Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 153

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
་ཞིང་། དགེ་སློང་གིས་དང་པོར་བཟུང་ཞིང་ཁྱིམ་པས་ཕྱིས་བཟུང་བར་བྱའོ། །དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་
གི་བྱིན་ལེན་ནི་དེ་ཉིད་ལན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ། །དང་པོ་དགེ་སློང་དག་གིས་གཏང་བར་བྱ་ཞིང་། ཕྱིས་ཁྱིམ་པ་དག་གིས་གཏོང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་འདུན་ལ་ཞུན་མར་གྱི་
བུམ་པ་ལ་སོགས་པ་དག་དབུལ་ན་བླང་བར་བྱ་ཞིང་། བླངས་ནས་དགེ་འདུན་ལ་བྲིམ་པར་བྱའོ། །དེ་དག་གི་ཆོས་གོས་དག་སྣུམ་པར་འགྱུར་བ་ལྟ་ན་བར་དུ་རྩྭ་དང་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་གྱུར་པ་ལྟ་ན་གཞག་པར་བྱའོ། །གཞག་པ་ན་འདྲིལ་བ་ལྟ་ན་འོག་གཞི་ལ་གཞག་
པར་བྱའོ། །སྣོད་ཕུལ་བ་དག་ཀྱང་བླང་ཞིང་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ་བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉ་འམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱི་བ་དག་གིས་མ་ལུས་པར་ལྡགས་པར་གྱུར་བ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །རྣམ་པ་ལྔས་
ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། མི་འཐོབ་པའི་ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པའོ། །རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་
ཞེ་ན། སྔ་མ་ལས་བཟློག་པ་དག་གིས་སོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་བྱིན་ལེན་

བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་བྱིན་ལན་བྱེད་དུ་བཅུག་པ་དང་། བྱེད་དུ་མ་བཅུག་པར་ཡང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་
གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་
བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་
ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བཀའ་དང་བསླབ་པ་ལ་གཡེལ་བ། ཉེས་པ་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དགོན་པ་པ་དགོན་
པ་ན་གནས་པ་རྣམས་ལ་ཆུ་དང་སོ་ཤིང་གི་བྱིན་ལེན་སྟོབས་པ་མེད་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ། གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་
རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་དགོན་པ་པ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆུ་དང་སོ་ཤིང་མ་གཏོགས་
སོ། །གླང་པོ་ཆེ་ཅང་ཤེས་དང་སྤྲེའུ་ཅང་ཤེས་དང་དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཐོག་དག་དབུལ་བ་ན་དགེ་སློང་རྣམས་འགྱོད་པས་དེ་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལེན་པ་ཡོད་པ་དེ་ལ་སྟོབས་པ་ཡང་ཡོད་པས། དེ་ལྟ་བས་ན་དེ་

དག་གིས་བསྟབས་པ་ནི་བྱིན་ལེན་བྱས་པར་བརྗོད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་
འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་
ཟ་བ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དགོན་པ་པ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ་
བུད་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་པར་རོ། །ཁ་ནས་མིད་པའི་ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་
བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་
བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་དེར་འདུ་ཤེས་པས་ཁར་ཟོས་ན་བྱིན་ལེན་མ་བྱས་པར་ཟོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་མ་བརླབས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་
བྱང་གི་སྒྲ་མི་སྙན་པའི་གླིང་ཉིད་ན་འདུག་པ་དང་། གླིང་དང་གནས་འདི་དང་གཞན་དུ་ཡང་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ན་བྱིན་ལེན་མ་བྱས་པར་ཟོས་ཀྱང་ལྟུང་བ་མེད་པས། དེ་མ་གཏོགས་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་ལ་

ན་སྨད་པ་མེད་དོ། །ཆུ་དང་སོ་ཤིང་ནི་བྱིན་ལེན་མ་བསྟབས་པར་ཟོས་ཀྱང་ལྟུང་བ་མེད་པས། དེ་མ་གཏོགས་པའི་བཟའ་བར་བྱ་བ་ཐམས་ཅད་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །བྱིན་ལེན་མ་བསྟབས་པ་ལ་ན་སྨད་པ་མེད་དོ། །བྱིན་ལེན་གྱི་མཚན་ཉིད་ནི་མངོན་སུམ་
དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་འདུག་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ། དེ་དང་འབྲེལ་པས་བྱིན་པ་མནོས་པ་ནི་བྱིན་ལེན་ཡིན་ཏེ། དེ་ལྟ་བུར་བྱིན་ལེན་བསྟབས་པ་ལ་
ལྟུང་བ་མེད་པས། དེ་ལྟར་བྱིན་ལེན་མ་བསྟབས་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེ་ལ་མངོན་སུམ་དུ་ཞེས་བྱ་བ་ནི་དྲང་ཐད་ནས་བླངས་ན་བྱིན་ལེན་ཡིན་གྱི། གློ་འམ་རྒྱབ་ནས་བླངས་པ་ནི་བྱིན་ལེན་མ་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི་མཚམས་ཀྱི་ནང་ན་གནས་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་
གྱི། སྒོ་འཕར་ལ་སོགས་པས་བར་དུ་གཅོད་པའི་མཚམས་ཀྱི་ཕྱི་རོལ་ན་གནས་པས་བླངས་པ་ནི་མ་ཡིན་ནོ། །འཐོབ་པའི་ཕྱོགས་ན་འདུག་པ་ཞེས་བྱ་བ་ནི་ཕྱོགས་གང་དུ་བྱིན་ལེན་འཐོབ་པའི་ཕྱོགས་དེ་ན་འདུག་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་གྱི། ཁང་སྟེངས་ལ་སོགས་པ་ན་འདུག་པ་ལས་འོག་ན་འདུག་
པའི་དགེ་སློང་གིས་བླངས་པ་ནི་མ་ཡིན་ནོ། །ལག་པ་བཀན་པ་ཞེས་བྱ་བ་ནི་དགེ་སློང་ལག་པ་གཉིས་བཀན་པས་དེ་བླངས་ན་བྱིན་ལེན་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་དག་གི་མཚན་ཉིད་ནི་རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། མི་འཐོབ་པའི་
ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པའོ། །རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན་སྔ་མ་ལས་བཟློག་པ་དག་གིས་སོ་ཞེས་གསུངས་པ་ཡིན་ནོ། །ལུས་སམ་ཞེས་བྱ་བ་ནི་ལག་པ་ལ་སོགས་པར་མནོས་པའོ། །དེ་དང་འབྲེལ་པར་
ཞེས་བྱ་བ་ནི་ལག་པ་དང་འབྲེལ་པའི་ལྷུང་བཟེད་ལ་སོགས་པས་མནོས་པ་སྟེ། དེ་གཉིས་སུ་མནོས་པ་ནི་བྱིན་ལེན་ཡིན་གྱི། གཞན་གྱིས་མནོས་པ་ནི་མ་ཡིན་ནོ། །གྱེན་དུ་འདེགས་ནུས་པ་ལ་ཞེས་བྱ་བ་ནི་གང་གིས་སྦྱིན་པར་བྱ་བའི་ཟས་དེ་གྱེན་དུ་འདེགས་ནུས་པ་སྟེ། དེ་ལས་མནོས་ན་བྱིན་ལེན་ཡིན་གྱི། དེ་ལས་གཞན་

པ་ལས་ནི་མ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ལས་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་ལས་མནོས་པ་བྱིན་ལེན་ཡིན་གྱི། དགེ་སློང་ལས་ནི་མ་ཡིན་ནོ། །མི་མ་ཡིན་པ་ལས་ཀྱང་ཞེས་བྱ་བ་ནི་གླང་པོ་ཆེ་ཅང་ཤེས་དང་། རྟ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་ལ་སོགས་པ་གང་ལ་ལེན་པ་
དང་སྟོབས་པ་ཡོད་པ་དག་ལས་ཀྱང་མནོས་ན་བྱིན་ལེན་ཡིན་པའོ། །སྦྱིན་པར་འདོད་པས་ཞེས་བྱ་བ་ནི་སྦྱིན་པར་འདོད་པས་བྱིན་པ་མནོས་པ་བྱིན་ལེན་ཡིན་གྱི་སྦྱིན་པར་མི་འདོད་པ་དང་། དབང་མེད་པ་ལ་སོགས་པས་བྱིན་པ་ནི་མ་ཡིན་ནོ། །ཡན་ལག་གིས་སམ་ཞེས་བྱ་བ་ནི་ལག་པས་སོ། །དེ་དང་འབྲེལ་པས་བྱིན་པ་ཞེས་བྱ་བ་ནི་ལག་པ་
དང་འབྲེལ་པའི་རིལ་བ་ལ་སོགས་པ་ནས་ཟས་ལ་སོགས་པ་བྱིན་པའོ། །མནོས་པ་ནི་བྱིན་ལེན་ཡིན་ཏེ་ཞེས་བྱ་བ་ནི་དགེ་སློང་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུས་བྱིན་ལེན་སྟོབས་པ་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུ་ལ་སོགས་པ་མནོས་པ་ནི་བྱིན་ལེན་བྱས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཐོབ་པའི་ཕྱོགས་ན་གནས་པས་ཞེས་
སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་དག་ཡིན་པས་ཡལ་ག་དེ་ནས་སྤྲེའུས་བྱིན་ལེན་བསྟབས་པ་ནི་འཐོབ་པའི་ཕྱོགས་ན་གནས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །ལག་པ་བཀན་པས་ཞེས་སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་ལག་པ་བཀན་པའི་བྱིན་ལེན་རྣམ་པ་ལྔ་སྟེ། ལྔ་
གང་ཞེ་ན། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞི་ཉིད་ནི་ལྔ་པའོ་ཞེས་གསུངས་སོ། །ལུས་སམ་དེ་དང་འབྲེལ་པར་ཞེས་བྱ་བ་དང་། ཡན་ལག་གིས་སམ། དེ་དང་འབྲེལ་པས་ཞེས་སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་
ཀྱིས་ལུས་སུ་དང་། ལུས་དང་འབྲེལ་པས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་པ་དང་། ལུས་དང་འབྲེལ་པས་ལུས་དང་འབྲེལ་པ་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། །ཇི་ལྟར་ལུས་ཀྱིས་ལུས་སུ་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་དང་འབྲེལ་པས་ལུས་སུ་ཞེ་ན།
ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་ཀྱིས་ལུས་དང་འབྲེལ་པར་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་དང་འབྲེལ་པས་ལུས་དང་འབྲེལ་པར་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པའོ། །ཇི་ལྟར་གཞག་

