Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 153

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
བར་འགྱུར་བ་དག་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་མ་དག་ཁ་ཅིག་གིས་ནི་འོ་ཐུག །ཁ་ཅིག་གིས་ནི་ཞོ་ཐུག །ཁ་ཅིག་གིས་ནི་ཧྭགས་ཀྱི་ལ་དུ་དག་
ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་ཚེ་དང་ལྡན་པ་དགའ་བྱེད་ལ་འབུལ་དུ་འོངས་པ་ཉེ་དགས་མཐོང་ནས་སྨྲས་པ། ཉེ་དགས་ཀྱང་གལ་ཏེ་འདི་ལྟ་བུ་དག་རྙེད་པར་གྱུར་ན། རྟག་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །ཁོ་བོ་ཚེ་དང་ལྡན་པ་དགའ་བྱེད་ཆོས་བཟང་པོའི་ཆོས་ཀྱིས་
དགེ་སློང་མ་ལ་སྟོན་སྙམ་གྱི་ཁོ་བོ་ཚེ་དང་ལྡན་པ་དགའ་བྱེད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་སྙམ་མི་སེམས་སོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་

སྟོན་པར་བྱེད་ཅེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་
གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་
ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་། དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་གིས་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་
དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་ཕྱར་ཀ་གཏོང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་
ནི། ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའི་ཕྱིར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ཏོ་ཞེས་ཟེར་ན་ཞེས་
བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་
མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པ་ལ། དགེ་སློང་འདི་ཁ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་

མ་ལ་སྟོན་ཏོ་ཞེས་དེ་ཉིད་དམ་གཞན་ཉིད་ལ་སྨྲ་ན། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་དེ་ཉིད་དམ་གཞན་ལ་སྨྲས་པ་ལ་ན་སྨད་པ་མེད་དོ། །ཕ་རོལ་པོས་དོན་གོ་བ་
ལ་ན་སྨད་པ་མེད་དོ། །བཟའ་བ་ལྔ་དང་། བཅའ་བ་ལྔ་དང་། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བས་ཕྱར་ཀ་གཏོང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ལ་སྟོན་པའི་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པའོ། །འདི་ལ་ཡན་
ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ལ་སྟོན་པའི་དགེ་སློང་དང་། ཟས་ཅུང་ཟད་ཀྱི་ཕྱིར་སྟོན་པ་མ་ཡིན་པ་དང་། དེ་ལ་དགེ་སློང་འདི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཕྱར་ཀ་གཏོང་བ་དང་། དེ་ཉིད་དམ་གཞན་ལ་སྨྲས་པ་དང་། ཕ་རོལ་
པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་
ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ལ་སྟོན་པའི་དགེ་སློང་ཉིད་མ་ཡིན་པ་ལ་ཉེས་བྱས་སོ། །དགེ་སློང་མ་ལ་སྟོན་པའི་དགེ་སློང་མ་ཆགས་པ་དང་། ཉམས་པ་ལ་ཉེས་བྱས་སོ། །ཕ་རོལ་པོས་དོན་མ་གོ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་
ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་
འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མའི་

ཆོས་འདྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར། དགེ་སློང་ལ་ཟས་དབུལ་བར་བྱའོ། །རྒྱ་ཅང་དང་། ཤུར་བུ་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ཡང་དབུལ་བར་བྱའོ། །དགེ་སློང་གིས་ཀྱང་དེ་དག་བླང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །
ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གསུམ་པ་བཤད་ཟིན་ཏོ།། །།གོས་སྦྱིན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་
འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པར་གྱུར་ཅིང་། ནོར་ཟད་པ་དང་ལོངས་སྤྱོད་ཟད་པར་གྱུར་ནས་དེས་ཆུང་མ་ལ་སྨྲས་པ། བཟང་
མོ་ཁོ་བོས་ད་ནོར་བསྒྲུབ་པར་མི་ནུས་ཀྱི་ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་རབ་ཏུ་འབྱུང་ངོ་། །དེས་ཆུང་མ་འདི་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་གསོལ་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །རང་ཡང་
རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་དགེ་འདུན་ལ་གསོལ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །མཉན་ཡོད་ན་དེ་གྲགས་ཤིང་བསོད་ནམས་ཆེ་བས་ཐམས་ཅད་ཀྱིས་མཉན་ཡོད་པའི་ཚོང་དཔོན་རབ་ཏུ་བྱུང་ངོ་ཞེས་ཐོས་ནས། དེ་ལ་ཆོས་གོས་དང་།
བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་འབུལ་བས་དེས་དེ་དག་གྲུབ་པོ། །དེས་དུས་གཞན་ཞིག་ན་སྣམ་སྦྱར་དམར་སེར་གྱོན་ཏེ། དགེ་སློང་མ་དེའི་དབྱར་ཁང་དུ་སོང་བ་དང་། དགེ་སློང་མ་དེས་དེའི་རྐང་པ་གཉིས་ལ་མགོ་
བོས་ཕྱག་འཚལ་ཏེ་མདུན་དུ་འདུག་ནས་དེའི་སྣམ་སྦྱར་དེ་ལ་ཡང་དང་ཡང་དུ་རྟོག་ནས། དགེ་སློང་དེས་སྨྲས་པ། སྲིང་མོ་སྣམ་སྦྱར་འདི་འདོད་དམ། དེས་སྨྲས་པ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །དེས་བསམས་པ། བདག་གིས་འདི་ལ་སྣམ་སྦྱར་

འདི་སྦྱིན་པར་བྱ་ཞིང་། བདག་གིས་སྣམ་སྦྱར་གཞན་བཙེམ་པར་བྱའོ་སྙམ་ནས་དེས་དེ་ལ་སྣམ་སྦྱར་དེ་བྱིན་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པས་དགེ་སློང་དེ་སྣམ་སྦྱར་མེད་པར་
ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཇི་ལྟར་གྱུར་པ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་
སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་དག་སྦྱིན་ནམ། བཙུན་པ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་འདི་སྙམ་དུ་འདིའི་ཆོས་གོས་གསུམ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་ཐོབ་
པོ་ཅོག་ལེན་པར་བྱེད་ཀྱི། ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་དེ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་
མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་
གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་མཉན་ཡོད་པ་ལ་བརྟེན་པའི་ཚོང་དཔོན་ལས་རབ་ཏུ་བྱུང་བ། ཉོན་མོངས་པ་ནི་སྔོན་གྱི་བུད་མེད་ལ་སྲེད་
པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་སློང་མ་ཞེས་བྱ་བ་ཡང་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི། ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་

ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །
སྦྱིན་ན་ཞེས་བྱ་བ་ནི་བསབ་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་
པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་མ་གཏོགས་པར། དགེ་སློང་མ་ཉེ་དུ་མ་ཡིན་པ་བོར་རླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་
རྫོགས་པར་བྱེད་པ་དང་། བརྗེ་བར་འདོད་པ་མ་ཡིན་པ་ལ། དེར་འདུ་ཤེས་པས་གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་བྱིན་ན། གོས་སྦྱིན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་མ་གཏོགས་པ་ལ་ན་སྨད་
པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་བོར་རླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་བརྗེ་བར་འདོད་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་
པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །གོས་རུང་བ་དང་། འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་དང་། དེ་བས་ལྷག་པ་ལ་ན་སྨད་པ་མེད་དོ། །བསབ་མི་དགོས་པར་བྱིན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་
གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་མ་ཡིན་པ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་དང་། དེ་བོར་རླག་བྱུང་བའམ། ལེགས་པར་སྨྲ་བའམ། བསྙེན་པར་རྫོགས་

