Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 153

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
་ཅད་རྡོ་བའམ་སོ་ཕག་གམ། ཤིང་ལས་བྱས་པ་ཡིན་ན་ལྟུང་བ་མེད་དོ། །ཆར་ཆུ་བསྐྱབ་པའི་གཡོགས་པ་བྱས་པ་ལ་ལྟུང་བ་མེད་དོ། །ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་སྨྲས་པ་ལ་ལྟུང་བ་མེད་དོ། །
ཉིན་གཅིག་ལ་ཕ་གུ་འཇིམ་པ་དང་བཅས་པ་རིམ་པ་གསུམ་མན་ཆད་བརྩིགས་པ་ལ་ལྟུང་བ་མེད་དོ། །ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པ་རིམ་པ་གསུམ་མན་ཆད་བརྩིགས་པ་ལ་ལྟུང་བ་མེད་དོ། །རང་གི་གནས་སུ་ཆུ་ཁུང་དག་བཏོད་པ་ལ་ལྟུང་བ་མེད་དོ། །
བརྐོས་ཏེ་རྨང་གི་རྩ་བ་བཙུགས་པ་ཉིད་ལ་ལྟུང་བ་མེད་དོ། །སྒོ་སྐྱེས་ལ་སོགས་པའི་སྒོ་ཆ་གོང་མ་བཙུག་པ་ལ་ལྟུང་བ་མེད་དོ། །ཉི་མ་སྔ་མ་ལ་རིམ་པ་སྔ་མ་དག་བརྩིགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་
བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཙུག་ལག་ཁང་གི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །སྒོ་ཆ་དང་པོ་གཞུག་པར་བྱའོ། །སྒོ་
གླེགས་དག་ཀྱང་གཞུག་པར་བྱའོ། །སྐར་ཁུང་དག་ཀྱང་གདོད་པར་བྱའོ། །ཆུ་ཁུང་དག་ཀྱང་གདོད་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གཙུག་ལག་ཁང་གི་ལྟུང་བྱེད་དེ་ཉི་ཤུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་

པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་གསུམ་པ། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་བྱ་བ་ནི་བཅུ་པ་གསུམ་
པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་། དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་གསུམ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། མ་བསྐོས་པར་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་དང་། གོས་
སྦྱིན་པ་དང་། གོས་བྱེད་པ་དང་། དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པ་དང་། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་དང་། གཅིག་པུ་འདུག་པ་དང་། གཅིག་པུ་འགྲེང་བ་དང་། དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དོ། །དེ་ལ་
མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ་ན་དགེ་སློང་མ་འཕགས་མ་ཉན་ཐོས་ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་འདི་ལྟ་སྟེ། སྐུལ་བྱེད་མ་དང་། མིན་བ་དང་། མཎ་ཌ་བ་དང་། པ་ཐད་ཙ་ར་དང་། འབྲོག་གནས་དང་། བདེ་བ་དང་། ཟླ་བ་དང་། གཽ་ཏ་མི་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་།
དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། དེ་དག་དང་། གཞན་ཡང་དགེ་སློང་མ་འཕགས་མ་ཉན་ཐོས་ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་དག་མཉན་ཡོད་དུ་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་
སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་

ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད་ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་
བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་གྱི་སོང་ཤིག་ཅེས་བསྐུལ་
བར་མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་
ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག །ང་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ཡིན་པས་འཁོར་བཞི་པོ་དག་ལ་ཆོས་སྟོན་ན་ངལ་
བར་འགྱུར་གྱི། དགེ་སློང་དག་དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་མ་ལ་སྟོན་ཅིག །དེའི་ཚེ་ན་དགེ་སློང་གནས་བརྟན་གནས་བརྟན་རྣམས་རེས་ཀྱིས་དགེ་སློང་མ་ལ་སྟོན་པར་བྱེད་དོ། །ཚེ་དང་ལྡན་པ་དགའ་བྱེད་ནི་རེས་
བབས་པ་ན་དགེ་སློང་མ་ལ་སྟོན་པར་མི་བཏུབ་པོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་
བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གནས་བརྟན་གནས་བརྟན་གང་དག་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བྱེད་དམ། བཙུན་པ་དགེ་སློང་གནས་

བརྟན་གནས་བརྟན་དག་ཕལ་ཆེར་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བགྱིད་དེ། ཚེ་དང་ལྡན་པ་དགའ་བྱེད་ནི་རེས་བབས་ཀྱང་དགེ་སློང་མ་ལ་སྟོན་པར་མི་འཚལ་ལོ། །དེའི་ཚེ་ན་ཚེ་དང་ལྡན་པ་དགའ་བྱེད་འཁོར་དེ་ཉིད་ན་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་བཀའ་སྩལ་པ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་དེ་ཅིའི་ཕྱིར་ཞེ་ན་དགའ་བྱེད། དགེ་སློང་མ་ལ་ངའམ། ཁྱོད་ཀྱིས་གཏམས་ཀྱང་རུང་ཞིང་
རྗེས་སུ་བསྟན་ཀྱང་རུང་ལ། ཆོས་དང་ལྡན་པའི་གཏམ་བྱར་ཡང་རུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་
བ་དང་། རྗེས་སུ་ཡི་རང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་
ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་དྲོ་བསོད་སྙོམས་མི་བྱེད་ནས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་
གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཕྱི་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས། སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་སློང་ཞིག་དང་། དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་
ལ་བ་དེར་སོང་ངོ་། །དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་དགའ་བྱེད་ཚུར་གཤེགས། བཙུན་པ་

དགའ་བྱེད་བྱོན་པ་ལེགས་སོ། །བཙུན་པ་དགའ་བྱེད་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཚེ་དང་ལྡན་པ་དགའ་བྱེད་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་
ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དག་ཁྱེད་ཅག་རྣམ་པར་སེལ་བ་ཡོངས་སུ་དྲིས་ཤིག་དང་། ཆོས་དང་ལྡན་པའི་གཏམ་བརྗོད་པར་བྱའོ། །དེ་ལ་ཁྱོད་
ཀྱིས་ཀུན་ཤེས་པ་དག་གིས་ཀྱང་ཀུན་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །ཀུན་མི་ཤེས་པ་དག་གིས་ཀྱང་ཀུན་མི་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །གང་གིས་སྨྲས་པ་དང་། གང་གི་དོན་ཀུན་ཤེས་པ་དེས་ནི་དེ་ཁོ་ན་བཞིན་དུ་ཟུང་ཤིག །གང་གིས་སྨྲས་པ། གང་གི་དོན་ཀུན་
མི་ཤེས་པ་དེ་ནི་བདག་ཉིད་ལ་བཙུན་པ་དགའ་བྱེད་སྨྲས་པ་འདིའི་དོན་ཅི་ལགས། འདི་ཇི་ལྟ་བུ་ལགས་ཞེས་ཡོངས་སུ་དྲིས་ཤིག་ཅེས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རེག་པའི་ཚོགས་དྲུག་དང་། ཚོར་བའི་
ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་པོ་དག་ལ་བདག་དང་བདག་གི་མེད་པར་ཆོས་བསྟན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དེ་དག་ཕྱིར་མི་འོང་བ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་ཡང་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་དེ་དག་ལ་ཆོས་དང་ལྡན་པའི་
གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དེ་དག་མཆོག་ཉིད་དུ་ལུང་བསྟན་ཏོ། །འདི་ནི་རེ་ཞིག་འབྱུང་བ་ཡིན་ཏེ། སངས་
རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་

འདས་ཀྱིས་དགེ་སློང་གནས་བརྟན་གནས་བརྟན་དག་གིས་རེས་ཀྱིས་དགེ་སློང་མ་ལ་བསྟན་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་དྲུག་སྡེ་དག་ལ་དགེ་སློང་མ་ལ་སྟོན་པའི་རེས་བབ་པ་ན་དེ་དག་ཇི་ཙམ་པ་དེ་ཙམ་བསྟན་ནས་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་
དུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད། གཞོགས་སྟེགས་དང་འཕྱར་གཡེང་དང་། ལུས་ལ་རྡེག་པ་དག་བྱེད་དེ་དེ་ནས་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་དུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད།
གཞོགས་སྟེགས་དང་། འཕྱར་གཡེང་དང་། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་འཆག་ས་དང་དག་ར་དང་། སྒོ་གང་དག་ན་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་ལྟ་བུ་དག་བདག་ཅག་ལ་སྟོན་པར་བྱེད་དོ་ཞེས་སྨོད་པར་བྱེད།
ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་
དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གཅིག་གིས་གཅིག་བསྐོས་པ་དང་། མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ། གཅིག་གིས་གཅིག་བསྐོས་པ་དང་། མཚམས་ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱིས་འདུན་པ་
བླངས་ཏེ་ལྷག་མ་རྣམས་དང་མི་མཐུན་པར་བྱས་ཏེ་གཅིག་གིས་གཅིག་བསྐོས་ཏེ། དགེ་སློང་མ་ལ་སྟོན་པར་བྱེད་པ་ན་ཉེས་དམིགས་དེ་ཉིད་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། མ་བསྐོས་པ་དང་མཚམས་ཀྱི་ཕྱི་རོལ་དུ་བསྐོས་པ་དང་། མཚམས་ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱིས་འདུན་པ་བླངས་ཏེ་ལྷག་མ་རྣམས་དང་མི་མཐུན་པར་བྱས་ནས་གཅིག་གིས་གཅིག་བསྐོས་ཏེ་དགེ་སློང་མ་ལ་བསྟན་པར་མི་བྱ་བ་དང་འདི་ལྟར་གསོ་

སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་དགེ་འདུན་ཐམས་ཅད་འདུན་ཅིང་མཐུན་པར་གྱུར་པ་ན་དགེ་སློང་ཆོས་ལྔ་དང་ལྡན་པ་བསྐོ་བར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་བུ་དང་། གྲོང་
ཁྱེར་བའི་སྐད་དང་ལྡན་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པའམ། ཡང་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་
སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་
ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་སྟེ། དེ་ལྟ་བུས་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །བཅོམ་ལྡན་
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དྲུག་སྡེ་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་
བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་
མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་

ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཏོགས་འདོད། ཉེས་པ་ནི་མ་བསྐོས་པར་དགེ་སློང་མ་ལ་སྟོན་པའོ། །གནང་
བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད།
དགའ་མགུར་སྤྱོད་པར་བྱེད་དོ། །དེའི་བུ་བཙས་སོ་ཅོག་དུས་བྱས་ནས། དུས་གཞན་ཞིག་ན་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས། དེ་ནས་བྲམ་ཟེ་དེ་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། དེ་དང་ཧ་ཅང་ཐག་མི་རིང་བ་ན་བུད་མེད་
རྒན་མོ་ཞིག་འདུག་པ་དེས་དེ་མཐོང་ནས་དེས་སྨྲས་པ། བྲམ་ཟེ་ཅིའི་སླད་དུ་ཁྱོད་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། བྲམ་ཟེ་དེས་སྨྲས་པ། ཁོ་བོའི་བུ་བཙས་སོ་ཅོག་དུས་བྱས་ཏེ། ང་ཡང་ཁོ་བོའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་པས་
བུ་གཞན་བཙའ་བར་འགྱུར་བ་གང་ཡིན་པ་དེ་ཡང་དུས་བྱེད་པར་འགྱུར་བས་མྱ་ངན་མང་པོ་འབྱིན་ཏེ་འགྲོ་བར་འགྱུར་རོ། །རྒན་མོ་དེས་སྨྲས་པ། གང་གི་ཚེ་ཁྱོད་ཀྱི་བཙུན་མོ་བཙའ་བར་འགྱུར་བ་དེའི་ཚེ་ན་ཁོ་མོ་སྦྲོན་ཅིག །དེ་ནས་དུས་གཞན་ཞིག་ན་དེའི་ཆུང་མ་བཙའ་བའི་
དུས་ལ་བབ་ནས་བྲམ་ཟེ་དེས་བུད་མེད་རྒན་མོ་དེ་བོས་ནས་དེ་ཡང་འོངས་སོ། །ཇི་ཙམ་ན་དེའི་ཆུང་མ་བཙས་པ་དང་དེ་ལས་ཁྱེའུ་ཞིག་བྱུང་ནས་བུད་མེད་རྒན་མོ་དེས་ཁྱེའུ་དེ་ཁྲུས་བྱས་ཏེ། རས་དཀར་པོས་དཀྲིས་ནས་དེའི་ཁ་ཞུན་མར་གྱིས་བཀང་སྟེ་བུ་མོ་ཞིག་གི་ལག་ཏུ་བྱིན་
ནས་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་ལམ་པོ་ཆེའི་བཞི་མདོར་ཟུང་ལ་གལ་ཏེ་དགེ་སློང་ངམ་བྲམ་ཟེ་འགའ་སྣང་ན་དེ་ལ་རྗེས་དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚོལ་ལ། དེ་ལ་འདི་སྐད་ཅེས་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་

ལོ་ཞེས་གྱིས་ཤིག །ཉི་མ་ནུབ་པ་ན་གལ་ཏེ་གསོན་ན་ཁྱེར་ཏེ་ཤོག་ཤིག །གལ་ཏེ་དུས་བྱེད་ན་དེ་ཉིད་དུ་འོར་ཅིག །བུ་མོ་དེ་གྲིམས་པ་སྒྲུབ་ཕོད་པ་ཡིན་པས། དེས་ཁྱེའུ་དེ་ཁྱེར་ནས་ལམ་པོ་ཆེའི་བཞི་མདོར་སོང་ནས་འདུག་གོ། །མུ་སྟེགས་
ཅན་དག་གི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འགྲོ་བ་ཡིན་པས་མུ་སྟེགས་ཅན་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འདོང་བ་དང་དེར་ལྷགས་ནས་བུ་མོ་དེས་རྫས་དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་
དག་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ། །དེ་དག་གིས་སྨྲས་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དགེ་སློང་གནས་བརྟན་གནས་བརྟན་དག་
ཀྱང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། བུ་མོ་དེས་རྗེས་དང་བཅས་གུས་པ་དང་བཅས་པས་གནས་བརྟན་གནས་བརྟན་དག་གི་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། འཕགས་པ་དག་ཁྱེའུ་འདི་
འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ། །གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བུ་མོ་དེས་ཁྱེའུ་དེ་རྒྱལ་བྱེད་ཀྱི་ཚལ་
གྱི་ལམ་ཀར་ཁྱེར་བ་དང་། བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་ཟེད་དང་ཆོས་གོས་བསྣམས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་ནས། བུ་མོ་དེས་རྒྱ་ཆེར་རྗེས་དང་བཅས་གུས་པ་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་
ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཁྱེའུ་འདི་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཆོས་དང་ལྡན་པའི་བསམས་པ་ཡོངས་སུ་

རྫོགས་པར་གྱུར་ཅིག །བུ་མོ་དེས་ཉི་མ་ནུབ་ཀར་བལྟས་ན་དེ་གསོན་པར་མཐོང་ནས། དེས་ཁྱེའུ་དེ་ཁྱེར་ཏེ་ཁྱིམ་དུ་འོངས་པ་དང་། དེ་དག་གིས་བུ་མོ་དེ་ལ་དྲིས་པ་ཁྱེའུ་གསོན་ནམ། བུ་མོས་སྨྲས་པ། གསོན་ནོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་གང་དུ་བཟུང་། ལམ་པོ་
ཆེ་ག་གེ་མོ་ཞིག་ཏུའོ། །དེ་དག་གིས་སྨྲས་པ། ཁྱེའུ་འདིའི་མིང་ཅིར་གདགས་ཁྱེའུ་འདི་ལམ་པོ་ཆེར་བཟུང་བས། འདིའི་མིང་ལམ་ཆེན་པ་ཞེས་གདགས་སོ་ཞེས་དེའི་མིང་ལམ་ཆེན་པ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལམ་ཆེན་པ་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་
ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ན་ཡི་གེ་དང་གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་།
ཀུན་དུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། ལག་སྟངས་དང་། ཐོར་ཚུགས་དང་རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་
དང་། བྲམ་ཟེའི་ལས་དྲུག་པོ། མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཛུད་པ་དང་། ཀློག་པ་དང་། ཀློག་དུ་འཛུད་པ་དང་། སྦྱིན་པ་དང་། ལན་པ་ལ་མཁས་པའི་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ་མེ་ལྟ་བུའི་ཤེས་པས་རང་གི་
སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེའི་ཚེ་ན་བྲམ་ཟེ་ལམ་ཆེན་པ་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་དག་བྲམ་ཟེའི་གསང་ཚིག་དག་འདོན་དུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན་ཡང་བྲམ་ཟེ་དེ། ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད།
དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས་དེ་བཙའ་བའི་དུས་ལ་བབ་པའི་ཚེ་བྲམ་ཟེ་དེས་བུད་མེད་རྒན་མོ་དེ་བོས་ནས་དེ་ཡང་འོངས་སོ། །ཇི་ཙམ་ན་དེའི་ཆུང་མ་བཙས་པ་དང་། དེ་ལས་ཁྱེའུ་ཞིག་བྱུང་ནས་བུད་མེད་རྒན་མོ་