པའི་ཆོ་ག་ཉིད་ལྔ་པ་ཡིན་ཞེ་ན། སྨད་པར་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་གི་ཕ་མ་དང་ཕུ་ནུ་དང་བུ་སྲིང་ཡང་སྨད་པར་བྱ་བ་ཉིད་ཡིན་པས་དགེ་སློང་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཤིག་ཅེས་བརྗོད་པར་བྱ་ཞིང་། དེ་དག་གིས་དེར་གང་གཞག་པ་དེ་ལ་བྱང་གི་སྒྲ་མི་སྙན་གྱི་དུས་
བྱིན་གྱིས་བརླབས་ཏེ་བཟའ་བར་བྱ་ཞིང་དེ་ལ་འགྱོད་པར་མི་བྱའོ་ཞེས་གསུངས་སོ། །ལྷུང་བཟེད་དང་ལྷུང་བཟེད་ཀྱི་གཞི་དག་ནི་འདྲ་བ་ཉིད་དོ། །བྱིན་ལེན་བྱས་པ་ཞིག་པ་ཉིད་ལ་ན་སྨད་པ་མེད་དོ། །བྱིན་ལེན་བྱས་པའི་ཟས་འདྲིལ་ཞིང་གནས་ནས་གུད་དུ་སོང་བ་གང་ཡིན་པ་དེ་ནི་དགེ་སློང་རང་སྟན་ལས་མ་འཕགས་པས་ལེན་ནུས་པ་ཉིད་
ཡིན་ན་བྱིན་ལེན་མ་ཞིག་པ་ཡིན་ལ། གཞན་དུ་ཞིག་པ་ཁོ་ན་ཡིན་ནོ། །སྦྲང་བུ་དང་། གྲོག་སྦུར་དང་། བྱི་ཕྲུག་བྱུང་མ་ཐག་པའི་ཚད་པས་ཀྱང་ཆུང་བའི་སྐྱེ་བོ་ཕྲ་མོ་དག་གིས་རེག་པ་ན་བྱིན་ལེན་མ་ཞིག་པ་ཡིན་ལ། བྱི་བ་དང་བྱི་མངས་ལ་སོགས་པའི་བྱི་བ་དང་། དེ་ཙམ་ཡན་ཆད་ཀྱི་སྲོག་ཆགས་གཞན་གྱིས་རེག་པ་དགེ་སློང་
རང་དང་མ་འབྲེལ་བས་ནི་བྱིན་ལེན་ཞིག་པ་ཁོ་ན་ཡིན་ནོ། །དགེ་སློང་གིས་མ་བཏང་བ་ལ་དགེ་སློང་མ་དང་བསྙེན་པར་མ་རྫོགས་པའི་མི་གཞན་གྱིས་རེག་པས་ནི་བྱིན་ལེན་མ་ཞིག་པ་ཡིན་ལ། དགེ་སློང་གིས་བཏང་བ་ལ་དེ་དག་གིས་རེག་པས་ནི་བྱིན་ལེན་ཞིག་པ་ཁོ་ན་ཡིན་ནོ། །བྱིན་ལེན་བསྟབས་ཟིན་པ་ཁོ་ན་ལ་ཡང་སྟོབས་པར་
བྱེད་པ་ནི་མི་རིགས་པ་ཉིད་མ་ཡིན་ཏེ། འདི་ལས་གཞན་དག་གིས་རེག་པར་མ་གྱུར་ཏམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བའི་བྱིན་ལེན་མ་བསྟབས་པ་ཉིད་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རྣ་བ་ལ་སོགས་
པ་སྒོ་གཞན་མ་གཏོགས་པ་ཁར་ཟོས་པ་ལ་ན་སྨད་པ་མེད་དོ། །ཁར་ཟོས་ཤིང་མགུལ་དུ་མིད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་
དངོས་གཞིའི་ལྟུང་བར་འགྱུར་ཏེ་བྱང་གི་སྒྲ་མི་སྙན་པའི་དུས་མ་གཏོགས་པ་དང་། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་དང་། བྱིན་ལེན་གྱི་མཚན་ཉིད་མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་འདུག་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་

རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་པས་བྱིན་ལ། མནོས་པ་ལྟ་བུའི་བྱིན་ལེན་མ་བསྟབས་པ་ཉིད་དང་། དེར་འདུ་ཤེས་པ་དང་། ཁར་བཅུག་པ་དང་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བྱིན་
ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་མི་རློབ་པ་ཉིད་ཀྱི་ཚེ་ན་ཉེས་བྱས་སོ། །བྱང་གི་སྒྲ་མི་སྙན་པའི་གླིང་ཉིད་དང་། བཟའ་བར་བྱ་
བ་བྱིན་ལེན་བསྟབས་པ་ཉིད་ལ་དེ་གཉིས་མ་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཁ་ཉིད་མ་གཏོགས་པ་རྣ་བ་ལ་སོགས་པའི་སྒོ་གཞན་དུ་འཇུག་པ་ལ་ཉེས་བྱས་སོ། །ཁ་ནས་མགུལ་དུ་མིད་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་
སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་ཉིད་དང་། གཞན་དུ་དེའི་དུས་བྱིན་གྱིས་བརླབས་པ་ལ་ལྟུང་བ་མེད་དོ། །ཆུ་དང་སོ་ཤིང་ལ་ལྟུང་བ་མེད་དོ། །བྱིན་ལེན་མ་བསྟབས་པ་ཉིད་དང་དེ་མ་ཞིག་པ་ཡིན་པ་ལ་ལྟུང་བ་མེད་དོ། །
དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །བྱིན་ལེན་བྱས་ཟིན་པའི་ཟས་གཞན་མེད་དམ་བྱིན་ལེན་སྟོབས་པའི་མི་ལ་སོགས་པ་མེད་ན་ཟས་དེ་སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བ་ཡིན་ན་རང་གིས་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ཤིང་བླངས་ཏེ་ཟོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་
པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་
བྱའོ། །རུང་བ་ལྔ་པོ་མེས་རུང་བ་དང་མཚོན་གྱིས་རུང་བ་དང་སེན་མོས་རུང་བ་དང་། རྙིངས་པས་རུང་བ་དང་། ནེ་ཙོས་རྨ་ཕྱུང་བས་རུང་བ་ཉིད་དག་བཟའ་བར་བྱའོ། །གཞན་ཡང་རུང་བ་ལྔ་པོ། དབྱུང་བ་དང་། གཤེགས་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་ཉིད་མེད་པ་ཉིད་དག་བཟའ་བར་

བྱའོ། །ཆུ་གྲང་མོས་རུང་བར་བྱས་པ་དག་ཀྱང་བསྟེན་པར་བྱའོ། །རུང་བ་དེ་དག་སློབ་མ་དང་ཉེ་གནས་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱའོ། །མེས་རུང་བར་བྱ་བ་ནི་ཕུང་པོར་བྱས་ཏེ་མེས་གནས་གཉིས་སམ་གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ། །མཚོན་དང་སེན་མོས་
ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་མི་སྙོམས་པར་འདྲིམ་ན་དགེ་ཚུལ་དག་འདྲིམ་དུ་གཞུག་པར་བྱའོ། །དེ་དག་ཀྱང་མི་སྙོམས་ན་དགེ་སློང་དག་གིས་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །འོན་ཀྱང་མ་སྙོམས་ན་བྲིམ་པར་བྱ་བའི་ཟས་གཅེས་པ་དང་
བར་མ་དང་། ཐ་མ་དག་སོ་སོར་བྱའོ། །ཨ་མྲ་ཞིམ་པོ་རྣམས་ལོགས་ཤིག་ཏུ་བཙལ་ཏེ་བྲིམ་པར་བྱའོ། །འདྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་གྱིས་མནོས་པར་བྱའོ། །དེ་གཉིས་རྒན་པའི་ཕྱིར་གཅེས་པ་དེར་འོང་བ་འདྲིམ་པར་བྱེད་པའི་སྐལ་བ་མི་འཐོབ་པ་ཡིན་ན་འདྲིམ་པར་བྱེད་པ་ཉིད་ཀྱི་གྲལ་གྱི་དྲུང་ན་འདུག་
པ་དག་གིས་དེའི་སྐལ་བ་མནོས་པར་བྱའོ། །འདྲིམ་པར་བྱེད་པ་དུ་མ་ཉིད་ཡིན་ན་དྲུང་ན་འདུག་པའི་དགེ་སློང་སྟན་ལས་མ་འཕགས་པ་གང་ཡིན་པ་དེས་དེ་དག་གི་སྐལ་བ་ཅི་ཙམ་ལེན་ནུས་པ་དེ་ཙམ་མནོད་པར་བྱ་ཞིང་གཞན་ནི་གཞན་དག་གིས་གནོད་པར་བྱའོ། །འདྲིལ་བ་དག་སྟན་ལས་མ་འཕགས་པས་ལེན་ནུས་པ་
དག་ནི་བྱིན་ལེན་བྱེད་དུ་གཞུག་མི་དགོས་ལ། མི་ནུས་པ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །དགེ་སློང་གིས་བྱིན་ལེན་བྱས་པ་ཁྱིམ་པ་དག་ཀྱང་འདྲིམ་དུ་གཞུག་པར་བྱ་ཞིང་། བྱིན་ལེན་འཇིག་པ་སྤང་བའི་ཕྱིར་དགེ་སློང་གིས་དང་པོར་བཟུང་ཞིང་ཁྱིམ་པས་ཕྱིས་གཟུང་བར་བྱའོ། །དགེ་སློང་གིས་
བྱིན་ལེན་བྱས་པ་ཁྱིམ་པ་དག་ཀྱང་འདྲིམ་དུ་བཅུག་པ་དེ་དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་གི་བྱིན་ལེན་ནི་སྔར་དགེ་སློང་གིས་བྱིན་ལེན་བྱས་པ་དེ་ཉིད་ཡིན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ། །འཇུག་ལྷག་གསོག་འཇོག་བྱས་པར་མི་འགྱུར་
བར་བྱ་བའི་ཕྱིར་དང་པོར་དགེ་སློང་དགེ་སློང་དག་གིས་གཏང་བར་བྱ་ཞིང་ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་འདུན་ལ་ཞུན་མར་གྱི་བུམ་པ་ལ་སོགས་པ་དག་འབུལ་ན་བླང་བར་བྱ་ཞིང་། བླངས་ནས་དགེ་