པར་བྱེད་པའམ། བརྗེ་བར་འདོད་པ་མ་ཡིན་པ་དང་། དེར་འདུ་ཤེས་པ་དང་། གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་ཡན་ཆད་དང་། བྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གོས་སྦྱིན་པའི་ལྟུང་
བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཉམས་པ་དང་། མ་ཆགས་པ་ལ་ཉེས་བྱས་སོ། །མཚན་མི་མཐུན་པ་ཉེ་དུ་མ་ཡིན་པ་བསྙེན་
པར་མ་རྫོགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །གོས་མི་རུང་བ་དང་། འཁོར་གསུམ་ཁེབས་པའི་ཚད་དུ་མ་ཆོག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་
བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་ལ་ལྟུང་བ་མེད་དོ། །དགེ་སློང་མ་ཉེ་དུ་ལ་ལྟུང་བ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་
པ་བོར་རླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། རིན་གྱི་ཕྱིར་དང་། བརྗེ་བར་འདོད་པ་ལ་ལྟུང་བ་མེད་དོ། །གཡར་པོར་བྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་
དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གོས་སྦྱིན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གོས་སྦྱིན་པའི་ལྟུང་
བྱེད་དེ་ཉི་ཤུ་བཞི་པ་བཤད་ཟིན་ཏོ།། །།གོས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་སྦེད་མའི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་

ཡང་རྙིངས་ནས་དེས་རས་ཡུག་ཆེན་ཞིག་རྙེད་པ་ཚེ་དང་ལྡན་པ་འཆར་ཀ་ལ་སྣམ་སྦྱར་དུ་འཚེམ་དུ་བཅུག་ནས། དྲུག་སྡེ་དག་ལོག་སྟེ་རས་ཡུག་ཆེན་དེ་བརྒྱངས་ནས་དྲས་ཤིང་དྲུབས་ཏེ་འཆར་ཀས་སྣམ་སྦྱར་དེ་དང་ཚོན་སྣ་ལྔ་པའི་སྐུད་པ་ཁྱེར་ཏེ་འཆག་
ཏུ་སོང་ནས། སྣམ་སྦྱར་དེ་ལ་ཚོན་སྣ་ལྔ་པའི་སྐུད་པས་བདག་ཉིད་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་ཞིག་སྐུད་རིས་སུ་བཙེམས་ནས་བལྟབ་སྟེ། སྦེད་མ་ལ་བྱིན་ནས། རེ་ཞིག་ཇི་སྲིད་དུ་མཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་
རེ་ཞེས་སྨྲས་སོ། །སྦེད་མས་སྣམ་སྦྱར་དེ་དེ་བཞིན་ཁོ་ནར་དབྱར་ཁང་དུ་འཕགས་པ་དང་། དགེ་སློང་མ་གྲོགས་མོ་དག་གིས་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟའོ་འོན་ཅིག་ཅེས་བྱས་པ་ན་སྦེད་མས་མ་སྟེར་ནས། དེ་དག་གིས་སྣམ་སྦྱར་ཧུད་ཅེས་
ཕྲོགས་ནས་ཕྱེ་སྟེ་བལྟས་པ་དང་། དེ་ལ་ཚོན་སྣ་ལྔ་པའི་སྐུད་པས་འཆར་ཀ་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་སྐུད་རིས་སུ་བཙེམས་པ་མཐོང་ནས། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། སྦེད་མ་ཁྱོད་ལ་འཕགས་པ་འཆར་ཀས་ཡུན་རིང་མོ་ཞིག་གིས་གཟོད་
འཁྱུད་དོ། །དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཐོས་ནས། ནུ་མོ་དག་དྲུག་སྡེ་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་འདྲུམ་པ་ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་
ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་
པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་

འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་
ཡིན་པའི་གོས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། ཕྱི་མོ་དང་མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ།
དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟང་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །བྱེད་ན་ཞེས་བྱ་བ་ནི་
འཚེམ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་
འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པས་གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་བྱེད་ན་གོས་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །
དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །གོས་རུང་བ་དང་འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་དང་། གོས་དེ་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འཚེམ་པ་ལ་སོགས་པ་བྱེད་པའི་རྣམ་པ་གང་ཡང་རུང་བ་ལ་
ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་དང་། དེར་འདུ་ཤེས་པ་དང་། གོས་རུང་བ་འཁོར་གསུམ་

ཁེབས་པའི་ཚད་ཡན་ཆད་དང་། བྱེད་པ་དང་། ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གོས་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་
སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་དང་། ཉམས་པ་དང་། མ་ཆགས་པ་ལ་ཉེས་བྱས་སོ། །མཚན་མི་མཐུན་པ་ཉེ་དུ་མ་ཡིན་པ་དང་། བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་མ་
ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །གོས་མི་རུང་བ་དང་འཁོར་གསུམ་ཁེབས་པའི་ཚད་དུ་མ་ཆོག་པ་ལ་ཉེས་བྱས་སོ། །བྱེད་དུ་བཅུག་པ་ལ་ཉེས་བྱས་སོ། །མ་ཟིན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་
བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་མ་ཉེ་དུ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་
བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གོས་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་པ་བཤད་ཟིན་
ཏོ།། །།དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་

པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་ཐོབ་པ་དང་། སྐྱེ་བོ་མང་པོ་ལ་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱི། ཡུ་བུ་ཅག་ཀྱང་ལྗོངས་རྒྱུར་འདོང་ངོ་ཞེས་
དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ། དགེ་སློང་མ་བཅུ་གཉིས་སྡེ་དག་ལམ་བརྒྱགས་སྦྱོར་དུ་བཅུག་ནས་དེ་དག་ཀྱང་ཁྲིད་ཅིང་། དགེ་སློང་བསོད་སྙོམས་པ་ཞིག་ཀྱང་ཁྲིད་དེ་ལྗོངས་རྒྱུར་འཕགས་སོ། །དེ་དག་གིས་གང་གི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སོན་པ་དེའི་ཚེ་ན་སྨྲས་པ།
དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱས། ཚུར་ཤོག་བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས་དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་
འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་མ་འདུག་གོ། །དེ་བཞིན་དུ་ཉེ་དགའ་དང་། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་དང་བྲམ་
ཟེ་ཞིག་ལྷན་ཅིག་འགྲོ་བ་དེས་དེ་དག་མཐོང་ནས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་ནི་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགས་ཐོས་ནས་སྨྲས་པ། བཀྲེན་པ་ཁྱོད་ཀྱི་
གཉའ་བ་རྡོག་པས་མནན་ནས་དེ་ལྟ་ཡིན་ནོ། །བསོད་སྙོམས་པ་དེས་བསམས་པ། བདག་ཤི་བ་ནི་བླའི་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེ་ཕྱིར་ལོག་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དེས་སྐབས་དེ་དགེ་
སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སློང་གི་ཚུལ་མ་ཡིན་པ།
རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་དགེ་སློང་
མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པའོ། །གནང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་རབ་ཏུ་མང་པོ་དག་གིས་རྒྱལ་པོའི་ཁབ་
ཏུ་དགེ་སློང་མའི་དབྱར་ཁང་དུ་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་ནས། དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འཕགས་ཏེ། དེ་དག་གིས་མཉན་ཡོད་དུ་འགྲོ་བའི་དོན་མཐུན་བཙལ་
བར་བརྩམས་པ་དང་། ཇི་ཙམ་ན་དེ་དག་གིས་དགེ་སློང་དང་བཅས་པའི་དོན་མཐུན་མཐོང་ནས། དགེ་སློང་མེད་པའི་དོན་མཐུན་གཞན་བཙལ་བར་བརྩམས་པ་དང་། མ་རྙེད་ནས་དེ་དག་དགེ་སློང་དང་བཅས་པའི་དོན་མཐུན་དེ་དང་ལྷན་ཅིག་མགོ་སྣང་ཙམ་གྱིས་འཕགས་སོ། །
དོན་མཐུན་དེ་ཤིན་ཏུ་རིངས་པར་སོང་ནས་དེ་དག་ཕྱི་བཞིན་དུ་འབྲང་ཞིང་འགྲོ་བ་ན། ཆོམ་རྐུན་པ་དག་གིས་བཅོམ་ནས། དེ་དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་བ་དང་། དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟར་

