Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 151

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
ན་དུ་བྱེད་པའི་ཆོས་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་རྣམས་ནི་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་
པར་འགྱུར་ཏེ། དེ་དག་ཀྱང་དཀའ་ཐུབ་དཀའ་བ་ལ་ནན་ཏན་དུ་བྱེད་ཅིང་དེའི་འབྲས་བུ་དང་། དེ་སྟོན་པ་ལ་ལྷག་པར་མོས་ནས་དེ་ཡང་དེ་བཞིན་དུ་ལྷག་པར་མོས་ཏེ་གལ་ཏེ་ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་ཟད་པར་འགྱུར། ལས་སར་པ་རྣམས་ནི་མ་བྱས་ནས་ཆུ་ལོན་བཞིན་ཏེ། དེ་ལྟར་ན་ཚེ་ཕྱི་མ་ཟག་པ་མེད་དོ། །ཟག་པ་
མེད་པས་ན་ལས་ཟད། ལས་ཟད་པས་ན་སྡུག་བསྔལ་ཟད། སྡུག་བསྔལ་ཟད་པས་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །གང་དེ་ལྟར་སྟོན་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་དེ་ལྟ་བུར་ལྷག་པར་མོས་པའི་གཉེན་པོར་བཅོམ་ལྡན་འདས་དེས་ཉན་ཐོས་རྣམས་ལ་སོ་སོར་ཐར་པ་འདི་གསུངས་སོ། །བཟོད་པ་དཀའ་ཐུབ་

དམ་པ་ཞེས་བྱ་བར་རྒྱ་ཆེར་རོ། །དེ་ལ་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་པའི་གཉེན་པོར་གསུངས་པ་ནི་བཟོད་པ་དཀའ་ཐུབ་དམ་པའོ། །ལུས་གདུང་བ་ལས་མ་ཡིན་ནོ། །སེམས་གདུང་བ་དེ་ཉིད་གོམས་པར་བྱ་བར་མཆོག་ཏུ་དཀའ་བའི་ཕྱིར་རོ། །དེའི་འབྲས་བུ་ལ་ལྷག་པར་མོས་པའི་གཉེན་པོར་
བཟོད་པའི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་བྱ་བ་གསུངས་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་འདོད་པ་དེ་ནི་འདིར་བཟོད་པ་ཞེས་བྱ་བར་དགོངས་སོ། །གང་ལ་བརྟེན་ཏེ་མྱ་ངན་ལས་འདས་པའོ། །མཆོག་ཅེས་བྱ་བ་ནི་དམ་པ་སྟེ་རྟག་ཏུ་དགེ་བའི་ཕྱིར་རོ། །ཡེ་ཤེས་ཀྱིས་མྱ་ངན་ལས་
འདའ་བ་ཐོབ་ཀྱི་དཀའ་ཐུབ་དཀའ་བས་མ་ཡིན་པས་ན། དེ་དེ་ལྟར་ན་བཟོད་པས་འཐོབ་པའི་མྱ་ངན་ལས་འདའ་བ་ནི། བཟོད་པའི་མྱ་ངན་འདའ་བ་ཞེས་བྱ་བ་ཚིག་བར་མ་ཕྱི་མས་བསྟན་ཏོ། །དེ་སྐད་སྟོན་པའི་གཉེན་པོར། རབ་ཏུ་བྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལུས་གདུང་བར་དོན་
མེད་པ་ལ་གཞན་ཉེ་བར་གདུང་དུ་འཇུག་པར་བྱེད་པ་དེ་ནི་གཞན་ལ་གནོད་པར་བྱེད་པ་དེ་དག་དགེ་སྦྱོང་མ་ཡིན་ཏེ། དེ་ལྟ་མོད་ཀྱི་འོན་ཀྱང་གཞན་ལ་ལོག་པར་སྦྱོར་བས་སྦྱོར་བ་བརྩམས་ཏེ་སྤྱོད་པར་བྱེད་པ་འཆེ་བ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱི་ཉན་ཐོས་རྣམས་ནི་ཕལ་ཆེར་