འདུན་ལ་བྲིམ་པར་བྱའོ། །དེ་དག་གིས་ཆོས་གོས་དག་སྣུམ་པར་གྱུར་པ་ལྟན་བར་དུ་རྩྭ་འམ་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་འགྱུར་བ་ལྟ་ན་གཞག་པར་བྱའོ། །གཞག་པ་ན་འདྲིལ་བ་ལྟ་ན་འོག་གཞི་ལ་གཞག་པར་བྱའོ། །སྣོད་ཕུལ་བ་དག་ཀྱང་བླང་ཞིང་ཆུའི་
རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ་བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉའམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱི་བ་དག་གིས་མ་ལུས་པར་ལྡོགས་པར་གྱུར་པ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །དགེ་སློང་ནད་པས་རང་གི་ཁར་ཟན་བཅུག་སྟེ་མནོད་
པ་བསྙེན་པར་རྫོགས་པ་ལས་ཀྱང་མནོད་པར་བྱའོ། །དེ་མེད་ན་བསྙེན་པར་མ་རྫོགས་པ་ལས་ཀྱང་མནོད་པར་བྱའོ། །ནད་པ་བསྙེན་པར་མ་རྫོགས་པས་ནི་དེ་གཉིས་བསྟབས་པ་བཟའ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དགུ་པ་བཤད་ཟིན་ཏོ།། །།
བསོད་པ་སློང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་
ཆེན་གྱིས་དེ་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་
དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་བར་མཛད་
ནས་ཅང་མི་གསུང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ནས་གཤེགས་ཏེ་གདུགས་ཚོད་གསོལ་ནས་ཤཱཀྱ་མིང་ཆེན་ལ་ཆོས་བསྟན་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེའི་

ནང་པར་དྲུག་སྡེ་དག་སྔར་ལངས་ཏེ་སྦྱིན་བདག་གི་ཁྱིམ་དུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་གདུགས་ཚོད་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས་ཤཱཀྱ་མིང་ཆེན་གྱིས་སོ། །འོ་ན་སང་གདུགས་ཚོད་གསོལ་
ཅིག །དེ་ལྟར་བྱའོ་ཞེས་དྲུག་སྡེ་དག་གིས་སྦྱིན་བདག་དེ་དག་ཕྱི་དེ་ཉིན་པར་གྱི་ཟན་དྲུག་ཅུ་སྦྱོར་དུ་བཅུག་ནས་ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་དོང་བ་དང་། ཅི་ཙམ་ན་ཁ་ཟས་སྟ་གོན་བྱས་པ་ཡང་མེད། གནས་མལ་བཤམས་པ་ཡང་མེད་པར་མཐོང་ནས། དྲུག་སྡེ་དག་གིས་ཤཱཀྱ་མིང་ཆེན་གྱི་ཞོ་ཤས་འཚོ་བ་
དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་སྙིང་ལས་ཆུང་ངུར་འཁོད་ཅིང་གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གནས་མལ་ཀྱང་ཤོམ་པར་མི་བྱེད་ན་ཇི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་གཅོད་པར་བྱེད་དམ།
དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གཅིག་པུ་དག་རྣལ་བར་གྱུར་ཏམ་ཅི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་གཤེགས་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཇི་ཁོ་བོ་ཅག་གི་ཟན་གཅད་པར་བྱའམ་དེ་དག་གིས་སྨྲས་པ། འཕགས་པ་དག་བདག་
ཅག་གིས་ཤཱཀྱ་མིང་ཆེན་ལ་སྦྲན་གྱི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག་ཅེས་དེ་དག་དོང་སྟེ་ཤཱཀྱ་མིང་ཆེན་ལ་སྨྲས་པ། འཕགས་པ་དྲུག་སྡེ་དག་གཟོད་མཆིས་ཏེ་འཚལ་མ་སློང་ངོ་། །ཤཱཀྱ་མིང་ཆེན་གྱིས་སྨྲས་པ། དེང་ལ་ལྷག་རོལ་ཆུང་ཟད་ཅིག་གདའ་བ་དེ་བྱིན་ཅིག །དེ་དག་དོང་སྟེ་སྨྲས་པ།
འཕགས་པ་དག་བཞུགས་ལ་གསོལ་ཅིག་ཅེས་དེ་དག་གིས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཤཱཀྱ་མིང་ཆེན་གྱིས་ཁ་ཤིན་ཏུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ན།
གལ་ཏེ་ཟན་འདི་འདྲ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི་ཉེ་དགས་ཀྱང་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་འགྱུར་རོ། །འདི་ལྟར་བཀྲེན་པ་འདི་ལ་ཅི་བདོག་གི་དེང་ལ་ཁྱིམ་བདག་ཆེ་གེ་མོའི་ཁྱིམ་ནས་འོ་མ་ལོང་ཤིག །ཆེ་

གེ་མོའི་ཁྱིམ་ནས་ཞོ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་མར་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཉ་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་སྐམ་དག་ལོང་ཤིག་ཅེས་དེ་དག་གིས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་ནས་གཙུག་
ལག་ཁང་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་ཟན་གར་ཟོས། དེ་ཉིད་དུའོ། །ཁྱེད་ཅག་དེ་ན་མ་མཐོང་ངོ་། །ཁོ་བོ་ཅག་ཕྱིས་ལྷགས་སོ། །ཁྱེད་ཅག་གིས་ཟན་ཇི་ལྟ་བུ་ཟོས། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་པོ་དག་གོ། །དགེ་སློང་རྣམས་
ཀྱིས་སྨྲས་པ། ཁོ་བོ་ཅག་གིས་ཟན་དེ་ལྟ་བུ་མ་ཐོབ་པོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དེ་ལ་ཟན་དེ་ལྟ་བུ་ག་ལ་ཡོད། ཁོ་བོ་ཅག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་སོ། །ཁྱེད་ཅག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་བཟར་རུང་ངམ། རུང་ཡང་སྲིད་མི་
རུང་ཡང་སྲིད་དེ་ཇི་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱ་འམ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་བ་དང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་
པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་
གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་

པ་ནི་རང་ཉམས་དང་ལྟོ་འདུན། ཉེས་པ་ནི་མི་ན་བས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ན་བ་ཞིག་གིས་སྨན་
པ་ལ་དྲིས་པ། བཞིན་བཟངས་ཇེ་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་འོ་མ་གསོལ་ཅིག །བཞིན་བཟངས་ཁོ་བོ་ལ་འོ་མ་སུས་སྦྱིན་པར་འགྱུར། འཕགས་པ་ཁྱིམ་གཞན་དག་ནས་སློངས་ཤིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་
རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་བཞིན་དུ་དགེ་སློང་ན་
པ་གཞན་ལ་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་པོ་དག་ཁྱིམ་གཞན་དག་ནས་སློང་དུ་གནང་བའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་།
དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། །དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་
སློང་རྣམས་ཀྱི་ཟས་བསོད་པར་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་གནང་བ་མཛད་དོ། །ཡུལ་ནི་སེར་སྐྱའི་གནས།
གང་ཟག་ནི་དགེ་སློང་ནད་པ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །ཟས་བསོད་པ་གང་དག་གསུངས་པ་

ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ་ཞེས་བྱ་བ་ནི་ཟས་བསོད་པ་དག་གོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པར་རོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་
ནི་བདག་ཉིད་ལ་བསྔོས་ཏེའོ། །ཟས་བསོད་པ་དེ་ལྟ་བུ་དག་ཅེས་བྱ་བ་ནི་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་གོ། །གཞན་གྱི་ཁྱིམ་དག་ནས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ནས་སོ། །བླངས་ཏེ་ཞེས་བྱ་བ་ནི་གསོལ་ཏེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་
བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་
རྣམ་པར་གཞག་པ་ནི་དགེ་སློང་མི་ན་བས་ཇི་བདེར་བསྟབས་པ་མ་བྱས་པས་སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ལས་ཟས་བསོད་པ་འོ་མ་འམ། ཞོ་འམ་མར་རམ། ཉ་ཤའམ། ཤའམ། ཤ་སྐམ་ལྟ་བུ་རང་གིས་བླངས་ཏེ་ཟོས་པ་དང་ངན་པའམ་བསོད་པའམ་ཐ་མལ་པའམ། བཟང་པོ་འཐོབ་པ་ན་ཟས་
བསོད་པ་སྔ་མ་ལྟ་བུ་རང་གིས་བླངས་ཏེ་ཟོས་ན་བསོད་པ་སློང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་མི་ན་བ་ལ་ན་སྨད་པ་མེད་དོ། །ན་བ་ལ་ནི་རང་སློང་བ་དང་། བསླངས་པ་འཐོབ་པ་ཟོས་པ་དང་། གཞན་སློང་དུ་བཅུག་པ་དང་། གཞན་སློང་དུ་བཅུག་པ་ཐོབ་པ་ཟོས་པ་དང་། དེ་དག་མ་ཟོས་པ་ཐོབ་པ་
ཐམས་ཅད་ལ་ལྟུང་བ་མེད་པའི་ཕྱིར་རོ། །དགེ་སློང་ཅི་བདེར་བསྟབས་པ་མ་བྱས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་བསོད་སྙོམས་ལ་རྒྱུ་བ་ཁྱིམ་དག་ཏུ་ཉེ་བར་ཕྱིན་པ་ན་བུད་མེད་ཟས་ཁྱེར་ཏེ་ཕྱིས་བྱུང་བས་དགེ་སློང་ལ་ཅང་མི་སྨྲ་བའམ་ཁོ་བོ་ལ་འདི་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ། བུད་མེད་ཀྱིས་འཕགས་པ་འོ་ན་
ཅི་སློང་ཞེས་འདྲི་ན་བསྟབས་པ་ཡིན་པས་དེ་ལ་ཅི་འདོད་པ་བསླངས་ཀྱང་ལྟུང་བ་མེད་དོ། །སྦྱིན་བདག་ལ་ཅི་འདོད་པ་སློངས་ཤིག་ཅེས་ཅི་བདེར་བྱས་པར་གྱུར་པ་ན་ཡང་དེ་ལ་ཅི་འདོད་པ་བསླངས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ལ་ན་སྨད་པ་མེད་དོ། །

