟུར་གྱིས་སྦྱོར་དུ་བཅུག་པ་ལ་ཉེས་བྱས་སོ། །དགེ་སློང་མས་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་ལ་དགེ་སློང་གཞན་གྱིས་ཟོས་པ་ལ་ཉེས་བྱས་སོ། །དགེ་སློང་ མས་སྦྱོར་དུ་བཅུག་པ་མ་ཡིན་པ་དེ་ལ་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་ པ་ནི་ཡོན་ཏན་ཡང་དག་པ་དག་གིས་སྦྱོར་དུ་བཅུག་པ་ལ་ལྟུང་བ་མེད་དོ། །ཟས་མ་ཡིན་པ་ལ་ལྟུང་བ་མེད་དོ། །མ་ཟོས་པ་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་པ་མེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། ། བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དེ་སུམ་ཅུ་པ་བཤད་ཟིན་ཏོ།། །། སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་མིན་སོག་འཇོག་དང་། །ཁ་ནས་མིད་དང་གསོད་པ་ཉིད། །ཅེས་བྱ་བ་ནི་བཅུ་པ་བཞི་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་བཞི་པ་འདིས་ཀྱང་ལྟུང་བྱེད་ཀྱི་ ཆོས་བཅུ་བསྟན་ཏེ། ཡང་ཡང་ཟ་བ་དང་། འདུག་གནས་སུ་ཟ་བ་དང་། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང་། སྟན་གཅིག་པའི་ཟས་དང་། སྤངས་པ་ལ་སྟོབས་པ་དང་། འདུས་ཤིང་ཟ་བ་དང་། དུས་མ་ཡིན་པར་ཟ་བ་དང་། གསོག་འཇོག་དང་། བྱིན་ལེན་མ་བྱས་ པར་ཟ་བ་དང་། བསོད་པ་སློང་བའི་ལྟུང་བྱེད་དོ། །དེ་ལ་ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་། བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་ སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུ་བ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། མི་རྒྱུར་འགྲོ་བ་ཡིན་པས། དེ་གཉིས་ཀྱིས་དེ་དག་ཏུ་བརྒྱུས་ནས་འཛམ་བུའི་གླིང་དུ་འོངས་ ཏེ་འཁོར་བཞི་པོ་དག་ལ་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་བྱུང་བ་དང་གཏུབས་པ་དང་། གཅད་པ་དང་གཤེགས་པ་ལ་སོགས་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་ བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པ་ལ་སོགས་པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ཚོལ་བ་དང་། ཆགས་པ་ལ་སོགས་པའི་སྡུག་བསྔལ་གང་དག་ཡིན་པ་དེ་དག་རྗོད་པར་བྱེད་པས་གང་ ལ་ལའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བ་དེ་དག་དེས་ཁྲིད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་ལ་ཡང་དག་པར་འདོམས་སུ་འཆོལ་ བར་བྱེད། ཡང་དག་པར་རྗེས་སུ་སྟོན་དུ་འཆོལ་བར་བྱེད་ཅིང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱང་དེ་ལ་ཡང་དག་པར་འདོམས་པར་བྱེད། ཡང་དག་པར་རྗེས་སུ་སྟོན་པར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་ཀྱང་ཡང་དག་པར་ གདམས་ཤིང་ཡང་དག་པར་རྗེས་སུ་བསྟན་པ་ན་དེ་དག་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ཞིང་གོང་དུ་ཁྱད་པར་དུ་ཡང་རྟོགས་པར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཞིང་འཁོད་པའི་རྒྱུ་ནི་གང་ཡིན་རྐྱེན་ནི་གང་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཐམས་ཅད་དུ་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་དང་དེ་གཉིས་ལྟ་བུ་དག་མི་འབྱུང་བས་དེའི་ཕྱིར་གཙུག་ལག་ཁང་གི་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་རྗེས་སུ་གནང་སྟེ། འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་ བ་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷའི་འགྲོ་བ་དང་། མིའི་འགྲོ་བ་དག་ལས་མ་མཐར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་འགྲོ་བ་བྲི་བར་བྱའོ། །གོང་དུ་ལྷ་དང་མིའི་འགྲོ་བ་བྲི་བར་བྱའོ། །ནང་གི་ཕྱོགས་བཞིར་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་ དང་། བྱང་གི་སྒྲ་མི་སྙན་དང་། འཛམ་བུའི་གླིང་ཡང་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ཕུག་རོན་དང་། སྦྲུལ་དང་། ཕག་གི་གཟུགས་སུ་བྲི་བར་བྱའོ། །གོང་དུ་སངས་རྒྱས་ཀྱི་སྐུ་གཟུགས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་བྲི་བར་ བྱའོ། །ཁོ་ར་ཁོར་ཡུག་ཏུ་རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོའི་ཚུལ་གྱིས་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲི་བར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པ་དག་ཀྱང་བྲི་བར་བྱ་ཞེ་ན། ཐམས་ཅད་མི་རྟག་པ་སྲིན་པོའི་གཟུགས་ ཀྱིས་བཟུང་བ་བྲི་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པོ། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་ བ། །སྐྱེ་བོའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་བྲི་བར་བྱའོ། །དེར་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་དེ་སྟོན་པར་འགྱུར་བ་ནི་དགེ་སློང་ནུས་པ་བསྐོ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་དེ་བཞིན་རྗེས་སུ་ བསྒྲུབས་སོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས། དེས་ཆུང་མ་ལ་སྨས་པ། བཟང་མོ་བདག་ཅག་གིས་ནོར་འཕྲོག་པ། ལོངས་སྤྱོད་ འཕྲོག་པ་བྱུང་གི་ཁོ་བོས་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་གོ། །རྗེའི་སྲས་དེ་ལྟར་མཛོད་ཅིག །དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་དང་། དེ་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ཆུང་མ་དེས་ཁྱེའུ་དེ་ཉེ་དུའི་སྟོབས་དང་ལག་སྟོབས་ཀྱིས་བསྙོད་ཅིང་གསོས་ཏེ། བསྐྱེད་ནས་དེས་ཡི་གེ་དང་ཡིག་འབྲུ་དག་སློབ་ཏུ་བཅུག་ནས། དེ་འཇིག་རྟེན་གྱི་གཏམ་རྒྱུད་ལ་ཤིན་ཏུ་མཁས་པར་གྱུར་ཏེ། ཁྱེའུ་དེ་ནེའུ་ལྡངས་དང་ལྷན་ཅིག་འོད་མའི་ཚལ་དུ་སོང་སྟེ་གཙུག་ལག་ཁང་དུ་ཞུགས་པ་དང་། དེས་སྒོ་ཁང་ན་ཆ་ལྔ་པའི་འཁོར་ལོ་བྲིས་པ་མཐོང་ ནས་དེས་དགེ་སློང་ལ་དྲིས་པ། འཕགས་པ་འདི་ཅི་ལགས། དགེ་སློང་དེས་དེའི་ལོ་རྒྱུས་རྒྱ་ཆེར་བཤད་པ་དང་། ཁྱེའུ་དེ་ལྷར་སྐྱེ་བར་འདོད་ནས་དེས་སྨྲས་པ། འཕགས་པ་བདག་གིས་ལས་ཅི་བགྱིས་ན་དེས་བདག་ལྷར་སྐྱེ་བར་འགྱུར་བ་མ་མཆིས་སམ། བཞིན་བཟངས་ཡོད་དོ། །འཕགས་པ་གང་ ལགས། བཞིན་བཟངས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ལ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱད་པ་སྤྱོད་ཅིག །གལ་ཏེ་དེ་མི་ནུས་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་འཚོའི་བར་དུ་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་དག་ལོང་ཤིག །གལ་ཏེ་མི་ནུས་ན་སངས་རྒྱས་ལ་སོགས་པའི་ དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིག་དང་དེས་ཁྱོད་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཁྱེའུ་དེ་ལ་ཀཱར་ཥཱ་པ་ཎའི་འབྱོར་བ་དག་མེད་ནས་དེས་ཚོང་དཔོན་དད་པ་ཅན་ཞིག་ལ་གླ་མིར་ཁས་བླངས་ནས་ཀཱར་ཥཱ་པ་ཎ་དག་བསྒྲུབས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་ ཉིད་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དྲུག་སྡེ་དག་གིས་དྲིས་པ། སུའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས། ཁྱིམ་བདག་གི་བུ་ཆེ་གེ་མོ་ཞིག་གིའོ། །དྲུག་སྡེ་དག་གིས་སྨྲས་པ། དེ་ནི་གླ་མི་ཡིན་པས་དེས་ཅི་ཞིག་སྦྱིན་པར་འགྱུར། སྦྱིན་བདག་གི་ཁྱིམ་དག་ཏུ་ དོང་ལ་དབྱར་སུས་བཟས་འདོང་ངོ་ཞེས་དེ་དག་སྦྱིན་བདག་གི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་གདན་ཅུང་གསོལ་ཅིག །དེ་ལྟར་བྱའོ་ཞེས་དེ་དག་གིས་དེར་ཁྱེའུ་སུས་ཟོས་ཏེ། ཁྱེའུ་དེའི་བཀད་སར་བཀད་པ་དང་། དེ་དག་སྔར་ཁྱིམ་གཞན་དུ་ཁྱེའུ་སུས་ཟོས་པས་མངའ་ གང་བས་གུས་པར་བྱས་ཏེ་ཟས་མི་ཟ་བ་ཁྱེའུ་དེས་མཐོང་ངོ་། །མཐོང་ནས་ཀྱང་དེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འདི་ན་འཕགས་པ་ཁ་ཅིག་གུས་པར་བགྱིས་ཏེ་མི་འཚལ་ན་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་ལགས་པ་སྙམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བཞིན་བཟངས་རེ་ཞིག་གནས་མལ་གྱི་ལོངས་སྤྱོད་ཀྱིས་ཀྱང་ཁྱོད་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན་ཁ་ཟས་ཀྱི་ལོངས་སྤྱོད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་ དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་ རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེའི་ཚེ་ན་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོ་ཆེན་པོ་ནས་རྒྱལ་པོའི་ཁབ་ཏུ་ལྷགས་ནས་རྒྱལ་པོའི་ཁབ་ཏུ་དུས་སྟོན་བྱུང་བས་ཚོང་ཅུང་ཟད་ཀྱང་མ་རྙེད་ནས་ལྟོགས་པར་གྱུར་པ་དག་གིས་ཁྱེའུ་དེས་ཚོང་དཔོན་དེའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་ དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་ཐོས་ནས་དེར་ལྷགས་ཏེ་ཟས་ཀྱི་མཇུག་ལྷག་ཉོ་བར་བརྩམས་པ་དང་། ཁྱེའུ་དེས་རིན་མི་དགོས་པར་དེ་དག་ཁ་ཟས་ཀྱིས་ཚིམ་པར་བྱས་སོ། །ཚོང་པ་དེ་དག་དགའ་ནས་ཁྱེའུ་དེ་ལ་རིན་པོ་ཆེ་མང་པོ་དག་ཀྱང་བྱིན་ནོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཚོང་དཔོན་ བུ་མེད་པ་ཞིག་དུས་ལ་བབ་ནས། ནོར་ཅན་དག་དང་ཚོང་དཔོན་དག་དང་དེད་དཔོན་དག་འདུས་ཏེ། ཤེས་ལྡན་དག་བདག་ཅག་གིས་གང་ཞིག་གྲོང་ཁྱེར་གྱི་ཚོང་དཔོན་དུ་དབང་བསྐུར་བར་བྱ་ཞེས་མི་མ་ཡིན་པ་ཆེ་བཞིར་དྲིས་པ་དང་ཁྱེའུ་དེ་ལ་བབ་ནས། ཁྱེའུ་དེ་གྲོང་ཁྱེར་གྱི་ཚོང་དཔོན་དུ་དབང་བསྐུར་རོ། ། ཚོང་དཔོན་དེས་ཀྱང་སེམས་ཅན་འདི་ནི་བསོད་ནམས་དང་དབང་ཆེ་བར་གྲགས་པ་ཡིན་གྱི་འདི་ལ་གཅམ་བསག་བྱའོ་སྙམ་ནས། རང་གི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གྲོང་ཁྱེར་གྱི་ཚོང་དཔོན་དེའི་ཆུང་མར་བྱིན་ནས། དེའི་ཁྱིམ་ནོར་མང་ཞིང་ལོངས་སྤྱོད་དག་གིས་འཕྲལ་ལ་མངོན་པར་མཐོས་པར་གྱུར་ ནས་དེའི་མིང་འཕྲལ་ལ་མཐོས་ཞེས་བྱ་བར་གྱུར་ཏོ་དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་འདི་སྙམ་དུ་སེམས་ཏེ། བདག་གི་ཁྱིམ་ན་དཔལ་གྱིས་འབྱོར་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ནས་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་ཁྱིམ་གཞན་དུ་སྤྱན་དྲངས་ཏེ། གདུགས་ཚོད་གསོལ་བ་ལས་གྱུར་པ་ཡིན་ནོ་སྙམ་ནས། དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་ཀྱིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་རང་གི་ཁྱིམ་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ནས། བཅོམ་ལྡན་ འདས་ཀྱིས་ཆོས་བསྟན་པས་ཚོང་དཔོན་འཕྲལ་ལ་མཐོས་ཁྱོ་ཤུག་གཉིས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་གྱུར་ཏོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ།། །།སོ་སོར་ ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་དྲུག་པ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་ བཟངས་ན་བཞུགས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཐོས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་དྲག་ ཤུལ་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན་ ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་པ་དག་དྲག་ཤུལ་ཅན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་ སྤྱན་དྲངས་སོ། །ཕྱི་དེ་ཉིན་པར་གདུགས་ཚོད་ལ་བབ་པ་དང་། སྤྱན་འདྲེན་གྱིས་སྤྱན་དྲངས་པའི་ཚེ་དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྦྱིན་བདག་གི་ ཁྱིམ་དག་ཏུ་འདོང་ཞེས་དེ་དག་གིས་བསོད་སྙོམས་པ་ཞིག་ཀྱང་ཁྲིད་ནས་ཆེས་སྔར་ཡངས་པ་ཅན་དུ་ཞུགས་ནས། སྦྱིན་བདག་གི་ཁྱིམ་དག་ཏུ་དོང་བ་དང་དེ་དག་གིས་སྨྲས་པ། འཕགས་པ་དག་ཞལ་སུས་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་སོ། །དེ་དག་གིས་སྨྲས་པ། འཕགས་པ་དག་འོ་ན་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེ་ལྟར་བྱའོ་ཞེས་དེ་དག་གིས་ཨ་མྲའི་ཁུར་བ་དག་ཟོས་སོ། །བསོད་སྙོམས་པ་དེ་མི་ཟ་ནས་དེ་དག་གིས་སྨྲས་པ། འཕགས་པ་ཁྱོད་ཀྱང་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེས་སྨྲས་པ། ཁོ་བོ་སྟན་གཅིག་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འོ་ན་སྣོམས་ཏེ་བཞུད་ལ་དེ་ཉིད་དུ་གསོལ་ཅིག །དེས་ལྷུང་བཟེད་ཆུང་དུ་བཀང་སྟེ་དེར་སོང་ངོ་། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་སློང་གི་དགེ་འདུན་བདེ་བར་འཁོད་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་བསོད་སྙོམས་པ་དེའི་མདུན་དུ་འདུག་པ་དང་། བསོད་སྙོམས་པ་དེས་བསམས་པ། ཁྱིམ་བདག་འདིས་བདག་ལ་འདི་ལྟར་འདིས་ཨ་མྲའི་ཁུར་བཟོས་སོ་ཞེས་བྱ་བ་དེ་ལྟར་རིག་པར་འགྱུར་གྱི། ཇི་སྲིད་དུ་འདིས་བདག་ལ་ ཀླན་ཀ་མ་རྙེད་པ་དེ་སྲིད་དུ་བདག་གིས་འདི་ལ་བརྗོད་པར་བྱའོ་སྙམ་ནས་སྨྲས་པ། ཁྱིམ་བདག་བདག་འབའ་ཞིག་ཨ་མྲའི་ཁུར་བ་དག་ཟོས་པར་མ་ཟད་ཀྱི་དྲུག་སྡེ་འདི་དག་གིས་ཀྱང་ཨ་མྲའི་ཁུར་བ་དག་ཟོས་སོ། །ཁྱིམ་བདག་གིས་འཕགས་པ་ཅིའི་ཕྱིར་དེ་སྐད་ཅེས་ཟེར་ཞེས་སྤྱོས་ཏེ་སྨྲས་པ། འཕགས་ པ་ཅི་ཁོ་བོ་ལ་ཨ་མྲའི་ཁུར་བ་དག་མེད་སྙམ་མམ་ཞེས་དེས་ཞོ་ཤས་འཚོ་བ་དག་ཨ་མྲའི་ཁུར་བ་དག་གི་སྤྲོག་མ་དག་ཁ་འབྱེད་དུ་བཅུག་གོ། །དེ་ནས་དགེ་སློང་བསོད་སྙོམས་གྲུབ་པ་དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་ བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ཡང་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སྤོང་བྱེད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཟས་ ལ་གདུ་བ། ཉེས་པ་ནི་ཡང་ཡང་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དགེ་སློང་ན་བ་ཞིག་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་ ཇི་ཞལ་སུས་གསོལ་ཅིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས། དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་གྱུར་པ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་མཆོད་རྟེན་གྱི་ལས་དང་དགེ་འདུན་གྱི་ལས་དག་བྱས་པ་ན་དེ་དག་བཀྲེས་ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་ བདག་དད་པ་ཅན་དག་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། བཞིན་བཟངས་དག་ཁོ་བོ་ཅག་བཀྲེས་སོ། །འཕགས་པ་དག་ཞལ་སུས་གསོལ་ཅིག །བཞིན་ བཟངས་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་གཞན་དག་ལམ་དུ་ཞུགས་པ་ན་བཀྲེས་པར་གྱུར་ ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན་ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། བཞིན་བཟངས་དག་ཁོ་བོ་ཅག་བཀྲེས་སོ། །འཕགས་པ་དག་ཞལ་སུས་གསོལ་ཅིག །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཏེ། མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེའི་ཀུན་ཏུ་སྤྱོད་པ་ནི་ཚེས་བརྒྱད་དང་བཅུ་བཞི་ལ་བསྙེན་གནས་ལ་གནས་ཤིང་། ཇི་སྲིད་དུ་དགེ་འདུན་བཀྲེས་པ་དག་ཟན་མ་བྱིན་གྱི་བར་དུ་བདག་ཉིད་ཟན་ཟ་ བར་མི་བྱེད་དོ། །དེ་ནས་ཁྱིམ་བདག་དེ་བསྙེན་གནས་ལ་གནས་པའི་དུས་ལ་བབ་པའི་ཚེ་དེས་གཙུག་ལག་ཁང་དུ་དགེ་འདུན་བཀྲེས་པ་དག་འབོད་པར་བཏང་བ་དང་། དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་ནས། གཙུག་ལག་ཁང་ན་ དགེ་སློང་གཅིག་ཀྱང་མི་འཁོད་ནས་ཁྱིམ་བདག་དེས་མི་མངགས་ཏེ། གང་དུ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་ནས་དགེ་འདུན་བཀྲེས་པ་དག་འབོད་དུ་བཏང་བ་དང་། དེ་དག་དེར་ཟན་ཟོས་ཟིན་པས་མ་འོངས་སོ། །དེ་ནས་ཡང་མི་མངགས་ཏེ་ཁྱིམ་བདག་གི་མཆིད་ ནས། ཚུར་སྤྱོན་གདུགས་ཚོད་གསོལ་དང་། རས་ཡུག་ཆེན་འབུལ་ཞེས་མཆིའོ་ཞེས་བྱོས་ཤིག་ཅེས་གོས་སྦྱིན་པའི་ཟས་ལ་བོས་པ་ན་དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་སྤངས་སོ་ཞེས་ཟེར་ཞིང་མ་འོངས་ནས་ཁྱིམ་བདག་དེས་བདག་གིས་དགེ་འདུན་བཀྲེས་པ་བཤོས་མ་གསོལ་ཏོ་ ཞེས་ཟན་བཅད་པ་བསྒྲུབས་པ་དང་། དེའི་ངོས་ཀྱི་ཁྱིམ་ཚེས་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་གིས་བྱིན་ན་ཡང་ཟན་ཟར་མི་བཏུབ་པས་ཁྱིམ་བདག་འདིས་དགེ་སློང་དག་གིས་ཟན་མ་ཟོས་པའི་ཕྱིར་ཟན་བཅད་པ་བྱས་སོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་ སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གོས་སྦྱིན་པའི་ཚེ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་ བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་དེའི་ཤས་ཆེ་བ་དང་། དེ་དང་ལྡན་པའི་ཆོས་ཀྱིས་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ཡང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གོས་སྦྱིན་པའི་ཚེ་དུས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་མཛད་དེ། ཡུལ་ནི་སྤོང་བྱེད་དང་མཉན་ ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་ཡང་ཟ་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་ སློང་ཟས་གཅིག་གིས་འཚོ་བར་མི་ནུས་ནའོ། །ལས་དུས་སོ་ཞེས་བྱ་བ་ནི། འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ལས་ཕྱག་དར་རེ་ལྡེ་ཙམ་བྱས་སམ། དཀྱིལ་འཁོར་བ་མལ་ཙམ་བྱས་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ་ དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ནའོ། །གོས་སྦྱིན་པའི་ཚེ་དུས་ཏེ་ཞེས་བྱ་བ་ནི་རས་ཡུག་ཕྲན་ནམ་རས་ཡུག་ཆེན་ཐོབ་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་ བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་ དུ་མ་སོང་བས་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་ཅིག་ཅར་ཡང་རུང་། ཕྱིས་ཀྱང་རུང་སྟེ། གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའི་ཟས་བཟའ་བ་རྣམ་པ་ལྔའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ཟོས་ན་ཡང་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ན་བ་མ་ཡིན་པ་དང་། ལས་ མ་བྱས་པ་དང་། ལམ་དུ་མ་སོང་བ་ལ་ན་སྨད་པ་མེད་དོ། །འདིར་ན་བའི་ཚད་ནི་ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་ཀྱི་ཆད་ནི་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ལས་ཕྱག་དར་རེ་ལྡེ་ཙམ་བྱས་ནས་སམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་གྱི་ཚད་ནི་དཔག་ཚད་གཅིག་ཏུ་ སོང་བ་ཉིད་དོ། །ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་ཅིག་ཅར་ཡང་རུང་བ་ཕྱིས་ཀྱང་རུང་བ་སྟེ། གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའི་ཟས་བཟའ་བ་རྣམ་པ་ལྔའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ཟོས་པ་ལ་ན་སྨད་པ་མེད་དོ། །དེའི་རྣམ་པར་གཞག་པ་ནི་ཉི་མ་གཅིག་ལ་དགེ་སློང་སྦྱིན་བདག་ཐ་ དད་པས་ཟས་བཟའ་བ་རྣམ་པ་ལྔའི་ཁོངས་སུ་གཏོགས་པ་ལ་དུས་གཅིག་དུ་བོས་ཀྱང་རུང་སྔ་ཕྱིར་བོས་ཀྱང་རུང་སྟེ། དུས་གཅིག་ཏུ་བོས་པ་ལ་ནི་དགེ་སློང་ཉིད་ཀྱི་བློས་གང་སྔར་བཟའོ་སྙམ་པ་དེ་ནི་སྔ་མ་ཡིན་ལ། གང་ཕྱིས་བཟའོ་སྙམ་པ་དེ་ནི་ཕྱི་མ་ཡིན་ནོ། །སྔ་ཕྱིར་བོས་པ་ལ་ནི་སྦྱིན་བདག་གང་ གིས་སྔར་བོས་པ་དེ་ནི་སྔ་མ་ཡིན་ལ། སྦྱིན་བདག་གིས་ཕྱིས་བོས་པ་དེ་ནི་ཕྱི་མ་ཡིན་ནོ། །དེ་དག་ལས་སྔ་མ་དང་ཕྱི་མ་ཉི་མ་གཅིག་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་ཐ་དད་པ་ལ་ན་སྨད་པ་མེད་དོ། །སྔ་མ་དང་ཕྱི་མ་གཉི་ག་ཟས་བཟའ་བ་རྣམ་པ་ལྔ་གང་ཡང་རུང་བའི་ཁོངས་སུ་གཏོགས་པ་ཉིད་ལ་ན་སྨད་པ་ མེད་དོ། །སྔ་མ་ཟོས་ནས་ཕྱི་མ་ཡང་ཟ་བ་ལ་ན་སྨད་པ་མེད་དོ། །སྔ་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་ཉིད་ལ་ན་སྨད་པ་མེད་དོ། །འདིར་གོས་ཀྱི་མཐར་གྱུར་པ་ནི་གོས་རུང་བ་ཁྲུ་གང་གི་ཁྱོན་ཏེ། གོས་མི་རུང་བ་དང་། རུང་བ་ཁྲུ་གང་གི་ཁྱོན་པས་ཆུང་བ་དང་། དེ་ཙམ་རི་བའི་རིན་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མགྲོན་དུ་བོས་པ་གཉི་ག་ཡང་ཉི་མ་གཅིག་པ་ཉིད་དང་། སྦྱིན་བདག་ཐ་དད་པ་དང་། ཟས་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་རྙེད་པ་ཉིད་ཡིན་པ་དང་། དགེ་སློང་ན་བ་དང་། ལས་བྱས་པ་དང་། ལམ་དུ་སོང་བ་མ་ཡིན་པ་ཉིད་དང་། མགྲོན་དུ་བོས་པ་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ན་བ་འམ་ལས་བྱས་པ་དང་ལམ་དུ་སོང་བ་མ་ཡིན་པ་ཉིད་དང་། མགྲོན་དུ་བོས་པ་གཉི་ག་ ཡང་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་ཟས་བཟའ་བ་ལྔའི་ཁོངས་སུ་གཏོགས་པའི་ཟས་ལ་བོས་པ་ཉིད་ཡིན་པ་དང་། སྔ་མ་ཟོས་པ་དང་། མགྲོན་དུ་བོས་པ་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་ཉིད་དང་ཕྱི་མ་དེ་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། ། སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མགྲོན་དུ་བོས་པ་གཉིས་ཅིག་ཅར་དང་དུ་ལེན་པ་ལ་ཉེས་བྱས་སོ། །སྔ་མ་ཟོས་ ནས་ཕྱི་མ་ཁས་བླངས་པའི་དུས་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་དང་། ལས་བྱས་པ་དང་། ལམ་དུ་ སོང་བ་ཉིད་ལ་ལྟུང་བ་མེད་དོ། །མགྲོན་དུ་བོས་པ་གཉིས་ཉི་མ་ཐ་དད་པ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གཅིག་པ་ཉིད་ལ་ལྟུང་བ་མེད་དོ། །མགྲོན་དུ་བོས་པ་གཉིས་ལས་གང་ཡང་རུང་བ་གཅིག་བཟའ་བ་ལྔའི་ཁོངས་སུ་གཏོགས་པའི་ཟས་ཀྱི་རྙེད་པ་ཡིན་ལ། གཅིག་དེ་མ་ཡིན་པའི་ཟས་གཞན་ ཉིད་ཡིན་པ་ལ་ལྟུང་བ་མེད་དོ། །སྔ་མ་མ་ཟོས་པ་ལ་ལྟུང་བ་མེད་དོ། །མགྲོན་དུ་བོས་པ་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་ཡོད་པ་ཉིད་ལ་ལྟུང་བ་མེད་དེ། འདིར་གོས་ཀྱི་མཐར་གྱུར་པ་ནི་གོས་རུང་བ་ཁྲུ་གང་གི་ཁྱོན་ཏེ། དེ་ཡན་ཆད་ལ་ལྟུང་བ་མེད་དོ། །གོས་ཀྱི་རིན་ནི་གོས་ཀྱི་ཟོང་སྟེ། དེ་ ཡང་གོས་རུང་བ་ཁྲུ་གང་གི་ཁྱོན་ཡན་ཆད་རི་བ་ལ་ལྟུང་བ་མེད་དོ། །བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ལྟུང་བ་མེད་དོ། །དེའི་མཚན་ཉིད་ནི་ཡོན་བདག་གིས་ཉིན་གཅིག་མ་ཆད་པར་བཤམས་པའི་ཟས་ནར་མ་བཤམས་པ་ནི་དུས་སྟོན་ལ་སོགས་པའི་ཉི་མ་དག་ལ་ལན་འགའ་ གང་དུ་གློ་བུར་དུ་བོས་པ་དེའི་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པའོ། །ཀུན་དུ་ལྟ་བ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །དེའི་མཚན་ཉིད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ། བཤེས་པའི་དབང་གིས་ཉེ་བར་ལྟ་བ་ནི་ཀུན་དུ་ལྟ་བ་སྟེ། དེ་ལ་མགྲོན་དུ་བྱས་པ་ཟོས་ པ་ཡང་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པའོ། །ཐོ་འཚམས་པས་བྱས་པ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །དེའི་མཚན་ཉིད་ནི་གལ་ཏེ་ཐོ་འཚམས་པའི་བསམ་པ་ཅན་འགའ་ཞིག་གིས་དགེ་སློང་མགྲོན་དུ་བོས་ནས་དེའི་འོག་ཏུ་དགེ་སློང་དེས་མགྲོན་དུ་བོས་པ་གཞན་དུ་སོང་སྟེ། ཟོས་པ་དེ་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པའོ། །མི་རུང་བ་ལ་བོས་པ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །དེའི་མཚན་ཉིད་ནི་བཟའ་བར་བྱ་བ་མི་རུང་བ་འདི་ལྟ་སྟེ། བྱིན་ལེན་མ་བྱས་པ་དང་། མི་གཅིག་པ་ལ་སོགས་པའི་ཤ་ལ་སོགས་པ་ལ་མགྲོན་དུ་བོས་པ་ཡང་མགྲོན་དུ་བོས་པ་ གཞན་ཉིད་མ་ཡིན་པའོ། །དགེ་སློང་དེའི་ཕྱིར་མ་ཡིན་པར་དགེ་འདུན་སྤྱིར་སྤྱན་དྲངས་པ་ཡང་དགེ་སློང་དེའི་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དེ། དེའི་ཚེ་མཚན་ཉིད་ནི་འཕགས་པ་ལེགས་འོངས་ཀྱིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བའི་ཕྱིར་ཆུ་སྲིན་བྱིས་པ་གསོད་ཀྱི་རིའི་བྲམ་ཟེ་དང་ ཁྱིམ་བདག་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་ལྟ་བུ་མ་ཡིན་པའོ། །གཞན་དུ་ལྔ་པོ་འཇོག་པ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དེ། དེའི་མཚན་ཉིད་ནི་དགེ་སློང་ཁ་གཉིས་སུ་མགྲོན་དུ་བོས་པས་མགྲོན་དུ་བོས་པའི་གནས་གཅིག་ཏུ་ བདག་ཉིད་ཟ་ཞིང་མགྲོན་དུ་བོས་པའི་གནས་གཞན་ཅིག་ཤོས་སུ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་སྡེ་པ་ལྔ་པོ་ཐམས་ཅད་དམ། གང་ཡང་རུང་བ་འཇོག་པར་ཡང་དེའི་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པའོ། །མགྲོན་དུ་བོས་པ་གཞན་བླང་བ་ ཡོད་པར་ལྔ་པོ་འཇོག་པར་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པས་དེ་ལ་ཡང་ལྟུང་བ་མེད་དོ། །དེའི་མཚན་ཉིད་ནི་སྦྱིན་བདག་གི་ཟས་བླང་ཞིང་སྔོན་དུ་ཡོད་པ་དེ་སྡེ་པ་ལྔ་པོ་ནོད་དུ་བཅུག་པ་ཡང་དགེ་སློང་དེའི་མགྲོན་དུ་བོས་པ་གཞན་ཉིད་མ་ཡིན་པའོ། མུ་གེ་བྱུང་བ་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་ བདག་གིར་བྱས་པ་དང་། ཟོས་པ་དང་། ལྔ་པོ་ལ་སྦྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ ཡང་ཡང་ཟ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གཙུག་ལག་ཁང་དང་ཁྱིམ་གཞན་དུ་ཡང་ཟས་ལ་བོས་པ་དང་དུ་བླང་བར་བྱའོ། །དུས་ཤེས་པར་བྱས་ཏེ་འཇུག་པར་བྱའི། སྔ་ཚོགས་སུ་མི་བྱའོ། །ཁྱིམ་གཞན་དུ་མགྲོན་དུ་བོས་པ་དེའི་ཕྱིར་དུས་ལ་བབ་ན་གཎྜཱི་བརྡུངས་ ཏེ། གནས་བརྟན་གནས་བརྟན་རྣམས་ཀྱིས་རང་གི་འཁོར་གང་དང་གང་ཡིན་པ་དག་ལ་བལྟ་བར་བྱའོ། །དགེ་སློང་གློ་བུར་དུ་འོངས་པ་རྣམས་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ། །དགེ་སློང་ནད་པ་ལ་སོགས་པ་རྒྱུ་མེད་པར་ཁྲོ་བ་ལ་སོགས་པས་སམ། ལེ་ལོ་ལ་སོགས་པས་གྱ་ ཚོམ་དུ་རང་གི་ཟན་གཅད་པར་མི་བྱའོ། །གལ་ཏེ་ཡོན་བདག་འདིར་དགེ་སློང་དག་གིས་སྐོམ་བཏུང་བར་བྱའོ་ཞེས་གསོལ་བ་འདེབས་པར་བྱེད་ན་དགེ་སློང་དག་གིས་ཁྱིམ་གཞན་དུ་དེར་ཅི་རན་གཅིག་བསྡད་པར་བྱའོ། །གལ་ཏེ་དགེ་སློང་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་སྔར་གོས་སམ་གོས་ཀྱི་ རིན་དང་བཅས་པ་ཡང་རུང་དེ་མེད་པ་ཡང་རུང་བ་ཞིག་ཏུ་བཟའ་བ་ལྔའི་ཁོངས་སུ་གཏོགས་པའི་ཟས་ལ་མགྲོན་དུ་བོས་ཏེ་ཟོས་པའི་རྗེས་ལ་གོས་སམ་གོས་ཀྱི་རིན་མེད་པ་དང་། གོས་མི་རུང་བ་དང་། གོས་རུང་བ་ཁྲུ་གང་གི་ཁྱོན་པས་ཆུང་བ་དང་། དེ་ཙམ་རི་བའི་གོས་ཀྱི་རིན་དང་བཅས་པའི་མགྲོན་ དུ་བོས་པ་བཟའ་བ་ལྔའི་ཁོངས་སུ་གཏོགས་པའི་ཟས་ཀྱི་རྙེད་པ་ཅན་དུ་འགྲོ་བར་མི་བྱའོ། །གལ་ཏེ་དགེ་སློང་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་སྔར་གོས་སམ་གོས་ཀྱི་རིན་དང་བཅས་པ་ཡང་རུང་དེ་མེད་པ་ཡང་རུང་བ་ཞིག་ཏུ་ཟས་ལ་མགྲོན་དུ་བོས་པའི་རྗེས་ལ་གོས་སམ་གོས་ཀྱི་རིན་དང་བཅས་པའི་ མགྲོན་དུ་བོས་པ་ཟས་ཀྱི་རྙེད་པ་ཅན་གཞན་ཞིག་ཀྱང་བྱུང་ན་དེའི་ཚེ་དགེ་སློང་དེས་ཟས་སྔ་མ་ལ་སྤོང་བ་བསྲུང་ཞིང་འཇུག་པར་བྱ་སྟེ། དེའི་རྗེས་ལ་ཕྱི་མར་ཡང་འགྲོ་བར་བྱའོ། །ཟན་སྔ་མ་ལ་སྤོང་བ་སྲུང་བ་ནི་ཕྱི་མ་ལ་སྤངས་པ་ཟ་བའི་ལྟུང་བྱེད་དང་ལྷག་པོར་བྱ་བའི་ཚེགས་སྤང་བའི་ཕྱིར་རོ། །མུ་གེ་བྱུང་ ན་དགེ་སློང་མགྲོན་དུ་བོས་པས་འཁོར་ལྔ་པོ་དག་ལ་སྦྱིན་བདག་དེའི་ཟས་སྦྱིན་པ་ན། གལ་ཏེ་སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྟན་རང་གི་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་སྦྱིན་པ་པོ་ལ་ཁྱིམ་བདག་དགེ་སློང་ངམ་འཁོར་ལྔ་པོ་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱི་རྗེས་སུ་ཡི་རང་བར་ གྱིས་ཤིག་དང་། འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས། དེའི་འོག་ཏུ་འཁོར་ལྔ་པོ་དག་ལ་སྦྱིན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཡང་ཡང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་གཅིག་པ་བཤད་ཟིན་ཏོ།། །།འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་ པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དོན་དུ་ འདུག་གནས་བྱེད་དུ་བཅུག་སྟེ། དེ་འདུག་གནས་དེ་ན་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་གང་འདུག་པ་དེ་ལ་བསོད་སྙོམས་ཀྱི་མཁོ་བ་སྟོབས་པར་བྱེད་དེ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་ཏེ། གཞན་མུ་སྟེགས་ཅན་དག་ཚར་བཅད་ཅིང་། ལྷ་དང་མི་རྣམས་ ཀུན་དུ་དགའ་བར་མཛད་པ་དང་། སྐྱེ་བོ་མཛངས་པ་དག་གི་སྙིང་དག་རངས་པར་མཛད་པ་དེའི་ཚེ་ན་གཞན་མུ་སྟེགས་ཅན་དག་མཐའ་འཁོབ་དག་ན་བརྟེན་ཅིང་གནས་སོ། །དུས་གཞན་ཞིག་ན་གཅེར་བུ་པ་དྲུག་ཅུ་རི་བྲགས་དེར་ལྷགས་ནས་ཁྱིམ་བདག་དེས་དེ་དག་ལ་མཁོ་བ་སྟོབས་པར་བྱེད་པ་དེའི་ཚེ་ན་ མཉན་ཡོད་ནས་ཚོང་པ་དད་པ་ཅན་ཞིག་ཟོང་ཐོགས་ཏེ་རི་བྲགས་དེར་འོངས་པ་དེ་ཡང་ཁྱིམ་བདག་དེས་དེར་བོས་པ་ན་ཚོང་པ་དེས་འདི་དག་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་ཡིན་གོར་མ་ཆག་གི་སོང་ལ་བལྟའོ་སྙམ་ནས། དེས་དེར་སོང་བ་དང་ཇི་ཙམ་ན་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་ཤ་སྟག་ཡིན་ པར་མཐོང་ངོ་། །ཁྱིམ་བདག་དེས་ཚོང་པ་དེ་ལ་སྨྲས་པ། གྲོགས་པོ་ས་བོན་བཟང་ཞིང་ཞིང་བཟང་ངམ། དེས་སྨྲས་པ། གྲོགས་པོ་ས་བོན་ནི་བཟང་ན་ཞིང་ནི་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་སྡིག་པའི་ལྟ་བ་ཅན་དགོན་དུང་ཚ་སྒོ་ཅན་ཐ་ཆད་སྡིག་པ་ཅན་གྱི་ས་གཞི་ཤ་སྟག་ཡིན་ནོ། །ཁྱིམ་བདག་ གིས་སྨྲས་པ། གྲོགས་པོ་ཞིང་བཟང་པོ་གཞན་འགའ་ཡང་ཡོད་དམ། དེས་སྨྲས་པ། ཡོད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ། །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་དེ་དག་དེར་བྱོན་ན་བདག་གིས་དེ་དག་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབས་པར་བགྱིའོ། །ཚོང་ པ་དེས་ཟོང་བསྒྱུར་ཏེ་རིན་བླངས་ནས་མཉན་ཡོད་དུ་སོང་སྟེ། ཉེ་དགའ་ལ་སྦྲན་པ། དྲུག་སྡེ་དག་རི་བྲགས་དེར་དོང་ནས་ཁྱིམ་བདག་དེས་དེ་དག་ལ་མཁོ་བ་བསྟབས་སོ། །གཅེར་བུ་པ་དེ་དག་གིས་གཅིག་གཞིས་སྲུང་དུ་བཞག་ནས་གཞན་དག་གཤེད་དུ་དང་བའི་ཚེ། དྲུག་སྡེ་དག་གིས་གཞིས་སྲུང་དེ་བསྐྲད་ནས། དེ་ནས་ ཡུན་རིང་མོ་ཞིག་ཏུ་ཟ་ཞིང་འདུག་འདུག་ནས། རེ་ཞིག་ན་ཁྱིམ་བདག་དེ་རི་བྲགས་གཞན་ཞིག་ཏུ་བྱ་བ་ཞིག་ལ་སོང་བའི་ཕྱི་ནས། དྲུག་སྡེ་དག་གིས་དེའི་ཆུང་མ་ཟས་འདྲིམ་པ་ལ་ལུས་ཀྱི་སྐྱོན་བརྗོད་ཅིང་འཕྱས་བཏགས་ནས། ཁྱིམ་བདག་བཟའ་བྲན་མ་དད་པར་གྱུར་ཏེ། འཚོ་བ་དང་གནས་མལ་ཡང་ཁད་ཀྱིས་ཕྲི་བ་ ན་གཅེར་བུ་པ་གཞིས་སྲུང་བསྐྲད་པ་དེས་ཀྱང་རང་གི་དཔུང་དྲུག་ཅུ་པོ་དག་སྦྲན་ཏེ། དྲུག་སྡེ་དག་ལ་གདོལ་ཐབས་ཀྱིས་གཡུལ་སྤྲད་ནས་དྲུག་སྡེ་དག་གིས་རང་རང་གི་ཁ་མིག་དང་ཁྲིམས་ཀྱི་རྩ་བ་ཙམ་བསྲུངས་ཏེ་གཅེར་བུ་པ་དྲུག་ཅུ་པོ་དག་རྒྱ་ལྕག་དག་དང་ཁུ་ཚུར་དག་དང་། རྡོག་པ་དག་དང་། ལྕུག་མ་དག་ གིས་ཤིན་ཏུ་བཅལ་ཞིང་བྲིམས་ནས། དེ་དག་གིས་གཅེར་བུ་པ་དག་རྡེག་བཞིན་དུ་འདུག་གནས་ཀྱི་ནང་ནས་ཕྱི་རོལ་དུ་འཛིངས་ཏེ་བྱུང་བ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་དེ་དག་མཐོང་ནས་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག་ལྟོས་ཤིག་དགེ་སྦྱོང་གཡུལ་འགྱེད་པས་ཆར་འབབ་པར་འགྱུར་རོ་ཞེས་ ཟེར་རོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་ཅིང་མེ་མདག་ཞི་བར་མ་གྱུར་གྱི་ཚུར་ཤོག་མཉན་ཡོད་དུ་འདོང་ངོ་ཞེས་དེ་དག་མཉན་ཡོད་དུ་དོང་བ་ན། ལྷོ་ཕྱོགས་ནས་འཇིག་རྟེན་རྒྱང་པན་པའི་རྒོལ་བ་འཆར་ཀ་ཞེས་བྱ་བ་ཞིག་མཉན་ཡོད་དུ་འོངས་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་བཏུལ་ ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱས་ཤིང་། དེ་ལ་བརྟེན་ནས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འབུམ་ཕྲག་དུ་མ་དག་གིས་ཀྱང་འཕགས་པའི་འབྲས་བུ་ཐོབ་པར་གྱུར་པའི་ཚེ་དྲུག་སྡེ་མཉན་ཡོད་དུ་ལྷགས་ ནས། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ག་ལས་འོངས། ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷོ་ཕྱོགས་ནས་འཇིག་རྟེན་རྒྱང་པན་པའི་རྒོལ་བ་བྲམ་ཟེ་ཀུན་དུ་རྒྱུ་འཆར་ཀ་ཞེས་བྱ་བ་འགྱེད་འདོད་ཅིང་འགྱེད་པའི་ཡོ་བྱད་ཀྱི་ཕྱིར་འོས་ པ་ཚར་བཅད་དེ་གཡུལ་ལས་རྣམ་པར་རྒྱལ་ལོ། །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོགས་ཅན་གཉིས་པ་ཆོས་ཀྱི་དམག་དཔོན་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བས་རྒོལ་བ་གཅིག་ཚར་བཅད་པ་འདི་ངོ་མཚར་ཅི་ཆེ། གལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚར་ བཅད་པར་མ་གྱུར་ན་ཡང་བཅོམ་ལྡན་འདས་སླད་ན་བཞུགས་པ་དེ་ངོ་མཚར་མི་ཆེའི། ཁོ་བོ་ཅག་མི་དྲུག་གིས་གཅེར་བུ་པ་དྲུག་ཅུ་ཚར་བཅད་པ་ངོ་མཚར་ཆེའོ། །རིག་པའི་གནས་གང་གིས་དབྱུག་པའི་རིག་པས་ལུས་ལ་ཆོས་བཤད་པས་སོ། །ཇི་འཚོ་འམ་འོན་ཏེ་ཤི། དེའི་ཚེ་ན་ནི་འཚོ་ན་ད་ཙམ་ འཚོ་འམ་ཤི་གཏོལ་མེད་དོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་ རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་གིས་བསོད་སྙོམས་གཅིག་བཅའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ་ཉོན་མོངས་པ་ནི་འདོད་ཞེན་དང་འཐབ་ཀྲོལ་བྱེད་པ། ཉེས་པ་ནི་འདུག་གནས་གཅིག་ཏུ་ཞག་ལོན་པས་བསོད་སྙོམས་གཅིག་ལས་ལྷག་པར་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཡང་མཉན་ཡོད་པའི་ཚོང་པ་དེ་ཟོང་ཐོགས་ཏེ། རི་བྲགས་དེ་ཉིད་དུ་ཕྱིན་ནས་དེ་ཁྱིམ་བདག་དེའི་ཚོང་ཁང་དུ་ཞུགས་པ་དང་། རི་བྲགས་པའི་ཁྱིམ་བདག་དེས་ཡང་གཅེར་བུ་པ་དག་ལ་ཟས་བྲིམ་ པར་བརྩམས་ནས། དེས་མཉན་ཡོད་པའི་ཚོང་པ་དེའི་གན་དུ་མི་མངགས་ཏེ་གྲོགས་པོ་སྦྱིན་གནས་དག་ལ་ཟས་བྲིམ་པར་བྱས་ཚུར་ཤོག་ཅེས་སྦྲན་པ་དང་། མཉན་ཡོད་པའི་ཚོང་པ་དེ་དད་པ་ཅན་ཡིན་པས་དེས་བསམས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་ཡིན་གོར་མ་ཆག་གི་སོང་ལ་བལྟའོ་སྙམ་ ནས་དེ་དེར་སོང་བ་དང་། ཇི་ཙམ་ན་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་དག་ཡིན་པར་མཐོང་ནས་མངོན་སུམ་དུ་མི་སྙན་པར་བརྗོད་པ་ནི་སྡུག་བསྔལ་བ་ཡིན་པས་དེ་ཅང་མི་སྨྲ་བར་འདུག་གོ། །གཅེར་བུ་པ་དེ་དག་ཟོས་ཏེ་དོང་བ་དང་རི་བྲགས་པའི་ཁྱིམ་བདག་གིས་མཉན་ཡོད་པའི་ཚོང་པ་དེ་ལ་སྨྲས་པ། གྲོགས་པོ་ ས་བོན་བཟང་ཞིང་ཞིང་བཟང་ངམ། དེས་སྨྲས་པ། གྲོགས་པོ་ས་བོན་ནི་བཟང་ན་ཞིང་ནི་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་སྡིག་པའི་ལྟ་བ་ཅན་དགོན་དུང་ཚ་སྒོ་ཅན་ཐ་ཆད་སྡིག་པ་ཅན་གྱི་ས་གཞི་ཤ་སྟག་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། གྲོགས་པོ་ཞིང་བཟང་པོ་གཞན་འགའ་ཡོད་དམ། དེས་སྨྲས་པ། ཡོད་དེ་ བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ། །ཁྱིམ་བདག་གིས་སྨྲས་པ། གྲོགས་པོ་དེ་དག་གི་མིང་ཡང་མ་སྨོས་ཤིག །དེས་སྨྲས་པ་ཇི་དེ་དག་འདིར་ལྷགས་པར་གྱུར་ཏམ་ལྷགས་སོ། །གང་དག་དྲུག་སྡེ་དག་གོ། །དེ་དག་གིས་རེ་ཞིག་ཅི་བྱས། འདི་དང་འདི་ལྟའོ། །དེས་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ རྒྱ་མཚོ་ཆེན་པོ་ནས་ནོར་བུ་མཆིང་བུ་དག་བླངས་སོ། །ཁྱིམ་བདག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་བཟང་པོ་གཞན་དག་ཀྱང་ཡོད་དམ། དེས་སྨྲས་པ། ཡོད་དེ། གལ་ཏེ་ཁྱོད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། ནམ་གྲུ་དང་། མ་འགགས་པ་ལ་སོགས་པ་ བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་གཞན་དག་མཐོང་བར་གྱུར་ན་ཁྱོད་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་དོ། །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་དེ་དག་འདིར་བྱོན་པར་གྱུར་ན་བདག་གིས་དེ་དག་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབས་པར་བྱའོ། །མཉན་ཡོད་པའི་ཚོང་པ་དེས་བསམས་པ། ད་ནི་ བདག་སོང་ལ་བཅོམ་ལྡན་འདས་ལ་གསོལ་བར་བྱའོ་སྙམ་ནས། ཚོང་པ་དེས་ཟོང་བསྒྱུར་ཏེ་རིན་བླངས་ནས་མཉན་ཡོད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ་བཙུན་པ་རི་བྲགས་ཆེ་གེ་མོ་ཞིག་ན་ཁྱིམ་བདག་ཆེ་གེ་མོ་ཞིག་མཆིས་པ་དེས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ སླད་དུ་འདུག་གནས་བགྱིད་དུ་སྩལ་ཏེ། དེ་དེ་ན་གང་གནས་པ་དེ་ལ་བསོད་སྙོམས་ཀྱི་མཁོ་བ་སྟོབས་པར་བགྱིད་ཅིང་། དེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་མཐོང་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་སླད་དུ་དགེ་སློང་དག་ཅིག་བཀའ་སྩལ་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་གིས་ཁྱིམ་བདག་དེ་འཁོར་དང་བཅས་པ་དང་རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་དག་སུས་འདུལ་བར་འགྱུར་སྙམ་དུ་དགོངས་ན་དགེ་སློང་ཤཱ་རིའི་བུས་འདུལ་བར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་རི་བྲགས་ག་གེ་མོ་ཞིག་ན། ཁྱིམ་བདག་ཆེ་གེ་མོ་འཁོར་དང་བཅས་པ་དང་། རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་དག་ལ་སོམས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་ འདས་ཀྱི་བཀའ་མཉན་ནས་འཁོར་ལྔ་བརྒྱ་དང་། རི་བྲགས་དེ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་སོང་ནས། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས། ཁྱིམ་བདག་དེའི་འདུག་གནས་སུ་ཞུགས་སོ། །ཁྱིམ་བདག་དེས་དེ་ཐོས་ནས་དེར་སོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་ཁྱིམ་བདག་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཅང་ མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་སྟན་བཤམས་ནས། ཆུ་ར་ནོར་བུ་ཅན་བཞག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྤྱན་འདྲེན་གྱིས་བཙུན་པ་ཤཱ་རིའི་བུ་གདུགས་ཚོད་གཡར་དགོངས་འཚལ་ ན། བཙུན་པ་ཤཱ་རིའི་བུས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་ བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་འདུག་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་ དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཟན་ཟོས་ཤིང་ལག་པ་བསྙལ། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་ཆོས་མཉན་པའི་ཕྱིར་ འདུག་གོ། །འདུག་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་བསྟན་དུ་གསོལ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་ས་ཕྱོགས་གོ་སྐབས་ཡངས་པར་སྟན་འདིང་དུ་ཆུག་ལ། རི་བྲགས་འདིར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ ལ་སང་འཕགས་པ་ཤཱ་རིའི་བུ་ཆོས་སྟོན་པར་འགྱུར་གྱི། ཁྱེད་ཅག་ལས་གང་ཆོས་ཉན་པར་འདོད་པ་དེ་ཤོག་ཤིག་ཅེས་དྲིལ་བསྒྲགས་པ་བྱེད་དུ་ཆུག་ཤིག །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡོན་བཤད་པ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །ཁྱིམ་བདག་དེ་རི་བྲགས་དེ་ན་གཙོ་བོར་གྲགས་པ་ཡིན་ པས་དེས་ས་ཕྱོགས་གོ་སྐབས་ཡངས་པར་སྟན་ཤོམ་དུ་བཅུག་ནས། རི་བྲགས་དེར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་སང་འཕགས་པ་ཤཱ་རིའི་བུས་ཆོས་སྟོན་པར་འགྱུར་གྱིས་ཁྱེད་ཅག་ལས་གང་ཆོས་ཉན་པར་འདོད་པ་དེ་ཤོག་ཤིག །ཁྱེད་ཅག་ལས་གང་གིས་དེར་བདེན་པ་དག་མཐོང་བར་མ་གྱུར་པ། དེས་འཁོར་བར་ཡུན་རིང་དུ་འཁོར་བར་བྱ་དགོས་སོ་ཞེས་དྲིལ་བསྒྲགས་པ་བྱེད་དུ་བཅུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེའི་ཕྱི་དེ་ཉིན་པར་ཕྱོགས་དེར་སོང་སྟེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་འདུག་པ་དང་། སྲོག་ཆགས་འབུམ་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི་ལྟད་ མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་འདུས་པར་གྱུར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེའི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་རང་བཞིན་ཤེས་ནས། འདི་ལྟར་ཁྱིམ་བདག་དེ་འཁོར་དང་བཅས་པ་དང་། སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་དག་ མཐོང་ཞིང་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་ཆོས་བསྟན་པར་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་ རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་གཞག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཧ་ཅང་ཡུན་རིང་དུ་ཆོས་བསྟན་པས་གདུགས་ཚོད་ཡོལ་ཞིང་རླུང་གིས་དེའི་རྒྱབ་ན་བར་གྱུར་ནས། ཁྱིམ་བདག་དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེའི་སླད་དུ་བདག་གི་ འདུག་གནས་སུ་བཞུགས་ཤིག་དང་། བདག་གིས་ཁྱོད་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབས་པར་བགྱིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་ཁྱོད་ཉིད་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་ཀྱི་འགྲོའོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ན་བཞིན་དུ་ཟན་བཅད་དེ། རི་བྲགས་དེ་ནས་མཉན་ཡོད་ག་ལ་བ་དེ་ལོགས་སུ་རྒྱུ་ཞིང་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ ལ་དྲིས་པ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཅུང་ཞིག་བདེ་བར་ཡང་བརྒྱུས། ཅུང་ཞིག་སྡུག་བསྔལ་བར་ཡང་བརྒྱུས་སོ། །ཅི་ཞིག་བདེ་བར་བརྒྱུས། མཁན་པོས་གདུལ་བའི་བྱ་བ་འདི་སྙེད་ཅིག་མཛད་པ་གང་ཡིན་པ་དེ་ནི་བདེ་བར་བརྒྱུས་པ་ཡིན་ནོ། །ཅི་ ཞིག་སྡུག་བསྔལ་བར་བརྒྱུས། མཁན་པོ་བསྙུང་བཞིན་དུ་གདུགས་ཚོད་བཅད་དེ་རི་བྲགས་དེ་ནས་བཞུད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བར་གནས་པ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ན་བ་མ་ གཏོགས་ཏེ་དགེ་སློང་གིས་པུས་འཁྱུད་བཅད་པར་རྗེས་སུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་ དང་ལྡན་པའི་བཀའ་མཆེད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་བས་ བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་འདུག་གནས་གཅིག་ཏུ་ཞག་ལོན་པའི་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སུ་ ཞག་ལོན་པའི་འོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །མི་ན་བས་ཞེས་བྱ་བ་ནི་ན་བ་མ་གཏོགས་པས་སོ། །བསོད་སྙོམས་གཅིག་བཟའ་བར་བྱའོ་ཞེས་བྱ་བ་ནི་ཟན་ལན་ཅིག་གོ། །དེ་ལས་ལྷག་པར་ཟ་ན་ཞེས་བྱ་བ་ནི་དེ་ལས་ལན་མང་དུ་ཟ་ནའོ། །ལྟུང་བྱེད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་ སློང་མི་ན་བས་ཆོས་འདི་པའི་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞག་གཅིག་ལོན་པ་ལ་སྦྱིན་བདག་གིས་མ་བསྟབས་པར་ཉི་མ་གཉིས་པའི་བསོད་སྙོམས་ཟོས་ན་འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་མི་ན་བ་ལ་ན་སྨད་པ་མེད་ དོ། །འདུག་གནས་ཆོས་འདི་པའི་མ་ཡིན་པ་ལ་ན་སྨད་པ་མེད་དོ། །འ