Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 153

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
ཅུ་བདུན་སྡེ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་དགེ་སློང་ལ་ག་ག་ཚིལ་བྱེད་པའོ། །དེ་ལ་སོར་མོས་ག་ག་ཚིལ་བྱེད་ན་ཞེས་བྱ་བ་ནི་སོར་མོས་ག་ག་ཚིལ་བྱ་བའི་བསམ་པས་ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་པ་དང་། ལུས་ཀྱི་
གཡོ་བ་གང་ཡིན་པ་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་
ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པས་དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོར་མོའམ་ཁུ་ཚུར་རམ་གྲུ་མོའམ། ཕྲག་པའམ་མགོའམ་གློ་འམ་རྒྱབ་བམ་རྐེད་པའམ་བརླ་འམ་པུས་
མོའམ་བྱིན་པའམ་རྐང་བའི་མཐེ་བོང་ལ་སོགས་པ་རང་གི་ལུས་ཀྱི་ཡན་ལག་གོས་མ་གཏོགས་པ་གང་ཡང་རུང་བ་དག་གིས་ག་ག་ཚིལ་བྱེད་པས་ཕ་རོལ་པོའི་གོས་མ་གཏོགས་པ་ལུས་ཀྱི་ཡན་ལག་གང་ཡང་རུང་བ་ལ་རེག་ན་རེག་བྱེད་གཅིག་གམ་དུ་མ་ཉིད་ལ་སྤྱིར་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་དངོས་
གཞི་གཅིག་ཏུ་འགྱུར་རོ། །དགེ་སློང་གཉིས་ཀའི་ལུས་མ་ཉམས་པས་གོས་ལ་སོགས་པས་བར་དུ་མ་ཆོད་པ་ལ་ན་སྨད་པ་མེད་དོ། །སོར་མོ་དང་ཁུ་ཚུར་དང་གྲུ་མོ་དང་ཕྲག་པ་དང་མགོ་དང་གློ་དང་རྒྱབ་དང་རྐེད་པ་དང་བརླ་དང་པུས་མོ་དང་བྱིན་པ་དང་རྐང་པའི་མཐེ་བོ་ལ་སོགས་པ་ལུས་ཀྱི་དབང་པོར་
གཏོགས་པ་དག་ལ་ན་སྨད་པ་མེད་དོ། །སྐྱི་གཡའ་བ་དང་བག་འཁུམས་པ་དང་འདར་བ་ལ་སོགས་པ་ལུས་ཀྱི་ལས་དང་སྤྱོད་པ་དང་གཡོ་བའི་བསམ་པ་དག་ལ་ན་སྨད་པ་མེད་དོ། །རེག་བྱེད་རེ་རེ་ལས་ལྟུང་བ་རེ་རེར་མི་གཞག་སྟེ། རེག་བྱེད་གཅིག་གམ་དུ་མ་ཉིད་ལ་སྤྱིར་ལྟུང་བྱེད་ཀྱི་དངོས་གཞི་གཅིག་
ཏུ་འགྱུར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གཉིས་ཀའི་ལུས་ཀྱི་དབང་པོ་མ་ཉམས་པ་ཉིད་དང་། སྐྱི་གཡའ་བར་བྱེད་པའི་སེམས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བྱེད་དུ་འགྱུར་ཏེ། ཕ་རོལ་པོའི་དགེ་སློང་ཉིད་དང་གཉི་གའི་ལུས་ཀྱི་དབང་པོ་མ་ཉམས་པ་ཉིད་དང་ཀུན་དུ་

ཆགས་པ་དང་ཞེ་སྡང་བྱེད་པའི་སེམས་སམ་དེ་གཉིས་ཀྱི་སེམས་མ་ཡིན་པ་སྐྱི་གཡའ་བར་བྱེད་པའི་སེམས་ཉིད་དང་། སོར་མོ་ལ་སོགས་པ་ལུས་ཀྱི་ཡན་ལག་གང་ཡང་རུང་བ་ཉིད་དང་རེག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ།
ཇི་སྲིད་དུ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རང་གིའམ་གཞན་གྱིའམ་གཉི་གའི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ཉེས་བྱས་སོ། །ལུས་མ་
ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་། སྐྲ་དང་སེན་མོ་དང་སོ་དག་གིས་རེག་པ་ལ་ཉེས་བྱས་སོ། །གོས་ལ་སོགས་པས་བར་དུ་ཆོད་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ལ་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་
བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྨ་དང་སྦྲང་བུ་དང་། འབྲུམ་བུ་དང་སྨེ་བ་དང་། སྤུའི་ཚོམས་བསྟན་པ་དག་ལ་ལྟུང་བ་མེད་དོ། །སྐྱི་གཡའ་བར་བྱ་བའི་རྣམ་པ་མ་ཡིན་པ་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་རེག་པ་ལ་ལྟུང་བ་མེད་དོ། །ཀུན་དུ་འདོད་ཆགས་
དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། སྐབས་འདིའི་ལྟུང་བ་མེད་དོ། །ཞེ་སྡང་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་གསོད་པ་དང་བརྡེག་པར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། སྐབས་འདིའི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་
པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་
ནོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་གསུམ་པ་བཤད་ཟིན་ཏོ།། །།ཆུ་ལ་རྩེ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅུ་བདུན་སྡེ་དག་ལས་ཚེ་དང་ལྡན་པ་ཉེ་བ་

འཁོར་གྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ་ན་དེས་བསམས་པ། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་འདི་དག་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་སྙམ་ན་དེས་ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་ན་
བདག་ཉིད་ལ་རག་ལས་པར་མཐོང་ནས། དེ་བཅུ་དྲུག་པོ་གཞན་དག་འདུལ་བ་ལ་ལྟོས་པས་དེ་དག་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བ་ན་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཆུ་ཀླུང་གནས་ཅན་གྱི་ངོགས་སུ་ཆུ་བོའི་དོན་དུ་འདོང་ཞིང་དེར་ཁྲུས་ཀྱང་བྱའོ་ཞེས་དེ་དག་ཆུ་ཚགས་དང་ཆུ་བུམ་ཐོགས་ཏེ་
ཆུ་ཀླུང་གནས་ཅན་ག་ལ་བ་དེར་དོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟར་ཇེ་ཁྲུས་བྱའམ། ཆུ་བཙག་པར་བྱ། དེ་དག་གིས་སྨྲས་པ། ཇེ་ཆུ་བཙག་པར་བྱ་སྟེ། དེའི་འོག་ཏུ་ཁྲུས་བྱའོ་ཞེས་དེ་དག་གིས་ཆུ་བཙགས་ནས་གོས་དག་མཐའ་གཅིག་ཏུ་ཕུད་དེ་ཁྲུས་བྱ་བར་བརྩམས་ནས་ཆུར་
ཞུགས་ཏེ། དེ་དག་སྟེང་དུ་འབྱུང་བར་ཡང་བྱེད་འོག་ཏུ་ནུབ་པར་ཡང་བྱེད། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བར་ཡང་བྱེད། ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་བར་ཡང་བྱེད། རྒྱུན་ཕྱོགས་སུ་འགྲོ་བར་ཡང་བྱེད། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བར་ཡང་བྱེད། ཆུ་ལ་རྔ་
བོ་ཆེའི་སྒྲ་འབྱིན་པར་ཡང་བྱེད། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པར་ཡང་བྱེད། ཆུ་ལ་གསེག་མ་འཁྲབ་པ་དང་། འཕེན་པར་ཡང་བྱེད། ཆུ་ལ་ཁོར་ཡུག་དང་རྡོ་རྗེ་ལྟ་བུ་ཡང་བྱེད། ཆུ་ལ་ཁྲོན་པ་དང་དབའ་ཀློང་དང་ཆུ་སྲུབས་འདྲེན་པར་ཡང་བྱེད། ཆུ་ལ་རྒོད་བག་དང་འཕྱར་གཡེང་དང་། ལུས་བསྒྱུར་བ་དག་
ཀྱང་བྱེད་དོ། །ཚེ་དང་ལྡན་པ་ཉེ་བ་འཁོར་ཡང་ཤེས་བཞིན་དུ་ཁྲུས་བྱས་ཏེ་ཆུ་ཀླུང་གནས་ཅན་རྒལ་ནས་ཆོས་གོས་དག་བགོས་ཏེ་སྡོད་དོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་བཙུན་མོ་ཕྲེང་ལྡན་མ་དང་ལྷན་ཅིག་འདུག་པས་ཅི་ཙམ་ན་བཅུ་བདུན་སྡེ་དག་ཆུ་
ལ་རྩེ་བས་རྩེ་བ་དག་མཐོང་ངོ་། །མཐོང་ནས་ཀྱང་དེས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་ཡོན་གནས་དག་གི་མཛེས་པ་ལ་ལྟོས་ཤིག་ལྟོས་ཤིག །ཕྲེང་ལྡན་མས་སྨྲས་པ། ལྷ་དེ་ནི་ངོ་མཚར་མི་ཆེ་སྟེ། ལང་ཚོ་གསར་དུ་གྱུར་ནས་ཚངས་པར་སྤྱད་པ་སྤྱོད་ལགས་ཀྱི། ལྷ་བགྲེས་པའི་གནས་