མཐོ་རིས་སུ་སྨོན་ལམ་འདེབས་ཤིང་ཚངས་པར་སྤྱད་པ་ལྷག་པར་མོས་པར་འགྱུར་ཏེ། དེ་ལྟར་ལྷག་པར་མོས་པའི་གཉེན་པོར་བཅོམ་ལྡན་འདས་དེས། སོ་སོར་ཐར་པའི་མིག་ལྡན་ཉམ་ང་བ་དག་ཇི་བཞིན་དུ། །ཞེས་བྱ་བ་འདི་རྒྱ་ཆེར་གསུངས་སོ། །དེ་ལ་ཤེས་རབ་ནི་མིག་གི་གནས་ལྟ་བུའོ། །དེ་དང་
ལྡན་པས་ན་མིག་ལྡན་ཞེས་བྱ་སྟེ། ཇི་བཞིན་ཞེས་བྱ་བའི་སྒྲ་ནི་གཉི་ག་དང་འབྲེལ་ཏོ། །ཉམ་ང་བ་དང་འདྲ་བ་ནི་མཐོ་རིས་ཡིན་ཏེ། དེར་སྤྱོད་པ་ནི་ངན་སོང་གི་འགྲོ་བར་ལྟུང་བར་འགྱུར་རོ། འགྲོ་བ་ཡོད་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་བ་ནི་འགྲོ་བ་དང་འདྲ་བའོ། །མཁས་དང་ཞེས་བྱ་བ་ནི། ཐབས་ལ་མཁས་
པའོ། །སྡིག་པ་དག་ནི་ཡོངས་སུ་སྤང་། །ཞེས་བྱ་བ་ནི། མཐོ་རིས་སུ་སྨོན་པ་ལས་སླར་བཟློག་པའོ། །གང་སྡིག་པའི་བྱེད་པ་ཐོབ་པས་མཐོ་རིས་སུ་འདོད་པ་དེས་ནི་སྡིག་པ་སྤངས་པ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་དེའི་ཉན་ཐོས་རྣམས་ནི་ཚུལ་ཁྲིམས་ཙམ་གྱིས་

མགུ་བར་འགྱུར་ཏེ། གཞན་དག་ཀྱང་ཉེས་པར་བཤགས་པར་ཞུགས་པ་རྣམས་ལ་དེ་དག་སྐུར་པ་འདེབས་ཤིང་ངག་དང་ཡིད་ཀྱིས་དེ་དག་ལ་གནོད་པར་བྱེད་ལ། བདག་ཉིད་ཀྱང་ཚུལ་ཁྲིམས་ཙམ་གྱིས་མགུ་བས་ན་དགེ་སྦྱོང་གི་འབྲས་བུ་ཡང་ཐོབ་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཉེས་པ་དེའི་གཉེན་པོར་ཉན་
ཐོས་རྣམས་དང་སོ་སོར་ཐར་པ་འདི་གསུངས་སོ། །དེ་ལ་སྐུར་པ་འདེབས་པའི་གཉེན་པོར། སྐུར་པ་མི་འདེབས་ཞེས་གསུངས་སོ། །ཡིད་ཀྱིས་གནོད་པ་བྱེད་པའི་གཉེན་པོར་གནོད་མི་བྱ་ཞེས་བྱ་བ་གསུངས་སོ། །དགེ་སྦྱོང་གི་འབྲས་བུ་མི་འཐོབ་པའི་གཉེན་པོར་སོ་སོར་ཐར་པའང་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །
མྱ་ངན་ལས་འདའ་བའི་དབང་དུ་བྱས་པའི་ཚུལ་ཁྲིམས་ལ་བརྟེན་ནས་འདོད་པས་བསོད་ནམས་དང་། བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་གཉིས་སྤོངས་ལ་ཞི་བའི་གནས་སུ་ཞུགས་ཏེ། ཞི་གནས་ལ་བརྟེན་ནས་ཐར་བར་འགྱུར་རོ་ཞེས་བྱ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་གྱི་ཉན་ཐོས་
རྣམས་ལ་ཕལ་ཆེར་རྙེད་པ་དང་བཀུར་སྟི་ལ་འདོད་པར་གྱུར་དེ་འདོད་པའི་གཉེན་པོར་བཅོམ་ལྡན་འདས་དེས་ཉན་ཐོས་རྣམས་ལ་སོ་སོར་ཐར་པ། ཇི་ལྟར་བུང་བ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །ཁ་དོག་ནི་དགེ་སྦྱོང་གི་ཚུལ་ཁྲིམས་ཡིན་ཏེ། དེས་ནི་མཛེས་བར་འགྱུར་རོ། །དྲི་ནི་ཏིང་ངེ་འཛིན་ཏེ་སྦྱོར་བ་
ཕྲ་མོས་ཚིམ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱི་ཉན་ཐོས་རྣམས་ལས་ཕལ་ཆེར་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ལ་འཇུག་པར་འགྱུར་ཏེ། དེ་དག་བདག་ཉིད་ལ་ནི་བསྟོད། ཕ་རོལ་པོ་རྣམས་ལ་ཡང་སྨོད་པར་བྱེད་ཅིང་། དེ་རྣམས་ནི་ཐོས་པའི་ལོངས་སྤྱོད་ལ་བརྩམས་