བདེ་བར་བརྒྱུས་སམ་ཇི་ལྟར་བདེ་བར་བརྒྱུས། བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །ཕུ་ནུ་མོ་དག་ཇི་ལྟར་བདག་ཅག་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བཏང་བ་དེ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གིས་ཀྱང་བུད་མེད་གཞན་འགའ་ཡང་ཡོངས་སུ་མ་
བཏང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དུས་མ་གཏོགས་སོ། །དགེ་སློང་དག་དོན་མཐུན་དང་། ལྷན་
ཅིག་ལྗོངས་རྒྱུར་འདོང་བ་ན། དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་བརྒྱགས་བསྐུར་བར་བྱའོ། །དེ་དག་གིས་སུས་བསྐུར་བར་བྱ་བ་མི་ཤེས་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་རྒོད་ཀྱིས་བསྐུར་བར་བྱའོ། །རྩེ་རྒོད་མེད་ན་རྩེ་རྒོད་མོས་བསྐུར་བར་བྱའོ། །རྩེ་རྒོད་མོ་མེད་ན་དགེ་ཚུལ་གྱིས་བསྐུར་བར་བྱའོ། །དགེ་ཚུལ་མེད་ན། དགེ་ཚུལ་མས་བསྐུར་བར་བྱའོ། །དགེ་ཚུལ་མ་མེད་ན། དགེ་སློང་རྣམས་
ཀྱིས་དགེ་སློང་མ་རྣམས་ཀྱི་ལམ་བརྒྱགས་བསྐུར་བར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ལམ་བརྒྱགས་བསྐུར་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་ཀྱི་བྱིན་ལེན་བསྟབས་པར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ཀྱི་བྱིན་ལེན་
བསྟབས་པར་བྱའོ། །དགེ་སློང་དག་ལྗོངས་རྒྱུ་ཞིང་འདོང་བ་ན། གཞན་དག་ན་བར་གྱུར་ནས་དགེ་སློང་དག་གིས་དེ་དག་བོར་ཏེ་དོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དོར་བར་བསྐུར་བར་བྱའོ། །དགེ་སློང་དག་ཉུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་གི་བསྐུར་བར་བྱའོ། །དགེ་སློང་མ་དག་གིས་རྐང་པ་ལོགས་ནས་འཛིན་ཅིང་། དགེ་སློང་དག་མགོ་ལོགས་ནས་འཛིན་པ་ན་དགེ་སློང་མ་དག་འདོད་ཆགས་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སློང་དག་གིས་རྐང་པ་ལོགས་ནས་བཟུང་བར་བྱ་ཞིང་། དགེ་སློང་མ་དག་གིས་མགོ་ལོགས་ནས་གཟུང་བར་བྱའོ། །དེ་དག་གྲོང་དུ་ཕྱིན་ནས་ཐམས་ཅད་སྡོད་པ་ན་དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཐམས་ཅད་ཀྱིས་བསྡད་པར་མི་བྱ་བར་དེ་ན་བའི་སྨན་དང་ཟས་ལེགས་པར་སྦྱར་ཏེ། དགེ་སློང་གཅིག་གཞག་ནས། ལྷག་མ་རྣམས་འདོང་བར་བྱའོ། །དགེ་སློང་མ་རྣམས་ལ་ཡང་དེ་བཞིན་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་
པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། སྔ་མ་
ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ། ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་
ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་མཛད་དེ་ཡུལ་ནི་མཉན་ཡོད། གང་
ཟག་ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །འཐམས་ནས་ཞེས་བྱ་བ་ནི་བརྡ་བྱས་ནས་སོ། འགྲོན་ལམ་
དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུའོ། །འཇུག་ན་ཞེས་བྱ་བ་ནི་འགྲོ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཞེས་བྱ་བ་ནི་དོན་མཐུན་མེད་པར་

བགྲོད་མི་ནུས་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་གཡོན་ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། སེང་གེ་དང་། སྟག་དང་། གུང་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་
པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་ཞེས་བྱ་བ་ནི་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི།
བསླབ་པའི་གཞི་བཅས་པ་དེ་ལ་དེ་ནི་གནང་བའི་དུས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་ལྟུང་བ་མེད་པ་དང་བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་
མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འཇིགས་པ་དང་བཅས་པའི་ལམ་ཉིད་དུ་སྔར་མ་འཐམས་པར་དགེ་སློང་མ་དང་འགྲོན་ཐབས་ཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་
ལམ་ལས་འདའ་ཞིང་འགྲོ་ན་རྒྱང་གྲགས་རེ་རེར་དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ལམ་འཇིགས་པ་མེད་པ་ཉིད་ལ་ན་སྨད་པ་མེད་དོ། །དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་གཅིག་ཡན་ཆད་ལ་ན་
སྨད་པ་མེད་དོ། །སྔར་འཐམས་པ་ལ་ན་སྨད་པ་མེད་དོ། །ལམ་གཅིག་པ་ལ་ན་སྨད་པ་མེད་དོ། །རྒྱང་གྲགས་གཅིག་གི་མཐའ་ལས་འདས་པ་ལ་ན་སྨད་པ་མེད་དོ། །ཉིན་མཚན་གྱི་ཆ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ལམ་འཇིགས་པ་མེད་པ་དང་། དགེ་སློང་མའི་
འགྲོན་པ་དང་འཐམས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལམ་འཇིགས་པ་མེད་པ་ཉིད་དང་། དགེ་སློང་མ་གཅིག་ཡན་ཆད་ཀྱི་འགྲོན་པ་དང་། འཐམས་པ་དང་ལམ་དུ་ཞུགས་པ་དང་། རྒྱང་གྲགས་གཅིག་གི་མཐའ་ལས་འདས་པའོ། །

དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་
སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་མ་ཆགས་པ་དང་། ཉམས་པ་ལ་ཉེས་བྱས་སོ། །མཚན་མི་མཐུན་པ་བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །རྒྱང་གྲགས་ཀྱི་ཕྱེད་དུ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་
མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ལམ་འཇིགས་པ་དང་བཅས་པ་ཉིད་ལ་ལྟུང་བ་མེད་དོ། །མ་འཐམས་པ་ལ་ལྟུང་བ་མེད་དོ། །ལམ་ཐ་
དད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་
འཇུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་དང་དགེ་སློང་མ་འགྲོན་ལམ་དུ་འགྲོ་བས་ལམ་བརྒྱགས་རིན་པོ་ཆེ་ལྔའམ། རིན་པོ་ཆེར་སྨོས་པ་ལྔའམ། བཟའ་བ་ལྔ་དང་། བཟའ་བར་སྨོས་པ་ལྔ་ལས་གང་སྦྱོར་ཅིང་
འོས་པ་བསྐུར་བར་བྱའོ། །སུ་དག་གིས་བསྐུར་བར་བྱ་ཞེ་ན། རྩེ་རྒོད་དང་། རྩེ་རྒོད་མོ་དང་། དགེ་ཚུལ་དང་། དགེ་ཚུལ་མོ་དག་ལས་གང་ཡོད་པ་དག་གིས་བསྐུར་བར་བྱའོ། །དེ་དག་མེད་ན་དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་ལམ་བརྒྱགས་གཅིག་གིས་བསྐུར་དུ་
རུང་ངོ་། །དགེ་སློང་དང་དགེ་སློང་མ་རྣམས་གཅིག་གིས་གཅིག་གི་བྱིན་ལེན་ཡང་བསྟབས་སུ་རུང་ངོ་། །ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །ལམ་དུ་ནད་ཀྱིས་བཏབ་པ་དེ་བསྐུར་བར་བྱའོ། །དགེ་སློང་མ་ལ་ཡང་དེ་བཞིན་དུའོ། །ནད་པ་

བསྐུར་བ་དེ་ལ་དགེ་སློང་དང་དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་གིས་བྱའོ། །མཚན་མི་མཐུན་པས་མགོ་ལོགས་ནས་བཟུང་ཞིང་མཚན་མཐུན་པས་རྐང་པ་ལོགས་ནས་བཟུང་ངོ་། །གྲོང་དུ་ཕྱིན་པ་ཉིད་ན་ནད་པའི་སྨན་དང་ཟན་ལེགས་པར་སྦྱར་ཏེ་རང་བཞིན་
མཐུན་པའི་ནད་གཡོག་གཅིག་ཀྱང་བཞག་ནས་བསོད་སྙོམས་པ་ལ་སོགས་པ་ལ་སོང་ཡང་ཉེས་པ་མེད་དོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་དེ་ཉི་ཤུ་དྲུག་པ་བཤད་ཟིན་ཏོ།། །།དགེ་སློང་མ་དང་ལྷན་ཅིག་གྲུར་
འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་
ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་
རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་། སྐྱེ་བོ་མང་པོ་ལ་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱི། ཡུ་བུ་ཅག་ཀྱང་གྲུར་ཞུགས་ཏེ་འདོང་ངོ་ཞེས་དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ་དགེ་སློང་མ་བཅུ་གཉིས་སྡེ་
དག་ལམ་བརྒྱགས་སྦྱོར་དུ་བཅུག་ནས་དེ་དག་ཀྱང་ཁྲིད་ཅིང་དགེ་སློང་བསོད་སྙོམས་པ་ཞིག་ཀྱང་ཁྲིད་དེ་གྲུར་འཇུག་ཏུ་འཕགས་སོ། །དེ་དག་གིས་གང་གི་ཚེ་མཚམས་ཀྱི་ཕྱི་རོལ་དུ་གྲུར་ཞུགས་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་
གྱི་སྤྱོད་ལམ་གྱིས་འཁོད་པར་བྱས། ཚུར་ཤེག་བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས། དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་

འདུག །དེའི་འོག་ཏུ་དགའ་བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ། །དེ་བཞིན་དུ་ཉེ་དགའ་བོ་དང་གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་དང་བྲམ་ཟེ་ཞིག་ལྷན་ཅིག་འགྲོ་བ་དེས་དེ་དག་མཐོང་
ནས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་ནི་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགས་ཐོས་ནས་སྨྲས་པ། བཀྲེན་པ་ཁྱོད་ཀྱི་གཉའ་བར་རྡོག་པས་མནན་ནས་དེ་ལྟར་
ཡིན་ནོ། །བསོད་སྙོམས་པ་དེས་བསམས་པ། བདག་ཤི་བ་ནི་བླའི་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་དང་། ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེ་ཕྱིར་ལོག་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་
པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུར་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ།
དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་
མཐུན་དང་ལྷན་ཅིག་འཐམས་ནས། གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོ་འམ་ཐུར་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་དགེ་སློང་མའི་དོན་མཐུན་དང་འཐམས་ནས་གྲུ་

གཅིག་ཏུ་འཇུག་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་ཆུ་ཀླུང་གནས་ཅན་གྱི་ཕྱི་རོལ་ཐ་བ་ཅན་གྱི་ཀུན་དགའ་ར་བར་དགེ་འདུན་
གྱི་ཕྱིར་གཙུག་ལག་ཁང་བྱེད་དུ་བཅུག་ནས། དེས་གཙུག་ལག་ཁང་དེ་དབུལ་བའི་ཕྱིར་གཉི་གའི་དགེ་འདུན་སྤྱན་དྲངས་སོ། །དགེ་སློང་མ་ཞིག་དགེ་བའི་ཕྱོགས་ལ་བརྩོན་པར་གྱུར་པ་དེས་བསམས་པ། དེང་བདག་གིས་བསོད་སྙོམས་ལ་རྒྱུ་མ་དགོས་པས་ཇི་སྲིད་དུ་གདུགས་
ཚོད་ལ་ཉེ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱ་ཞིང་། དེའི་འོག་ཏུ་དུས་ཤེས་པར་བྱས་ཏེ་འགྲོའོ་སྙམ་ནས་དེས་ཇི་སྲིད་དུ་གདུགས་ཚོད་ལ་ཉེ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། དེའི་འོག་ཏུ་དུས་ཤེས་པར་བྱས་ཏེ་ཆུ་
ཀླུང་གི་འགྲམ་དུ་སོང་བ་དང་། ཇི་ཙམ་ན་དགེ་སློང་དག་གྲུར་ཞུགས་ནས་གྲུ་པས་སྨྲས་པ། འཕགས་མ་གྲུར་ཞུགས་ཤིག །དགེ་སློང་མ་དེས་སྨྲས་པ། བཞིན་བཟངས་ཇེ་སོང་ཤིག་དང་གྲུ་གཞན་བཀང་བ་ན་འགྲོའོ། །གྲུ་པ་དེས་ཡང་དང་ཡང་དུ་འོངས་ཏེ་སྨྲས་པ། འཕགས་
མ་གྲུར་ཞུགས་ཤིག །དེས་ཀྱང་སྨྲས་པ། བཞིན་བཟངས་ཇེ་སོང་ཤིག་དང་། གྲུ་གཞན་བཀང་བ་ན་འགྲོའོ། །གྲུ་པ་དེ་སོང་ནས་ཆུ་ཀླུང་གི་ཕྱི་རོལ་དུ་གྲུ་ཕུར་པ་ལ་བརྟོད་དེ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་ནང་དུ་ཞུགས་ཤིང་འདུག་གོ། །དགེ་སློང་མ་དེས་ཡང་དང་ཡང་དུ་བོས་པ་
དང་། གྲུ་པ་དེས་ཚིག་ཀྱང་མ་སྟེར་ནས་དེ་དེ་ན་སྡོད་སྡོད་ནས་ཇི་ཙམ་ན་གདུགས་ཚོད་ཡོལ་ནས་དེའི་འོག་ཏུ་དབྱར་ཁང་དུ་ཕྱིར་ལོག་སྟེ། དེ་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་ལུས་ལས་མདངས་ཡལ་
བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། དགེ་སློང་མ་རྣམས་ལྷགས་ཏེ་དེ་ལ་སྨྲས་པ། འཕགས་མ་གལ་ཏེ་ཟས་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་སྙམ་མམ་ཅི་བྱས། ཅི་ཙམ་གྱིས་གློས་ཕབ་སྟེ་ཉལ་བར་གྱུར་པ་དེ་ཙམ་གྱིས་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་སོ། །