ཞུ་བ་ལས་བཙུན་པ་དགེ་སློང་གིས་བྲོ་མ་འཚལ་བར་བདག་ཉིད་ཀྱི་སླད་དུ་ཁྱིམ་དག་ནས་ཟས་བསོད་པ་བསླངས་ཏེ་འཆའ་འམ་འཚལ་བ་དེ་ལ་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་ཉེ་དུ་ལས་བསླངས་ཏེ་ཟ་ན་ལྟུང་བ་མེད་དོ། །གལ་ཏེ་རྟགས་འདི་པ་སྦྱིན་བདག་ཡིན་ན་དེའི་ཚེ་ཡང་ལྟུང་བ་མེད་དོ། །
གལ་ཏེ་ཕྱི་རོལ་པ་རབ་ཏུ་བྱུང་བ་སྦྱིན་བདག་ཡིན་ན་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །ཟས་བསོད་པ་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་ལྟ་བུ་ཐམས་ཅད་དམ་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །སོ་སོར་ཐར་པ་དང་དེ་རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་
བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །འོ་མ་ལ་སོགས་པ་དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་དེ་རྣམ་པ་དེ་
ལྟ་བུ་དག་དང་མར་ཁུ་ལ་སོགས་པའི་ཟས་བསོད་པ་གཞན་དག་ཀྱང་དེ་བཞིན་ནོ། །རང་གིས་བླངས་ཏེ་ཟོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མི་ན་བས་ཟས་བསོད་པ་དེ་དག་རང་གིས་བླངས་པ་ཙམ་དང་། གཞན་སློང་དུ་བཅུག་པ་ཉིད་དང་། གཞན་སློང་དུ་བཅུག་པ་ཐོབ་པ་ཟོས་པ་ནི་ཉེས་བྱས་ལ། དེ་མ་ཟོས་པ་ནི་ཉེས་
བྱས་ཕྲ་མོར་གསུངས་པའི་ཕྱིར་རོ། །ཟས་ངན་པའམ་བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ན་གལ་ཏེ་ཟས་བསོད་པ་སྔ་མ་དག་ལྟ་བུའི་ཡུལ་ལ་རང་གིས་བླངས་ཏེ་ཟོས་པ་ལ་ན་སྨད་པ་མེད་དོ། །གང་གི་ཕྱིར་འདིར་ཅི་བདེར་བསྟབས་པ་ཁོ་ན་འབའ་ཞིག་ལ་ལྟུང་བ་མེད་པ་དེའི་ཕྱིར་དགེ་སློང་ཅི་བདེར་བསྟབས་པ་མ་
བྱས་པ་དེས་ཟས་ངན་པའམ། བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ན་གལ་ཏེ་ཟས་བསོད་པ་སྔ་མ་དག་ལྟ་བུའི་ཡུལ་ལ་རང་གིས་བསླངས་ཏེ་ཟོས་ན་དངོས་གཞིར་འགྱུར་རོ། །དེ་ལ་ཟས་ངན་པ་ཞེས་བྱ་བ་ནི་འོ་མ་ལ་སོགས་པ་ལས་གཞན་པ་འབྲུ་མར་ལ་སོགས་པའོ། །བསོད་པ་ཞེས་བྱ་བ་ནི་འོ་མ་ལ་སོགས་པའོ། །
ཐ་མལ་པ་ཞེས་བྱ་བ་ནི་འོ་མ་དེ་ཉིད་ར་ལ་སོགས་པའི་ཡིན་པའོ། །བཟང་པོ་ཞེས་བྱ་བ་ནི་འོ་མ་དེ་ཉིད་བ་ལ་སོགས་པའི་ཡིན་པའོ། །ཡང་ན་ངན་པ་ཞེས་བྱ་བ་ནི་རའི་འོ་མའོ། །བསོད་པ་ཞེས་བྱ་བ་ནི་འབྲས་ཀྱི་འོ་ཐུག་མར་དང་ཤ་ཀ་ར་དང་བསྲེས་པའོ། །ཐ་མལ་པ་ཞེས་བྱ་བ་ནི་བའི་འོ་མའོ། །བཟང་པོ་ཞེས་བྱ་

བ་ནི་གོང་མ་སྲེག་ལ་སོགས་པའི་ཤ་བལ་པོ་སེའུའི་ཁུ་བ་ན་ལེ་ཤམ་ལ་སོགས་པ་སྤོད་ཀྱི་བྱེ་བྲག་དང་སྦྱར་བའོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་བ་ཅི་བདེར་བསྟབས་པ་མ་བྱས་པ་ཉིད་དང་། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་དང་ཟས་བསོད་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་
དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མི་ན་བ་ཉིད་དང་། ཅི་བདེར་བསྟབས་པ་མ་བྱས་པ་ཉིད་དང་། ཟས་བསོད་པ་ཉིད་དང་། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་དང་། རང་གིས་བླངས་ཏེ་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་
སྟེ་ཇི་སྲིད་དུ་ཟས་བསོད་པ་སློང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མི་ན་བས་རང་གིས་བླངས་པ་ཙམ་ལ་ཉེས་བྱས་སོ། །དགེ་སློང་མི་ན་བས་གཞན་སློང་དུ་བཅུག་པ་དང་། དེ་
ཐོབ་པ་ཟོས་པ་ལ་ཉེས་བྱས་སོ། །དགེ་སློང་མི་ན་བས་གཞན་སློང་དུ་བཅུག་ཅིང་ཟ་བར་མི་བྱེད་ན་ཉེས་བྱས་ན་སྨད་དོ། །སྦྱིན་པར་བྱེད་པ་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཉེས་བྱས་སོ། །བཟའ་བར་བྱ་བ་ངན་པ་རང་གིས་བསླངས་ཏེ་ཟ་ན་སྦྱོར་བ་དང་དངོས་གཞི་གཉིས་ཀ་ལ་ཉེས་བྱས་སོ། །བཟའ་བར་བྱ་བ་ངན་པ་གཞན་
སློང་དུ་བཅུག་པ་དང་། དེ་ཟོས་པ་ལ་ཉེས་བྱས་ན་སྨད་པའོ། །ངན་པ་ཐོབ་པ་ན་བསོད་པ་སློང་བ་ལ་ཉེས་བྱས་སོ། །བསོད་པ་ཐོབ་པ་ན་ངན་པ་སློང་བ་དང་དེ་ཐོབ་པ་ཟོས་པ་ལ་ཉེས་བྱས་སོ། །ངན་པ་མི་འཐོབ་པར་བསོད་པ་སློང་ན་ཐམས་ཅད་དུ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ།
སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་ཅི་བདེར་བསྟབས་པ་ལ་ལྟུང་བ་མེད་དོ། །སྦྱིན་བདག་ཉེ་དུ་དང་རྟགས་འདི་པའི་རབ་ཏུ་བྱུང་བ་ལ་ལྟུང་བ་མེད་དོ། །
ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རང་ཉམས་དང་

ལྟོ་འདུན་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསོད་པ་སློང་བའི་ལྟུང་བྱེད་དེ་བཞི་བཅུ་པ་བཤད་ཟིན་ཏོ།། །།སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུགས་འགྲོ་བ་དང་། །རྡེག་དང་གཟས་དང་གནས་ངན་
ལེན། །ཅེས་བྱ་བ་ནི་བཅུ་པ་ལྔ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་ལྔ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱད་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་།
གཅེར་བུ་ལ་སྦྱིན་པ་དང་། དམག་ལ་ལྟ་བ་དང་། དམག་གི་ནང་ན་གནས་ལྟ་བ་དང་། དཔུང་གི་ཡན་ལག་ཉམས་སུ་མྱོང་བ་དང་། རྡེག་པ་དང་། གཟས་པ་དང་། གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ། །དེ་ལ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱ་མ་
བཱི་ན་གདང་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ནས། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་མ་སྤྱོད་ཅིག །དེས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བགྲངས་
ཏེ་གཏད་དམ་ཅི་ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང་ནུབ་དང་བྱང་གི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང་མཚོ་དང་ལྟེང་ཀ་དག་ཏུ་འཇུག་ན་ཅི་ཉེས་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ཅེས་སྨོད་པར་བྱེད། ཕྱར་ཀ་
གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འདུན་པ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་
མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་

གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམ་བཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་
ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པའི་ཞེས་བྱ་བ་ནི་སྲོག་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། གང་དག་མི་སྔར་སྣང་བར་འགྱུར་བ་དང་གང་དག་ཆུ་ཚུགས་ཀྱིས་ཟིན་པར་འགྱུར་བའོ། །ཆུ་ལ་སྤྱོད་ན་ཞེས་བྱ་བ་ནི་ཆུ་
ལ་སྤྱོད་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །ནང་གི་སྤྱོད་པ་ནི་ཁྲུས་བྱེད་པ་དང་། འཐུང་བ་དང་། སོ་ཤིང་འདོར་བ་དང་། ལག་པ་དང་རྐང་པ་འཁྲུ་བའོ། །ཕྱི་རོལ་གྱི་སྤྱོད་པ་ནི་ལྷུང་བཟེད་འཁྲུ་བ་དང་། ལྷུང་བཟེད་ཆུང་ངུ་འཁྲུ་བ་དང་། ཆོས་གོས་དག་འཁྲུ་བ་དང་། ཚོན་གྱི་ལས་བྱེད་པ་དང་། གཙུག་ལག་ཁང་དུ་
ཆག་ཆག་འདེབས་པ་དང་། ཞལ་ཞལ་སྐུད་པ་དང་། ལྕི་བ་སར་པའི་བྱུག་པས་ཉུག་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་
མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཚོགས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །སྔར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དང་། འདིར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དེ་གཉིས་ནི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་
ཏུ་ན་སྔ་མ་ནི་རང་སྤྱོད་པ་མ་ཡིན་པ་གཞན་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་། འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ། །འདི་ནི་རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་།
སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རང་སྤྱོད་པའི་དོན་ལ་ལུས་ཀྱི་ཉེ་བར་སྤྱད་པའི་མཚན་ཉིད་དང་། དེའི་