ཏེ། འབེལ་བའི་གཏམ་རྣམ་པར་ངེས་པ་ལ་གཞན་དག་ལ་མི་མཐུན་པར་བརྗོད་པས་ན། བཅོམ་ལྡན་འདས་དེས་དེའི་གཉེན་པོར་གཞན་རྣམས་ཀྱི་མི་མཐུན་པ་མིན་ཞེས་བྱ་བ་གསུངས་སོ། །ཚུལ་ཁྲིམས་ཀྱི་ལོངས་སྤྱོད་ལས་བརྩམས་ཏེ། གཞན་རྣམས་ལ་བྱས་པ་དང་། མ་བྱས་པ་སྦྱོར་བའི་
ལྟུང་བ་ལ་རྟོག་པས་ན་གཞན་དག་གི །བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་གསུངས་སོ། །སྔ་མའི་གཉེན་པོ་ཡང་བདག་གི་ལས་རྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་དང་མི་རིགས་རྣམས་ལ་ཡང་། །ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །

ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་རྣམས་ལས་ཕལ་ཆེར་སྙོམས་པར་འཇུག་པའི་རོ་མྱང་བར་གྱུར་ནས། ཉེས་པ་དེའི་གཉེན་པོར་བཅོམ་ལྡན་འདས་དེས་སོ་སོར་ཐར་པ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཞེས་བྱ་བ་འདི་གསུངས་སོ། །ལྷག་པའི་སེམས་ལ་བག་མེད་པ་མ་
བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་ལས་བཟློག་པའོ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཅེས་བྱ་བ་ནི། བདེན་པ་རྣམས་མངོན་པར་རྟོགས་པ་ལས་འཇུག་པའོ། །བདེན་པ་དག་ནི་ཐུབ་པའི་གཞི་རྣམས་ཏེ། །ཐུབ་པའི་སྐྱེ་མཆེད་དུ་འགྱུར་བའོ། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཉེར་
ཞི་རྟག་ཏུ་དྲན་ལྡན་པའི། །ཞེས་བྱ་བ་ནི་བདེན་པ་མཐོང་བའི་ཕན་ཡོན་བསྟན་པའོ། །གང་ཏིང་ངེ་འཛིན་ཐོབ་ཏུ་ཟིན་ཀྱང་། དུས་དེ་སྲིད་དུ་མྱ་ངན་རྣམས་མེད་པར་གྱུར་ཏེ། ཏིང་ངེ་འཛིན་མ་ཉམས་པས་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་འགྱུར་བ་དང་། དྲན་པ་དང་ལྡན་པར་ཡང་འགྱུར་མོད་ཀྱི་ཚེ་ཕྱི་མ་ལ་ནི་སླར་
ཡང་མྱ་ངན་དུ་འགྱུར་བ་དང་། སླར་ཡང་ཞི་བར་མི་འགྱུར་བ་དང་། ཡང་བརྗེད་པའི་ཆོས་ཡིན་པས་ན་དྲན་པ་དང་ལྡན་པར་ཡང་མི་འགྱུར་རོ། །མངོན་པར་རྟོགས་པར་འགྱུར་བའི་གང་ཟག་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བའི་ལྷག་མ་སྤང་བའི་རིམ་པ་སྦྱིན་པས་ཞེས་བྱ་ལ་སོགས་པས་སྟོན་ཏེ། དེ་ལ་ཚིགས་
གསུམ་གྱིས་ནི་འདོད་པ་ན་སྤྱོད་པའི་ཀུན་དུ་སྦྱོར་བ་སྤང་བ་སྟེ། འདི་ལྟར་ཕོངས་པ་དང་། དྲི་མ་དང་། འཇུངས་བ་དང་བྲལ་བས་གཏོང་བ་བསྐྱེད་དེ། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་སློབ་པའི་ཚེ་སྙོམས་པར་འཇུག་པའི་དགེ་བའི་སྟོབས་ཀྱིས་སྡིག་པའི་མིང་དུ་བྱ་བ། འདོད་པ་ན་སྤྱོད་པའི་ཉོན་མོངས་