ཁོ་མོས་མ་ཟོས་སོ། །འོ་ན་ཅིའི་ཕྱིར་གློས་ཕབ་སྟེ་ཉལ། དེས་སྐབས་དེ་རྒྱས་པར་དགེ་སློང་མ་རྣམས་ལ་བརྗོད་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་
མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་
ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ་ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པའི་དགེ་
སློང་དང་། དགེ་སློང་མ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་པའོ། །འཐམས་ནས་ཞེས་བྱ་བ་ནི་བརྡ་བྱས་ནས་སོ། །
གྲུ་གཅིག་ཏུ་ཞེས་བྱ་བ་ནི་ཤོ་གམ་གཅིག་པ་དང་། ལ་གཅན་གཅིག་པ་དང་། གྲུ་བཙས་གཅིག་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་ཞོན་ཅིང་ངོ་། །གྱེན་དུ་འགྲོ་འམ་ཞེས་བྱ་བ་ནི་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ནའོ། །ཐུར་དུ་འགྲོ་ན་ཞེས་བྱ་བ་ནི་རྒྱུན་ཕྱོགས་སུ་འགྲོ་ནའོ། །
ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཐད་ཀར་ཕ་རོལ་དུ་འགྲོ་བ་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་

མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་དགེ་སློང་མ་གཅིག་དང་ཡང་ཅིག་ཅར་གྲུ་གཅིག་གིས་ལམ་
ལས་འདས་ཞིང་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་རྒྱང་གྲགས་རེ་རེར་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འགྲམ་གཉིས་འཇིགས་པ་མེད་པ་ཉིད་ལ་ན་སྨད་པ་མེད་དོ། །དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་གཅིག་ཡན་
ཆད་ལ་ན་སྨད་པ་མེད་དོ། །སྔར་འཐམས་པ་ལ་ན་སྨད་པ་མེད་དོ། །གྲུ་ཚུགས་ཤོ་གམ་གཅིག་པ་དང་། ལ་གཅན་གཅིག་པ་དང་། གྲུ་བཙས་གཅིག་པའི་གྲུ་ཐ་དད་པ་ལ་ན་སྨད་པ་མེད་དོ། །གྱེན་དུ་འགྲོ་ཡང་རུང་ཐུར་དུ་འགྲོ་ཡང་རུང་སྟེ་རྒྱང་གྲགས་གཅིག་གི་མཐའ་ལས་འདས་པ་ལ་ན་སྨད་པ་
མེད་དོ། །ཉིན་མཚན་གྱི་ཆ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་འགྲམ་གཉིས་འཇིགས་པ་མེད་པ་དང་། དགེ་སློང་མའི་འགྲོན་པ་དང་འཐམས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འགྲམ་གཉིས་འཇིགས་པ་མེད་པ་ཉིད་དང་། དགེ་སློང་མ་གཅིག་ཡན་ཆད་ཀྱི་འགྲོན་
པ་དང་འཐམས་པ་དང་། གྲུར་ཞུགས་པ་དང་། རྒྱང་གྲགས་གཅིག་གི་མཐའ་ལས་འདས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་
ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །མཚན་མི་མཐུན་པ་བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །རྒྱང་གྲགས་ཀྱི་ཕྱེད་དུ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་
བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་ལ་ལྟུང་བ་མེད་དོ། །མ་འཐམས་པ་ལ་ལྟུང་བ་མེད་དོ། །གྲུ་ཚུགས་ཤོ་གམ་ཐ་དད་པ་

དང་། ལག་ཅན་ཐ་དད་པ་དང་། གྲུ་བཙས་ཐ་དད་པ་ལ་ལྟུང་བ་མེད་དོ། །ཐད་ཀར་ཕ་རོལ་དུ་འགྲོ་བ་ལ་ལྟུང་བ་མེད་དོ། །ཐད་ཀར་ཕ་རོལ་དུ་འགྲོ་བ་དེའི་ཕྱིར་ཞུགས་པ་ན་ཆུའི་གཞུང་ཡོ་བ་དང་། ཆུ་ཀླུང་གིས་གཏིབ་ཆད་པ་དང་། དབའ་ཀློང་ལས་གཟུར་བའི་དབང་དང་རུ་སྐྱ་དང་
གདོས་པ་ཆག་པའི་དབང་དང་རུ་སྐྱ་འཛིན་པའི་དབང་གིས་རྒྱུན་ལས་བཟློག་པའི་ཕྱོགས་སམ། རྒྱུན་ཕྱོགས་ཀྱི་འཇུག་པ་གཞན་དུ་སོང་བ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་
ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གྲུ་ཚུགས་ཀྱི་ཤོ་གམ་དང་ལ་གཅན་དང་གྲུ་བཙས་གཅིག་གམ་ཐ་དད་པ་བརྟག་པར་བྱའོ། །འགྲམ་གཉིས་ལས་གཅིག་འཇིགས་པ་ཡོད་
ལ་གཅིག་འཇིགས་པ་མེད་ན། གང་ན་འཇིགས་པ་མེད་པ་དེར་གཟུར་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་བདུན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་
པོ་ཉི་ཤུ་ལྔ་པ། གཅིག་པུ་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། །ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་
བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་ཚེ་དང་ལྡན་པ་འཆར་ཀའི་ཕྱིར་སྟན་ཤོམ་པར་
བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་འཆར་ཀ་ཚུར་སྤྱོན། བཙུན་པ་འཆར་ཀ་བྱོན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆར་ཀ་ཁ་ནང་དུ་བལྟས་ཏེ་འདུག་གོ། །ཁྱིམ་བདག་གི་ཆུང་མ་སྦེད་མ་ཡང་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་