དེས་ཁྱེའུ་དེ་ཁྲུས་བྱས་ཏེ། རས་དཀར་པོས་དཀྲིས་ནས་དེའི་ཁ་ཞུན་མར་གྱིས་བཀང་སྟེ་བུ་མོ་ཞིག་གི་ལག་ཏུ་བྱིན་ནས། དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་ལམ་པོ་ཆེའི་བཞི་མདོར་ཟུང་ལ། གལ་ཏེ་དགེ་སློང་ངམ། བྲམ་ཟེ་འགའ་སྣང་ན་དེ་ལ་
རྗེས་དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚོལ་ལ། དེ་ལ་འདི་སྐད་ཅེས་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ་ཞེས་གྱིས་ཤིག །ཉི་མ་ནུབ་པ་ན་གལ་ཏེ་གསོན་ན་ཁྱེར་ཏེ་ཤོག་ཤིག །གལ་ཏེ་དུས་བྱེད་ན་དེ་ཉིད་དུ་འོར་ཅིག །བུ་མོ་དེ་བླུན་
མོ་ལེ་ལོ་ཅན་ཡིན་པས། དེས་ཁྱེའུ་དེ་ཁྱེར་ཏེ་ལམ་ཕྲན་དུ་སོང་སྟེ་འདུག་གོ། །མུ་སྟེགས་ཅན་དག་ཀུན་དུ་སྤྱོད་པ་ན་ནང་པར་སྔར་ལངས་ཏེ་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འགྲོ་བ་ཡིན་པས་མུ་སྟེགས་ཅན་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འདོང་བ་དག་དེར་ལྷགས་ནས་བུ་མོ་དེས་རྗེས་
དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ། །དེ་དག་གིས་སྨྲས་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཡིད་ལ་
བསམས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བུ་མོ་དེས་ཉི་མ་ནུབ་ཀར་བལྟས་ཏེ་གསོན་པར་མཐོང་ནས་དེས་ཁྱེར་ཏེ་ཁྱིམ་དུ་འོངས་པ་དང་། དེ་དག་གིས་བུ་མོ་དེ་ལ་དྲིས་པ། ཁྱེའུ་གསོན་ནམ། བུ་མོས་སྨྲས་པ། གསོན་ནོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་གང་དུ་
བཟུང་། ལམ་ཕྲན་ག་གེ་མོ་ཞིག་ཏུའོ། དེ་དག་གིས་སྨྲས་པ། ཁྱེའུ་འདིའི་མིང་ཅིར་གདགས། ཁྱེའུ་འདི་ལམ་ཕྲན་དུ་བཟུང་བས་འདིའི་མིང་ལམ་ཕྲན་པ་ཞེས་བཏགས་སོ་ཞེས་དེའི་མིང་ལམ་ཕྲན་པ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལམ་ཕྲན་པ་དེ་བསྲིངས་ཤིང་
བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ན་ཡི་གེ་ལ་བཅུག་ན་དེས་སིད་ཅེས་བརྗོད་ན་དྷམ་བརྗེད་པར་བྱེད་ལ། དྷམ་ཞེས་བརྗོད་ནས་སིད་བརྗེད་པར་བྱེད་ནས་དེའི་སློབ་དཔོན་དེས་བྲམ་ཟེ་ལ་སྨྲས་པ། ཁོ་བོས་བྲམ་ཟེའི་ཁྱེའུ་མང་པོ་གཞན་

དག་ཀྱང་ཀློག་ཏུ་གཞུག་དགོས་པས། ཁོ་བོས་ལམ་ཕྲན་པ་ཀློག་ཏུ་འཇུག་མི་ནུས་སོ། །བྲམ་ཟེས་བསམས་པ། བྲམ་ཟེ་ཐམས་ཅད་ཡི་གེ་དང་འབྲུ་ལ་མཁས་པ་མ་ཡིན་ཏེ། འདི་རིགས་ཀྱི་བྲམ་ཟེར་འགྱུར་རོ་སྙམ་ནས། དེས་དེ་ཀློག་མཁན་ལ་རིག་བྱེད་སློབ་པར་ཕུལ་བ་
དང་། དེས་ཨོཾ་ཞེས་བརྗོད་ན་བྷུ་བརྗེད་པར་བྱེད་ལ། བྷུ་ཞེས་བརྗོད་ན་ཨོཾ་བརྗེད་པར་བྱེད་པས་ཀློག་མཁན་གྱིས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཁོ་བོས་བྲམ་ཟེའི་ཁྱེའུ་མང་པོ་གཞན་དག་ཀྱང་ཀློག་ཏུ་གཞུག་དགོས་པས། ཁོ་བོས་ལམ་ཕྲན་ལ་ཀློག་ཏུ་འཇུག་མི་ནུས་
སོ། །བྲམ་ཟེ་དེས་བསམས་པ་བྲམ་ཟེ་ཐམས་ཅད་རིག་བྱེད་ཀློག་པ་མ་ཡིན་ཏེ། མཁས་ཀྱང་རུང་། མི་མཁས་ཀྱང་རུང་གཙང་ཡང་རུང་མི་གཙང་ཡང་རུང་སྟེ། བྲམ་ཟེ་གང་ཡིན་པ་དེ་ཉིད་ལྷ་ཡིན་པས་འདི་ནི་རིགས་བྲམ་ཟེ་ཁོ་ནར་འགྱུར་རོ་སྙམ་མོ། དེ་བུལ་བ་མཆོག་ཏུ་བུལ་བ། ཆུང་བ་
མཆོག་ཏུ་ཆུང་བ་ཡིན་པས་དེའི་མིང་ལམ་ཆུང་བ་ལམ་ཆུང་བ་ཞེས་བྱ་བར་ཡང་གྱུར་ཏོ། །བྲམ་ཟེ་དེ་གང་དུ་ཆུང་ཟད་ཅིག་མགྲོན་དུ་བོས་པས་ལམ་ཆུང་བ་དེ་ཁྲིད་དེ་འགྲོའོ། །དུས་གཞན་ཞིག་ན། བྲམ་ཟེ་དེ་ན་བར་གྱུར་ནས། དེས་རྩ་བ་དང་སྡོང་བུ་དང་། འདབ་མ་དང་།
མེ་ཏོག་དང་། འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ཉམས་པ་ཉིད་དུ་གྱུར་ནས། དེས་ལམ་ཆེན་པ་བོས་ཏེ་སྨྲས་པ། བུ་ཁོ་བོ་འདས་ནས་ཁྱོད་ནི་མྱ་ངན་བྱ་མི་དགོས་ཀྱི། ཁྱོད་ཀྱི་ནུ་བོ་ལམ་ཆུང་བ་འདི་ལ་ཁྱོད་ཀྱིས་མཁོ་བ་བསྟབས་པར་གྱིས་ཤིག་ཅེས་སྨྲས་ནས།
བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་གཉིས་ཀྱིས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་།
དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ཏེ་དུར་ཁྲོད་དུ་བསྐྱལ་ནས་བསྲེགས་ཏེ། དེའི་འོག་ཏུ་མྱ་ངན་བསང་བར་བྱས་ཏེ་འཁོད་དོ། །བྲམ་ཟེ་ལམ་ཆེན་པ་མཉན་ཡོད་དང་རྒྱལ་བྱེད་ཀྱི་ཚལ་གྱི་བར་ན་གནས་ཀྱི་ཤིང་ལྗོན་པ་ཞིག་ཡོད་པ་དེའི་དྲུང་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་

བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་ཅིང་འདུག་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་གདུལ་བའི་བྱ་བ་བྱས་ནས་འཁོར་ལྔ་བརྒྱ་དང་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན། མཉན་ཡོད་དུ་ཕྱིན་
ནས། མཉན་ཡོད་པའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་ཐོས་ནས། སྲོག་ཆགས་བརྒྱ་ཕྲག་དུ་མ་དག་དེར་འདོང་བ་མཐོང་ནས་བྲམ་ཟེ་ལམ་ཆེན་པ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་དགེ་སློང་ཞིག་དང་ཕྲད་ནས། དགེ་སློང་དེས་དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་
དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པ་རྒྱ་ཆེར་བསྟན་ཏོ། །བྲམ་ཟེ་ལམ་ཆེན་པ་མངོན་པར་དད་པར་གྱུར་ནས་དེས་སྨྲས་པ། དགེ་སློང་དག་རབ་ཏུ་དབྱུང་
དུ་གསོལ། དགེ་སློང་དེས་བྲམ་ཟེ་དེ་ལྗོངས་སུ་ཁྲིད་དེ་རབ་ཏུ་ཕྱུང་ཞིང་། བསྙེན་པར་རྫོགས་པར་བྱས་ནས་སྨྲས་པ། བཞིན་བཟངས་དགེ་སློང་གི་ལས་ནི་གཉིས་ཏེ། བསམ་གཏན་དང་། ཀློག་པ་ཡིན་ན་ཁྱོད་གང་འདོད། ལམ་ཆེན་པས་སྨྲས་པ། མཁན་པོ་
གཉིས་ཡང་བགྱི་སྟེ། གདུགས་ལ་ནི་ཀླག་པར་བགྱི། དགུང་ལ་ནི་བསམ་གཏན་བགྱིའོ། །དེ་བཞིན་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ལམ་ཆེན་པས་ཉིན་མོ་ཀློག་པ་དང་། ཁ་ཏོན་བྱས་པས་སྡེ་སྣོད་གསུམ་པོ་དག་རྟོགས་པར་གྱུར་ཏེ། སྡེ་སྣོད་གསུམ་དང་
ལྡན་པ་ཆོས་སྒྲོག་པ་རིགས་པ་དང་། གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །མཚན་མོ་བསམ་གཏན་བྱས་པས་གོང་ནས་གོང་དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་
ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཁོ་ནར་

དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་
གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་དང་ལྡན་པ། ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་
དྲལ་བར་གྱུར་ཅིང་། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་
དུ་སྨྲ་བར་བྱ་བར་གྱུར་ཏོ། །གང་གི་ཚེ་ཚེ་དང་ལྡན་པ་ལམ་ཆེན་པ་རབ་ཏུ་བྱུང་བ་དེའི་ཚེ་ན། ལམ་ཆུང་བའི་ལོངས་སྤྱོད་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་ནས། དེས་ཚེགས་ཆེན་པོས་འཚོ་བ་སྦྱར་བར་བརྩམས་སོ། །དེ་ནས་ཚེ་དང་ལྡན་པ་
ལམ་ཆེན་པ་འདི་སྙམ་དུ་སེམས་ཏེ། བདག་གིས་ཐོབ་པར་བྱ་བ་གང་ཡིན་པ་དེ་བདག་གིས་ཐོབ་ཀྱི། བདག་མཉན་ཡོད་དུ་སོང་ལ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ལམ་ཆེན་པ་འཁོར་ལྔ་བརྒྱ་དང་། ཀོ་ས་ལ་ངག་ཏུ་ལྗོངས་རྒྱུ་ཞིང་
འགྲོ་བ་ན་མཉན་ཡོད་དུ་ཕྱིན་པ་དང་། མཉན་ཡོད་པའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་ཐོས་ནས་སྲོག་ཆགས་བརྒྱ་ཕྲག་དུ་མ་དག་དེར་དོང་བ་ལམ་ཆུང་བས་མཐོང་ནས་དེ་ཡང་དེར་སོང་བ་དང་། ལམ་ཆེན་པས་དེ་མཐོང་ནས་སྨྲས་པ་དང་། དེ་ཡང་རབ་ཏུ་འབྱུང་བར་
གསོལ་ཏོ། །ཚེ་དང་ལྡན་པ་ལམ་ཆེན་པས་དེ་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་ཞེས་བལྟས་ན་ཡོད་པར་མཐོང་ངོ་། སུ་ལ་རག་ལས་སྙམ་ན་བདག་ཉིད་ལ་རག་ལས་པར་མཐོང་ནས་དེས་སྨྲས་པ། ལམ་པ་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་རིགས་གཅེས་པ་མ་ཡིན་

རུས་གཅེས་པ་མ་ཡིན། ཐོས་པ་གཅེས་པ་མ་ཡིན་གྱི། སྒྲུབ་པ་གཅེས་པ་ཡིན་གྱིས་གལ་ཏེ་འདོད་ན་རབ་ཏུ་བྱུང་ཞིག །འཕགས་པ་རབ་ཏུ་འབྱུང་ངོ་། །ཚེ་དང་ལྡན་པ་ལམ་ཆེན་པོས་ལམ་ཆུང་བ་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་
བྱས་ནས། དེས་དེ་ཀློག་ཏུ་གཞུག་པར་བརྩམས་པ་དང་། ལུས་ངག་ཡིད་ཀྱིས་སྡིག་པ་མི་བྱ་ཞིང་། །འཇིག་རྟེན་ཀུན་ལ་ཡོངས་འཛིན་འདོད་བྲལ་བ། །དྲན་དང་ལྡན་ཞིང་ཤེས་བཞིན་ཅན་གྱིས་ནི། །སྣོད་ལྡན་སྡུག་བསྔལ་གང་ཡིན་བསྟེན་མི་བྱ། །ཞེས་བྱ་བའི་
ཚིགས་སུ་བཅད་པ་འདི་ཟླ་བ་གསུམ་གྱིས་ཀྱང་ལོབས་པར་མ་གྱུར་ཏོ། །བ་ལང་རྫི་དང་ཕྱུགས་རྫི་གཞན་དག་གིས་ཐོས་ནས་ལོབས་པར་གྱུར་པ་ལ། དེ་རྗེས་དང་བཅས་གུས་པ་དང་བཅས་པས་དེ་དག་གི་གན་དུ་སོང་སྟེ་དྲིས་པ་དང་། དེ་དག་གིས་དེ་ལ་བསྟན་ཏོ། །གང་
གི་ཚེ་བཅོམ་ལྡན་འདས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོའི་ཚེ་ཚེ་དང་ལྡན་པ་ལམ་ཆེན་པོའི་ལྷན་ཅིག་གནས་པ་དང་ཉེ་གནས་གང་དག་ལྗོངས་སུ་དབྱར་གནས་པར་ཁས་བླངས་པ་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་
པ་དང་ལྡན་ཆོས་གོས་ཟིན་པ་དང་ལྡན་ཞིང་། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཚེ་དང་ལྡན་པ་ལམ་ཆེན་པ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་ལམ་ཆེན་པའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་
དེ་དག་ཁ་ཅིག་ནི་ཇི་ལྟར་ཐོབ་པ་རྗོད་པར་བྱེད་དོ། །ཁ་ཅིག་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་དག་གི་ཁ་ཏོན་དག་དང་། ཡོངས་སུ་དྲི་བ་དག་ཚོལ་བར་བྱེད་དོ། །དེ་ན་གང་དག་བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་དེ་དེ་དག་དྲུག་སྡེ་དག་ལ་རྟེན་
པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་པས་ཚེ་དང་ལྡན་པ་ལམ་པ་ཡང་དྲུག་སྡེ་དག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་པ་ན། ཉེ་དགས་དེ་ལ་སྨྲས་པ། ལམ་པ་ཁྱོད་ཀྱི་མཁན་པོ་གཅིག་པ་འདི་དག་ཀྱང་མཁན་པོ་ལས་ཁ་ཏོན་དག་

དང་། ཡོངས་སུ་དྲི་བ་དག་ཚོལ་བར་བྱེད་ཀྱི་ཁྱོད་ཀྱང་སོང་ལ་རེ་ཞིག་མཁན་པོ་ལས་ཁ་ཏོན་དག་དང་ཡོངས་སུ་དྲི་བ་དག་ཚོལ་ཅིག །བཅོམ་ལྡན་འདས་ཀྱིས་ཀྱང་གསང་ཚིག་གི་དྲི་བ་ནི་མི་ཀློག་པ་ཡིན་ནོ་ཞེས་མ་གསུངས་སམ། རེ་ཞིག་ལྷོགས་ཤིག་དང་ཚིགས་སུ་བཅད་
པ་ཅིའི་ཕྱིར་ལོབས་པར་མི་འགྱུར་ཚོལ་ཅིག །ལམ་པ་སོང་སྟེ་སྨྲས་པ། མཁན་པོ་བདག་ལ་རེ་ཞིག་ཁ་ཏོན་དག་སྩོལ་ཅིག །ཚེ་དང་ལྡན་པ་ལམ་ཆེན་པས། དེ་སྨད་པས་འདུལ་བ་ཡིན་པར་མཁྱེན་ནས། དེས་དེའི་གཉའ་བ་ནས་བཟུང་སྟེ། རྒྱལ་བྱེད་ཀྱི་ཚལ་གྱི་ཕྱི་
རོལ་དུ་བསྐྲད་ནས་སྨྲས་པ། ཁྱོད་ནི་རེ་ཞིག་བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་ཡིན་ན་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཅི་བྱ་འདི་ཉིད་ན་འདུག་ཤིག །ལམ་པས་བསམས་པ་འདི་ན་བདག་དགེ་སྦྱོང་ཡང་མ་ཡིན་ལ། བྲམ་ཟེ་ཡང་མ་ཡིན་
ནོ་སྙམ་ནས་དེས་ངུ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་གཟིགས་ནས་བཀས་རྨས་ཏེ་ཚིགས་སུ་བཅད་པ་བཀའ་སྩལ་པ། བྱིས་པ་བསྟོད་པ་གང་ཡིན་དང་། །མཁས་པར་དམོད་པ་གང་ཡིན་པ། །འདི་ནི་མཁས་དམོད་མཆོག་ཡིན་གྱི། །བྱིས་པ་བསྟོད་པ་མ་
ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་པ་ཁྱོད་དེ་བཞིན་གཤེགས་པ་ལས་ཀློག་ནུས་སམ། གསོལ་པ་བཙུན་པ་བདག་ནི་བུལ་བ་མཆོག་ཏུ་བུལ་བ་ཆུང་བ་མཆོག་ཏུ་ཆུང་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་
བཅད་པ་བཀའ་སྩལ་པ། གང་གིས་བྱིས་པ་བྱིས་ཉིད་རིག །དེ་ལ་དེས་ན་དེ་མཁས་ཡིན། །བྱིས་པ་མཁས་པར་རློམ་བྱེད་པ། །དེ་འདིར་ཤིན་ཏུ་བྱིས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཚིག་རེ་རེ་ནས་ཆོས་འདོན་པར་མཛད་པ་ནི་གནས་མ་ཡིན། སྐབས་
མ་ཡིན་ཏེ། དེ་ནི་གནས་མེད་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ལམ་པ་ཀློག་ཏུ་ཆུག་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་ལམ་པ་ཀློག་ཏུ་གཞུག་པར་བརྩམས་པ་དང་། དེས་ཀློག་མ་