པའི་ལས་དང་། ཀུན་ནས་ཉོན་མོངས་པ་སྤོང་ངོ་། །ཉོན་མོངས་པ་རྣམས་ཟད་ནས་མྱ་ངན་ལས་འདས་ཏེ། ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ནི་ཕལ་ཆེར་ཉོན་མོངས་པ་མང་སྟེ། དེ་དག་སྡིག་པ་ཡང་བྱེད་པ་དང་། དགེ་
བ་ལ་ཕུན་སུམ་ཚོགས་པར་བྱེད་པ་དང་། དགེ་བའི་ཕྱོགས་ཅུང་ཟད་ཙམ་གྱིས་ཀྱང་མགུ་བར་འགྱུར་ཏེ། དེ་བཟློག་པར་བྱ་བའི་དོན་དང་། དེ་སྤང་བའི་ཐབས་སུ་བསྟན་པར་བྱ་བའི་དོན་དང་། དེ་ལ་སྦྱོར་བ་རྣམས་དྲན་པ་མི་བརྗེད་པའི་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེས་དགེ་སློང་གི་དགེ་འདུན་ཆུ་བུར་མ་བྱུང་བ་ན་

སོ་སོར་ཐར་པ་ཚིགས་སུ་བཅད་པ་གསུམ་གྱིས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོའི་རྩ་བ་གསུམ་གྱིས་ནི་ཅི་ལྟར་གོ་རིམས་སུ་ལོག་པར་བྱེད་པ་རྣམ་པ་གསུམ་བཟློག་པ་སྟེ། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱའོ། །གཉིས་པ་ནི་དེ་སྤངས་པའི་ཐབས་བཤད་དེ། ལུས་ལ་སོགས་པ་རྣམས་ཏེ་ལས་ཀྱི་
ལམ་རྣམས་སོ། །སོ་སོར་སྡོམ་པ་འདི་ཡང་ལེགས་ན་འབའ་ཞིག་མ་ཡིན་པ་སྡོམ་པ་ལ་ལྟ་ཅི་སྨོས། གང་ཐམས་ཅད་སྡོམ་པ་དེ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ལྟ་བས་ན་གང་ལ་ཅི་ལྟར་ནུས་པ་དེའི་དེ་ལྟར་བསྡོམ་པར་བྱའོ། །གསུམ་པས་ནི་དྲན་པ་མི་བརྗེད་པར་བྱ་བའི་ཐབས་སྟོན་
ཏེ། དེས་གསུམ་དུ་དྲན་པ་བརྗེད་པ་མང་བར་གྱུར་ནས། ཕ་རོལ་པོས་ཁ་ན་མ་ཐོ་བ་གླེང་བ་ལ་སོགས་པ་དེ་ལ་ལན་བཏབ་པར་འདོད་ནས། ངག་རྣམས་རྗེས་སུ་བསྲུང་ཞིང་ཞེས་བྱ་བ་གསུངས་སོ། །ཉམས་སུ་མྱོང་བའི་ཡུལ་ལ་རྣམ་པར་རྟོག་པའི་དུས་སུ་ཡིད་ཀྱིས་རབ་བསྡམས་ཏེ་ཞེས་
བྱ་བ་གང་གསུངས་སོ། །སྤྱོད་ཡུལ་མ་ཡིན་པར་རྒྱུ་བ་ལ་སོགས་པའི་དུས་སུ་ཡང་། གང་སྤྱོད་ཡུལ་མ་ཡིན་པ་རྣམ་པ་ལྔ་ལ་རྒྱུ་ཞིང་སྤྱོད་པའི་ཚེ་བླང་བར་མི་བྱ་བ་ལེན་པ་དང་། བཟའ་བར་མི་བྱ་བ་ཟ་བ་དང་། གཞན་ལ་ཡང་ལུས་ཀྱི་རྣམ་པར་འཚེ་བའི་ཕྱིར་ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་
ཞེས་བྱ་བ་གང་གསུངས་པའོ། །དེ་ལ་ངག་ཀྱང་རྗེས་སུ་བསྲུང་བར་བྱ། ཡིད་ཀྱང་ཤིན་ཏུ་བསྡམ་པར་བྱ། །ལུས་ཀྱི་མི་བྱེད་པར་དྲན་པ་ཉེ་བར་གཞག་གོ། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །ཞེས་བྱ་བ་ནི། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་སྔར་བསྟན་