གཉིས་ལ་ཕྱག་འཚལ་ཏེ་ཁ་ཕྱིར་བལྟས་ཏེ་འདུག་གོ། །འཆར་ཀས་དེ་ལ་ཇི་ཙམ་པ་དེ་ཙམ་གྱིས་ཆོས་བསྟན་ནས་སྔོན་བགད་པ་དང་། རྩེས་པ་དང་། དགའ་བར་བྱས་པ་དང་། དགའ་མགུར་སྤྱད་པ་དག་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་ཁྱོད་ཀྱིས་བདག་ཅག་གཉིས་སྐྱེད་མོས་ཚལ་དང་།
འདུན་ས་དང་ལྷའི་གནས་ག་གེ་མོ་ཞིག་ཏུ་བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་དང་། གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང་། འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང་དེར་བདག་ཅག་གཉིས་ཀྱིས་
འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ། དྲན་ནོ། །བསོད་སྙོམས་པ་ཞིག་དེར་འོངས་པ་དང་། སྦེད་མས་མཐོང་ནས་བསམས་པ། གལ་ཏེ་ལངས་ཏེ་བསོད་སྙོམས་ཕུལ་བར་གྱུར་ན་བཙུན་པ་འཆར་ཀའི་གཏམ་སྤོང་བར་འགྱུར་རོ་སྙམ་ནས། དེས་ལག་པས་སོང་ཤིག་ཅེས་བརྡ་བྱས་
སོ། །འཆར་ཀས་སྨྲས་པ། སྦེད་མ་ཁྱོད་ཀྱི་སྙིང་ལམ་ན་ཁོ་བོས་ཁྱོད་ལ་འཕགས་པའི་བདེན་པ་བཞིའི་གཏམ་བྱས་སྙམ་མམ། ཅི་འདི་ལྟར་ཁོ་བོས་ལག་པས་བཙལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ནས་ཁྱོད་ཀྱིས་སྦྱིན་པ་དག་སྦྱིན་ཞིང་བསོད་སྙོམས་དག་བྱེད་ཀྱང་མི་ནུས་སམ་ཞེས་འཆར་
ཀས་སྦེད་མ་བསོད་སྙོམས་པ་དེ་ལ་བསོད་སྙོམས་འབུལ་དུ་བཅུག་ནས་གཙུག་ལག་ཁང་དུ་སོང་བ་དང་། བསོད་སྙོམས་པ་དེས་འཆར་ཀ་ལ་དེང་དོན་གྱིས་ན་བདག་གིས་ཁྱོད་ཀྱི་བསོད་སྙོམས་ཟོས་སོ་ཞེས་སྨྲས་པ་དང་། འཆར་ཀས་སྨྲས་པ། བསོད་སྙོམས་པ་ཤེས་ཏེ་དེས་དང་པོར་ཁྱོད་བོས་སྙམ་
མམ་ཅི། དེས་ཁྱོད་སོང་ཤིག་ཅེས་ལག་བརྡ་བྱས་ནས་ཁོ་བོས་དེའི་འོག་ཏུ་དེ་ཁྱོད་ཕྱིར་འབོད་དུ་བཅུག་གོ། །བསོད་སྙོམས་པས་སྨྲས་པ། དེའི་ཚེ་ན་བཙུན་པ་འཆར་ཀ་དེ་ཉིད་ན་འདུག་པར་གྱུར་ཏམ། འདུག་གོ། །ཁྱོད་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་
འདུག་ཏུ་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོ་དེ་ལྟར་འདུག་གོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་

བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་
མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་
པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ། །
གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་། སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་ན་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་
པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ནའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་འཇོག་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་
དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་མའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་

པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་པུ་ཉིད་དང་། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་བར་འདོམ་གང་གི་ནང་དུ་གཉི་ག་རྐུབ་ཚོས་བཞག་སྟེ་འདུག་ན་གཅིག་པུ་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །མིའི་འགྲོ་བ་
པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་ལ་ན་སྨད་པ་མེད་དོ། །བུད་མེད་གཅིག་པུ་ཉིད་ལ་ན་སྨད་པ་མེད་དོ། །དགེ་སློང་གཅིག་པུ་ཉིད་ལ་ན་སྨད་པ་མེད་དོ། །སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་ལ་ན་སྨད་པ་མེད་དོ། །སྐྱབས་ལྔ་པོ་རྩིག་
པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་དག་ལ་ན་སྨད་པ་མེད་དོ། །བར་འདོམ་གང་ཉིད་དང་དེ་བས་ཉེ་བ་ལ་ན་སྨད་པ་མེད་དོ། །གཉི་ག་རྐུབ་ཚོས་བཞག་སྟེ་འདུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་
[པོ་ནི་རྐུབ་ཚོས་བཞག་སྟེ་འདུག་པ་ལ་བུད་མེད་གཅིག་པུ་ཉིད་དང་། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་འགྲོ་བ་པའི་བུད་
མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་པུ་ཉིད་དང་། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་དང་། གཉིས་ཀ་རྐུབ་ཚོས་བཞག་སྟེ་འདུག་པའོ། །དེ་དག་ལས་ཡན་ལག་
མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གཅིག་པུ་འདུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མིའི་འགྲོ་བ་པའི་བུད་མེད་མི་
ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་མི་ནུས་པ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་མོ་དང་དུད་འགྲོ་མོ་ལ་ཉེས་བྱས་ན་སྨད་དོ། །དགེ་སློང་མ་ལ་ཉེས་བྱས་སོ། །རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་མོ་ལ་ཉེས་བྱས་སོ། །བར་འདོམ་གང་བས་རིང་བ་ལ་ཉེས་བྱས་སོ། །གཅིག་གམ་གཉིས་

ཀ་འགྲེང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་སྒོ་གང་ན་འདུག་པ་དང་། སྨན་འཐག་
ཏུ་འཇུག་པ་དང་། སྒོ་མ་བཅད་པར་འདུག་པ་དང་། གཞན་དག་འཇུག་ཅིང་གཞན་དག་འབྱུང་བ་ལ་ལྟུང་བ་མེད་དོ། །སྐྱབས་ལྔ་པོ་དག་གིས་མ་བསྐྱབས་པ་ལ་ལྟུང་བ་མེད་དོ། །ཉེ་དུ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་
ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཅིག་པུ་འདུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གཅིག་པུ་འདུག་པའི་ལྟུང་བྱེད་དེ་ཉི་ཤུ་བརྒྱད་པ་
བཤད་ཟིན་ཏོ།། །།གཅིག་པུ་འགྲེང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་སྦེད་མ་རབ་ཏུ་བྱུང་ནས་དེ་ཁང་སྐྱོང་བྱེད་པ་ན་དགེ་སློང་མ་རྣམས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་
དང་ཆོས་གོས་ཐོགས་ཏེ་བསོད་སྙོམས་ལ་དོང་བའི་ཚེ་སྦེད་མ་གཙུག་ལག་ཁང་ན་ཕྱག་དར་བྱེད་ཅིང་འདུག་གོ། །ཚེ་དང་ལྡན་པ་འཆར་ཀ་ཡང་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་དགེ་
སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་། །སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འཆར་ཀ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཞེས་དེས་ཕྱགས་མ་ཕྱོགས་གཅིག་ཏུ་བཞག་ནས་ཚེ་དང་ལྡན་པ་འཆར་ཀའི་
རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མདུན་དུ་འགྲེང་ངོ་། །འཆར་ཀས་དེ་ལ་ཇི་ཙམ་པ་དེ་ཙམ་གྱིས་ཆོས་བསྟན་ནས་སྔོན་བགད་པ་དང་། རྩེས་པ་དང་། དགའ་བར་བྱས་པ་དང་། དགའ་དགུར་སྤྱད་པ་དག་དྲན་པར་བརྩམས་ཏེ། སྦེད་མ་ཁྱོད་ཀྱིས་བདག་ཅག་གཉིས་སྐྱེད་མོས་ཚལ་དང་།