ནུས་ནས། ཀུན་དགའ་བོས་གསོལ་པ། བཙུན་པ་བདག་གིས་རེ་ཞིག་སྟོན་པ་ལ་ཡང་བསྙེན་བཀུར་བགྱི་འཚལ། ཐོས་པ་ཡང་བཟུང་འཚལ། ཚོགས་དག་ཀྱང་ཀློག་ཏུ་སྩལ་འཚལ། བྲམ་ཟེ་དང་ཁྱིམ་བདག་མཆིས་ཤིང་ལྷགས་པ་རྣམས་ལ་
ཡང་ཆོས་བསྟན་པར་བགྱི་འཚལ་བས་བདག་གིས་ལམ་པ་ཀློག་ཏུ་སྩོལ་བའི་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་ཞེས་བྱ་བའི་ཚིག་གཉིས་བཀའ་སྩལ་ནས་དེས་ཚིག་དེ་གཉིས་མ་ཟིན་ནས། བཅོམ་ལྡན་འདས་ཀྱིས་འདིའི་ལས་སྦྱང་
བར་བྱའོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། ལམ་པ་ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དག་ཕྱིས་ཤིག །དགེ་སློང་རྣམས་ལ་ཡང་བཀའ་སྩལ་པ་དགེ་སློང་དག་དགེ་སློང་ལམ་པ་ཁྱེད་ཀྱི་མཆིལ་ལྷམ་དང་ལྷམ་སྒྲོག་གུ་ཅན་དག་ཕྱིར་
ཆུག་ལ་འདི་ལ་ཚིག་གཉིས་ཀྱི་ཁ་ཏོན་དག་ཀྱང་རྗེས་སུ་སློབས་ཤིག །ལམ་པས་དགེ་སློང་རྣམས་ཀྱི་མཆིལ་ལྷམ་དང་ལྷམ་སྒྲོག་གུ་ཅན་དག་འཕྱི་བ་ན་དགེ་སློང་རྣམས་ཀྱིས་དེ་ལ་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་ཞེས་བྱ་བའི་ཁ་ཏོན་གཉིས་པོ་དག་ཀྱང་བསླབས་ནས་ལམ་པས་
དུས་གཞན་ཞིག་ན། ཁ་ཏོན་གཉིས་པོ་དེ་ཡང་ལོབས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་མཚན་མོའི་ནམ་ལངས་པའི་ཚེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་
ནང་གི་རྡུལ་ལ་དགོངས་ཏེ་བཀའ་སྩལ་ཏམ། འོན་ཏེ་ཕྱི་རོལ་གྱི་རྡུལ་ལ་དགོངས་ཏེ་བཀའ་སྩལ་སྙམ་མོ། །དེ་དེ་ལྟར་སེམས་པ་ན། དེའི་ཚེ་དེ་ལ་སྔོན་མ་ཐོས་པའི་ཚིགས་སུ་བཅད་པ་གསུམ་པོ་འདི་དག་བློ་ལ་སྣང་བར་གྱུར་ཏོ། །རྡུལ་འདི་འདོད་ཆགས་དེ་ནི་ས་རྡུལ་
མིན། །རྡུལ་ནི་འདོད་ཆགས་མིང་སྟེ་རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར། །རྡུལ་འདི་ཞེ་སྡང་དེ་ནི་ས་རྡུལ་མིན། །རྡུལ་ནི་ཞེ་སྡང་མིང་སྟེ་རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་

རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར། །རྡུལ་འདི་གཏི་མུག་དེ་ནི་ས་རྡུལ་མིན། །རྡུལ་ནི་གཏི་མུག་མིང་སྟེ་རྡུལ་གྱི་མིན། །མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ། །དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར། །དེས་སྤྲོ་བ་དང་
འབད་པ་དང་བརྩལ་བ་བྱས་པས་གོང་ནས་གོང་དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས། འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་
ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་
བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་
ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་
ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱེད་པར་གྱུར་ཏོ། །ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་ལམ་ཆུང་བ་རབ་
ཏུ་ཕྱུང་ངོ་ཞེས་སྒྲ་གྲགས་ནས། རྒྱལ་པོའི་ཁབ་ཀྱི་འཚོ་བྱེད་གཞོན་ནུས་གསོས་ཀྱིས་དེ་ཐོས་ནས་བསམས་པ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་པར་གྱུར་ན། བཙུན་པ་ལམ་པ་མ་གཏོགས་པ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་

གཞན་དུ་སྤྱན་དྲངས་ཏེ། གདུགས་ཚོད་གསོལ་ལོ་སྙམ་མོ། །གཞན་མུ་སྟེགས་ཅན་དག་ཀྱང་ཤེས་ལྡན་དག་དགེ་སློང་གཽ་ཏ་མ་འདི་སྐད་ཅེས་ངའི་ཆོས་ནི་ཟབ་པ། ཟབ་པར་སྣང་བ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་མི་ནུས་
པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོར་བརྟགས་པ། མཁས་པ་མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་ཟེར་ན། འདི་ལྟར་ལམ་ཆུང་བ་ལ་སོགས་པ་བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་དག་ཀྱང་རབ་ཏུ་འབྱིན་པར་བྱེད་ན། དེའི་ཆོས་ཇི་ལྟར་
ཟབ་པ་ཡིན་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པ་སྐྱེད་པར་བྱེད་ཀྱི་འདིའི་ཡོན་ཏན་བསྒྲག་པར་བྱའོ་སྙམ་ནས། དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ལམ་པ་ལ་དེ་བཞིན་གཤེགས་པའི་ཞལ་ནས་ཁྱོད་ཀྱིས་དགེ་སློང་མ་ལ་ཆོས་སྟོན་ཅིག་ཅེས་བཀའ་སྩལ་ཏོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་ལམ་པ་ལ་འདི་
སྐད་ཅེས་བསྒོའོ། །དེའི་ཚེ་ན་དགེ་སློང་མ་གསོ་སྦྱོང་འབུལ་བ་གཉིས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཏེ་དེ་གཉིས་ཀྱིས་སྨྲས་པ། བདག་ཅག་དགེ་སློང་མའི་སྟོན་པ་སུ་མཆིས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལམ་པའོ། །ཅི་ལགས་འཕགས་པ་ལམ་ཆེན་
པའམ། ཚེ་དང་ལྡན་པ་ལམ་པའོ། །དེ་གཉིས་ཀྱིས་སྨྲས་པ། ཕུ་ནུ་མོ་ཇི་ལྟར་བུད་མེད་བརྙས་པ་ལ་ལྟོས། དེས་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་ཀླགས་ན་ཡང་མ་ལོབས་པ་ཡིན་ལ། དགེ་སློང་མ་རྣམས་ནི་སྡེ་སྣོད་གཉིས་པ་དང་། སྡེ་སྣོད་གསུམ་པ་ཆོས་
སྒྲོག་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དག་ཡིན་ན། དེ་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །ཇི་ལྟར་བྱེད་པ་བལྟས་འདོང་ངོ་ཞེས་ཚེ་དང་ལྡན་པ་ལམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལམ་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྨྲས་པ། བཙུན་

པ་ལམ་པ་དགོངས་སུ་གསོལ། རྒྱལ་པོའི་ཀུན་དགའ་ར་བའི་དགེ་སློང་མའི་དགེ་འདུན་མཐུན་པ་རྒྱལ་བྱེད་ཀྱི་ཚལ་གྱི་དགེ་སློང་གི་དགེ་འདུན་མཐུན་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །གནོད་པ་ཉུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ་སྟོབས་
དང་ལྡན་ནམ། བདེ་འམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ་ཞེས་བསྙུན་གསོལ་ལོ། །ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་གསོལ་ལོ། །འདུན་པའི་གསོ་སྦྱོང་བགྱི་བར་གསོལ་བ་འདེབས་སོ། །གསོལ་བ་ཡང་ངམ་མཁྱེན་
པར་གསོལ་ལོ། །ཐབས་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། ཐབས་ཡིན་ནོ་ཞེས་བྱ་བ་ཙམ་ཡང་ཤེས་པ་ལྟ་ཞེས་དེ་གཉིས་དབྱར་ཁང་དུ་འདོང་བ་དང་། དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། བདག་ཅག་དགེ་སློང་མའི་སྟོན་པར་སུ་བྱོན་དེ་གཉིས་ཀྱིས་སྨྲས་པ། འཕགས་
པ་ལམ་པའོ། །ཅི་འཕགས་པ་ལམ་ཆེན་པའམ། མ་ཡིན་ཏེ། འདི་ལྟར་ལམ་པའོ། །དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟར་བུད་མེད་བརྙས་པ་ལ་ལྟོས། དེས་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་ཀླགས་ན་དེ་ཡང་མ་ལོབས་པ་ཡིན་ལ། དགེ་སློང་མ་རྣམས་ནི་
སྡེ་སྣོད་གཉིས་པ་དང་། སྡེ་སྣོད་གསུམ་པ་ཆོས་སྒྲོག་པ་དང་། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དག་ཡིན་ན་དེས་ཇི་ལྟར་དགེ་སློང་མ་ལ་སྟོན་པར་འགྱུར། བདག་ཅག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་མནན་པ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་
གིས་ཀྱང་བུད་མེད་གཞན་འགའ་ཡང་ཟིལ་གྱིས་མ་མནན་ཏོ། །དགེ་སློང་མ་བཅུ་གཉིས་སྡེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་བདག་ཅག་གིས་ཅི་ནས་ཀྱང་ཕྱིན་ཆད་ཐོས་པ་ཉུང་ངུ་འགའ་ཡང་དགེ་སློང་མ་ལ་སྟོན་པར་མི་འགྱུར་བ་དེ་ལྟར་བུ་ཟན་མོའི་བུ་དེ་མི་དགེ་བར་བྱའོ་ཞེས་
དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག །བདག་ཅག་ལས་མི་མོ་དྲུག་གིས་ནི་ཡལ་ག་ཁྲུ་བཅུ་གཉིས་པ་དག་ལས་སེང་གེའི་ཁྲི་ཤོམས་ཤིག །མི་མོ་དྲུག་གིས་ནི་མཉན་ཡོད་དུ་ཞུགས་ལ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་

ལ་སང་བདག་ཅག་དགེ་སློང་མའི་སྟོན་པ་ཉན་ཐོས་ཆེན་པོ་འདི་འདྲ་བ་ཞིག་བྱོན་པར་འགྱུར་གྱི། ཁྱེད་ཅག་ལས་གང་གིས་དེར་བདེན་པ་དག་མཐོང་བར་མ་གྱུར་པ་དེས་ཡུན་རིང་པོར་འཁོར་བར་འཁོར་བ་བྱ་དགོས་སོ་ཞེས་སྒྲོགས་ཤིག །བཅུ་གཉིས་
སྡེ་དག་ལས་དྲུག་གིས་ནི་སེང་གེའི་ཁྲི་དེ་ལྟ་བུ་བཤམས་ཤིང་། དྲུག་གིས་ནི་མཉན་ཡོད་དུ་དེ་སྐད་ཅེས་བསྒྲགས་སོ། །དེ་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ལས་ཁ་ཅིག་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེས་འདུལ་བར་
གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་མཉན་ཡོད་དུ་བསོད་སྙོམས་ལ་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་དྲོ་བསོད་སྙོམས་
མི་བྱེད་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་ཕྱི་འབྲེད་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་སྣམ་སྦྱར་ཐོགས་ནས་ཕྱི་བཞིན་འབྲང་བའི་
དགེ་སློང་ཞིག་དང་། དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། དགེ་སློང་མའི་སྟོན་པ་དེ་གང་ཡིན། ཅི་དགེ་སྦྱོང་སྔ་མ་ཡིན་ནམ། འོན་ཏེ་ཕྱི་བཞིན་འབྲང་བའི་
དགེ་སློང་ཡིན། གཞན་དག་གིས་སྨྲས་པ། ཁྱེད་ཀྱིས་ཕྱི་བཞིན་འབྲང་བའི་དགེ་སློང་འགའ་ཞིག་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་ཐོས་སམ། དགེ་སློང་སྔ་མ་ཉིད་དགེ་སློང་མའི་སྟོན་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འདིས་ཟླ་བ་གསུམ་གྱིས་ཚིགས་སུ་བཅད་པ་གཅིག་ཀླགས་
ན་དེ་ཡང་མ་ལོབས་པ་ཡིན་ན། དེས་དགེ་སློང་མ་སྡེ་སྣོད་གཉིས་པ་དང་གསུམ་པ་ཆོས་སྒྲོག་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དག་ལ་ཇི་ལྟར་སྟོན་པར་འགྱུར། དགེ་སྦྱོང་མ་སྒྲེ་བྱི་མོ་འདི་དག་གིས་བདག་ཅག་བྲིད་པར་གྱུར་གྱིས་ཚུར་ཤོག་འདོང་ངོ་། །གཞན་

དག་གིས་སྨྲས་པ། ཇི་ལྟར་བྱེད་པ་ཡང་བལྟས་རེ་ཞིག་སྡོད་ཅིག །དེ་ནས་ཚེ་དང་ལྡན་པ་ལམ་པ་འཁོར་དེའི་ནང་དུ་ཞུགས་ནས་སེང་གེའི་ཁྲི་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་ཡལ་ག་ཁྲུ་བཅུ་གཉིས་པ་དག་ལ་སེང་གེའི་ཁྲི་བཤམས་པ་མཐོང་ནས་དེས་བསམས་པ། ཅི་རེ་ཞིག་
དད་པར་གྱུར་པ་དག་གིས་བཤམས་པར་གྱུར་པ་ཡིན་ནམ། འོན་ཏེ་ཐོ་འཚམས་པའི་བསམ་པ་ཅན་དག་གིས་བཤམས་པ་ཡིན་སྙམ་ན། ཇི་ཙམ་ན་ཐོ་འཚམས་པའི་བསམ་པ་ཅན་དག་གིས་བཤམས་པར་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ལམ་པས། གླང་པོ་ཆེའི་སྣ་ལྟ་
བུའི་ལག་པ་བརྐྱང་སྟེ་སེང་གེའི་ཁྲི་དེ་ཇི་ལྟར་གནས་སུ་བཤམས་པ། དེ་ལྟར་བཞུགས་ནས་ཚེ་དང་ལྡན་པ་ལམ་པ་ཅི་ནས་ཀྱང་ཁ་ཅིག་གིས་མཐོང་། ཁ་ཅིག་གིས་མ་མཐོང་བ་དེ་ལྟར་སེང་གེའི་ཁྲི་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་ཏིང་ངེ་འཛིན་འདི་ལྟ་བུ་ལ་
སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་གཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཅིང་། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ། །
མེའི་ཁམས་ལ་ཡང་སྙོམས་པར་འཇུག་སྟེ། ཚེ་དང་ལྡན་པ་ལམ་པ་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་དང་དངུལ་
གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་ཏེ། ལུས་ཀྱི་སྨད་ནས་མེ་འབར་ཞིང་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་དག་འབྱིན་པར་བྱེད་དོ། །ལུས་ཀྱི་སྟོད་ནས་མེ་འབར་ཞིང་ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་དག་འབྱིན་པར་བྱེད་དོ། །ཤར་ཕྱོགས་
སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། དེས་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་བསྟན་ནས། རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བསྡུས་ཏེ། འཁོར་གྱི་གུང་ལ་སེང་གེའི་ཁྲི་བཤམས་པ་ཉིད་ལ་འདུག་གོ། །འདུག་ནས་

ཚེ་དང་ལྡན་པ་ལམ་པས་དགེ་སློང་མ་རྣམས་ལ་སྨྲས་པ། སྲིང་མོ་དག་ཁོ་བོ་ཟླ་བ་གསུམ་གྱིས། ལུས་ངག་ཡིད་ཀྱིས་སྡིག་པ་མི་བྱ་ཞིང་། །འཇིག་རྟེན་ཀུན་ལ་ཡོངས་འཛིན་འདོད་བྲལ་བ། །དྲན་དང་ལྡན་ཞིང་ཤེས་བཞིན་ཅན་གྱིས་ནི། །སྣོད་ལྡན་སྡུག་བསྔལ་
གང་ཡིན་བསྟེན་མི་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་བཟུང་སྟེ། ཁོ་བོ་ཚིགས་སུ་བཅད་པ་དེ་ཉིན་མཚན་བདུན་གྱི་བར་དུ་ཚིག་གཞན་དག་དང་། ཚིག་དང་ཡི་གེ་གཞན་དག་གིས་དོན་རྣམ་པར་འབྱེད་པར་སྤྲོའོ། །སྲིང་མོ་དག་དེ་ལ་ལུས་ཞེས་བྱ་བས་ནི་བཅོམ་
ལྡན་འདས་ཀྱིས་ལུས་ཀྱིས་ཉེས་པར་སྤྱོད་པ་གསུམ་མི་བྱ་བར་བསྟན་ཏོ། །ངག་ཅེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ངག་གིས་ཉེས་པར་སྤྱོད་པ་བཞི་མི་བྱ་བ་བསྟན་ཏོ། །ཡིད་ཀྱིས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ཡིད་ཀྱིས་ཉེས་པར་སྤྱོད་པ་གསུམ་མི་བྱ་བ་བསྟན་ཏོ། །
སྡིག་པ་མི་བྱ་ཞིང་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་བྱ་བ་བསྟན་ཏོ། །འཇིག་རྟེན་ཀུན་ལ་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ཐམས་ཅད་བསྟན་ཏོ། །ཡོངས་འཛིན་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་
ཡོངས་འཛིན་རྣམ་པ་གསུམ་བསྟན་ཏེ། འདོད་ཆགས་ཀྱིས་ཡོངས་འཛིན་དང་། ཞེ་སྡང་གིས་ཡོངས་འཛིན་དང་། གཏི་མུག་གིས་ཡོངས་འཛིན་ནོ། །ཚེ་དང་ལྡན་པ་ལམ་པས་ཇི་ཙམ་གྱིས་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཀྱང་རྣམ་པར་ཕྱེ་བ་དེ་ཙམ་གྱིས་སྲོག་ཆགས་
ཁྲི་ཉིས་སྟོང་གིས་བདེན་པ་དག་མཐོང་སྟེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་
ནི་རབ་དུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཀོད་དོ། །དེ་ནས་ཚེ་དང་ལྡན་པ་ལམ་པ་འཁོར་དེ་དག་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་
འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཀོད་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་ལམ་པས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་
སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བ་རྗེས་སུ་བསྐོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་རྣམས་ཀྱི་དགེ་སློང་སེམས་བསྒྱུར་བ་ལ་མཁས་པའི་ནང་ན་འདི་ལྟ་སྟེ། ལམ་པ་འདི་མཆོག་ཡིན་ནོ། །དེ་
ལྟ་བས་ན་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་
དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་
དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པས་དགེ་སློང་མ་ལ་སྟོན་ན་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ལམ་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་
གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིས་སོ། །མ་བསྐོས་པར་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །དགེ་སློང་མ་ལ་ཞེས་བྱ་བ་

ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། །ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆ་དང་ལྡན་པ་ལམ་པའི་ཆོས་འདི་ལྟ་བུ་དང་ལྡན་པ་གཞག་སྟེའོ། །
ལྟུང་བྱེད་དོ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེད་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་
ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་།
ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལ་མཚམས་ཀྱི་ནང་དུ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་དང་།
བསྐོས་པ་ཆོས་ལྔ་དང་། སྟོན་པ་ཕྱི་མའི་ཡོན་ཏན་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་། མ་བསྐོས་པ་ཡོན་ཏན་དེ་དག་དང་ལྡན་ཡང་རུང་མི་ལྡན་ཡང་རུང་བས་དགེ་སློང་མ་ལ་སྟོན་ན་མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིར་དགེ་སློང་མའི་
སྟོན་པ་དགེ་འདུན་གྱིས་སྤུས་བདམས་པ་དང་། བསྐོ་བའི་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དགེ་སློང་ཆོས་ལྔ་དང་ལྡན་པ་དགེ་སློང་མའི་སྟོན་པར་བསྐོར་བར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་
བུ་དང་། གྲོང་ཁྱེར་བའི་སྐད་དང་ལྡན་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་། དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པའོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པའི་ཕམ་པར་འགྱུར་བ་མ་བྱུང་བའོ། །མང་དུ་ཐོས་པ་ནི་

འདུལ་བ་དང་མདོ་སྡེ་དང་མ་མོ་འཛིན་པའོ། །གནས་བརྟན་རྒྱལ་ཚབ་ལྟ་བུ་ནི་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བའོ། །གྲོང་ཁྱེར་བའི་སྐད་དང་ལྡན་པ་ནི། རིགས་པ་དང་གྲོལ་བར་སྨྲ་བའོ། །དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་
སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པ་ནི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་ལྟུང་བ་མེད་པའོ། །ཆོས་ལྔ་པོ་དེ་དག་ལས་གཞི་ནི་ངེས་པ་ཡིན་ནོ། །མང་དུ་ཐོས་པ་ནི་མེད་ན་སོ་སོར་ཐར་པའི་མདོ་ཐོན་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་
ཕམ་པར་འགྱུར་བ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་པོ་དག་སྟོན་ནུས་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གནས་བརྟན་རྒྱལ་ཚབ་ལྟ་བུ་གྲོང་ཁྱེར་བའི་སྐད་དང་ལྡན་པ་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་
སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པ་ཡིན་ལ། སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པ་གང་
ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་
ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་བསྐོའོ། །མང་དུ་ཐོས་པའི་ཡན་ལག་དེ་ཡང་སྔ་མ་ཡོད་པ་ཉིད་ཡིན་ན་གཉིས་པ་བསྐོར་མི་རུང་ལ་གཉིས་པ་ཡོད་ན་གསུམ་པ་བསྐོར་མི་རུང་ཞིང་གསུམ་པ་ཡོད་ན་བཞི་པ་བསྐོར་མི་རུང་ངོ་། །དགེ་སློང་མའི་སྟོན་པ་དེ་ལྟ་བུ་
བསྐོ་བ་ནི་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལ། དགེ་འདུན་གསོ་སྦྱོང་བྱས་པའི་རྗེས་ལ་ལས་ཀྱི་མཚམས་དེ་ཉིད་ཀྱི་ནང་དུ་དགེ་འདུན་ལས་དང་འདུན་པས་འདུག་ཅིང་མཐུན་པར་གྱུར་པ་ཐམས་ཅད་ཀྱིས་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་

བྱའོ། །ཆོ་ག་དེ་དག་ལས་འདས་ན་ལས་མི་འཆགས་སོ། །དགེ་སློང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལ་མཚམས་ཀྱི་ནང་དུ་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་དགེ་སློང་མ་ལ་སྟོན་པ་ལ་ན་སྨད་པ་མེད་དོ། །བསྐོས་པ་
ཆོས་ལྔ་དང་སྟོན་པ་ཕྱི་མའི་ཡོན་ཏན་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དགེ་སློང་མ་ལ་སྟོན་པ་ལ་ན་སྨད་པ་མེད་དོ། །མ་བསྐོས་པ་ཡོན་ཏན་དེ་དག་དང་ལྡན་ཡང་རུང་མི་ལྡན་ཡང་རུང་དགེ་སློང་མ་ལ་སྟོན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཆོས་འདི་པ་ལ་
བསྙེན་པར་རྫོགས་པ་ཅན་མ་ཉམས་པ་རང་བཞིན་དུ་གནས་པ་གཅིག་གམ། གཉིས་སམ། རབ་ཏུ་མང་པོའམ། དགེ་འདུན་དུ་ལངས་པ་ལ་སྟོན་པ་ལ་ན་སྨད་པ་མེད་དོ། །ལྷག་པའི་ཚུལ་ཁྲིམས་དང་ལྡན་པའི་སེམས་དང་། ལྷག་པའི་ཤེས་རབ་ལུང་ཉིད་དུ་གཏོགས་
པ་གང་ཡང་རུང་བའི་སྟོན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་ཆོས་བླ་མའི་མཐུ་དང་ལྡན་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །སྔར་བསྐོས་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་དུ་མ་ལངས་པའི་གནས་ན་སྟོན་པར་འོས་པ་ཡོད་པ་ལ་དགེ་སློང་མས་
གསོལ་བ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མ་བསྐོས་པར་དགེ་སློང་མ་ལ་སྟོན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོ་སྦྱོང་བཅོ་ལྔ་པོ་དེ་ཉིད་ལ་མཚམས་ཀྱི་ནང་དུ་དགེ་འདུན་གྱིས་སྤྲོ་བར་བྱས་ཏེ། གསོལ་བ་དང་
གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་དང་། བསྐོས་པ་ཆོས་ལྔ་དང་སྟོན་པ་ཕྱི་མའི་ཡོན་ཏན་དེ་དག་ལས། གཅིག་དང་ཡང་མི་ལྡན་པ་དང་། མ་བསྐོས་པ་ཡོན་ཏན་དེ་དག་དང་ལྡན་ཡང་རུང་བ་དང་། དགེ་སློང་མ་རང་བཞིན་དུ་གནས་པ་གཅིག་ལ་སོགས་པ་དང་། སྡེ་སྣོད་
གསུམ་གྱི་ཆོས་གང་ཡང་རུང་བ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་

གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་མ་ཆགས་པ་དང་། ཉམས་པ་དང་། བསྙེན་པར་མ་རྫོགས་པ་མཚན་མི་མཐུན་པ་དག་ལ་ཉེས་བྱས་སོ། །སྡེ་སྣོད་གསུམ་གྱི་ཆོས་ལུང་དུ་གཏོགས་པ་ཉིད་མ་ཡིན་པ་ལ་ཉེས་བྱས་སོ། །
སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ཆོས་བླ་མའི་མཐུ་དང་ལྡན་པ་ལ་ལྟུང་བ་མེད་དོ། །སྔར་བསྐོས་པ་ལ་
ལྟུང་བ་མེད་དོ། །དགེ་འདུན་དུ་མ་ལངས་པའི་གནས་ན་སྟོན་པར་འོས་པ་ཡོད་པ་ལ་དགེ་སློང་མས་གསོལ་ཏེ་བསྟན་པ་ལ་ལྟུང་བ་མེད་དོ། །དེ་ལ་གསོལ་བ་འདེབས་པའི་དགེ་སློང་མ་དག་ལ་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་།
ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མ་བསྐོས་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་འདི་ཉིད་ཀྱི་
སྐབས་ནས་དགེ་སློང་མའི་སྟོན་པ་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཆོས་ལྔ་དང་ལྡན་པ་དགེ་སློང་མའི་སྟོན་པར་བསྐོར་བར་བྱའོ། །ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་བུ་དང་། གྲོང་
ཁྱེར་བའི་སྐད་དང་ལྡན་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་། དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པའོ། །ཆོས་ལྔ་པོ་དེ་དག་ལས་བཞི་ནི་ངེས་པ་ཡིན་ནོ། །མང་དུ་ཐོས་པ་ནི་མེད་ན་སོ་སོར་ཐར་པའི་མདོ་ཐོན་པ་
ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་པོ་དག་སྟོན་ནུས་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གནས་བརྟན་རྒྱལ་ཚབ་ལྟ་བུ་གྲོང་ཁྱེར་བའི་སྐད་དང་