པའི་ཐབས་སུ་གསུངས་པའོ། །སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་པོ་ནི། ཡང་དག་པར་སྡུད་པར་བྱེད་པའི་ཚིག་གོ། །ལྷ་ཡི་ལྷ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་རང་བྱུང་བའི་ཕྱིར་རྣམ་པར་དག་པའི་ལྷའོ། །ཤཱཀྱ་ཐུབ་པ་ནི་ལྷའི་ཡང་ལྷ་སྟེ། དེས་ནི་འདི་ལྟར་སྙིགས་
མ་ལྔ་བདོ་བའི་དུས་སུ་གདུལ་དཀའ་བའི་མི་རྣམས་གདུལ་བ་ཁ་ལོ་སྒྱུར་བའི་ཕྱིར་གཞན་ནི་མ་ཡིན་ནོ། །གང་དེ་མ་ཐག་པ་ཉིད་དུ་བརྩམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་པ་ནི། ཡང་དག་པར་སྡུད་པར་བྱེད་པ་དག་གིས་མདོ་སྡེའི་ནང་ནས་ཕྱུང་བའོ། །བརྩམ་ཞེས་བྱ་

བ་ནི་རབ་ཏུ་བྱུང་བར་སྦྱོར་བའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའོ། །འཇུག་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་བསྐྱེད་པའོ། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྱ་བ་ནི་བསྒོམ་པའི་ལམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ་མ་ཡིན་ཏེ། གཉིས་པོ་ཅི་ལྟར་བཀའ་སྩལ་པའི་སྒྲུབ་པ་བྱེད་པའི་ཕན་ཡོན་བརྗོད་པའོ། །གང་གི་ཕྱིར་ནི་མདོ་བཏོན་དང་། །ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན་ཏེ། སྲོག་ལ་ལྟོས་པ་མེད་པར་ཚུལ་ཁྲིམས་ཡོངས་སུ་བསྲུང་བར་བྱ་བར་བསྟན་པའོ། །འཕགས་
པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བསྡུས་པ་རྫོགས་སོ།། །།སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའོ།། །།རྒྱ་གར་གྱིས་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བའོ། །སླད་ཀྱི་ཁ་
ཆེའི་མཁན་པོ་ཛྙཱན་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དགེ་ལེགས་སྙན་པའི་འབྲུག་སྒྲས་འཛམ་གླིང་ཁྱབ་གྱུར་ཅིང་། །རིག་པའི་གནས་ལྔ་ཟླ་བས་
བློ་ཡི་ཀུ་མུད་རྒྱས། །རྒྱལ་བས་ལུང་བསྟན་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི། །ཛྙཱ་ན་ཤཱི་ལར་བོད་རྗེ་བཀྲ་ཤིས་རྩེ་ལྡེའི་བཀས། །རྒྱུད་བསྐུལ་བོད་ཀྱི་སྤྱི་མཐུན་བསོད་ནམས་དག་གིས་ནི། །ཐོ་ལིང་གཙུག་ལག་ཁང་དུ་ཆོས་ཀྱི་སྦྲང་རྩི་ཡིས། །འགྲོ་བ་ཚིམ་མཛད་དེ་ལ་ཤཱཀྱའི་དགེ་སློང་ནི། །
རྒྱལ་བའི་ཤེས་རབ་ཅེས་བྱ་ཚུལ་ཁྲིམས་གཡག་རྔ་དང་། །མིག་གི་འབྲས་བུ་བཞིན་དུ་བསྲུང་བའི་བདག་ཉིད་ཅན། །ཐུགས་རྗེའི་སྤྲིན་ལས་བྱུང་བ་འདུལ་བའི་བདུད་རྩི་ཡི། །ཆར་གྱི་རྒྱུན་འབེབས་ཚུལ་ཁྲིམས་ལོ་ཏོག་སྐྱེད་མཛད་པ། །སྐྱེས་ཆེན་དེ་ཡིས་འགྲོ་ལ་ཕན་ཕྱིར་ཛྙཱ་ན་ཤཱི་ལར་
ཞུས། །འདུལ་བ་འཛིན་པ་ཆེན་པོ་དེ་དང་ཤཱཀྱའི་བཤེས་གཉེན་གྱིས། །སྔར་འགྱུར་ཅུང་ཟད་མ་དག་པ་ཡི་རྟོགས་པར་དཀའ་བ་རྣམས། །ལེགས་པར་བཅོས་ནས་ཞུ་ཆེན་བྱས་པ་འདི་ལ་འཇུག་པར་རིགས།། །།