ངོ་བོ་ཉིད་ཁྲུས་དང་། བཏུང་བ་དང་། སོ་ཤིང་དོར་བ་དང་། ལག་པ་དང་རྐང་པ་བཀྲུ་བ་དང་། ལུས་ཀྱི་ཡོ་བྱད་བཟའ་བར་བྱ་བ་དང་། ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་། མེ་ལ་སོགས་པ་དང་། ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དང་། ལྕི་བ་དང་། ཚོན་དང་། རྩྭ་དང་། ཤིང་
ལ་སོགས་པ་དང་། ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དགོས་པ་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་དང་། ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཆུ་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་
དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་། འབྲུའི་ཚ་དང་། ཞོ་ག་ཆུ་དང་། རྩབ་མོ་དང་། ཤིང་ཐོག་དང་། བཅའ་བར་བྱ་བ་ལ་སོགས་པ་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དང་། ཆུའི་སྲོལ་བཀག་པ་དང་། བསལ་བ་དག་དང་། ཤིང་དང་།
གཡེང་བ་དང་། ཆུར་གཞུག་པ་དང་། དྲང་བ་དང་། བཤལ་བ་དག་དང་། གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་ཆུར་བཀྲུ་བ་དང་། གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུའི་སྦྱོར་བ་དག་ལ་ཡང་སྲོག་ཆགས་དང་བཅས་པ་ཉིད་དུ་འདུ་ཤེས་པས་རང་ཉིད་
འཇུག་གམ་གཞན་འཇུག་ཏུ་འཇུད་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་རང་སྤྱོད་པའི་དོན་དུ་ཆུ་ལ་སོགས་པ་དག་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཤའི་མིག་གིས་ལྟར་སྣང་
བ་དག་ཡོད་པར་ཤེས་བཞིན་དུ་དེ་ལ་བདག་ཉིད་འཇུག་པ་དང་། གཞན་འཇུག་ཏུ་འཇུད་པས་སྲོག་ཆགས་ཇི་སྙེད་ཤི་བ་རེ་རེའི་མཐར་ལྟུང་བྱེད་ཀྱི་དངོས་གཞི་རེ་རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །དེ་ལ་རང་སྤྱད་པའི་དོན་ཅེས་བྱ་བ་ནི་ལུས་ཀྱིས་ཉེ་བར་སྤྱད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་དང་ངོ་བོ་ཉིད་
དང་། ལུས་ཀྱི་ཡོ་བྱད་དོ། །མཚན་ཉིད་ནི་ལུས་ཀྱིས་ཉེ་བར་སྤྱད་པའི་མཚན་ཉིད་དོ། །ངོ་བོ་ཉིད་ནི་ལུས་ཀྱིས་ཉེ་བར་སྤྱད་པ་དེའི་ངོ་བོ་ཉིད་དེ། ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་དག་བཀྲུ་བའོ། །ལུས་ཀྱི་ཡོ་བྱད་ནི་བཟའ་བར་བྱ་བ་དང་ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་

བ་དང་། མེ་ལ་སོགས་པ་སྟེ། བཟའ་བར་བྱ་བ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་ལ་སོགས་པ་དག་བསྡུས་ཏེ། དེ་དག་ནི་ལུས་ཀྱི་ཡོ་བྱད་དག་ཡིན་པར་རིག་པར་
བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་ནི་ས་དང་ལྕི་བ་དང་ཚོན་དང་རྩྭ་དང་ཤིང་ལ་སོགས་པ་དག་ཡིན་པར་རིག་པར་བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དེ་ཇི་ལྟར་དགོས་ཤེ་ན་ཉེ་བར་སྦྱར་བ་དེ་དག་ས་ཆུ་ལ་སོགས་པ་དགོས་པ་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་
བ་དང་། ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཞེས་བྱ་བ་སྨྲས་ཏེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའོ། །ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་ཞེས་བྱ་བ་ནི་
གནས་ཁང་ལ་སོགས་པའོ། །འུ་ཤ་དང་ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དག་ཏུ་བྱ་བའོ། །དེ་དག་ཏུ་བྱ་བའི་ཆུ་ལ་སོགས་པ་དག་གང་ཞེ་ན། ཆུ་དང་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་འབྲུའི་ཚ་དང་། ཞོ་
ག་ཆུ་དང་། རྩབ་མོ་དང་། ཤིང་ཐོག་དང་བཅའ་བར་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨྲས་སོ། །དེ་དག་སྲོག་ཆགས་ཇི་ལྟ་བུ་དག་གིས་སྲོག་ཆགས་དང་བཅས་པ་ཉིད་ཡིན་ཞེ་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་ཞེས་བྱ་བ་སྨྲས་སོ། །ཆུ་ལ་སོགས་
པ་དེ་དག་ཉི་ཚེ་སྲོག་ཆགས་དང་བཅས་པ་འབའ་ཞིག་འདིར་བཟུང་བར་མ་ཟད་ཀྱི། སྲོག་ཆགས་འཆི་བའི་སྦྱོར་བ་གཞན་དག་ཀྱང་བཟུང་བའི་ཕྱིར་ཆུའི་སྲོལ་དགག་པ་དང་བསལ་བ་དག་ཅེས་བྱ་བ་སྨོས་ཏེ། ཡུར་བ་ལ་སོགས་པ་ཆུའི་སྲོལ་དགག་པ་དང་བསལ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་
ཡིན་པས་དེ་དག་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་ཀྱང་འདིར་གཟུང་ངོ་། །སྲོག་ཆགས་འཆི་བའི་སྦྱོར་བ་གཞན་དག་ཀྱང་གཟུང་བའི་ཕྱིར་ཤིང་དང་གཡེང་བ་དག་ཆུར་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཅེས་བྱ་བ་སྨྲས་ཏེ།

ཤིང་ཆུའི་ནང་དུ་གཞུག་པ་དང་། ཆུའི་ནང་ཉིད་དུ་དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དང་། ཆུ་ལོན་ལ་སོགས་པ་ཆུར་གཡེང་བ་དག་ཆུར་གཞུག་པ་དང་། ཆུའི་ནང་ཉིད་དུ་དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་
ཡིན་པས། དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་འདིར་གཟུང་ངོ་། །ཤིང་དང་གཡེང་བ་དག་ཅེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་དེ་ལྟ་བུ་དང་མཐུན་པ་གཞན་དག་ཀྱང་བསྡུའོ། །སྲོག་ཆགས་འཆི་བའི་སྦྱོར་བ་རྣམ་པ་གཞན་དག་ཀྱང་
གཟུང་བའི་ཕྱིར་གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་ཆུར་བཀྲུ་བ་ཞེས་བྱ་བ་སྨོས་ཏེ། གོས་ཆིག་རྐྱང་ལས་གཞན་པ་ཉིས་རིམ་སྤུ་ཅན་དང་། ལྷན་པ་ཅན་ལ་སོགས་པ་དག་ཆུར་བཀྲུ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་ཡིན་པས་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་
ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་ཀྱང་འདིར་གཟུང་ངོ་། །ཡང་སྲོག་ཆགས་འཆི་བའི་སྦྱོར་བ་རྣམ་པ་གཞན་དག་ཀྱང་གཟུང་བའི་ཕྱིར་གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུའི་སྦྱོར་བ་དག་ལ་ཡང་སྲོག་ཆགས་དང་བཅས་པ་
ཉིད་དུ་འདུ་ཤེས་པས་རང་ཉིད་འཇུག་གམ། གཞན་འཇུག་ཏུ་འཇུད་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ཞེས་བྱ་བ་སྨྲས་སོ། །རང་སྤྱོད་པའི་དོན་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དུད་
འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཤའི་མིག་གིས་ལྟར་སྣང་བ་ལ་ན་སྨད་པ་མེད་དོ། །སྲོག་ཆགས་དང་བཅས་པ་ཉིད་ལས་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རང་ཉིད་འཇུག་གམ་གཞན་འཇུག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །
སྲོག་ཆགས་རེ་རེ་ཤི་བའི་མཐར་ལྟུང་བྱེད་ཀྱི་དངོས་གཞི་རེ་རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་སྤྱད་པའི་དོན་དུ་ཆུ་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་སྤྱད་པའི་དོན་གང་ཡང་

རུང་བ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གང་ཡང་རུང་བ་དང་བཅས་པའི་ཆུ་ལ་སོགས་པ་དང་། དེར་འདུ་ཤེས་པ་དང་། རང་དང་གཞན་གྱིས་སྤྱད་པ་དང་། སྲོག་ཆགས་ཇི་སྙེད་ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ།
ཇི་སྲིད་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྲོག་ཆགས་དང་བཅས་པ་ཉིད་མ་ཡིན་པ་ལ་སྲོག་ཆགས་དང་བཅས་པ་ཉིད་དུ་འདུ་ཤེས་པ་དང་། ཡིད་
གཉིས་ཟ་བ་ལ་ཉེས་བྱས་སོ། །རང་སྤྱོད་པ་མ་ཡིན་པ་དང་དུད་འགྲོ་མ་ཡིན་པ་དག་ནི་ལྟུང་བ་གཞན་གྱི་ཡུལ་ཡིན་ནོ། །མ་ཤི་ན་སྦྱོར་བའི་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་
བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །རང་དང་གཞན་གྱིས་མ་སྤྱད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་
ཐམས་ཅད་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟན་པར་བསླབ་པར་བྱའོ། །སྲོག་ཆགས་དང་བཅས་པའི་ཆུ་ལེགས་པར་བཙག་པར་བྱའོ། །དེའི་དོན་དུ་དཔྱང་ཚགས་བཅང་བར་བྱའོ། །དཔྱང་ཚགས་དེ་ཇི་འདྲ་བ་ཞིག་ཅེ་ན་ཤིང་བུ་གསུམ་མདུང་ཁྱིམ་
ལྟ་བུར་ཡ་ཐོག་བསྣོལ་མལ་ལྕགས་གཟེར་གྱིས་སྦྲེལ་ལ། རྩ་བ་གསུམ་ཕྲལ་ཏེ་ས་ལ་གཟུགས་ཤིང་། དེའི་རྐེད་པར་ལྕགས་གཟེར་གྱི་ཟུངས་བཏབ་པ་ལ་དཔྱང་ཚགས་ཆུ་དགང་བར་བྱ་བ་དང་། བཙག་པར་བྱ་བའི་རས་བཟང་པོ་ལས་བྱས་པ་བཅང་བར་བྱའོ། །དེའི་འོག་ཏུ་དཔྱང་ཚགས་དེ་ནས་ཆུ་
འཛག་པ་ཟེད་པར་བྱེད་པའི་ཟེད་སྣོད་བུམ་པ་ལ་སོགས་པ་ས་ལ་གཞག་པར་བྱ་སྟེ། ཆུ་སྣོད་གཞན་གྱིས་དཔྱང་ཚགས་ཀྱི་ནང་དུ་ཆུས་དགང་བར་བྱ་ཞིང་དཔྱང་ཚགས་ནས་ཟགས་པའི་ཆུ་ཟེད་སྣོད་ཀྱིས་གཟུང་བར་བྱ་སྟེ་དེ་ནི་དཔྱང་ཚགས་ཞེས་བྱའོ། །དཔྱང་ཚགས་ཀྱིས་ཆུ་བཙགས་པའི་འོག་ཏུ་དཔྱང་

