Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 153
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
ྗོད་པ་འདི་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་མོས་པར་བྱས་ཤིང་བསྒོ་བ་ལ་སྤོང་བ་ལ་ན་སྨད་པ་མེད་དོ། །བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་མི་སློབ་པོ་ཞེས་ཟེར་བའི་རྒྱུའི་དངོས་ པོ་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གོ་བར་བྱེད་པའི་དགེ་སློང་དག་ལ་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་ཁྱོད་ཀྱི་ཚིག་གིས་མི་སློབ་བོ་ཞེས་ཟེར་བའི་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། ། འདིའི་བྱེད་པ་པོ་ནི་བསླབ་པ་ལ་ཉེ་བར་འཇོག་པ་སྨྲ་བ་པོའོ། །དགེ་སློང་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་མངོན་པར་ཤེས་པ་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་མ་ཡིན་པ་ཉིད་ལ་འདུ་ཤེས་ལ་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསླབ་པ་ལ་ཉེ་བར་འཇོག་པའི་དགེ་སློང་སྨྲ་བ་པོ་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་མངོན་པར་ཤེས་པ་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་མ་ཡིན་པ་ཉིད་དང་། ལྟུང་བ་འབྱིན་པ་པོས་དེ་ལྟར་འདུ་ཤེས་པ་ཉིད་དང་། འདུལ་བ་དང་ལྡན་པའི་བསླབ་པའི་གཞི་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་དམ། བསྒོ་བ་ཉིད་དམ་མི་སློབ་པའི་རྒྱུའི་དངོས་པོ་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་ཞེས་ཟེར་བ་ཉིད་དང་། གོ་བར་བྱེད་པ་ལ་བྱིས་པའམ། རྨོངས་པའམ། མི་ གསལ་བའམ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མདོ་སྡེ་ལས་གསུངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་གནས་སྐབས་ཐམས་ཅད་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བསླབ་པ་ལ་ཉེ་བར་འཇོག་པའི་དགེ་སློང་སྨྲ་བ་པོ་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་མངོན་པར་ཤེས་པ་ལ་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་མ་ཡིན་པ་ ཉིད་ཡིན་ན་ཡང་ལྟུང་བ་འབྱིན་པ་པོས་དེ་ལྟར་འདུ་ཤེས་པ་ཉིད་མེད་པ་ལ་ལྟུང་བ་མེད་དོ། །ཡང་དག་པ་ཁོ་ནར་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་མངོན་པར་མི་ཤེས་པ་ཉིད་དང་། བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་ཉིད་ཡིན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་ དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བསླབ་པ་ཐུན་མོང་གི་ཡུལ་ཐམས་ཅད་དགེ་སློང་མ་ལ་ཡང་ བསྒྲགས་པར་བྱའོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དེ་བདུན་ཅུ་ལྔ་པ་བཤད་ཟིན་ཏོ།། །།