སྐབས་སུ་གྱུར་ཀྱང་ད་དུང་ཐུགས་མ་ཕྱུང་བ་ངོ་མཚར་ཆེ་ལགས་སོ། །རྒྱལ་པོ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་མི་དགའ་བར་སེམས་པ་མཐོང་ནས་དེས་དེ་དག་ལ་སྨྲས་པ། ཚེ་དང་
ལྡན་པ་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མི་དགའ་བར་སེམས་ཀྱི་བྱུང་ཞིག་དང་དེ་དགའ་བར་བྱའོ། །དེ་ནས་དེ་དག་བྱུང་སྟེ་གོས་དག་གྱོན་པ་ན་ཚེ་དང་ལྡན་པ་ཉེ་བ་འཁོར་མོས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ལྟར་དེ་དག་ཐམས་ཅད་ཆུ་ཚགས་དང་ཆུ་བུམ་དང་བཅས་
ཏེ་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་འཕགས་ཏེ་དོང་ངོ་། །དེ་བཙུན་མོ་ཕྲེང་ལྡན་མས་མཐོང་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་ཡོན་གནས་དག་གི་མཛེས་པ་ལ་གཟིགས་ཤིག་གཟིགས་ཤིག །རྒྱལ་པོས་སྨྲས་པ། ཕྲེང་ལྡན་མ་དགྲ་བཅོམ་པ་ཟག་པ་
ཟད་པ་དག་ཆུ་ལ་འཕྱར་གཡེང་གིས་རྩེ་བར་གྱུར་པ་དེ་དག་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། །ཕྲེང་ལྡན་མས་སྨྲས་པ། ལྷས་དེ་ནི་གསན་ན་བཅོམ་ལྡན་འདས་ཀྱིས་འདི་ན་ངས་དགེ་སློང་འདུག་པ་ན་འདོད་ཆགས་དང་བཅས་ཞེ་སྡང་དང་བཅས་གཏི་མུག་དང་བཅས་པར་མཐོང་ལ། དེ་ཉིད་
ལངས་པ་ན་འདོད་ཆགས་དང་བྲལ་ཞེ་སྡང་དང་བྲལ་གཏི་མུག་དང་བྲལ་བ་ཡང་མཐོང་སྟེ། དགེ་སློང་དག་དེ་ལྟ་བས་ན་སེམས་ནི་གློག་དང་འདྲ་ལ། ཏིང་ངེ་འཛིན་ནི་རྡོ་རྗེ་དང་འདྲ་བས་ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་འཇོམས་སོ་ཞེས་གསུངས་པ་དེ་མ་གསན་ནམ། རྒྱལ་པོ་ཐོས་པ་ཉུང་བས་དེ་ཅང་
མི་སྨྲ་བར་འདུག་གོ། །ཕྲེང་ལྡན་མས་ཀྱང་བསམས་པ། དགྲ་བཅོམ་པ་ཟག་པ་ཟད་པ་དག་པ་ཆུ་ལ་འཕྱར་གཡེང་གིས་རྩེ་བ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ་སྙམ་ནས། དེ་ནས་བཙུན་མོ་ཕྲེང་ལྡན་མས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལས་ཕྲིན་གྱིས་བསྙུན་གསོལ་
ཏེ། བཙུན་པ་འཕགས་པ་འདི་དག་ཆུ་ལ་འཕྱར་གཡེང་གིས་རྩེ་བར་བགྱིད་པས་རྒྱལ་པོ་གློ་བ་མི་དགའ་བར་སེམས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་ཆབ་ལ་འཕྱར་གཡེང་གིས་རྩེ་བར་མི་འགྱུར་བར་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་

ན་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མི་གསུང་བས་མི་དེ་ལ་བཙུན་མོ་ཕྲེང་ལྡན་མས་གསོལ་པ་བཞིན་དུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བཅུ་
བདུན་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་
ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆུ་ལ་རྩེ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་བཅུ་བདུན་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཆུ་ལ་རྩེ་བའོ། །དེ་ལ་ཆུ་ལ་རྩེ་ན་ཞེས་བྱ་བ་ནི་ཆུ་ལ་རྩེ་བའི་བསམ་
པས་ལུས་ཀྱི་ལས་དང་ལུས་ཀྱི་སྤྱོད་པ་དང་ལུས་ཀྱི་གཡོ་བ་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་།
ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་དང་། རྐྱལ་སློབ་པ་ཐད་ཀའམ་ལྟག་འོག་ཏུ་རྩོལ་བ་དང་། གྲང་བར་འདོད་པས་ཚ་བ་དག་ལ་རི་མོ་འདོད་པ་མ་
གཏོགས། རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་ཆུ་མ་ཡིན་པ་མ་གཏོགས་པ་ཆུའི་ཡུལ་ལ་རྩེ་བ་རྗེས་སུ་སྒྲུབ་པ་དབང་བསྐུར་བས་ནུབ་པ་ལ་སོགས་པ་མ་གཏོགས་པར་ཆུའི་ནང་དུ་ལྟེ་བ་མན་ཆད་ནུབ་པར་ཞུགས་ཤིང་འོག་ཏུ་ནུབ་པ་དང་། འབྱུང་བ་དང་ངོགས་གཞན་དུ་
རྒལ་བ་དང་། རྒྱུན་ཕྱོགས་དང་། རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་། ཆུ་ལ་རྔ་བོ་ཆེ་དང་། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་། གསེག་མ་འཁྲབ་པ་དང་། འཕེན་པ་དང་། ཁོར་ཡུག་དང་། རྡོ་རྗེ་དང་། ཁྲོན་པ་དང་། དབའ་ཀློང་དང་། ཆུ་སྲུབས་འདྲེན་པ་དག་བྱེད་དམ་བྱེད་དུ་

བཅུག་ན་ཆུ་ལ་རྩེ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཆུའི་ཡུལ་ཉིད་ལ་རྩེ་བའི་བསམ་པས་ལྟེ་བ་མན་ཆད་ནུབ་པ་ལ་ན་སྨད་པ་མེད་དོ། །རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ལ་ན་སྨད་པ་མེད་དོ། །ཞུགས་ཤིང་ནུབ་པ་དང་འབྱུང་བ་དང་། ངོགས་གཞན་དུ་རྒལ་
བ་དང་། རྒྱུན་ཕྱོགས་དང་། རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་། ཆུ་ལ་རྔ་བོ་ཆེ་དང་། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་། གསེག་མ་འཁྲབ་པ་དང་། འཕེན་པ་དང་། ཁོར་ཡུག་དང་། རྡོ་རྗེ་དང་། ཁྲོན་པ་དང་། དབའ་ཀློང་དང་། ཆུ་སྲུབས་འདྲེན་པ་དག་ལ་ན་སྨད་པ་མེད་
དོ། །དེ་དག་བྱེད་དམ་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་དང་། ཆུའི་ཡུལ་ལ་རྩེ་བས་རྗེས་སུ་སྒྲུབ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་
འདུན་པ་ཉིད་དང་། ཆུའི་ཡུལ་ཉིད་དང་། ལྟེ་བ་ནུབ་པ་ཉིད་དང་། རྩེ་བས་རྗེས་སུ་སྒྲུབ་པ་ཉིད་དང་། བྱེད་དམ་བྱེད་དུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཆུ་ལ་རྩེ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་
དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བེམ་ཏོལ་གྱིས་བརྡེག་ན་ཉེས་བྱས་སོ། །ཆུར་མ་ཞུགས་པར་རྩེ་བ་ཐམས་ཅད་ལ་ཉེས་བྱས་སོ། །བུམ་པ་དང་། ཕྲུ་བ་དང་། རིལ་བ་དང་། ཁམ་ཕོར་
དང་། བུ་རམ་ཤིང་བཙིར་བའི་ཁུ་བ་འཛག་པ་དང་། སྲན་ཚོད་དང་། འུ་ཤ་དང་། ཐང་ཚ་བ་ཉིད་ཡོད་པ་ལ་ཉེས་བྱས་སོ། །ཆུ་མ་ཡིན་པ་ལ་རྩེ་བ་ཡང་ཉེས་བྱས་སོ། །ཆུ་མ་ཡིན་པ་ལ་རྩེ་བ་བྱེད་དུ་འཇུག་ན་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་
སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ། །རྐྱལ་སློབ་པ་ཐད་ཀའམ། ལྟག་འོག་ཏུ་རྩོལ་བ་ལ་ལྟུང་བ་མེད་དོ། །ཁུ་ཚན་ལ་སོགས་

པ་གྲང་བར་འདོད་པས་ཚ་བ་དག་ལ་དཀྲུགས་པ་ལ་སོགས་པས་རི་མོ་འདོད་པ་ལ་ལྟུང་བ་མེད་དོ། །དབང་བསྐུར་བ་ལ་སོགས་པས་ནུབ་པ་ལ་ལྟུང་བ་མེད་དོ། །རྒལ་བས་ནུབ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་།
ཚོར་བ་དག་གིས་ཉན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སིམ་པར་འདོད་པས་རྒལ་བ་ལ་སོགས་པ་བྱའོ། །རྐྱལ་སློབ་པས་
ཐད་ཀའམ་ལྟག་འོག་ཏུ་བཙལ་བར་བྱའོ། །གྲང་བར་འདོད་པས་ཚ་བ་དག་ལ་རི་མོ་གདོད་པར་བྱའོ། །རྒོད་པ་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་མི་བསྐྱེད་དོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དེ་དྲུག་ཅུ་བཞི་པ་བཤད་ཟིན་ཏོ།། །།བུད་མེད་
དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མ་འགགས་པས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བྱས་ཤིང་། དེས་རྣམ་པར་གྲོལ་བའི་བདེ་བ་ཉམས་སུ་མྱོང་བའི་ཚེ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་ཕན་པ་མཛད་པ། ལེགས་པར་མཛད་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བར་མཛད་པ། བདེ་བའི་ཆོས་མང་
པོ་བསྒྲུབ་པར་མཛད་པ། སྡིག་པ་མི་དགེ་བའི་ཆོས་མང་པོ་སེལ་བར་མཛད་པ། དགེ་བའི་ཆོས་མང་པོ་སྒྲུབ་པར་མཛད་པ་ཡིན་ན་བདག་གིས་དེ་ལ་ཇི་ཞིག་བྱས་ན་ལན་བྱས་པ་དང་། ཉེ་བར་བྱས་པ་དང་། རབ་ཏུ་བྱས་པར་འགྱུར་སྙམ་ནས་ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་
ལྡན་འདས་རྣམས་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་ཕྱིར་ཡིན་པས་བདག་གིས་ཀྱང་གདུལ་བའི་