ཚགས་ཀྱི་ནང་ན་གནས་པའི་སྲོག་ཆགས་མི་འཆི་བར་དཔྱང་ཚགས་ཀྱི་ནང་ན་ཆུ་གནས་པར་བྱ་བའི་ཕྱིར་ཚགས་གཅལ་གཞུག་པར་བྱའོ། །ཚགས་གཅལ་དེ་ཅི་འདྲ་བ་ཞིག་ཅེ་ན། བྱེ་མའམ་ལྕི་བ་གང་ཡང་རུང་བ་གཅལ་དུ་གཞུག་པའོ། །ཡང་ན་ཚགས་གཅལ་ཞེས་བྱ་བ་ནི་ཚགས་རྟེན་
སྣོད་དུ་གཞུག་པའོ། །ཚགས་རྟེན་སྣོད་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་། ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་ཁའི་ཐོན་ཀོར་གྱི་ཕྱོགས་ངོས་གཉིས་སམ་གསུམ་དུ་བུ་གུ་ཕུག་པ་ཤིང་བུ་གསུམ་རྐེད་བསྣོལ་དུ་གཟེར་བཏབ་པའམ། བཅིངས་པའི་རྩ་བ་ས་ལ་བཙུགས་པའི་ཡ་ཐོག་
གསུམ་ལ་ཐ་གུའམ་ལྕགས་ཐག་འཇམ་པོས་དཔྱངས་ཏེ་དེའི་ནང་དུ་དཔྱང་ཚགས་ཀྱི་ཞབས་གཞུག་པར་བྱའོ། །དེ་ཡང་ས་ལས་བྱས་པ་ནི་ཐ་གུས་གདགས་སོ། །ཟངས་མ་ལས་བྱས་པ་ནི་ལྕགས་ཐག་འཇམ་པོས་གདགས་སོ། །དེ་ནི་ཚགས་རྟེན་སྣོད་ཅེས་བྱ་སྟེ་དེ་བཅང་བར་བྱའོ། །ཆུ་ཚགས་གང་
ཡང་རུང་བ་དག་ཐགས་བཟང་བས་ཆུ་མི་འཛག་ན་ཆུ་ཚགས་དེ་ལ་ཤིང་ལེབ་ཀྱིས་དལ་བུས་དལ་བུས་གདབ་པར་བྱའོ། །བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ཞིང་བྱ་སླ་བས་དེ་ལ་འདོད་པ་བསྐྱེད་པར་བྱའོ། །བུམ་ཚགས་གཅེའུ་ཅན་དེ་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་
བུམ་པའི་དབྱིབས་ལྟ་བུ་ཁ་ཡངས་པ། ནང་པད་མའི་སྙིང་པོའི་ས་བོན་གྱི་གནས་ཀྱི་སྦུ་གུ་ལྟ་བུ་མང་པོ་དང་ལྡན་པ། སྦུ་གུ་དེ་རྣམས་ཀྱི་ཁ་ཕྱིར་བལྟས་པ་འོག་མ་རྣམས་གཅེའུ་སྦུབས་ཅན་བཅུག་པ། ནང་གི་ཞབས་སུ་བུ་གུ་དེ་དག་ནས་ཆུ་འཛག་པའི་སྟེང་དུ་གཅལ་ཐབས་སུ་ཆུ་ཚགས་སུ་རུང་བའི་རྫས་ཀྱི་རས་མས་གཡོགས་པ་སྟེ།
དེ་ནི་བུམ་ཚགས་གཅེའུ་ཅན་ཞེས་བྱ་སྟེ་དེ་བཅང་བར་བྱའོ། །དགེ་འདུན་དང་གང་ཟག་གིས་ཀྱང་ཆུ་ཚགས་ཉེ་བར་གཞག་པར་བྱ་སྟེ། ཆུ་ཚགས་ཞེས་བྱ་བ་ནི་ཆུ་ལ་སོགས་པ་ཀུན་ནས་འཛག་པར་བྱེད་པའི་ཆུ་ཚགས་རས་ལ་སོགས་པ་ལས་བྱས་པ་སྤྱི་ལ་བསྙེགས་སོ། །ཆུ་ཚགས་གྲུ་གསུམ་མམ་རིལ་བ་ཞབས་ཚགས་
ཅན་ནམ་བསལ་ཚགས་ཀྱང་ཉེ་བར་གཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན། རས་ལ་སོགས་པ་ཆུ་ཚགས་སུ་རུང་བའི་རྫས་ལས་ཁ་ལོགས་གྲུ་གསུམ་པ་ཞབས་འཕྱང་བ་བྱིན་གྱིས་ཕྲ་མོར་བཙེམས་པ་སྨྱིག་མའམ་ཁར་བ་ལ་སོགས་པའི་ཡང་མིག་གྲུ་གསུམ་ཡུ་བ་ཅན་ལ་བུ་གུ་ཕུག་

པ་ལས་དཔྱངས་པའོ། །རིལ་བ་ཞབས་ཚགས་ཅན་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་། ཤིང་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་རིལ་བའི་དབྱིབས་འདྲ་བ། ཞབས་རིལ་གྱིས་ཟོ་བ་ཞབས་མ་བཅུག་པ་འདྲ་བར་གསོད་ལྡོང་དུ་གཞག་པར་ཆུ་ཚགས་སུ་རུང་བའི་
རས་ཀྱིས་ནང་རོལ་ནས་ཞབས་ཐབས་སུ་སྦྱར་བ། ཁའི་མཐོངས་ཕྱེ་སྟེ་རླུང་གི་གསང་བཏོད་ལ། ཞབས་ཆུའི་འཇིངས་སུ་བཙིར་ཏེ་ཆུ་ནང་དུ་གཞིབ་ཐབས་སུ་བཙགས་ལ། ཕྱིར་དབྱུང་ཁར་ཁའི་མཐོངས་བཀག་སྟེ་རླུང་གི་གསང་བསུབས་ནས་ཆུ་རང་གང་དང་བཅས་ཏེ་དབྱུང་བའོ། །བསལ་ཚགས་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན།
དཔྱང་ཚགས་ལ་སོགས་པས་ཆུ་བཙགས་པའི་ནང་དུ་སྲོག་ཆགས་འཚིགས་པ་རྣམས་ཁྲོན་པའམ་ལུ་མ་འམ་འབབ་ཆུ་ལ་སོགས་པའི་འཇིངས་སུ་གང་ནས་བཅུས་པའི་གཞི་ཉིད་དུ་ཕྱིར་བསྐྱལ་བའི་སྣོད་ས་ལས་བྱས་པ་ཡང་རུང་། ཤིང་ངམ་ཟངས་མ་ལས་བྱས་པ་ཡང་རུང་ཟོ་བའམ་བུམ་པའི་དབྱིབས་འདྲ་བ་ཁ་དང་ཞབས་
ནས་དཔྱང་ཐག་རེ་རེ་བཏགས་པ་ཐུར་དུ་བཏང་བའི་ཚེ་ནི་ཁའི་དཔྱང་ཐག་བསྡམས་ཏེ་ཞབས་ཀྱི་དཔྱང་ཐག་ཀློད་དེ་འཇིངས་སུ་བོར་བའི་ཚེ་ནི་ཁའི་དཔྱང་ཐག་ཀློད་དེ། ཞབས་ཀྱི་དཔྱང་ཐག་བསྡམས་ནས་ཁས་སྦུབ་སྟེ་སྲོག་ཆགས་དབོ་བ་ཁ་ནས་མི་གཡེང་བར་དལ་བུས་ཆུར་བཏང་བའི་སྣོད་ཡིན་ནོ། །བྱ་མ་བུམ་དང་རིལ་བ་དག་
གིས་ཆུ་རུང་བ་བཅུས་པ་ཉིད་ནི་ཆུ་ཚགས་དང་འདྲ་བ་ཉིད་ཡིན་ནོ། །ལམ་ཇི་སྲིད་དུ་ཆུ་རུང་བ་ཡོད་པ་ཉིད་ཡིན་ན་དེ་ཡང་ཆུ་ཚགས་དང་འདྲ་བ་ཉིད་ཡིན་ནོ། །ཆུ་ཚགས་ལ་སོགས་པ་དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །དགེ་སློང་ཞེ་འགྲས་པ་ནད་དང་བཅས་པ་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གལ་
ཏེ་དེ་དང་འགྲོགས་ཏེ་མི་འགྲོ་ན་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་བྱེད་པ་དེ་ལྟ་བུའི་རྐྱེན་ཡོད་ན་གཙུག་ལག་ཁང་ཉིད་དུ་དེས་བཟོད་པ་གསོལ་ནས་སམ་དེ་ཡིས་བཟོད་པར་བྱས་ཏེ་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །ཆུ་ཚགས་ལ་སོགས་པའི་ཡོ་བྱད་ནི་བྱ་བ་བྱེད་པའི་དུས་ཉིད་ན་ཡོད་ན་ཡོད་པ་ཉིད་ཡིན་
གྱི། ཡུལ་དང་དུས་ཀྱིས་བསྐལ་པ་ན་ཡོད་པ་ཉིད་ནི་མ་ཡིན་ནོ། །དགེ་སློང་གཞན་གྱིས་འདི་ལྟར་ཆུ་བཙགས་པའི་དུས་དེར་ཆུ་ཚགས་སྦྱིན་ནོ་ཞེས་ཁས་བླངས་པ་ནི་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་གྱི་གལ་ཏེ་དེ་ལྟར་ཁས་མ་བླངས་ན་དགེ་སློང་གཞན་ལ་ཆུ་ཚགས་ཡོད་དུ་ཟིན་ཀྱང་དགེ་སློང་དེ་ལ་ཆུ་ཚགས་ཡོད་པ་ཉིད་མ་