ལྡན་པ་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པ་ཡིན་ལ། སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་
ཐོ་བ་མེད་དམ་ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་
བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་བསྐོའོ། །འདི་ལྟར་བསྐོ་བར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པས་གསོ་སྦྱོང་བྱས་ནས་དགེ་
སློང་མའི་སྟོན་པ་ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་མའི་སྟོན་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་
སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མའི་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་
མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོས་ཏེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མ་ལ་སྟོན་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་སློང་མའི་
སྟོན་པར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོས་ཏེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མ་ལ་སྟོན་ན། ཚེ་དང་ལྡན་པ་དག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོ་བར་བཟོད་པ་

དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་
ཏོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཅིག་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ། འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་བཞི་པ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་དགའ་བྱེད་ཁྱེད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག །དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་
མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང་། ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །
ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ། བུད་མེད་ནི་ཤེས་རབ་ཆུང་བ་ཡིན་ནོ་སྙམ་ནས་དེས་དེ་ལ་དོན་དང་ཚིག་དང་། ཡི་གེ་མདོར་བསྡུས་པ་དག་གིས་ཆོས་བསྟན་ཏོ། །དེ་ཤེས་རབ་ཅན་ཡིན་པས་གོང་ནས་གོང་དུ་དྲི་བར་བྱེད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ལན་བཏབ་ཅིང་། དེས་དེ་ལ་
ཇི་ཙམ་ན་ཉི་མ་ནུབ་པའི་དུས་ལ་བབ་པ་དེ་ཙམ་གྱི་བར་དུ་ཆོས་བསྟན་ནས། དེ་དག་གིས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་བ་དང་། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་དག་བཅད་པར་གྱུར་ནས་དགེ་སློང་མ་རྣམས་ཀྱིས་སྒོ་བ་ལ་སྒོ་ཕྱེ་ཤིག་ཅེས་
བོས་པ་དང་། ལྡེ་མིག་དག་རྒྱལ་པོའི་ཕོ་བྲང་དུ་ཁྱེར་ཟིན་ཏོ་ཞེས་ཟེར་རོ། །དེ་དག་གིས་བསམས་པ། འདི་ཉིད་དུ་འཁོད་དོ་སྙམ་ནས། མཉན་ཡོད་དང་ཧ་ཅང་མི་རིང་བ་ན་ཀུན་དགའ་ར་བ་ཞིག་ཡོད་པ་དེར་དེ་དག་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་

རིམས་ཀྱིས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པས། དེ་དག་ཤིང་ལྗོན་པ་དག་རྒན་རིམས་ཀྱིས་བསྐོ་བ་ན་གཅིག་ལ་གཅིག་འབོད་པའི་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་བྱུང་བ་མཉན་ཡོད་འཇོམས་པར་འདོད་པའི་གཡོན་ཅན་ལྔ་བརྒྱ་ཙམ་དེ་ན་བསྐུངས་པ་དག་གིས་ཐོས་
ནས། དེ་དག་གིས་དགེ་སློང་མ་རྣམས་བཙུན་མོའི་འཁོར་ཡིན་སྙམ་ནས་གཞོམ་པར་བརྩམས་པ་དང་། ཨུཏྤ་ལའི་མདོག་གིས་རྒྱལ་བུ་འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ། རྔ་བརྡུངས་པ་དང་། དེ་དག་སྐྲག་སྟེ་བྱེར་རོ། །དགེ་སློང་མ་དག་ནང་པར་སྔར་ལངས་ཏེ། མཉན་
ཡོད་དུ་ཞུགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་ཆོས་འདྲེ་བ་དང་ལྷག་པར་འདྲེ་ཤིང་ཚངས་པར་སྤྱད་པ་སྤྱོད་པ་བཟང་ངོ་ཞེས་ཐོ་འཚམས་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཉི་མ་ནུབ་པའི་དུས་ཀྱི་
བར་དུ་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་
བསྡུ་བ་མཛད་དེ། ཚེ་དང་ལྡན་པ་དགའ་བྱེད་ལ་རྨས་ནས། མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དེ། བརྩོན་པ་དང་། སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་
དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་དགེ་འདུན་གྱིས་བསྐོས་ཀྱང་། ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་
ནི་ཚེ་དང་ལྡན་པ་དགའ་བྱེད། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ། ཉེས་པ་ནི་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་

ཐོས་ཀྱི་དགེ་འདུན་གྱིས་སོ། །བསྐོས་ཀྱང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །ཉི་མ་ནུབ་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི། ཉི་མ་ནུབ་པའི་དུས་ལ་བབ་པར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་
དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་པོ། ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་
པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པས་དགེ་སློང་གིས་གཙུག་ལག་ཁང་སྒོ་ཕྱེ་བའི་དུས་ན། དགེ་སློང་མའི་དབྱར་
ཁང་དུ་འདུག་པ་ལ་སོགས་པ་མ་ཡིན་པར་ཉི་མ་ནུབ་པ་ཉིད་ལ་ཉི་མ་ནུབ་པ་ཉིད་དུ་འདུ་ཤེས་བཞིན་དུ་དགེ་སློང་མ་ལ་སྟོན་ན་ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་
སློང་གིས་གཙུག་ལག་ཁང་གི་སྒོ་ཕྱེ་བའི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་པ་ལ་སོགས་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །ཉི་མ་ནུབ་པ་ཉིད་ལ་ཉི་མ་ནུབ་པ་ཉིད་དུ་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་བསྙེན་པར་རྫོགས་
པ་ཅན་མ་ཉམས་པ་གཅིག་ལ་སོགས་པ་ལ་ན་སྨད་པ་མེད་དོ། །ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཉིད་དུ་གཏོགས་པ་སྟོན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཉི་མ་ནུབ་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །
འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་ཡིན་པ་དང་། དགེ་སློང་གིས་གཙུག་ལག་ཁང་སྒོ་ཕྱེ་བའི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་པ་ལ་སོགས་པ་མ་ཡིན་པ་དང་། ཉི་མ་ནུབ་པ་ཉིད་དང་། དེར་འདུ་

ཤེས་པ་ཉིད་དང་། དགེ་སློང་མ་ལ་སྟོན་པའོ། །དེ་དག་ཉིད་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་
བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཉི་མ་ནུབ་པ་ཉིད་ལ་ཉི་མ་ནུབ་པ་ཉིད་དུ་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །དགེ་སློང་མ་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །མཚན་མི་མཐུན་པ་བསྙེན་
པར་མ་རྫོགས་པ་ལ་ཉེས་བྱས་སོ། །ལུང་ཉིད་མ་ཡིན་པ་སྟོན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་
མེད་པ་ནི་དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་གིས་གཙུག་ལག་ཁང་སྒོ་ཕྱེ་བའི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་པ་ལ་སོགས་པ་དང་དགེ་སློང་མ་མྱུར་དུ་ཐགས་ཐོགས་མེད་པར་རང་གི་གནས་སུ་ཕྱིན་པར་རུང་བའི་གནས་དང་།
དགེ་སློང་མའི་དབྱར་ཁང་ཉིད་དང་། དགེ་སློང་མ་རྣམས་ཀྱི་གྲོང་མཐའི་གཙུག་ལག་ཁང་དང་། ཁང་ཁྱིམ་དག་ཏུ་སྟོན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། བསླབ་པར་
བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གྲོང་དང་གཙུག་ལག་ཁང་གི་ཕྱི་རོལ་དུ་མི་བསྟན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་
བཞིན་ནོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཉིས་པ་བཤད་ཟིན་ཏོ།། །།ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་

སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་དགའ་བྱེད་ཁྱེད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག །དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་
ལྔ་བརྒྱ་དང་ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་དེ་ལ་དོན་དང་ཚིག་དང་ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ཏོ། །
བུད་མེད་ནི་ཤེས་རབ་འཆལ་བའི་ཕྱིར་བརྡ་མི་ཕྲད་ཅིང་། འཇིགས་པའི་ཕྱིར་འདྲི་མི་ནུས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྦྱིན་པ་ནི་མི་འཇིགས་པའི་རྒྱུ་ཡིན་པས་
དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བཅའ་བ་ལྔ་པོ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་འབྲས་བུ་དག་དང་། བཟའ་བ་ལྔ་པོ་འབྲས་ཆན་དང་། ཟན་དྲོན་དང་། འདག་གུ་དང་། ཤ་དང་། སྣུམ་ཁུར་དག་དང་། ལྷུང་བཟེད་དང་། ཆོས་གོས་
དང་། དྲ་བ་དང་། ཕོར་བུ་དང་། ཤུར་བུ་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་དང་། རྒྱ་ཅང་དག་གིས་ཀུན་དགའ་