འདུན་ས་དང་ལྷའི་གནས་ག་གེ་མོ་ཞིག་ཏུ་བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་དང་། གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང་། འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང་དེར་བདག་ཅག་
གཉིས་ཀྱིས་འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ་དྲན་ནོ། །དེ་ན་དགེ་སློང་མ་རྒན་མོ་ནད་པ་ཞིག་འདུག་ནས་དེས་བསམས་པ། འདི་གཉིས་ཅིའི་ཕྱིར་མ་བག་མར་བླངས་པ་ཚུན་ཆད་ཀྱང་གཅིག་ལ་གཅིག་རྗོད་པར་བྱེད་དོ་སྙམ་མོ། །དེ་ནས་འཆར་ཀ་སོང་བ་ན་སྦེད་མས་དབྱར་ཁང་
ཕྱག་དར་བྱ་བར་བརྩམས་པ་དང་། དགེ་སློང་མ་དེ་དག་ཀྱང་ལྷགས་ནས་དེ་དག་གིས་སྨྲས་པ། སྦེད་མ་ཁྱོད་ཀྱིས་ཅི་བྱས་ནས་དབྱར་ཁང་འདི་ཁོ་ན་བཞིན་དུ་ཕྱག་དར་དང་བཅས་པར་འདུག །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་གང་ཚུན་ཆད་ནས་ཁྱེད་ཅག་བསོད་སྙོམས་ལ་དོང་བ་དེ་ཚུན་ཆད་ནས་ཁོ་
མོ་མ་འདུག་གོ། །དགེ་སློང་མ་རྒན་མོ་ནད་པ་དེས་ཐོས་ནས་དེས་དགེ་སློང་མ་རྣམས་ལ་ཇི་ལྟར་གྱུར་པ་རྒྱས་པར་བརྗོད་པ་དང་། དགེ་སློང་མ་དེ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་
བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མ་རྣམས་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།
ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་
མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།

ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་
གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་དང་ཞེས་བྱ་བ་ནི་ཆོས་འདི་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ། །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། །དབེན་པ་
ཞེས་བྱ་བ་ནི་གང་ན་སྐྱེས་པ་དང་བུད་མེད་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་ན་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་མཚན་མོས་བསྐྱབས་པ་ནའོ། །
འགྲེང་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་ན་འགྲེང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་
པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །གཅིག་པུ་འདུག་པའི་ལྟུང་བྱེད་སྔར་བསྟན་པ་དང་། གཅིག་པུ་འགྲེང་བའི་ལྟུང་བྱེད་འདི་གཉིས་ཀྱི་མཚན་ཉིད་གཞན་ཐམས་ཅད་ནི་འདྲའོ། །བྱེ་བྲག་ཏུ་སྔར་བུད་མེད་ཅེས་སྨོས་པའི་གནས་སུ་འདིར་དགེ་སློང་མ་ཞེས་བརྗོད་པར་བྱ་བ་དང་།
སྔར་འདུག་པ་ཞེས་སྨོས་པའི་གནས་སུ་འདིར་འགྲེང་བ་ཞེས་བརྗོད་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་མ་ཁྱིམ་སོ་བཟུང་བའམ་མ་བཟུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་དང་། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་
དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་གི་ནང་དུ་གཉིས་ཀ་འགྲེང་སྟེ་སྡོད་ན་གཅིག་པུ་འགྲེང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཆོས་འདི་པའི་དགེ་སློང་མ་ཁྱིམ་སོ་བཟུང་བའམ་མ་བཟུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་བསྙེན་པར་

རྫོགས་པ་ཅན་མ་ཉམས་པ་ཉིད་ལ་ན་སྨད་པ་མེད་དོ། །དགེ་སློང་མ་གཅིག་པུ་ཉིད་ལ་ན་སྨད་པ་མེད་དོ། །སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་ལ་ན་སྨད་པ་མེད་དོ། །སྐྱབས་ལྔ་པོ་རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་
པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ཉིད་ལ་ན་སྨད་པ་མེད་དོ། །བར་འདོམ་གང་ཉིད་དང་། དེ་བས་ཉེ་བ་ལ་ན་སྨད་པ་མེད་དོ། །གཉི་ག་འགྲེང་སྟེ་སྡོད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་འགྲེང་སྟེ་སྡོད་པ་ཉིད་དང་། དགེ་སློང་མ་གཅིག་པུ་ཉིད་དང་། སྐྱེ་
བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཁྱིམ་སོ་བཟུང་བའམ་མ་བཟུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་
བསྟེན་ནུས་པ་གཅིག་པུ་ཉིད་དང་། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་དང་། གཉི་ག་འགྲེང་སྟེ་སྡོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ།
ཇི་སྲིད་དུ་གཅིག་པུ་འགྲེང་སྟེ་སྡོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ཡན་ལག་ཐམས་ཅད་དང་དུ་བླང་དུ་མི་རུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་
ཆོས་བསྟེན་མི་ནུས་པ་ལ་ཉེས་བྱས་སོ། །ཆོས་འདི་པའི་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་མོ་དང་། ཕྱི་རོལ་པའི་རབ་ཏུ་བྱུང་བ་མོ་ལ་ཉེས་བྱས་སོ། །མིའི་འགྲོ་བ་པའི་བུད་མེད་རབ་ཏུ་མ་བྱུང་བ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་མོ་དང་། དུད་འགྲོ་མོ་ལ་ཉེས་བྱས་ན་སྨད་དོ། །
བར་འདོམ་གང་བས་རིང་བ་ལ་ཉེས་བྱས་སོ། །གཅིག་གམ་གཉི་ག་འདུག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་

པ་ནི་སྒོ་གང་ནས་འགྲེང་བ་དང་། སྨན་འཐག་ཏུ་འཇུག་པ་དང་། སྒོ་མ་བཅད་པར་འགྲེང་བ་དང་། གཞན་དག་འཇུག་ཅིང་གཞན་འབྱུང་བ་ལ་ལྟུང་བ་མེད་དོ། །སྐྱབས་ལྔ་པོ་དག་གིས་མ་བསྐྱབས་པ་ལ་ལྟུང་བ་མེད་དོ། །ཉེ་དུ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་།
སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཅིག་པུ་འགྲེང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་
སྔ་མ་བཞིན་ནོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དེ་ཉི་ཤུ་དགུ་པ་བཤད་ཟིན་ཏོ།། །།དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་
ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་འདུག་གོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཕྱི་འཕྲེད་ནང་དུ་ཡང་དག་འཇོག་ལས་
ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུངས་
ད་ལྟར་ཁྱོད་ནི་རྒན་པ་རྒས་པ་དགོག་ཏུ་གྱུར་པ་ཡིན་ལ། ངའི་སྨད་གཡོགས་ཤ་ནའི་གོས་ཕྱག་དར་ཁྲོད་དག་ནི་ལྕིས། འོད་སྲུངས་ཁྱོད་དགེ་འདུན་གྱི་གཙུག་ལག་ཁང་དུ་ཤོག་ལ་གང་ཟག་གིས་མགྲོན་དུ་བོས་པ་དག་བདག་གིར་གྱིས་ཤིག་ཁྱིམ་བདག་གི་གོས་མཚོན་གྱིས་དྲས་པ་དག་ཀྱང་ཁ་
དོག་ངན་པར་གྱིས་ལ་ཆོངས་ཤིག །དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེ་ལ་ཡུན་རིང་པོ་ནས་སྨོན་པ་འདི་ལྟ་བུ་སྐྱེས་ཏེ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུངས་ཆེན་པོ་ལྷ་དང་མིས་མཆོད་པ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན་ཅི་མ་རུང་སྙམ་ནས་ཁྱིམ་བདག་