བྱ་བ་ཅུང་ཞིག་བྱའོ་སྙམ་ནས་བཅོམ་ལྡན་འདས་ལ་ཞུས་ཏེ་ལྗོངས་རྒྱུར་སོང་ངོ་། །རི་བྲགས་ཞིག་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་ནས་དེས་བུ་དེ་གཉིས་ཀྱི་ཁྱིམ་ཕུབ་ཅིང་བུ་མོ་དེ་ཡང་བག་མར་བཏང་ངོ་། །དུས་གཞན་ཞིག་ན་ཁྱིམ་བདག་དེ་ཡང་དུས་ལ་བབ་དེའི་
བུ་མོ་དེ་ཡང་ཁྱོ་ཤི་བར་གྱུར་ནས། མིང་པོ་གཉིས་ཀྱི་ཁྱིམ་ན་གནས་པའི་ཚེ་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་ལས་ཁྱེའུ་སྤྱི་རྟོལ་ཅན་ཞེས་བྱ་བ་ཞིག་བྱུང་ནས། དེའི་མ་ཡང་སྤྱི་རྟོལ་ཅན་གྱི་མ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་མ་འགགས་པ་ལྗོངས་རྒྱུ་ཞིང་འགྲོ་བ་
ན་རི་བྲགས་དེར་ཕྱིན་ནས། དགྲ་བཅོམ་པ་རྣམས་ཀྱི་ཆོས་ཉིད་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དེ་དེར་སོང་སྟེ་བསྟི་གནས་བརྙས་ནས་དེར་འདུག་པ་དང་། དེས་དེའི་རྐང་པ་བཀྲུ་བའི་ཆུ་དང་། རྐང་པ་བཀྲུ་བ་དང་དུས་མ་ཡིན་པའི་ཟས་བསྟབས་པ་དག་ནི་དེས་བླངས་སོ། །དེས་
དེའི་གནས་མལ་བཤམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་མལ་དེར་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲངས་ཏེ་དྲན་པ་ཕྱོགས་པར་བཞག་ནས་འདུག་གོ། །དེ་དེའི་གན་དུ་མཚན་མོ་ཐུན་དང་པོ་དང་ནམ་ཕྱེད་ནས་འོངས་ཏེ་བུད་མེད་ཀྱི་གཡོ་དག་ཉེ་བར་བསྟན་པར་བརྩམས་པ་དང་། ཚེ་དང་ལྡན་
པ་མ་འགགས་པ་དབང་པོ་དག་འབེབས་པར་བྱེད་དོ། །དེས་འཁྱུད་པར་བརྩམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་གསལ་བ་དང་ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་
བརྩམས་ནས་བུད་མེད་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་ཏེ། དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ན་བུད་མེད་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་
ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུས་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་བྱས་པས་དེས་བདེན་པ་མཐོང་ནས། ཕྱི་དེ་ཉིན་པར་འཕགས་པ་མ་འགགས་པ་སྒོ་བཅད་དེ་གདུགས་ཚོད་གསོལ་ནས་

ཆོས་སྟོན་པའི་ཚེ་དེའི་མིང་པོ་གཉིས་མི་ཞིག་དང་ལྷན་ཅིག་ཐབ་མོ་བྱུང་བ་ན་མི་དེ་ན་རེ་ཁྱེད་གཉིས་ཀྱང་སྨྲའམ་ཁྱེད་གཉིས་ཀྱི་སྲིང་མོ་ཡ་མཚན་ཅན་སྣ་ཚོགས་དང་ལྡན་པའི་མཆོད་སྦྱིན་བྱེད་པས་ཤཱཀྱའི་བུའི་དགེ་སྦྱོང་ཡང་མ་བཏང་སྟེ། ཤཱཀྱའི་བུའི་དགེ་སྦྱོང་ཁར་རྩང་ཞུགས་ན་ད་
དུང་ཡང་མ་བྱུང་ངོ་ཞེས་ཟེར་རོ། །དེ་གཉིས་ཀྱིས་བསམས་པ་བདག་ཅག་གཉིས་གང་ཅུང་ཟད་མིས་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི་འདིའི་ལེ་ལེན་ཡིན་གྱི་དེ་གསོད་དུ་འདོང་ངོ་སྙམ་ནས་རལ་གྲི་ཤུབས་ནས་ཕྱུང་སྟེ་དེའི་ཁྱིམ་ག་ལ་བ་དེ་ལོགས་སུ་ཕྱོགས་ཏེ་བརྒྱུགས་པ་དང་སྲོག་ཆགས་བརྒྱ་
སྟོང་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི་ལྟད་མོ་སྐྱེད་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་ངོ་། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། སྲིང་མོ་ཁོ་བོ་ཕྱིར་བྱུང་གི་ཁྱོད་ཀྱིས་སྒོ་ཆོད་ཅིག །དེ་ཕྱིར་བྱུང་བ་དང་དེས་སྒོ་བཅད་
དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་དག་བྱ་བར་བརྩམས་ནས་ཤོད་དུ་བབས་ཏེ་ཆོས་བསྟན་པས་སྲོག་ཆགས་ཉི་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་སོ། །རི་བྲགས་དེ་དང་ཧ་ཅང་མི་རིང་
བ་ན་སྐྱེད་མོས་ཚལ་ཞིག་ཡོད་པ་དེར་མཚན་མོ་གནས་པར་ཁས་བླངས་པའི་ཚེ་ཆོམ་རྐུན་པ་ལྔ་བརྒྱ་ཙམ་དེར་ལྷགས་པ་དག་ལ་ཡང་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་སོ། །རི་བྲགས་དེ་དག་ཏུ་ཆོས་བསྟན་པས་སྲོག་ཆགས་ཁྲི་ཉིས་སྟོང་གིས་ཀྱང་འཕགས་པའི་འབྲས་བུ་
ཐོབ་པར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཆོམ་རྐུན་པ་ལས་བདེན་པ་མཐོང་བའི་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་བཅོམ་ལྡན་འདས་ལ་གདུལ་བའི་སྐྱེས་སུ་ཁྲིད་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་དགེ་སློང་ཚུར་ཤོག་ཅེས་བྱ་
བས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པ་མཛད་ནས་དེ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་དྲིས་པ། ཚེ་དང་ལྡན་པ་མ་འགགས་པ་ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཅུང་ཟད་ནི་བདེ་བར་བརྒྱུས། ཅུང་

ཟད་ནི་སྡུག་བསྔལ་བར་ཡང་བརྒྱུས་སོ། །ཇི་ལྟར་འདིར་རེ་ཞིག་གདུལ་བའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་བདེ་བར་བརྒྱུས་པ་ཡིན་ནོ། །ཧད་པོར་དེའུ་གསད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བར་བརྒྱུས་པ་ཡིན་ནོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་
སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་ཁྱོད་བུད་མེད་དང་ལྷན་ཅིག་ཉལ་དུ་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་བྱུང་བར་གྱུར་ཏོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ཞེས་སྨོད་པར་བྱེད། ཕྱར་ཀ་
གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་མ་འགགས་པ་ལ་རྨས་ནས། མི་བརྩོན་པ་དང་། མི་སྦྱོར་
བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དེ། བརྩོན་པ་དང་སྦྱོར་བ་དང་བརྟགས་ཏེ་སྤྱད་པའི་བསྔགས་པ་བརྗོད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་
གང་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་གང་ཟག་ནི་ཚེ་དང་ལྡན་པ་མ་འགགས་པ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བསམས་པར་ཤེས་པ་དང་། མཐོང་བ་མི་འཇུག་པའོ། །ཉེས་པ་ནི་བུད་མེད་དང་ལྷན་ཅིག་གནས་
གཅིག་ཏུ་ཉལ་བའོ། །དེ་ལ་ཡང་དགེ་སློང་གང་ཞིག་ཅེས་བྱ་བ་ནི་ཆོས་འདི་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་དེའོ། །གནས་གཅིག་ཏུ་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་
གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་འཁོར་

གྱི་ཁྱམས་དང་ཁང་པ་བརྩེགས་པ་དག་གོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐར་བ་ནི་སྒོ་བཅུ་པ་དང་བཅུ་གཉིས་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་
ཁྱམས་ངོས་གསུམ་པ་དང་འཁོར་གྱི་ཁྱམས་དག་གོ། །ཉལ་ན་ཞེས་བྱ་བ་ནི་མཚན་མོ་གློས་ཕབ་སྟེ་ཉལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་
མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་མིའི་འགྲོ་བའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ལྷན་ཅིག་གནས་གཅིག་ཏུ་
མཚན་མོ་གཉིད་ལོག་ན་སྐྱ་རེངས་འཆར་བའི་མཐར་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །མིའི་འགྲོ་བའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་ལ་ན་སྨད་པ་མེད་དོ། །གནས་གཅིག་གི་ཁོངས་སུ་གཏོགས་པ་ཉིད་ལ་ན་
སྨད་པ་མེད་དོ། །མཚན་མོ་སྐྱ་རེངས་འཆར་བའི་མཐའ་ལ་ན་སྨད་པ་མེད་དོ། །གཉིད་ལོག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པོ་ནི་མིའི་འགྲོ་བའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ།
མིའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དང་ལྷན་ཅིག་གནས་གཅིག་པ་ཉིད་དང་། མཚན་མོ་ཉིད་དང་། གཉིད་ལོག་པ་ཉིད་དང་། སྐྱ་རེངས་ཤར་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །
སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མིའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་

འཁྲིག་པའི་ཆོས་བསྟེན་མི་ནུས་པ་ལ་ཉེས་བྱས་སོ། །མཚན་མོ་མ་ཡིན་པ་དང་། སྐྱ་རེངས་མ་ཤར་བ་དང་། ལྷན་ཅིག་གནས་གཅིག་པ་ཉིད་མ་ཡིན་པ་དང་། གཉིད་མ་ལོག་པ་ལ་ཉེས་བྱས་སོ། །མ་ནིང་ཕོ་དང་། མ་ནིང་མོ་དང་། མཚན་གཉིས་པ་དང་། མི་མ་ཡིན་པའི་འགྲོ་བར་གཏོགས་
པ་ལ་ཉེས་བྱས་སོ། །དེ་དག་གི་བོང་ཚོད་བྱ་གག་གི་ཚད་ཀྱི་མཐའ་ཡན་ཆད་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་
བུད་མེད་དང་། མ་ནིང་ཕོ་དང་། མ་ནིང་མོ་དང་། མཚན་གཉིས་པ་དང་། མི་མ་ཡིན་པའི་འགྲོ་བར་གཏོགས་པ་མོ་ཉིད་མ་ཡིན་པ་ལ་ལྟུང་བ་མེད་དོ། །ཁྱིམ་ཐབ་ཀྱིས་བསྲུངས་པ་ལ་ལྟུང་བ་མེད་དོ། །སྲུང་བ་དགེ་སློང་གཞག་པ་ལ་ལྟུང་བ་མེད་དོ། །སྐས་བསྡུས་སམ། སྒོ་གཏན་བཅུག་
གམ། སྒོ་བཅད་དམ་རེ་ལྡེ་ལ་སོགས་པས་བསྐོར་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བུད་མེད་དང་ལྷན་ཅིག་
ཉལ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་བར་ཁང་ན་ཉལ་ཞིང་བུད་མེད་འོག་ཁང་ན་ཉལ་ལམ། དགེ་སློང་སྟེང་ཁང་ན་ཉལ་ཞིང་བུད་མེད་བར་ཁང་ན་ཉལ་ལམ། དགེ་སློང་བར་ཁང་ན་ཉལ་ཞིང་བུད་མེད་སྟེང་ཁང་ན་ཉལ་ལམ། དགེ་སློང་འོག་
ཁང་ན་ཉལ་ཞིང་བུད་མེད་བར་ཁང་ན་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །དགེ་སློང་གནས་ཁང་ན་ཉལ་ཞིང་བུད་མེད་ཁྱམས་ན་ཉལ་ན་དགེ་སློང་དེས་སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་
དགེ་སློང་གཞག་པར་བྱའོ། །དགེ་སློང་ཁྱམས་ན་ཉལ་ཞིང་བུད་མེད་གནས་ཁང་ན་ཉལ་ན་དགེ་སློང་དེས་སྒོ་ཕྱི་རོལ་ནས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །དགེ་སློང་སྒོ་ཁང་ན་ཉལ་ཞིང་བུད་མེད་བང་རིམ་ན་ཉལ་ན་དགེ་སློང་དེས་སྒོ་ནང་ནས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་

གཞག་པར་བྱའོ། །དགེ་སློང་བང་རིམ་ལ་ཉལ་ཞིང་བུད་མེད་སྒོ་ཁང་ན་ཉལ་ན་དགེ་སློང་དེས་སྒོ་ཕྱི་རོལ་ནས་སྒོ་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །དགེ་སློང་བ་ལང་གི་ལྷས་སམ། ཕྱུགས་ལྷས་ན་ཉལ་ཞིང་བུད་མེད་ནང་ངམ་ཉེན་འཁོར་ན་ཉལ་ན་
དགེ་སློང་དེས་ཕྱོགས་དེ་རེ་ལྡེ་དག་གམ་གསེག་མ་དག་གམ་ཡལ་ག་དག་གིས་བསྐོར་བར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་དེ་དྲུག་ཅུ་ལྔ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་
འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་བདུན་པ། སྔངས་པར་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་
པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་དེ་དག་ལ་སྨྲས་པ་བཅུ་བདུན་སྡེ་དག་ཚུར་ཤེག་འདི་
དང་འདི་དག་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱོད་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ། མཁན་པོ་ཡིན་ནམ་ཅི་མི་བྱེད་དོ། །འཆར་ཀས་སྨྲས་པ། གླེན་པ་དག་འོ་ན་གཞན་ཅི་བྱེད་ཅེས་དེས་དེ་དག་གཉའ་བ་ནས་བཟུང་ནས་བསྐྲད་དོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་
ཅག་དྲུག་སྡེ་དག་གིས་གང་ཅུང་ཟད་བརྙས་པར་འགྱུར་བ་དེ་དག་ཐམས་ཅད་ནི་བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱི། བདག་ཅག་ཐོས་པ་འཛིན་དུ་འདོང་བ་དང་། དེས་ན་ཕྱིན་ཆད་དྲུག་སྡེ་དག་ལ་ཅུང་ཟད་ཀྱང་དྲི་བར་མི་བྱའོ་ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་དོང་སྟེ་སྨྲས་པ། བཙུན་
པ་བདག་ཅག་ཀློག་ཏུ་སྩོལ་ཅིག །དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་དེ་ལ་ཀླག་པར་བརྩམས་སོ། །ཉེ་དགས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེ་བར་བདག་ཅག་ལ་རྟེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །འཆར་ཀས་སྨྲས་པ། དེ་དག་ཁོ་བོས་

བསྐྲད་ནས་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་གི་སྦྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བར་གྱུར་པ་དེ་སྲིད་དུ་དེ་དག་བདག་ཅག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱི། གང་གི་ཚེ་དེ་དག་མང་
དུ་ཐོས་པར་གྱུར་ཅིང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་ན་དེ་དག་བདག་ཅག་ལ་གནོད་པ་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་ཅི་ནས་ཀྱང་དེ་དག་གིས་མ་རྟོགས་པ་ཡང་རྟོགས་པར་མི་
འགྱུར་ཞིང་། རྟོགས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟར་བྱའོ། །བཅུ་བདུན་སྡེ་དག་ཀྱང་མེ་ཁང་དུ་མར་མེ་བཙུགས་ཏེ་ཁ་ཏོན་བྱ་བར་བརྩམས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ་ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ་གྱོན་ནས་མེ་ཁང་དུ་ཞུགས་ཏེ་མར་མེ་བསད་ནས་འབྱུང་པོ་འབྱུང་
པོ་ཞེས་སྨྲས་པ་དང་དེ་དག་སྔངས་ཤིང་སྐྲག་ནས་མེ་ཁང་ནས་ཕྱིར་བྱུང་སྟེ་མཐའ་གཅིག་ཏུ་འཁོད་དོ། །དེ་དག་སློབ་དཔོན་གྱིས་མཐོང་ནས་དེས་སྨྲས་པ། གཞོན་ནུ་དག་ཅིའི་ཕྱིར་ཁ་ཏོན་མི་བྱེད་པར་ཁ་རོག་སྟེ་འཁོད། དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་མི་མ་ལགས་
པས་གཙེས་སོ། །དེས་བསམས་པ་རྒྱལ་བྱེད་ཀྱི་ཚལ་གནོད་སྦྱིན་གོས་སྔོན་པོ་གྱོན་པ་ལྔ་བརྒྱས་རྟག་ཏུ་མི་གཏོང་བས་འདི་ན་མི་མ་ཡིན་པ་ཡོད་རེ་སྐན། ལྷུང་བཟེད་ནག་པོ་ཅན་གནས་ངན་ལེན་ཀུན་དུ་སྤྱོད་པ་འགའ་ཞིག་གིས་འདི་དག་བསྡིགས་སོ་སྙམ་ནས་དེས་སྨྲས་པ། གཞོན་ནུ་
དག་ཁྱེད་ཅག་མི་མ་ཡིན་པ་དེ་དག་འཛིན་པར་འདོད་དམ། འཚལ་ལོ། །དེས་སྨྲས་པ། གཞོན་ནུ་དག་མེ་ཁང་གི་གྲྭ་བཞིར་མར་མེ་བཙུགས་ཏེ། རྫ་མས་ཁོབ་ལ་དབུས་སུ་མར་མེ་ཚུགས་ལ་ཁ་ཏོན་གྱིས་ཤིག་དང་། གལ་ཏེ་དེ་འོངས་ཏེ་དབུས་ཀྱི་མར་མེ་བསད་ནས་འབྱུང་པོ་འབྱུང་པོ་ཞེས་
ཟེར་བ་ན་སྒོ་ཆོད་ལ་མེ་ཁང་གི་གྲྭ་བཞིར་མར་མེ་ཕྱེ་ལ་ཟུང་ཤིག །དེ་དག་གིས་དེ་ལྟར་བྱས་པ་དང་། ཅི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ་ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ། གྱོན་ཏེ་མེ་ཁང་དུ་ཞུགས་ཏེ་དབུས་ཀྱི་མར་མེ་བསད་ནས་འབྱུང་པོ་འབྱུང་པོ་ཞེས་སྨྲས་པ་དང་། དེ་དག་གིས་སྒོ་བཅད་ནས་མེ་