ཡིན་ནོ། །ལྗོངས་རྒྱུ་བའི་ཚེ་འབྲལ་བ་ནི་ཆུ་ཚགས་སྦྱིན་པར་ཕ་རོལ་པོས་ཁས་མ་བླངས་ན་གཞི་ནས་ཆ་བའི་ཚེ་ནས་དེའི་ཆུ་ཚགས་ལ་བརྟེན་པར་མི་བྱའོ། །རྒྱང་གྲགས་ལྔའི་མཐའ་ཚུན་ཆད་ཆུས་ཕོངས་པར་མི་འགྱུར་བས་ངེས་པར་འགྲོ་བ་ནི་ལྗོངས་རྒྱུ་བ་ཡང་མ་ཡིན་ལ། དེར་ཆུ་ཚགས་མེད་པར་ཡང་འགྲོར་
རུང་ངོ་། །དེར་སོང་ན་ཆུ་ཚགས་ཀྱང་ཡོད་པར་འགྱུར་བར་མ་ངེས་པར་རང་གི་ཆུ་ཚགས་བཞག་སྟེ་འགྲོ་བར་མི་བྱའོ། །ཆུ་ཚགས་གཅིག་ཡོད་ན་དེས་དགེ་འདུན་མན་ཆད་དགེ་སློང་དུ་མ་དག་ཆུ་ཚགས་དང་ལྡན་པ་ཉིད་དུ་གྱུར་པས་དེས་ལྗོངས་རྒྱུ་ཞིང་འདོང་དུ་རུང་ངོ་། །རྒྱང་གྲགས་ལྔའི་མཐའ་ཚུན་ཆད་དུ་འགྲོ་བ་ལ་ཡང་
ཆུ་རྒྱུན་མགྱོགས་པ་སྔར་ཐལ་བ་ལྟ་ན་ཆུ་ཚགས་བསྐུར་བར་བྱའོ། །ཆུ་རྒྱུན་མགྱོགས་པ་དེ་ལ་ཆུ་རྒྱུན་ཕྱོགས་སུ་རྗེས་སུ་འབྲེལ་པར་འགྲོ་བས་ནི་རྒྱང་གྲགས་ཀྱི་མགོར་ཆུ་བརྟགས་པ་དེས་རྒྱང་གྲགས་གཅིག་གི་བར་དུ་བརྟག་མི་དགོས་པར་འཇུག་ཏུ་རུང་ལ། དེ་མན་ཆད་ནི་ཡང་དེ་བཞིན་དུ་བརྟག་པར་བྱའོ། །
རྒྱང་གྲགས་གཅིག་གི་བར་དེར་གལ་ཏེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་ཡན་ཆད་དུ་སྔར་བརྟགས་པས་འཇུག་ཏུ་རུང་གི་དེ་མན་ཆད་ཡང་བརྟག་པར་བྱའོ། །ཆུའི་ཁའི་ཉེ་འཁོར་ནི་འདོམ་གང་ཡིན་པས་ཆུ་བརྟགས་པའི་གནས་ནས་འདོམ་གང་ཁོ་ར་ཁོར་ཡུག་ཚུན་ཆད་ནི་བརྟགས་པ་ཉིད་ཡིན་ནོ། །ལྷའི་
མིག་མ་ཡིན་པ་ཤའི་མིག་ཐ་མལ་པས་བརྟགས་ཏེ། དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ན། ཆུ་མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ལ་བརྟག་པར་བྱའོ། །བུམ་པ་གང་བ་ཉིད་ལ་བརྟག་པར་བྱའོ། །ཆུ་བརྟགས་པ་དེ་ལ་ཡུན་ནི་བྱ་བ་ལས་འདས་པར་བགྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱ་སྟེ། ཇི་སྲིད་ཀྱིས་བ་ལང་
དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མའི་ཤར་བས་བཀང་བ་གཡངས་ཀྱིས་ལན་ཅིག་འཁོར་བར་འགྱུར་བ་དེ་སྲིད་དམ། ཇི་སྲིད་ཀྱིས་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ། །གལ་ཏེ་ལ་ལ་ཆུའི་སྲོག་ཆགས་ལ་ཐེ་ཚོམ་ཟ་བའམ་མི་མཐོང་ན་དེའི་ཚེ་ཐུར་མའམ་རྩྭ་འམ་ཤིང་བུ་རྩེ་མོ་འཇམ་པོས་སྲོག་ཆགས་
དག་བསྟན་པར་བྱའོ། །དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །དེ་ལས་གཞན་པ་ཞིག་དང་རྩྭ་ཤིག་ལ་སོགས་པ་དག་ཀྱང་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་ལྟུང་ན་མར་མེ་སྣང་བར་བྱེད་པའི་འོད་ཁང་གིས་མར་མེ་དེ་གཡོགས་པར་བྱའོ། །འོད་ཁང་དེ་ཅི་

འདྲ་བ་ཞིག་ཅེ་ན། སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་ནི་འོད་ཁང་ཞེས་བྱ་སྟེ། ཡུལ་གཞན་དག་ནི་ཏིང་ཁང་ཞེས་ཀྱང་ཟེར་རོ། །འོད་ཁང་མ་རྙེད་ན་མིག་བརྒྱ་པས་གཡོགས་སུ་རུང་ངོ་། །མིག་བརྒྱ་པས་ཞེས་བྱ་བ་ནི་ཅི་འདྲ་བ་ཞིག་ཅེ་ན། དང་པོ་ནས་ས་ལས་བྱས་པའི་སྣོད་ཁྲོལ་
མའི་མིག་ལྟ་བུའི་བུ་གུ་མང་པོ་ཅན་ནམ། ཕྱིས་བུམ་པ་ལ་སོགས་པ་ལ་གསོར་བུས་དེ་ལྟར་ཕུག་པའི་སྣོད་བུ་གུ་ཅན་ནི་འོད་ཁང་མིག་བརྒྱ་པ་ཞེས་བྱའོ། །སྐྲ་དང་རྔ་མ་དང་། རྔོག་མ་ལ་སོགས་པའི་རྙིས་སྦྲུལ་གཟུང་བར་མི་བྱའོ། །སྦྲུལ་བསལ་བ་ལ་སེ་གོལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟངས་མིག་ལམ་ན་མ་འདུག་ཤིག་ཅེས་བརྗོད་
པར་བྱའོ། །འོན་ཀྱང་འདུག་ན་དབྱུ་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་རླུང་རྒྱུ་བའི་བུ་གུ་དག་བཏོད་དེ་བསལ་བར་བྱའོ། །གལ་ཏེ་ཐབས་དེ་ལྟ་བུ་མ་གྲུབ་ན་ལྕག་པོད་དམ་ཤུར་བུའམ་ཤུར་བུ་ཕྲེའུ་འམ་ཐ་གུ་རས་མས་དཀྲིས་པའི་ཞགས་མིག་གིས་མགུལ་བར་བཅིངས་ཏེ་དོར་བར་བྱའོ། །
ཐབས་དེ་ནི་རྫ་མའམ། བུམ་པར་གཞུག་པ་ལ་ཡང་བྱའོ། །སྦྲུལ་དེ་གང་དུ་རང་གིས་མེ་གཏོང་བའི་ཉེས་དམིགས་སུ་འགྱུར་བའི་ཚང་ཚིང་གི་ནང་དུ་དོར་བར་མི་བྱ་བར་ས་སྒྲེ་བོ་ལ་ཁུང་ལ་སོགས་པ་ཡོད་པར་དོར་བར་བྱའོ། །ཁུང་དུ་མ་ཞུགས་ཀྱི་བར་དུ་འོལ་པ་ལ་སོགས་པས་འཁྱེར་བ་བསྲུང་བའི་ཕྱིར་བསྡད་པར་
བྱའོ། །ཤིག་རྣམས་ནི་རས་མས་དཀྲིས་ཏེ་ཀ་བ་ལ་སོགས་པའི་གཟེབ་ཏུ་གཞག་གོ། །རྩྭ་ཤིག་རྣམས་ནི་གསིང་བར་དོར་བའམ་ཡང་ན་ཕྱོགས་བསིལ་བར་དོར་རོ། །ཆུའི་སྲོག་ཆགས་ཆུ་ཚགས་ཀྱིས་བཙགས་པ་ཕྱིར་གཞུག་པའི་ཆེད་དུ་དགེ་འདུན་དང་གང་ཟག་གིས་ཀྱང་བསལ་ཚགས་དང་དཔྱང་ཐག་གཉིས་པ་
བཅང་བར་བྱའོ། །ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱ་སྟེ། དེ་ལ་ཡང་ཁ་དང་ཞབས་གཉིས་ཀར་དཔྱང་ཐག་གཉིས་ཀྱིས་གདགས་པར་བྱའོ། །ཆུ་ཚགས་ལ་སྲོག་ཆགས་དག་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ། །ཆུ་ཚགས་ལ་དྲི་མ་ཆགས་པ་བསལ་བའི་ཐབས་ནི་ཆུར་བཀྲུ་བ་ཡིན་ནོ། །ཆུ་
ཚགས་རུལ་བ་ཉིད་དུ་མི་འགྱུར་བའི་ཐབས་ནི་སྐམ་པས་སོ། །དྲི་མ་བཀྲུ་བ་དང་སྐམ་པ་དེ་གཉི་ག་ལ་ཡང་དམ་དུ་བཙིར་ཏེ་ཆུ་གཟགས་ན་ཕན་པ་ཉིད་དོ། །ཆུ་རུང་བ་རྣམ་པ་ལྔ་པོ་དགེ་འདུན་གྱིས་རུང་བ་དང་། གང་ཟག་གིས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། ཁྲོན་པས་རུང་བ་དང་། ཉིན་ཞག་