དེས་བཅོམ་ལྡན་འདས་ཀྱིས་འཕགས་པ་འོད་སྲུངས་ཆེན་པོ་དགེ་འདུན་ལ་གཏད་པ་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འོད་སྲུངས་ཆེན་པོ་སང་བདག་
གི་སྡུམ་པར་བདག་ཉིད་དང་གཞི་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་དེ་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུང་མ་ཞལ་ཟས་བསོད་པ་མང་པོ་དག་སྟ་གོན་བྱེད་དུ་བཅུག་ནས་
ཇེ་ནང་པར་སྔར་ལངས་ཏེ་བར་གྱི་གཞིར་སྟན་བཤམས་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྤྱན་འདྲེན་དུ་བཏང་ངོ་། །བཅོམ་ལྡན་འདས་ཀྱིས་གང་གི་ངོར་མགྲོན་དུ་བོས་པ་དེས་དུས་སྔར་དེར་འགྲོ་བར་བྱའོ་ཞེས་བཀའ་སྩལ་པས། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དུས་སྔ་བ་ཁོ་ནར་ཤམ་
ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བར་གྱི་གཞིར་འཛེགས་ཏེ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་
ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །
དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་ཏེ། འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་ཨ་རོག་གྱ་བསོད་སྙོམས་བྱིན་ཅིག །ཁྱིམ་
བདག་དེས་སྨྲས་པ། འཕགས་མ་དེང་འཕགས་པ་འོད་སྲུངས་ཆེན་པོ་ལྷ་དང་མིས་མཆོད་པ་བདག་གིས་སྡུམ་པར་སྤྱན་དྲངས་ཏེ་ཞལ་ཟས་སྟ་གོན་བགྱིས་པས་རེ་ཞིག་ཅུང་བྲེལ་གྱིས་བཞུད་ཅིག །སྦོམ་དགའ་མོས་སྨྲས་པ། དེ་ནི་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བ་བུལ་པ་

མཆོག་ཏུ་བུལ་བ་ཆུང་བ་མཆོག་ཏུ་ཆུང་བ་ཡིན་ལ་ཁོ་མོ་ནི་ཤཱཀྱའི་བུ་མོ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོག་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་ན་དེའི་ཟས་སྦྱོར་ཞིང་ཁོ་མོ་ལ་བསོད་སྙོམས་མི་སྟེར་མོད། ཚེ་དང་ལྡན་པ་འོད་སྲུངས་ཆེན་
པོས་དེ་ཐོས་ཏེ། ཐོས་ནས་ཀྱང་བསམས་པ། དེ་ལ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་ནས། དེས་མགུལ་བསལ་བའི་སྒྲ་ཕྱུང་བ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དབྱིག་གི་གདངས་དང་ལྡན་པ་ཡིན་པས་དེའི་སྒྲས་ཁྱིམ་ཐམས་ཅད་གང་བར་གྱུར་ཏོ། །སྦོམ་དགའ་མོས་དེའི་
སྒྲ་ཐོས་ནས་སྨྲས་པ། ཀླུའི་མིང་ཅན་འདི་ཉིད་ན་བཞུགས་སོ། །ཁྱིམ་བདག་དེས་དེ་ཐོས་ནས་སྨྲས་པ། ད་གཟོད་ཁོ་ན་དེ་སྐད་ཅེས་ཟེར་ཞིང་། ད་འདི་སྐད་ཅེས་ཟེར་རོ་ཞེས་དེ་གཤེ་ཞིང་ཤོད་དུ་འབབ་པར་བརྩམས་པ་དང་། སྦོམ་དགའ་མོས་དེའི་ཏིང་སྒྲ་ཐོས་ནས་སྐྲག་སྟེ་བྲོས་སོ། །དེས་སྨྲས་པ་དགེ་སྦྱོང་
མ་མགོ་རེག་མོ་མ་འབྲོས་པར་སྡོད་ཅིག །ཁྱོད་ཀྱིས་ཁོ་བོའི་ཁྱིམ་དུ་འཇུག་པར་མི་བྱའོ། །སྦོམ་དགའ་མོས་སྨྲས་པ། ཁྱོད་ཀྱི་ཁྱིམ་རྟུག་ཁུང་དང་བཙོན་རར་གྱུར་ཅིག །ཁྱོད་ཀྱི་ཁྱིམ་དུ་གདོལ་བ་དག་འཇུག་པར་གྱུར་ཅིག །ཁོ་མོ་ཅག་གིས་རྒྱལ་པོ་ལས་བཙུན་མོའི་འཁོར་གྱི་ཡོངས་སུ་སྤངས་
པ་ཐོབ་པས་ཁོ་མོ་ལ་ཇི་ཙམ་དུ་རིག་པར་བྱེད་པ་དེ་ཙམ་དུ་ཁོ་མོས་ཁྱོད་ཀྱི་ལག་པ་གཉིས་མཁྲིག་མ་ནས་གཅོད་དུ་གཞུག་གོ། །ཁྱིམ་བདག་དེས་སྨྲས་པ། དགེ་སྦྱོང་མ་མགོ་རེག་མོ་དགེ་སློང་མ་གནས་བརྟན་མོ་གནས་བརྟན་མོ་དག་གིས་རྒྱལ་པོ་ལས་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་ཐོབ་པ་
ཡིན་གྱི། གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཁྱོད་ཀྱིས་མ་ཐོབ་པོ། །དེ་ནས་ཁྱིམ་བདག་དེ་ཕྱིར་ལོག་སྟེ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་གདུགས་ཚད་གསོལ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་དེ་ལ་ཆོས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་དེང་ཁོ་ན་དགེ་འདུན་ལ་གཏད་པར་གྱུར་ན། བདག་དེང་ཁོ་ན་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བ། བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་ཞེས་བགྱི་བར་ཡང་གྱུར། བདག་དེང་ཁོ་ན་ཀླུའི་མིང་ཅན་ཞེས་

བགྱི་བར་ཡང་གྱུར་ཏེ། བཙུན་པ་བདག་ནི་ཡུན་རིང་པོ་ནས་དགོན་པ་པ་ལགས་ཤིང་དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། བསོད་སྙོམས་པ་ལགས་ཤིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། ཕྱག་དར་ཁྲོད་པ་ལགས་ཤིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད་པ་
ལགས་སོ། །འོད་སྲུངས་ཁྱོད་ཀྱིས་དོན་གྱི་དབང་དུ་ཞིག་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟ་བུ་ཡིན། བཙུན་པ་གཉིས་ཏེ། བདག་ཉིད་ཚེ་འདི་ལ་བདེ་བར་གནས་པའི་སླད་དུ་དང་། སླད་མའི་སྐྱེ་བོ་དག་ལ་སྨད་པ་བགྱི་བའི་སླད་དུའོ། །འོད་སྲུངས་ཁྱོད་ཡུན་རིང་པོ་ནས་སྐྱེ་བོ་མང་པོ་ལ་ཕན་
པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་ར