ཁང་གི་གྲྭ་བཞིར་མར་མེ་ཕྱེ་སྟེ་བཟུང་ནས་བརྡེག་པར་བརྩམས་པ་དང་། དེས་སྨྲས་པ། འཆར་ཀའོ་འཆར་ཀའོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱི་སྙིང་ལམ་ན་འཆར་ཀ་ཁོ་བོ་ཅག་གི་གྲོགས་པོ་ཡིན་པས་དེ་ཡིན་ནོ་ཞེས་བྱས་ན་གཏང་བར་འགྱུར་སྙམ་མམ། ཤི་
དྲོད་ཀྱིས་མ་བཟུང་གི་བར་དུ་མི་གཏོང་ངོ་། །དེ་དག་གིས་ཡང་སྨྲས་པ། ཚེ་དང་ལྡན་པ་དག་མི་མ་ཡིན་པ་ནི་ཤིན་ཏུ་ཡང་ཆེན་པོ་ཞིག་བསད་ཀྱང་ཉེས་པ་སྦོམ་པོར་འགྱུར་བར་ཟད་པར་བདག་ཅག་གིས་ལྟུང་བ་མཐོལ་ཞིང་བཤགས་པར་བྱས། ཏེ་པོར་བརྡེག་གོ་ཞེས་དེ་དག་གིས་ཏེ་བོར་
ཏལ་ཏལ་ཏེ་བཏང་ནས་འཆར་ཀས་འཕྱེས་འཁྲུད་དེ་རང་གི་གནས་སུ་ཕྱིན་ནས། དེའི་ཕྱི་དེ་ཉིན་པར་ལུས་དག་འབྲུ་མར་གྱིས་བསྐུ་མཉེ་བྱས་ནས་ཁྲི་ལ་ཉལ་ཞིང་འདུག་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཅི་ཉེས། འཆར་ཀས་སྨྲས་པ། ཚེ་དང་
ལྡན་པ་དག་ཁོ་བོས་ཀུ་རེ་ཅུང་ཞིག་བྱས་ནས་ཉེས་དམིགས་འདི་ལྟ་བུ་བྱུང་བར་གྱུར་ཏོ། །ཅི་བྱས། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱོད་དགེ་སློང་ལ་སྔངས་པར་བྱེད་དུ་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་
བུ་བྱུང་བར་གྱུར་ཏོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་སྔངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་
དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་
དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུད་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ། །

ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་དགེ་སློང་ལ་སྔངས་པར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །
སྔངས་པར་བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྔངས་པར་བྱེད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཐ་ན་ཀུ་རེ་བྱ་བར་བསམས་ཀྱང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་
ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་བཞད་གད་བྱ་བར་
བསམས་པས་ཀྱང་རུང་ཁྲོ་བ་སྔོན་དུ་བཏང་བས་ཀྱང་རུང་སྟེ་སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་སྒྲུབ་པ་སྔོན་དུ་བཏང་བ་འཇིགས་པར་བྱེད་པ་ཡིད་དུ་མི་འོང་བ་འདི་ལྟ་སྟེ་དཔེར་ན། ཡི་དགས་སམ། ཤ་ཟའམ། གྲུལ་བུམ་མམ། ལུས་སྲུལ་པོའི་གཟུགས་ལ་བ་ནག་པོའམ། སོལ་
བའམ། ཀ་བ་ཚིག་པ་ལྟ་བུ། སྒྲ་སེང་གེའམ། སྟག་གམ། གུང་ངམ། མཚའ་འམ། གཟིག་གམ། ཝའི་སྐད་ལྟ་བུའམ། དྲི་བཤང་བའམ། གཅི་བའམ། རའམ། རའི་ཟེ་བའི་དྲི་ལྟ་བུ། རེག་པ་སྲེག་གམ། རེ་ལྡེ་འམ་ཕྱར་བའི་རེག་པ་ལྟ་བུ་དག་འདི་ན་ཡོད་དོ་ཞེས་དགེ་སློང་ལ་བདག་
ཉིད་ཀྱིས་གོ་བར་བྱེད་དམ། གཞན་གྱིས་ཀྱང་གོ་བར་བྱེད་དུ་བཅུག་ན་འཇིགས་པ་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། སྐྱོ་བར་བྱེད་པའི་ཆེད་ཉིད་མ་གཏོགས་ཏེ། སྔངས་པར་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བཞད་གད་བྱ་བར་བསམས་པ་དང་། ཁྲོ་བ་སྔོན་དུ་བཏང་བ་ལ་ན་སྨད་པ་
མེད་དོ། །སྔངས་པར་འདོད་པ་དང་། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་སྔོན་དུ་བཏང་བ་ལ་ན་སྨད་པ་མེད་དོ། །འཇིགས་པར་བྱེད་པ་ཡིད་དུ་མི་འོང་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འཇིགས་པར་བྱེད་པ་ཡིད་དུ་མི་འོང་བ་འདི་ལྟ་སྟེ་དཔེར་ན། ཡི་དགས་སམ། ཤ་ཟ་དང་། གྲུལ་བུམ་

དང་། ལུས་སྲུལ་པོ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་གི་གཟུགས་ལ་བ་ནག་པོ་དང་། སོལ་བ་དང་ཀ་བ་ཚིག་པ་ལྟ་བུ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་གི་སྒྲ་སེང་གེ་དང་། སྟག་དང་། གུང་དང་། མཚའ་དང་། གཟིག་དང་། ཝའི་སྐད་
ལྟ་བུ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་གི་དྲི་བཤང་བ་དང་། གཅི་བ་དང་། ར་དང་། རའི་ཟེ་བའི་དྲི་ལྟ་བུ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་གི་རེག་པ་གསེག་དང་། རེ་ལྡེ་དང་། ཕྱར་བའི་རེག་པ་ལྟ་བུ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གོ་བར་བྱ་བའི་དགེ་སློང་
གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདི་ན་ཡོད་དོ་ཞེའམ། ཕ་གི་ན་ཡོད་དོ་ཞེས་ཟེར་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་གིས་ཁྱོད་ཁྲིད་པར་འགྱུར། གསོད་པར་འགྱུར། སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཟེར་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བདག་
ཉིད་གོ་བར་བྱེད་དམ་གཞན་གྱིས་གོ་བར་བྱེད་དུ་བཅུག་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འཇིགས་པ་སྐྱེས་པའམ་མ་སྐྱེས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །སྐྱོ་བར་བྱེད་པའི་ཆེད་ཉིད་མ་གཏོགས་པར་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྔངས་པར་
འདོད་པ་དང་ཡིད་དུ་མི་འོང་བ་ཉིད་དོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ་བཞད་གད་བྱ་བར་བསམས་པའམ། ཁྲོ་བ་སྔོན་དུ་བཏང་བའི་བསམས་པ་གང་ཡང་རུང་བ་ཉིད་དང་། སྔངས་པར་འདོད་པ་ཉིད་དང་། འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་གང་ཡང་རུང་བ་
ཉིད་དང་། ཕ་རོལ་པོ་སྔངས་པར་བྱ་བ་དགེ་སློང་ཉིད་དང་། བདག་ཉིད་དམ་གཞན་གང་ཡང་རུང་བས་གོ་བར་བྱེད་པ་ཉིད་དང་། ཕ་རོལ་པོ་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་
སྔངས་པར་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཡིད་དུ་འོང་བའི་རྒྱུ་ཉེ་བར་བསྒྲུབ་པ་སྒྲོགས་པ་ལ་ཉེས་བྱས་སོ། །ཡིད་དུ་འོང་བ་འདི་ལྟ་སྟེ་དཔེར་ན། ལྷ་

དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དབང་ཆེ་བར་གྲགས་པ་གང་ཡང་རུང་བ་དག་ལ་ཉེས་བྱས་སོ། །དེ་དག་གི་གཟུགས་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དང་། རྒྱལ་པོ་དང་བློན་པོ་ལྟ་བུ་གང་ཡང་རུང་བ་ལ་ཉེས་བྱས་སོ། །དེ་
དག་གི་སྒྲ་པི་ཝང་དང་། འོད་མ་དང་། བ་ལ་རི་དང་། མ་ཧ་ཏི་དང་། སུ་གྷོ་ཥ་ཀ་ལྟ་བུ་གང་ཡང་རུང་བ་ལ་ཉེས་བྱས་སོ། །དེ་དག་གི་དྲི་ཨ་ཀ་རུ་དང་། ཙན་དན་དང་། གུར་ཀུམ་དང་། ཏ་མ་ལའི་ལོ་མ་ལྟ་བུ་གང་ཡང་རུང་བ་ལ་ཉེས་བྱས་སོ། །དེ་དག་གི་རེག་པ་དར་དང་། རས་ཡུག་ཆེན་
དང་། བེའུ་རས་དང་། དར་ལ་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་ལྟ་བུ་གང་ཡང་རུང་བ་ལ་ཉེས་བྱས་སོ། །གོ་བར་བྱ་བ་དགེ་སློང་མ་ཡིན་པ་ལ་ཉེས་བྱས་སོ། །དེ་དག་འདི་ན་ཡོད་དོ་ཞེའམ་ཕ་གི་ན་ཡོད་དོ་ཞེས་ཟེར་བ་གང་ཡང་རུང་བ་ལ་ཉེས་བྱས་སོ། །དེ་དག་གིས་ཁྱོད་
ལ་ཡིད་དུ་འོང་བའི་རྒྱུ་ཉེ་བར་བསྒྲུབ་པར་འགྱུར་རོ་ཞེས་ཟེར་བ་གང་ཡང་རུང་བ་ལ་ཉེས་བྱས་སོ། །དེ་དག་བདག་ཉིད་ཀྱིས་གོ་བར་བྱེད་དམ། གཞན་གྱིས་གོ་བར་བྱེད་དུ་བཅུག་པ་གང་ཡང་རུང་བ་ལ་ཉེས་བྱས་སོ། །ཡིད་དུ་འོང་བའི་རྒྱུས་དགའ་བ་སྐྱེས་པའམ། མ་སྐྱེས་པ་གང་ཡང་རུང་བ་ལ་
ཉེས་བྱས་སོ། །དེ་དག་གིས་སྐྱོ་བར་བྱེད་པའི་ཆེད་ཉིད་མ་གཏོགས་པ་གང་ཡང་རུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་སྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་
མེད་པ་ནི་སྐྱོ་བར་བྱ་བའི་ཆེད་ཉིད་ལ་ལྟུང་བ་མེད་དོ། །དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་ལ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ཀྱི་གཏམ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་
དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྔངས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྐྱོ་བར་བྱ་བའི་ཆེད་ཉིད་དུ་དེ་དག་བསྒྲག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྔངས་པར་

བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་དྲུག་པ་བཤད་ཟིན་ཏོ།། །།སྦེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་
དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད་བསྙེན་པར་བྱེད་བསྙེན་བཀུར་བྱེད་དོ། །
ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་གཤེགས་སོ། །དྲུག་སྡེ་དག་དང་བཅུ་བདུན་སྡེ་དག་ཕྱི་བཞིན་འབྲང་ཞིང་འདོང་ངོ་། །དེའི་ལམ་ཀ་ན་རྫིང་བུ་ཆུས་གང་བ་
ཞིག་འདུག་ནས་དྲུག་སྡེ་དག་གིས་བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཀྱེ་མ་ཁྱེད་ཅག་དང་ཁོ་བོ་ཅག་ལྷན་ཅིག་ཏུ་འགྲན་པ་ཡིན་ན་ཚུར་ཤེག་འུ་བུ་ཅག་ཆུའི་ནང་དུ་གང་ཡུན་རིང་དུ་ནུབ་ཅིང་འདུག་ཕོད་པ་ལྟའོ། །དེ་དག་གིས་སྨྲས་པ། དེ་ལྟར་བྱའོ་ཞེས་དེ་དག་ཐམས་ཅད་ཆུར་ཞུགས་
པ་དང་། ཉེ་དགའ་ཆུ་ནས་བྱུང་སྟེ་བཅུ་བདུན་སྡེ་དག་གི་གོས་དག་ས་འབུས་པ་ཞིག་གི་འོག་ཏུ་སྦས་པ་དང་། དྲུག་སྡེ་དག་མྱུར་བ་མྱུར་བར་རྫིང་བུའི་ནང་ནས་བྱུང་སྟེ། གོས་དག་གྱོན་ནས་སོང་ངོ་། །བཅུ་བདུན་སྡེ་དག་ཆུའི་སྟེང་དུ་བྱུང་བ་དང་། དྲུག་སྡེ་དག་མི་སྣང་ནས་དེ་དག་གིས་བདག་
ཅག་ཕམ་པར་གྱུར་ན་མི་རུང་ངོ་ཞེས་དེ་དག་ཡང་ཆུའི་འོག་ཏུ་ཞུགས་སོ། །དེ་དག་ཡང་དང་ཡང་དུ་སྟེང་དུ་བྱུང་སྟེ་བལྟས་ན་དྲུག་སྡེ་དག་མི་སྣང་ནས་དེ་ད་དུང་ཡང་ཆུའི་འོག་ཏུ་འདུག་གོ་སྙམ་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དྲུག་སྡེ་དག་གིས་གོས་དག་སྦས་ཏེ་འདོང་ངོ་ཞེས་
བགྲོས་པ་དང་། ཅི་ཙམ་ན་གོས་གཅིག་ཀྱང་མི་སྣང་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་དག་གིས་བདག་ཅག་ལ་མཐོ་བཙམས་སོ་ཞེས་དེ་དག་རྫིང་བུ་ནས་བྱུང་སྟེ་མཐའ་གཅིག་ཏུ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་ལྔ་

བརྒྱ་དང་། ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་ཕྱོགས་དེར་འོངས་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དག་གིས་གོས་དག་ཕྱུང་སྟེ་དེ་དག་ལ་བྱིན་ནོ། །དེ་ནས་དེ་དག་དགེ་སློང་དག་གི་ནང་དུ་དོང་ནས་གོས་བཤུས་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་ཁོ་བོ་ཅག་ལ་མཁན་པོས་མ་དགོངས་
སུ་ཟིན་ན་ཁོ་བོ་ཅག་གི་ཟན་གཅད་པར་བྱས་པར་འགྱུར་རོ། །ཅིའི་ཕྱིར་དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་གི་གོས་དག་སྦེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་
དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་
ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ན་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ངམ་
དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དང་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་
ནི་དྲུག་སྡེ། ཉོན་མོངས་པ་ནི་མཐོ་བཙམས་པ། ཉེས་པ་ནི་རབ་ཏུ་བྱུང་བའི་ཡོ་བྱད་སྦེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་གི་ལག་ཏུ་
གོས་གཏམས་ནས་འཇིགས་པ་བྱུང་བ་དང་། དགེ་སློང་དེས་རང་གི་གོས་དག་ནི་སྦས། དགེ་སློང་དེའི་གོས་དག་ནི་མ་སྦས་པ་དང་། དེ་དག་མ་བྱིན་པར་ལེན་པ་དག་གིས་ཕྲོགས་ནས། དགེ་སློང་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེའི་ཤས་ཆེ་བ་
དང་། དེ་དང་མཐུན་པ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅའ་བ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཡང་དགེ་སློང་གང་དག་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་
མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དོན་ཉུང་ངུ་དག །ཉོན་མོངས་པ་དང་ཉེས་པ་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ངམ། དགེ་སློང་མའམ་
དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །ལྷུང་བཟེད་ཅེས་བྱ་བ་ནི་ལྷུང་བཟེད་ཉིད་དོ། །གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དོ། །ཕོར་བུ་ཞེས་བྱ་བ་ནི་ཁ་ཕོར་རོ། །སྐ་རགས་ཞེས་བྱ་བ་ནི་ཤུར་བུ་དང་།
ལྕག་བོད་དང་རྒྱ་ཅང་དང་ཤུར་བུ་ཕྲེའུའོ། །དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བའོ་ཞེས་བྱ་བ་ནི་དེ་དག་ལས་གཞན་གང་ཡང་རུང་བའོ། །སྦེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྦེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་ཕན་པར་འདོད་པས་སྦེད་པ་དེ་འདྲ་
བའི་རྐྱེན་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་

ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་དང་། །ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་བཅུག་ན་ཕན་
པར་འདོད་པས་སྦེད་པ་མ་གཏོགས་ཏེ་སྦེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལ་རབ་ཏུ་བྱུང་བ་དགེ་སློང་ངམ་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་དབང་བའི་
ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དག་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་ཚད་དང་ལྡན་པ་དང་རུང་བ་ལ་ན་སྨད་པ་མེད་དོ། །རང་གིས་སྦེད་དམ་གཞན་སྦེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཕན་
པར་འདོད་པའི་བསམ་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མཐོ་བཙམས་པའི་བསམ་པ་དང་། རབ་ཏུ་བྱུང་བ་འདི་པ་གང་ཡང་རུང་བའི་ཡོ་བྱད་གང་ཡང་རུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཐོ་འཚམས་པའི་བསམས་པ་དང་།
རབ་ཏུ་བྱུང་བ་འདི་པ་དང་། ཡོ་བྱད་གང་ཡང་རུང་བ་དང་། སྦེད་དམ་སྦེད་དུ་འཇུག་པ་དང་། ཕན་པར་འདོད་པ་མ་གཏོགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྦེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་
གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རབ་ཏུ་བྱུང་བ་འདི་པ་མ་ཡིན་པའི་མི་དང་། འགྲོ་བ་གཞན་དུ་གཏོགས་པ་གང་ཡང་རུང་བ་ལ་ཉེས་བྱས་སོ། །ཚད་དང་ལྡན་པ་མ་ཡིན་པ་དང་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །
སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཕན་པར་འདོད་པས་སྦེད་དམ་སྦེད་དུ་འཇུད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་

པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྦེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕན་པར་འདོད་པའི་
བསམ་པས་རང་དང་གཞན་གྱི་ཡོ་བྱད་སྦེད་དམ་སྦེད་དུ་གཞུག་པར་བྱའོ། །དང་པོར་རང་གི་སྦ་བར་བྱའོ། །དེ་ནས་ནུས་ན་གཞན་གྱི་སྦ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྦེད་པའི་ལྟུང་བྱེད་དེ་དྲུག་ཅུ་བདུན་པ་བཤད་ཟིན་ཏོ།། །།བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་ཀྱི་གླེང་
གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་སྙིང་
ལས་ཆུང་ངུར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འཁོད་པ་དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་དགའ་རྒས་པར་གྱུར་ནས་དེ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་དགའ་ལ་མི་ཉན་པས་དེའི་ཆོས་གོས་དག་དྲི་མ་
ཅན་དུ་གྱུར་ཀྱང་དེས་འཁྲུ་བ་དང་། ཁ་བསྒྱུར་བར་མི་ནུས་ནས་དེ་ལ་བློ་བྱུང་བ་ཐབས་ཞིག་བྱའོ་སྙམ་ནས་དེས་ཆོས་གོས་དེ་དག་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་བུ་དག་ཁོ་བོ་རྒས་པས་འདི་དག་ཁྱེད་ཀྱི་ཡིན་ནོ་ཞེས་ལ་ལ་ལ་སྣམ་སྦྱར་བྱིན། ལ་ལ་ལ་བླ་གོས་བྱིན། ལ་ལ་ལ་མཐོང་
གོས་བྱིན་ནོ། །དེ་དག་གིས་རང་གི་སྲེད་པས་ཆོས་གོས་དེ་དག་ལེགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་
རྒྱུར་གཤེགས་ཀྱི་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་སྐད་བསྒོ་བ་ན་དགེ་སློང་དེ་དག་གིས་ཆོས་གོས་དེ་དག་ཉེ་དགའ་ལ་གཏམས་ཏེ་དོང་ངོ་། །ཉེ་དགས་

དེ་དག་སྤྱད་ནས་ཕྱིར་གཏུར་བུར་བཅུག་གོ། །ཅི་ཙམ་ན་དགེ་སློང་དེ་དག་ཕྱིར་འོངས་ནས་ཁྱིམ་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གློ་བུར་དུ་གཤེགས་པའི་གཤེགས་སྟོན་ལ་སྤྱན་དྲངས་པའི་ཚེ་དེ་དག་གིས་ཆོས་གོས་དེ་དག་ཕྱིར་བླངས་པ་དང་ཉེ་དགས་སྤྱད་པར་མཐོང་ནས་གཞག་
སྟེ་ཆོས་གོས་རྙིང་པ་དག་གིས་ཞུགས་སོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་གིས་ཆོས་གོས་དག་ཅིག་གཏམས་ཏེ་གཞག་ན་ཅིའི་ཕྱིར་ལམ་གྱི་ཆོས་གོས་དག་གྱོན་ཏེ་འོངས། དེ་དག་གིས་སྨྲས་པ། གཏམས་ཏེ་གཞག་གོ། །འོ་ན་ཅིའི་ཕྱིར་དེ་དག་མི་
བྱོན། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་ཆོས་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་
བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་གོས་སྦྱིན་ནས་དེའི་འོག་ཏུ་གདེང་མེད་པར་སྤྱོད་ན་ལྟུང་
བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐུག་ཐུབ། ཉེས་པ་ནི་དགེ་སློང་ལ་གོས་སྦྱིན་པ་གདེང་མེད་པར་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་
ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །གོས་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་གསུམ་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་བླང་བ་མེད་པར་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནས་སོ། །གདེང་མེད་པར་ཞེས་བྱ་བ་ནི་མ་བསླངས་པར་རོ། །སྤྱོད་ན་ནི་ཞེས་བྱ་བ་

ནི་གྱོན་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་
འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་ལ་གོས་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་ལས་གང་ཡང་རུང་བ་གཞན་ལ་བྱིན་ནས་དེའི་འོག་ཏུ་དེས་གནང་བའི་གདེང་མེད་པར་གཞི་དེས་དེ་དགའ་བར་མི་འགྱུར་བར་
སྤྱོད་ན་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གོས་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་གསུམ་ལས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཕྱིར་བླང་བ་མེད་པར་བྱིན་པ་ལ་རང་གི་བློས་ཉེ་བར་
འཚོ་བ་ལ་ན་སྨད་པ་མེད་དོ། །ཕ་རོལ་པོས་གནང་བའི་གདེང་མེད་པ་ལ་ན་སྨད་པ་མེད་དོ། །གཞི་དེས་ཕ་རོལ་པོ་དགའ་བར་མི་འགྱུར་བ་ལ་ན་སྨད་པ་མེད་དོ། །སྤྱད་པ་ཤས་ཆེ་ཆུང་དང་ཡུན་རིང་ཐུང་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་གིས་གོས་དང་གདེང་མེད་པར་སྤྱོད་པའོ། །འདི་
ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་གི་དང་དགེ་སློང་གི་ཡོ་བྱད་གཞན་མ་གཏོགས་པའི་གོས་ཉིད་དང་། རང་གི་ཕར་བྱིན་པ་དང་། ཕ་རོལ་པོའི་གདེང་མེད་པར་རང་གི་བློས་ཉེ་བར་འཚོ་བ་དང་། གཞི་དེས་དགའ་བར་མི་འགྱུར་བར་སྤྱོད་པའོ། །དེ་དག་ལས་ཡན་
ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གོས་ལས་གཞན་པའི་
ཡོ་བྱད་ལ་ཉེས་བྱས་སོ། །ཆོས་འདི་པའི་དགེ་སློང་ལས་གཞན་པ་ལ་ཉེས་བྱས་སོ། །ཕྱིར་བླང་བ་མེད་པར་སྟན་བྱིན་པ་མ་ཡིན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་

ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཕ་རོལ་པོས་གནང་བའི་གདེང་ཡོད་པ་ལ་ལྟུང་བ་མེད་དོ། །གལ་ཏེ་གཞི་དེས་ཕ་རོལ་པོ་དེ་དགའ་བར་འགྱུར་རོ་སྙམ་པའི་བསམ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་
བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གཞན་ལ་བྱིན་པ་ཕྱིར་གཏམས་པ་ལ་རང་གི་འདུ་ཤེས་མི་བསྐྱེད་དོ། །དེ་ཡལ་བར་མི་འདོར་
རོ། །དེར་ཐུག་ཐུབ་ཏུ་མི་སྤྱོད་དོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དེ་དྲུག་ཅུ་བརྒྱད་པ་བཤད་ཟིན་ཏོ།། །།སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་
བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་རྫིང་བུ་རྡོ་རྩིག་ཅན་ཞེས་བྱ་བའི་འགྲམ་ན་འདུག་གོ། །དགེ་སློང་མ་ཨུཏྤ་ལའི་མདོག་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཚེ་དང་ལྡན་པ་
གྱད་བུ་ནོར་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེའི་ཚེ་ན་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཕྱག་དར་ཁྲོད་ཅིག་རྙེད་ཅིང་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་
རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས་རྟག་ཏུ་ཀླན་ཀ་ཚོལ་བ་ལ་བརྩོན་པ་ཡིན་པས་དེ་གཉིས་ཕྱག་དར་ཁྲོད་ཀྱི་གོས་དེ་ཁྱེར་ཏེ་རྫིང་བུ་རྡོ་རྩིག་ཅན་དུ་འཁྲུར་བཅུག་ནས་ཉི་མ་ལ་བཏིང་སྟེ་འཁོད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་ཆོས་གོས་ཀྱི་གྲྭ་རླུང་གིས་བསྐྱོད་ནས།
དགེ་སློང་མ་ཨུཏྤ་ལའི་མདོག་གི་མགོ་ལ་རེག་གོ། །དེ་མཛའ་བོས་མཐོང་ནས་ས་ལས་སྐྱེས་ལ་སྨྲས་པ། ས་ལས་སྐྱེས་གྱད་བུ་ནོར་འདི་ལ་དགེ་སློང་མ་ཨུཏྤའི་མདོག་དང་ལྷན་ཅིག་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་བྱུང་གི་འདོང་ལ་དགེ་སློང་རྣམས་ལ་བརྗོད་པར་བྱའོ་ཞེས་དེ་གཉིས་དོང་སྟེ།

དགེ་སློང་རྣམས་ལ་དེ་སྐད་སྨྲས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་ཅག་གཉིས་ལྷ་དང་མི་རྣམས་གཅིག་ཏུ་ཡོངས་སུ་བཏང་ཞིང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་སུ་གཅིག་ཏུ་གནས་སམ། ཅི་ནས་
དགེ་སློང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་པ་དེ་ལ་ཁྱེད་གཉིས་གཞི་མེད་པའི་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགེ་སློང་དག་ཁྱེད་ཀྱིས་དེ་གཉིས་ལ་ཇི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེང་ཞིང་རྟོགས་ཤིག །དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པར་
རབ་ཏུ་གླེངས་ཤིང་བརྟགས་པ་ན་དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་ལ་དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་བྱུང་སྟེ། འདི་ལྟར་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས་པ། ཞེ་སྡང་
དང་། གཏི་མུག་དང་། འཇིགས་པས་སྨྲས་སོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་
དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། མཛའ་བོ་དང་ས་ལས་སྐྱེས་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་
བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་

ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་དག་པ་ལྟུང་བ་རྣམ་པ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་། ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་ཁོན་དུ་འཛིན་པ། ཉེས་པ་ནི་དགེ་སློང་
ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ལས་སྐྱེས་སམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ་། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་
གྱུར་ནས་དེ་འཁྲུགས་པ་མ་བསལ་བར་རོ། །དགེ་སློང་དག་པ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་གྱད་བུ་ནོར་རམ་གཞན་ཡང་དེ་ལྟ་བུ་གང་ཡང་རུང་བའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པའོ། །གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་པོ་མཐོང་བའི་གཞི་དང་ཐོས་པའི་གཞི་
དང་དོགས་པའི་གཞི་མེད་པར་རོ། །དགེ་འདུན་ལྷག་མའི་ཆོས་ཀྱིས་ཞེས་བྱ་བ་ནི་བཅུ་གསུམ་པོ་གང་ཡང་རུང་བ་སྟེ། དེ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་ན་ཞེས་བྱ་བ་ནི་སྐུར་པ་འདེབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་
ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་
སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་པ་གསལ་བའམ་བག་ཙམ་གྱིས་ཀྱང་བརྗོད་ན་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དེའི་བྱེ་བྲག་ནི་འདི་ལྟར་ལྟུང་བ་འབྱིན་པར་བྱེད་པས་ཕ་རོལ་པོ་ལ་སྐུར་པ་འདེབས་པའི་བསམ་
པས་མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་གང་ཡང་མེད་པར་བརྫུན་གྱི་ཚིག་གིས་དགེ་སློང་ཡང་རུང་། དགེ་སློང་མ་ཡང་རུང་། ཕམ་པར་འགྱུར་བ་བྱུང་ཡང་རུང་། མ་བྱུང་ཡང་རུང་བ་ལ་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པའམ་ཉི་ཤུ་གང་ཡང་རུང་བས་སྐུར་པ་དེ་ཉིད་དང་།

མིའི་འགྲོ་བ་པ་ཁྱིམ་པའམ། རབ་ཏུ་བྱུང་བའམ། སྐྱེས་པའམ་བུད་མེད་དམ་མ་ནིང་ལ་སོགས་པ་གང་ཡང་རུང་བ་ལ་མངོན་སུམ་མམ་བརྒྱུད་པ་ལ་སོགས་པའི་ཐབས་གསལ་བའམ། བག་ཙམ་གྱིས་བརྗོད་པ་གང་ཡང་རུང་བས་བརྡ་སྤྲོད་ཅིང་གོ་བར་བྱས་ན་དངོས་
གཞིར་འགྱུར་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །དགེ་འདུན་ལྷག་མས་སྐུར་པ་གདབ་པའི་བསམ་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་གསུམ་པོ་དང་། བརྗེད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདུ་ཤེས་དང་། བཟོད་པ་
དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་བའི་བརྫུན་གྱི་ཚིག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་མ་རྫོགས་པ་དང་བཅས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་གཉིས་ཕམ་པར་འགྱུར་བའི་ཆོས་དང་། དགེ་འདུན་
ལྷག་མས་ཉམས་པ་དང་། མ་ཉམས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་འདུན་ལྷག་མའི་ཆོས་ཐུན་མོང་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་ཉིད་དང་མིའི་འགྲོ་བ་པོ་ཁྱིམ་པ་འམ་རབ་ཏུ་བྱུང་བ་དང་། སྐྱེས་པའམ་བུད་མེད་དང་མ་ནིང་ལ་སོགས་པ་གང་ཡང་
རུང་བ་ལ་ན་སྨད་པ་མེད་དོ། །བརྡ་སྤྲོད་པའི་ཐབས་མངོན་སུམ་མམ། བརྒྱུད་པའམ། ཕྲིན་དང་། སྤྲིང་ཡིག་དང་། བརྡ་ལ་སོགས་པས་གོ་བར་བྱེད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གང་ཟག་མ་ཉམས་པ་དག་ལ་གཞི་བཅུས་ལྟུང་བར་འགྱུར་ཏེ། མ་མཐོང་བ་དང་མ་ཐོས་པ་
དང་། མི་དོགས་པར་འདུ་ཤེས་བསྒྱུར་ཏེ་མཐོང་ངོ་ཞེའམ། ཐོས་སོ་ཞེའམ། དོགས་སོ་ཞེས་ཟེར་བ་གསུམ་དང་། ཐོས་ལ་བརྗེད་པ་དང་། དོགས་ལ་བརྗེད་པ་ལས་འདུ་ཤེས་བསྒྱུར་ཏེ་ཐོས་ཏེ་མ་བརྗོད་དོ་ཞེའམ། དོགས་ཏེ་མ་བརྗོད་དོ་ཞེས་ཟེར་བ་གཉིས་དང་། ཐོས་པ་ལ་ཡིད་
ཆེས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་ཡིད་མི་ཆེས་པར་མཐོང་ངོ་ཞེའམ། ཐོས་པ་ལ་དོགས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་མི་དོགས་པར་མཐོང་ངོ་ཞེའམ། དོགས་པ་ལ་དོགས་ནས་མཐོང་ངོ་ཞེས་ཟེར་བ་ལྔ་སྟེ། དེ་ལྟར་གཞི་བཅུ་པོ་དེ་དག་གང་བརྗོད་ཀྱང་ན་སྨད་པ་མེད་དོ། །གང་ཟག་

དག་པ་མ་དག་པ་ལྟར་བཅོས་པ་ལ་ཡང་གཞི་དེ་བཅུས་ལྟུང་བར་འགྱུར་རོ། །གང་ཟག་ཉམས་པ་མ་དག་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཏེ། མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཏེ་མཐོང་ངོ་ཞེའམ། ཐོས་སོ་ཞེའམ། དོགས་སོ་ཞེས་
ཟེར་བ་གསུམ་དང་མཐོང་ལ་བརྗེད་པ་དང་། ཐོས་ལ་བརྗེད་པ་དང་། དོགས་ལ་བརྗེད་པ་ལས་འདུ་ཤེས་བསྒྱུར་ཏེ་མཐོང་སྟེ་མ་བརྗེད་དོ་ཞེའམ། ཐོས་ཏེ་མ་བརྗེད་དོ་ཞེའམ། དོགས་ཏེ་མ་བརྗེད་དོ་ཞེས་ཟེར་བ་གསུམ་དང་། ཐོས་པ་ལ་ཡིད་ཆེས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་ཡིད་མ་
ཆེས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་དོགས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་མི་དོགས་པར་མཐོང་ངོ་ཞེའམ། དོགས་པ་ལ་དོགས་པ་ན་མཐོང་ངོ་ཞེས་ཟེར་བ་ལྔ་སྟེ། དེ་ལྟར་གཞི་བཅུ་གཅིག་པོ་དག་གང་བརྗོད་ཀྱང་ན་སྨད་པ་མེད་དོ། །གང་ཟག་མ་དག་པ་དག་པ་ལྟར་བཅོས་པ་ལ་ཡང་
གཞི་བཅུ་གཅིག་པོ་དེ་དག་གིས་ལྟུང་བར་འགྱུར་རོ། །མཚན་དང་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པ་ལ་ན་སྨད་པ་མེད་དོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་དང་བཅས་པས་སྐུར་པ་ལ་ན་སྨད་པ་མེད་དོ། །གཞི་གསུམ་པོ་དག་ནི་ཐ་དད་པས་དེ་དག་ནང་བསྣུར་བ་ལ་ན་སྨད་པ་མེད་
དོ། །བརྗེད་པ་ནི་མེད་པ་དང་འདྲ་བས་བརྗེད་པས་སྐུར་པ་ལ་ན་སྨད་པ་མེད་དོ། །དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་པས་དེ་ཉམས་པ་ཡིན་ཡང་གཞི་མེད་པར་འདུ་ཤེས་བསྒྱུར་བ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་
ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟ་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་
གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་

སྐུར་པ་འདེབས་པར་འདོད་པས་གཞི་མེད་པར་དགེ་སློང་ལ་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྐུར་པ་འདེབས་པར་འདོད་པ་དང་། ཕ་རོལ་པོ་བསྙེན་པར་རྫོགས་པ་ཉིད་དང་། གཞི་མེད་
པར་འདུ་ཤེས་བསྒྱུར་བ་དང་། དགེ་འདུན་ལྷག་མའི་ཆོས་དང་། གསལ་བའམ་བག་ཙམ་གྱིས་བརྗོད་དེ་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་
དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མི་བསྟེན་པ་ལ་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་ན་ཉེས་བྱས་སོ། །དེས་ན་དགེ་སློང་ལ་ཕོའི་དབང་པོ་མེད་པ་མ་ནིང་ཕོ་ལྟ་བུ་དང་དགེ་སློང་མ་
ལ་མོའི་དབང་པོ་མེད་པ་མ་ནིང་མོ་ལྟ་བུས་སྐུར་པ་འདེབས་ན་ཉེས་བྱས་སོ། །སྐུར་པ་གདབ་པར་བྱ་བའི་མིང་མ་སྨོས་པར་སྐུར་པ་འདེབས་ན་ཉེས་བྱས་སོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