གཅིག་རུང་བ་རྙེད་པའི་ཤེས་པས་འཇུག་པའི་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱིས་རུང་བ་ཞེས་བྱ་བ་ནི་དགེ་འདུན་འདི་ལ་སྲོག་ཆགས་དང་བཅས་པའི་ཆུ་ཐ་སྙད་བྱེད་པར་མི་སྤྱོད་དོ་ཞེས་བྱ་བའོ། །གང་ཟག་གིས་རུང་བ་ཞེས་བྱ་བ་ནི་གང་ཟག་རབ་ཏུ་བྱུང་བ་དང་ཁྱིམ་པ་ཡང་གལ་ཏེ་གང་ཟག་
འདི་སྲོག་ཆགས་དང་བཅས་པའི་ཆུ་མི་སྤྱོད་དོ་ཞེས་བྱ་བའོ། །ཆུ་ཚགས་ཀྱིས་རུང་བ་ཞེས་བྱ་བ་ནི་ཆུ་ཚགས་འདིས་བཙགས་པའི་ཆུ་དུས་ཐམས་ཅད་དུ་དག་པ་ཡིན་ནོ་ཞེས་བྱ་བའོ། །ཁྲོན་པས་རུང་བ་ཞེས་བྱ་བ་ནི་ཁྲོན་པའི་ཆུ་འདི་ལ་ནམ་ཡང་སྲོག་ཆགས་དང་བཅས་པར་མ་གྱུར་ཏོ་ཞེས་བྱ་བའོ། །ཉིན་ཞག་
གཅིག་རུང་བ་ཞེས་བྱ་བ་ནི་ཆུ་བཅུས་པ་དང་ཁྲོན་པ་དག་གིས་ཉི་མ་འཆར་ཁ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །དགེ་འདུན་གྱིས་རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགང་བར་བྱའོ། །དགེ་འདུན་གྱིས་ཆུ་དང་མར་དང་འབྲུ་མར་ལ་སོགས་པའི་སྣོད་ཀྱང་བཅང་བར་བྱའོ། །དགེ་འདུན་
གྱིས་ཆུ་སྣོད་ལ་སོགས་པ་སྣོད་སྤྱད་དུ་གཏོགས་སོ་ཅོག་བྲུབས་པ་དང་། དབྱུང་བ་ལ་སོགས་པ་ནི་དགེ་སློང་སྣོད་སྤྱད་བྲུབས་པའི་ལས་ཡིན་ནོ། །དེ་དག་སྦྱིན་པ་དང་བླང་བ་དག་ཀྱང་དེའི་ལས་ཡིན་ནོ། །ཁྱིམ་བདག་དགེ་འདུན་ལ་སྣོད་སྤྱད་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ན་སྣོད་སྤྱད་བྲུབས་པས་གཡར་པོར་སྦྱིན་པར་
བྱའོ། །ཁྱིམ་པ་ཡོན་བདག་རྣམས་གཙུག་ལག་ཁང་དུ་འོངས་ཏེ་སྣོད་སྤྱད་རྙིང་པ་བརྙན་པ་ཉིད་ལ་ཡང་དེ་ཡོད་པ་ཉིད་ན་སྣོད་སྤྱད་བྲུབས་པས་གཡར་པོར་སྦྱིན་པར་བྱའོ། །དགེ་སློང་དག་དགེ་འདུན་ལ་སྣོད་སྤྱད་བརྙན་ཏམ་སློང་ན་སྣོད་སྤྱད་བྲུབས་པས་སྣོད་སྤྱད་སར་པ་དག་ཡོད་པ་ཉིད་ནི་གཏན་སྦྱིན་པར་བྱའོ། །སྣོད་སྤྱད་
ཀྱི་ཆེད་དུ་མཛོད་ཁང་བསྐོར་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་སོ་སོར་གཞག་པར་བྱའོ། །དེའི་དགེ་འདུན་གྱི་ཆུ་ཉེ་བར་གཞག་པར་བྱའོ། །ཆུ་དེ་གར་བབ་བབ་ཏུ་མི་གཞག་གོ། །དེའི་ཆེད་དུ་ཆུ་ཁང་བྱའོ། །ཆུ་ཁང་ནི་གཙུག་ལག་ཁང་གི་རྒྱབ་ལོགས་དང་རྒྱབ་ཀྱི་གཡས་ལོགས་ཀྱི་མཚམས་སམ་ལྷོ་
ནུབ་ཀྱི་མཚམས་སུ་བྱའོ། །ཆུ་ཁང་དེ་ལ་སྐར་ཁུང་གདོད་པ་དང་། སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་ཁུང་གདོད་པ་དང་། སྒོ་གདོད་པ་དང་། སྒོ་གླེགས་དང་ཡང་མིག་གཞུག་པར་བྱའོ། །ཆུ་ཁུང་དེའི་ནང་དུ་ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ། །ཆུ་སྣོད་ཤིང་གི་ཁྲིའུ་དག་གི་སྟེང་དུ་གཞག་པར་བྱའོ། །

ཡང་ན་སོ་ཕག་གི་སྟེགས་བུའི་སྟེང་དུ་ཤིང་ལེབ་དང་། ལྕུག་འཁོར་ལ་སོགས་པའི་གཞི་བཏིང་བ་དག་གི་སྟེང་དུ་གཞག་པར་བྱའོ། །དགེ་འདུན་གྱི་དང་གང་ཟག་གི་དང་རང་དང་གཞན་གྱི་ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་ཀྱང་གཙང་སྦྲ་བྱའོ། །ཁྲུས་ཆུ་ཉིད་ཀྱང་གཙང་སྦྲར་བྱའོ། །བཏུང་བར་
བྱ་བའི་ཆུ་ཡང་གཙང་བར་བྱའོ། །བཏུང་བར་བྱ་བའི་ཆུ་དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ། །ཆུ་སྣོད་རྣམས་ཀྱི་ནང་དུ་དུས་དུས་སུ་སྦྱང་བར་བྱའོ། །ཆུ་སྣོད་ཟབ་མོ་རྣམས་ཀྱི་ནང་ལག་པས་ཞབས་མི་སླེབས་པ་དག་ནི་ཨུ་ཤི་རའི་ཁྲུ་ད་ཤིང་ངམ་འདབ་མའི་ཆང་བུའམ་རས་མ་
ཤིང་བུའི་རྩེ་མོ་ལ་བཏགས་པས་སྦྱང་བར་བྱའོ། །ཨུ་ཤི་རའི་ཁྲུད་ཤིང་ལ་སོགས་པ་དེ་ཟས་ཀྱི་བྲམ་ཟེར་མི་ཤོར་བར་བསྲུང་ངོ་། །ཆུ་སྣོད་བཀྲུ་བཤལ་བྱས་པ་རྣམས་བསྐམ་པར་ཡང་བྱའོ། །བཀྲུ་བ་དང་བསྐམ་པ་བྱེད་པའི་ཚེ་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་སྣོད་ཐམས་ཅད་དུས་གཅིག་བཀྲུ་བ་དང་བསྐམ་
པར་མི་བྱའོ། །ཆུ་ཁང་གི་འཁོར་དུ་གཏོགས་པ་དང་ཆུ་ཚགས་ལ་སོགས་པ་ཆུ་དང་འབྲེལ་པའི་ལས་ཐམས་ཅད་ནི་སློབ་མ་དང་ཉེ་གནས་དག་གིས་བྱ་བ་ཡིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དེ་བཞི་བཅུ་གཅིག་པ་བཤད་ཟིན་ཏོ།། །།སོ་སོར་ཐར་
པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་པ། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་བསམ་
པའི་ནོར་བུའི་རིག་པ་ཤས་ཏེ། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོ་མ་ལོན་པ་ཞིག་འདུག་པ་དེས་ཟོང་བཀྲམ་པ་ན་བདག་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་འགྲོའོ་སྙམ་པའི་
ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེས་ནས་དེ་ཟོང་ཕྱིར་བསྡུ་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་ཤེས་ཏེ། བདག་སོང་ལ་འདིའི་རེ་བ་མེད་པར་བྱའོ་སྙམ་ནས་དེ་དང་པོར་དེའི་ཁྱིམ་དུ་སོང་སྟེ་སྟན་ལ་འདུག་ནས་བུ་མོ་དེ་ལ་ཆོས་བསྟན་པར་བརྩམས་སོ། །ཇི་ཙམ་ན་སྤོས་འཚོང་གི་

ཁྱེའུ་དེ་འོངས་ནས་དེས་ཆུང་མ་ལ་སྨྲས་པ། འཕགས་པ་འཆར་ཀ་ལ་བསོད་སྙོམས་ཕུལ་ལ་བཞུད་དུ་གསོལ་ཅིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ་བཞིན་བཟངས་ཁོ་བོས་བདག་ཉིད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་བྱས་ཏེ་འོངས་ནས་ཆོས་སྟོན་པར་བྱེད་ན་ཁྱོད་ཆོས་ཉན་
མི་འདོད་དམ། འདུག་ལ་ཆོས་ཉོན་ཅིག་ཅེས་དེས་ནན་གྱིས་འདུག་ཏུ་བཅུག་སྟེ། དེས་ཇི་ཙམ་གྱིས་དེའི་ཀུན་ནས་དཀྲིས་པ་དང་བྲལ་བ་དེ་ཙམ་དུ་ཆོས་བསྟན་པ་དང་། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཞེས་སྨོད་པར་
བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་
ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་
ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་
བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ། ཉེས་པ་ནི་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་
བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་འགྱུར་བའམ། གཞན་དག་གིས་བརྗོད་པས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ལ། སྐྱེས་པ་ནི་བུད་མེད་ལ་ཉལ་པོ་བྱེད་པ་ཡིན་ནོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །ཕྱིས་གནོན་

བྱས་ཏེ་ཞེས་བྱ་བ་ནི་ཕྱིས་ཞུགས་པའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཙོས་གཞག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་
པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པས་ཁྱིམ་པ་ལ་སྐྱེས་པ་དང་བུད་མེད་གནས་གཞན་མཐོང་
བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ན་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པར་ཤེས་བཞིན་དུ་མངོན་སུམ་དུ་བརྣག་པས་འདུག་ན་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་
སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གལ་ཏེ་གླང་པོ་ཆེ་ལ་སོགས་པའི་འཇིགས་པའི་དབང་གིས་དེར་མངོན་སུམ་དུ་བརྣག་པས་འདུག་པ་ལ་ལྟུང་བ་མེད་ལ། དེར་མངོན་སུམ་དུ་བརྣག་པས་འདུག་པའི་དགེ་སློང་གིས་ལྟ་བ་དང་ཉན་པ་སྤྲོ་བར་བྱེད་
པ་གཉིས་ཀྱིས་གནས་ལས་གཞན་པའི་གནས་ལ་སེམས་གཏོད་པ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པས་དེ་གཉིས་ལ་ལྟུང་བའི་དངོས་གཞིར་རྣམ་པར་མི་གཞག་པས་དགེ་སློང་འཇིགས་པའི་དབང་དང་། གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །ཁྱིམ་པའི་སྐྱེས་པ་
དང་བུད་མེད་ལ་ན་སྨད་པ་མེད་དོ། །གལ་ཏེ་གཉི་གའམ་སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ལ་སོགས་པ་ཁྱིམ