Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 151
Văn bản gốc(Tây Tạng)
Trang 3 / 18 (50.000 ký tự/trang)
ོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོགས་ལྡན་གྱིས་ འདི་ལ་ལྷག་པར་ཆགས་པར་བྱེད་ཅིང་བྱས་ནས། གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱི། ཁྱེད་ཅག་ནི་འདི་ལས་ལྷག་པར་ཆགས་པར་བྱས་ནས། ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཚོད་མ་དང་མཉམ་པ་མ་ཡིན་པས་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བྱེ་བྲག་མི་ཤེས་པ། ཉེས་པ་ནི་ཚོད་མ་དང་མཉམ་པར་ཟས་ལེན་པའོ། །དེ་ལ་ཚོད་མ་དང་ མཉམ་པ་མ་ཡིན་པ་ཞེས་བྱ་བ་ནི་བཟའ་བ་གང་ལ་ཚོད་མ་དང་མཉམ་པ་དེ་ལྟར་ཚོད་མ་དང་མཉམ་པ་མ་ཡིན་པ་སྟེ། གང་གི་ཕྱིར་བཟའ་བར་བྱ་བའི་ཟས་གཡོས་སུ་བྱས་ཟིན་པ་ཐམས་ཅད་བསོད་སྙོམས་ཉིད་དུ་བསྟན་པ་ཡིན་པ་དེའི་ཕྱིར་རང་ལ་ཚོད་མའམ་བྱ་ན་ཇི་ཙམ་གྱིས་ ཟས་བརྡེགས་པའམ། འབྲུས་ལེགས་པར་དགོས་པའི་ཚད་ལས་མ་ལྷག་པ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་ འགྱུར་རོ། །འདིའི་བྱེད་པ་པོ་ནི་ཚོད་མ་དང་མཉམ་པར་ལེན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་གཉིས་ པའོ།། །།མཐར་ཆགས་སུ་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ། འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དྲུག་སྡེ་དག་ཟན་ཟ་བ་དང་། ཚོད་མ་མི་ལེན་པར་ཕྱིས་ཐག་རིང་དུ་སོང་བ་དང་འབོད་ པར་བྱེད་ནས། འདྲིམ་མཁན་དག་བྲེལ་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། མཐར་ཆགས་སུ་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་གང་ཟག་ནི་ དྲུག་སྡེ། ཉོན་མོངས་པ་ནི་ཕྲལ་གྱི་བྱ་བ་མི་ཤེས་པ། ཉེས་པ་ནི་མཐར་ཆགས་མ་ཡིན་པར་ཟས་ལེན་པའོ། །དེ་ལ་མཐར་ཆགས་སུ་ཞེས་བྱ་བ་ནི་རྒན་རིམས་ཀྱང་རུང་། རྒན་གཞོན་འཆོལ་བར་བཀད་ཀྱང་རུང་སྟེ། སྟན་ལ་འདུག་པའི་རིམ་པ་བཞིན་དུ་མཐར་ཆགས་སུ་ཟས་བླང་བར་བྱ་ སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཐར་ཆགས་པ་མ་ཡིན་པར་ལེན་པ་དང་ ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་གསུམ་པའོ།། །།ལྷུང་བཟེད་ལ་བལྟ་ཞིང་ཟས་བླང་བར་བསླབ་ པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཞལ་ཟས་བསོད་པ་སྟ་གོན་བྱས་ནས་དེས་དང་པོར་ཟན་བྲིམ་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་ཡང་དང་ཡང་དུ་བླང་བར་བརྩམས་པ་དང་། དེས་སྨྲས་པ། འཕགས་པ་དག་བདག་གིས་ཞལ་ཟས་བསོད་པ་དག་སྟ་གོན་བགྱིས་ཀྱི་འདི་མང་དུ་མ་བཞེས་ཤིག །དྲུག་སྡེ་དག་ གིས་སྨྲས་པ། དགའ་བོ་ཉེ་དགའ་ཁྱིམ་བདག་བཀྲེན་པ་འདི་རྣམ་པ་འདིས་ཟན་ཡང་འགོག་པར་བྱེད་ཀྱིས་མང་དུ་བླང་ངོ་ཞེས་དེ་དག་གིས་མང་དུ་བླངས་སོ། །ཇི་ཙམ་ན་རྒན་པའི་མཐའ་ལོགས་སུ་བཅའ་བ་བསོད་པ་དག་འདྲིམ་པ་དྲུག་སྡེ་དག་གིས་མཐོང་ནས། དེ་དག་གི་འོག་ན་དགེ་སློང་རྒན་ ཞུགས་ཞིག་འདུག་པ་དེ་རྒན་པའི་མཐའ་ལོགས་སུ་རྣམ་པར་ལྟ་བའི་ཚེ་དྲུག་སྡེ་དག་གིས་དེའི་ལྷུང་བཟེད་ཟན་གྱི་ཆང་བུས་བཀང་ངོ་། །ཁྱིམ་བདག་དེས་བཅའ་བ་བསོད་པ་བྲིམ་པ་ན་རྒན་ཞུགས་དེ་ལ་བཅའ་བ་བྱིན་པ་ན། དེ་ལྷུང་བཟེད་ཀྱི་གཞིར་ལྷུང་ནས། དེས་ཁྱིམ་བདག་གི་གདོང་དུ་ལྟ་བར་ བརྩམས་པ་དང་། དེས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཁྱོད་ཀྱིས་ཟན་མང་པོ་དག་བླངས་ཁྱིམ་བདག་བདག་གིས་མ་བླངས་སོ། །འོ་ན་འདི་དག་ག་ལས་མཆིས། མ་ཤེས་སོ་དྲུག་སྡེ་དག་གིས་སྨྲས་པ། དེས་ཁྱིམ་བདག་རྒྱལ་པོ་ང་ལས་ནུ་ལ་ཉི་མ་བདུན་དུ་དབྱིག་གི་ཆར་འབབ་ཅེས་གྲགས་པས། རྒན་ཞུགས་འདི་ལ་ཡང་དེ་དང་འདྲ་བར་ཟན་གྱི་ཆང་བུའི་ཆར་འབབ་བོ། །དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ལྷུང་བཟེད་ལ་བལྟ་ཞིང་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རྒན་ཞུགས། ཉོན་མོངས་པ་ནི་ཡེངས་པ། ཉེས་པ་ནི་ལྷུང་བཟེད་ལ་མི་ལྟ་བར་ཟས་ལེན་པའོ། །དེ་ལ་ལྷུང་བཟེད་ལ་ལྟ་བ་ཞེས་བྱ་བ་ནི་སྣོད་ཤེས་པ་དང་བླང་བ་སྟེ། གང་ཟག་ལྷུང་བཟེད་ལ་ལྟ་བའི་འདུ་ཤེས་ཡོད་པའི་དགེ་སློང་ དེ་ནི་ལྷུང་བཟེད་ལ་བལྟ་བའོ། །འདིར་ལྷུང་བཟེད་ལ་བལྟ་བ་ཞེས་བྱ་བ་དེ་ནི་ཡིད་ཀྱིས་ལྟ་བ་ལ་བྱའི། མིག་གི་དབང་པོས་བལྟ་བ་ནི་སྔར་གཉའ་ཤིང་གང་ཙམ་དུ་ལྟ་བའི་སྐབས་ཉིད་ཀྱིས་བསྡུས་ཟིན་ཏེ། དེ་ལྟར་བལྟ་ཞིང་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་ གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་ལ་མི་ལྟ་བར་ལེན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། ། སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་བཞི་པའོ།། །།བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱ་བའི་གླེང་གཞི་ནི། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་བསོད་སྙོམས་ལ་ཞུགས་པ་ན་ཇི་སྲིད་དུ་བསོད་སྙོམས་མི་སྦྱིན་པ་དེ་སྲིད་དུ་ལྷུང་བཟེད་བཟེད་དེ་སྡོད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཅིའི་སླད་དུ་བཅའ་ བ་དང་བཟའ་བ་མ་མཆིས་པར་ལྷུང་བཟེད་བཟེད་དེ་གཞེས་པར་མཛད། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་ དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བཅའ་བ་དང་བཟའ་བ་མ་འོངས་པར་ ལྷུང་བཟེད་མི་བཟེད་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པའོ། །དེ་ལ་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་ པ་ཞེས་བྱ་བ་ནི་ཇི་སྲིད་དུ་བཟའ་བ་དང་བཅའ་བ་མངོན་སུམ་དུ་མ་འོངས་པ་དེ་སྲིད་དུ་ལྷུང་བཟེད་མི་བཟེད་པ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །འདི་ལ་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་ བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་ལྔ་པའོ།། །།ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་ སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་བདག་དེ་ལ་འབྲས་ཆན་ནི་མང་ཚོད་མ་ནི་ཉུང་ནས། དྲུག་སྡེ་དག་གིས་འབྲས་ཆན་གྱིས་ཚོད་མ་བཀབ་པ་དང་། ཁྱིམ་བདག་དེས་འབྲས་ཆན་མཐོང་ནས་སྨྲས་པ། འཕགས་པ་དག་སྐྱུ་རུམ་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག །དེས་ཚོད་མ་གཞན་ཡང་བྱིན་ནོ། །ཡང་མཉན་ཡོད་ན་ཁྱིམ་བདག་ཅིག་གིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་ཚོད་མ་ནི་མང་། འབྲས་ཆན་ནི་ཉུང་ནས་དྲུག་སྡེ་དག་གིས་ཚོད་མས་འབྲས་ཆན་བཀབ་པ་དང་། ཁྱིམ་བདག་དེས་ཚོད་མ་མཐོང་ནས་སྨྲས་པ། འཕགས་པ་དག་འབྲས་ཆན་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག །དེས་འབྲས་ཆན་གཞན་ཡང་བྱིན་ནོ། །དགེ་སློང་རྣམས་གཙུག་ལག་ཁང་དུ་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་སྔ་མ་དེས་འབྲས་ཆན་བཟང་པོ་བྱས་ནས་འདི་ལྟར་ཚོད་མ་ཉུང་ངོ་། །ཁྱིམ་བདག་ཕྱི་མ་དེས། ཚོད་མ་བཟང་པོ་བྱས་ནས་འདི་ ལྟར་འབྲས་ཆན་ཉུང་ངོ་། །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི་སྔ་མར་ཡང་ཚོད་མ་མང་དུ་ཐོབ་ལ་ཕྱི་མར་ཡང་འབྲས་ཆན་མང་དུ་ཐོབ་པོ། །ཇི་ལྟར་དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང་དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་དེ་ལྟར་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ ཁོ་བོ་ཅག་གིས་དེ་ལྟར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཡེབ་རྔམ། ཉེས་པ་ནི་ཡང་འདོད་པའི་ཕྱིར་འབྲས་ཆེན་གྱིས་ཚོད་མ་འགེབས་པ་དང་། ཚོད་མས་འབྲས་ཆན་འགེབས་པའོ། །དེ་ལ་ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་ཅེས་བྱ་བ་ནི་ཡང་ཐོབ་ པར་བྱའོ་སྙམ་པའི་བསམ་པས་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་ བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཡང་འདོད་པའི་བསམ་པ་དང་། གཅིག་གིས་གཅིག་འགེབས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་དྲུག་པའོ།། །།བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ དག་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གཙང་སྦྲ་ནི་ཐ་དད་པ་ལགས་ན་ཅིའི་སླད་དུ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་མཛད། འདི་ནི་ཚུལ་དང་མཐུན་པ་མ་ ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་འཛིན་པའོ། །དེ་ལ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་གཟུང་བར་མི་ བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བཅའ་བ་དང་བཟའ་བའི་སྟེང་ དུ་ལྷུང་བཟེད་འཛིན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ ཐམས་ཅད་ནི་གྲང་དང་གཙུག་ལག་ཁང་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའི་སྤྱོད་པ་ཡིན་པར་སྦྱར་རོ། །བསླབ་པ་བཞི་བཅུ་བདུན་པའོ།། །།སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་གསུངས་པ་ལ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་། དགོས་པ་ནི་སྔ་མ་བཞིན་ནོ། །སྡོམ་གྱི་ཚིགས་སུ་བཅད་པ་འདིས་བསླབ་པ་ཉི་ཤུ་རྩ་གཅིག་བསྟན་པ་དག་ཀྱང་འོག་ནས་གཞུང་ཉིད་ལས་གོ་ རིམས་བཞིན་དུ་སྟོན་ཏོ། །སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཅེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེན་པོར་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་ མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱ་བའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ ན་བཞུགས་སོ། །དྲུག་སྡེ་དག་རྣམ་པར་འགྱུར་བ་དག་གིས་ཟས་ཟ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། གཟུགས་འཚོང་མ་དག་འདི་ལྟར་འཚལ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལེགས་པར་ཟས་ཟ་བར་བསླབ་པར་བྱ་བའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་ མཐུན་པ་མ་ཡིན་པ། ཉེས་པ་ནི་རྣམ་པར་འགྱུར་བ་དག་གིས་ལེགས་པར་ཟས་ཟ་བར་མི་བྱེད་པའོ། །དེ་ལ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་ཞེས་བྱ་བ་ནི་གྲང་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དུ་ཡང་རུང་བ་སྟེ། ཁམ་ཧ་ཅང་ཆུང་བ་ལ་སོགས་པ་རྣམ་པར་འགྱུར་བ་དག་མི་བྱ་བར་ལེགས་པར་ བཟའ་བར་བསླབ་པར་བྱའོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ་ཞེས་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཁམ་ཧ་ཅང་ཆུང་བ་མ་ཡིན་པར་ཟས་བཟའ་བར་བྱ་བ་ལ་སོགས་པ་ཉི་ཤུ་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་ དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལེགས་པར་མི་བཟའ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་ དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་བརྒྱད་པའོ།། །།ཁམ་ཧ་ཅང་ཆུང་བ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་བཟའ་བ་ན་ཁམ་ཧ་ཅང་ཆུང་ངུར་ཟ་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། རིགས་ཀྱི་ མནའ་མ་དག་དང་། གཟུགས་འཚོ་མ་དག་དང་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། དེ་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་ པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་ཧ་ཅང་ཆུང་བ་མ་ཡིན་ པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་ཧ་ཅང་ཆུང་ངུར་ཟས་ཟ་བའོ། །དེ་ལ་ཁམ་ཧ་ཅང་ཆུང་ངུ་མ་ཡིན་པ་ཞེས་བྱ་བ་ལ། ཁམ་ཞེས་བྱ་བ་ནི་ཁར་ ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བ་ནི་ཁམ་ཞེས་བྱའོ། །དེ་ལ་ཧ་ཅང་ཆུང་བ་མ་ཡིན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་ པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་ཧ་ཅང་ཆུང་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་དགུ་པའོ།། །།ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ ཁྱིམ་གཞན་དུ་ཟན་ཟ་བ་ན། ཁམ་ཧ་ཅང་ཆེན་པོར་ཟས་ཟ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་ ཧ་ཅང་ཆེན་པོར་ཟ་བའོ། །དེ་ལ་ཁམ་ཧ་ཅང་ཆེན་པོར་མ་ཡིན་པ་ཞེས་བྱ་བ་ནི་ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་ བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་ཧ་ཅང་ཆེ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ ལྔ་བཅུ་པའོ།། །།ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟ་བ་ན་ཁམ་རན་པ་མ་ཡིན་པར་ཟ་ནས་བྲམ་ཟེ་ དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དང་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་ དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་ བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་རན་པ་མ་ཡིན་པར་ཟ་བའོ། །དེ་ལ་ཁམ་རན་པ་ཞེས་བྱ་བ་ནི་རང་དང་ མཐུན་པ་དང་། འཇིག་རྟེན་དང་མཐུན་པའི་ཁམ་རན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། ། འདིའི་བྱེད་པ་པོ་ནི་ཁམ་རན་པར་མ་ཡིན་པ་དང་། ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གཅིག་པའོ།། །། ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། ཇི་ཙམ་ན་དྲུག་སྡེ་དག་གི་འོག་ན་དགེ་སློང་རྒན་ཞུགས་ཞིག་འདུག་པ་དེ་ཁ་གདངས་ཏེ་རྒན་པའི་མཐའ་ལོགས་སུ་ལྟ་བར་བྱེད་པ་དང་། ཉེ་དགས་དེའི་ཁར་བོང་བ་བཅུག་སྟེ། ཇེ་དང་པོར་འདི་ཟོ་ཤིག་ཅེས་སྨྲས་པ་ཐོས་ནས་ སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་རྒན་ཞུགས། ཉོན་མོངས་པ་ནི་རྔམ་ཆེ་བ། ཉེས་པ་ནི་ཁམ་ མ་གཟས་པར་ཁ་གདངས་པའོ། །དེ་ལ་ཁམ་མ་གཟས་པར་ཁ་མི་གདང་བ་ཞེས་བྱ་བ་ནི་ཇི་སྲིད་དུ་ཁམ་ཁའི་སྒོར་ཉེ་བར་མ་འོངས་པ་དེ་སྲིད་དུ་ཁའི་སྒོ་གདང་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་ གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་མ་གཟས་པར་ཁ་གདངས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་ དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གཉིས་པའོ།། །།ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དྲུག་སྡེ་དག་ཁ་ཁམ་གྱིས་བཀང་སྟེ་སྨྲ་བར་བྱེད་པ་ན། སྐད་ཉམས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་ གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བརྐམ་པ། ཉེས་པ་ནི་ཁ་ཁམ་གྱིས་བཀང་སྟེ་སྨྲ་བའོ། །དེ་ལ་ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བ་ཞེས་བྱ་བ་ནི་ཁམ་གྱིས་བརྫངས་པ་ནི་ཁ་ཁམ་གྱིས་བཀང་བ་སྟེ། ཁ་དེས་ཚིག་མི་སྨྲ་བར་བྱ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁ་ཁམ་གྱིས་བཀང་བ་དང་སྨྲ་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་ དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གསུམ་པའོ།། །།སྡོམ་ལ། ཙུག་ཙུག་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བ་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཙུག་ཙུག་མི་བྱ་བ་དང་། བལྕག་བལྕག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱ་བའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཙུག་ཙུག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཚོད་མ་ཏེ་པོར་མངར་བ་དག་སྟ་གོན་བྱས་པ་དང་། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ་དགའ་བོ་ཉེ་དགའ་ཚོད་མ་ ཏེ་པོར་སྐྱུར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཙུག་ཙུག་མི་བྱ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མཐིང་སླད་ཀྱི་བསམ་པ། ཉེས་པ་ནི་ཟས་མྱོང་བ་ན་ཁའི་སྒྲ་ཙུག་ཙུག་ཟེར་བའོ། །དེ་ལ་ཙུག་ཙུག་མི་བྱ་བ་ཞེས་བྱ་བ་ནི་ཙུག་ཙུག་ཟེར་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་ གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཙུག་ཙུག་ཟེར་བ་དང་ཁ་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། ། སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་བཞི་པའོ།། །།བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཚོད་མ་ཏེ་པོར་སྐྱུར་བ་དག་སྟ་གོན་བྱས་པ་དང་། དྲུག་སྡེ་དག་དག་གི་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་ བོ་ཉེ་དགའ་ཚོད་མ་ཏེ་པོར་མངར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མཐིང་སླད་ཀྱི་བསམ་པ། ཉེས་པ་ནི་ཟས་མྱོང་བ་ན་ཁའི་སྒྲ་བལྕག་བལྕག་ཟེར་བའོ། །དེ་ལ་བལྕག་བལྕག་མི་བྱ་བར་ཞེས་བྱ་བ་ནི། བལྕག་བལྕག་ཟེར་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་ བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་བལྕག་བལྕག་ཟེར་བ་དང་ཟས་ཉིད་དོ། ། འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་ལྔ་པའོ།། །།ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་ བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་སྣོད་སྤྱད་མེད་པས་ དེས་འབྲས་ཆན་བཙོས་ཏེ་སྒྲོམ་དུ་བླུགས་པ་དང་། དེ་ཚ་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆན་ཏེ་པོར་འདི་གྲང་གིས་ཁའི་ཧུའི་དབུགས་ཀྱིས་བསྲེས་ཏེ་བཟའ་བའོ། །ཁྱིམ་བདག་དེས་ཐོས་ནས། དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མཐིང་སླད་ཀྱི་བསམ་པ། ཉེས་པ་ནི་ཟས་མྱོང་བ་ན་ཁའི་སྒྲ་ཧུ་ཧུ་ཟེར་བའོ། །དེ་ལ་ ཧུ་ཧུ་མི་བྱ་བ་ཞེས་བྱ་བ་ནི་ཧུ་ཧུ་ཟེར་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་ པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཧུ་ཧུ་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་དྲུག་པའོ།། །།ཕུ་ཕུ་ མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་ གདུགས་ཚོད་ལ་སྤྱན་དྲངས་ནས་དེས་འབྲས་ཆན་བཙོས་ཏེ་རེ་ལྡེར་བདལ་བ་དང་། དེ་གྲང་བར་གྱུར་པ་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆེན་ཏེ་པོར་ཚ་བས། ཁའི་དབུགས་ཀྱིས་བསྒྲངས་ཏེ་བཟའ་འོ། །ཁྱིམ་བདག་དེས་ཐོས་ནས་སྐྱེངས་ཏེ་ཅང་མི་སྨྲ་བར་ འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཕུ་ཕུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མཐིང་ སླད་ཀྱི་བསམ་པ། ཉེས་པ་ནི་ཟས་མྱོང་བ་ན་ཁའི་སྒྲ་ཕུ་ཕུ་ཟེར་བའོ། །དེ་ལ་ཕུ་ཕུ་མི་བྱ་བར་ཞེས་བྱ་བ་ནི་ཕུ་ཕུ་ཟེར་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་ པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཕུ་ཕུ་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་ རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་བདུན་པའོ།། །།ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ གིས་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྕེ་ཕྱུང་སྟེ་ལྟ་ཞིང་མཆུ་གཉིས་ལས་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་སླད་དུ་ལྕེ་ཕྱུང་སྟེ་བལྟ་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་མ་བཅས་པར་མིད་ན་མི་རུང་བས་དེ་བལྟའོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་དགོས་པ་བྱེད་པ། ཉེས་པ་ནི་ལྕེ་ཕྱུང་སྟེ་ཟས་ཟ་བའོ། །དེ་ལ་ལྕེ་ཕྱུང་ སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཟས་བཟའ་བ་ན་ལྕེ་ཕྱུང་སྟེ་ཟ་བར་མི་བྱ་བར་བསླབ་པར་བྱ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་ པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྕེ་ཕྱུང་སྟེ་ཟ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་ བཅུ་བརྒྱད་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་ཉི་ཤུ་གསུམ་པ། སྡོམ་ལ། འབྲུ་ནས་ཐ་དད་བྱེད་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། འབྲུའི་ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། རྐན་མི་གཏོགས་པ་དང་། ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ ཁྱིམ་གཞན་དུ་ཟས་བཟའ་བ་ན་འབྲས་ཆན་འབྲུ་རེ་རེ་ནས་ཐུ་ཞིང་ཟ་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། དྭ་དག་དང་། རྒྱན་པོ་པ་དག་དང་། ནལ་གྱི་བུ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ ལགས་ཀྱིས། དེ་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་ དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་འབྲས་འབྲུ་རེ་ནས་ཐུ་ཞིང་ཟ་བའོ། །དེ་ལ་འབྲུ་ནས་ཐ་དད་དུ་མི་བྱ་བར་ཞེས་བྱ་བ་ལ། འབྲུ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའི་འབྲུ་སྟེ། དེ་གང་ལ་འབྲུ་དེ་ལྟ་བུ་ཡོད་པ་དེ་དག་རེ་རེ་ནས་ཐུ་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་ བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འབྲུ་ནས་ཐ་དད་པར་བྱེད་པ་དང་ཟས་ཉིད་དོ། ། འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་དགུ་པའོ།། །།འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་ གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་དང་། དགའ་བོ་ཉེ་དགའ་ཚོད་མ་འདི་དག་ཧ་ཅང་ཁའོ། །ཧ་ཅང་སྐྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཞན་གྱི་ཡིད་མི་བསྲུང་བ། ཉེས་པ་ནི་ཟས་ལ་འཕྱས་ འདོགས་པའོ། །དེ་ལ་འཕྱས་མི་གདགས་པ་ཞེས་བྱ་བ་ནི་ཟས་ལ་འཕྱ་སྨོད་པར་བྱེད་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འཕྱས་འདོགས་པ་དང་། ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། བསླབ་པ་དྲུག་ ཅུ་པའོ།། །།མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་བཟའ་བ་ན་མཁུར་བ་ནས་མཁུར་བར་ཁམ་སྤོ་ཞིང་ཟ་ བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་ལ་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མཁུར་བ་ནས་མཁུར་བར་ཁམ་སྤོ་ཞིང་ཟ་བར་བྱེད་པའོ། ། དེ་ལ་མཁུར་བར་མི་སྤོ་བ་ཞེས་བྱ་བ་ནི་མཁུར་བ་གཉིས་གལ་བཞིན་བུ་བཀང་སྟེ། གཡས་གཡོན་སྤོ་བར་མི་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་ མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཁུར་བ་སྤོ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ ནོ། །བསླབ་པ་དྲུག་ཅུ་གཅིག་པའོ།། །།སྐན་མི་གཏོགས་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་བཟའ་ བ་ན་རྐན་སྒྲ་གཏོགས་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དང་། མུ་ཏོ་བ་དག་འདི་ལྟར་འཚལ་བས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། བཞིན་ བཟང་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་རྐན་མི་གཏོགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་ པ་ནི་ཟས་བཟའ་བ་ན་རྐན་སྒྲ་གཏོགས་པར་བྱེད་པའོ། །དེ་ལ་སྐན་སྒྲ་མི་གཏོགས་པར་ཞེས་བྱ་བ་ནི་ལྕེས་རྐན་གཏོགས་ཤིང་ཟས་བཟའ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་ བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐན་གཏོགས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་ བཞིན་ནོ། །བསླབ་པ་དྲུག་ཅུ་གཉིས་པའོ།། །།ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟ་བ་ན། ཁམ་ཕྱེད་བླངས་ཏེ་ཁར་འཇུག་ཅིང་ཕྱེད་ལྷུང་བཟེད་དུ་ལྟུང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་། གཟུགས་འཚོ་མ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། འདི་ལྟར་མ་གསོལ་ ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་ འཕྲོར་གཅོད་ཅིང་ཟ་བའོ། །དེ་ལ་ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི། ཁམ་འཕྲོར་གཅད་ཅིང་ཟན་བཟའ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་ སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་འཕྲོར་གཅོད་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་ རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་གསུམ་པའོ།། །།སྡོམ་ལ། ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་གསུངས་པ་བསྡུ་བའི་མདོ་ནི་ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་ བསྐྱམས་པ་དང་། མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལག་པ་མི་བལྡག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་བཟའ་བ་ན་ལག་པ་ལྡག་པར་བྱེད་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་ སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལག་པ་མི་བལྡག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་མཛེས་པ། ཉེས་པ་ནི་ ཟན་བཟའ་བ་ན་ལག་པ་བལྡག་པའོ། །དེ་ལ་ལག་པ་མི་བལྡག་པ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་ལྷག་པ་ཡོད་པ་དེ་ལ་མི་བལྡག་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་ སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་བལྡག་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་ པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་བཞི་པའོ།། །།ལྷུང་བཟེད་མི་བྱོག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ ཁྱིམ་གཞན་དུ་ཟས་བཟའ་བ་ན་ལྷུང་བཟེད་དག་འབྱོག་པར་བྱེད་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ལྷུང་བཟེད་མི་བྱོག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་མཛེས་པ། ཉེས་པ་ནི་ལྷུང་བཟེད་བྱོག་པའོ། ། དེ་ལ་ལྷུང་བཟེད་མི་བྱོག་པ་ཞེས་བྱ་བ་ནི་ལྷུང་བཟེད་གང་ལ་བྱོག་པར་བྱ་བ་ཡོད་པ་དེ་སོར་མོས་མི་བྱོག་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་ བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་འབྱོག་པ་དང་། ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། ། བསླབ་པ་དྲུག་ཅུ་ལྔ་པའོ།། །།ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་བཟའ་བ་ན། ལག་པ་སྤྲུག་པར་ བྱེད་པས་དགེ་སློང་རྣམས་ལ་ལག་པའི་ཆུ་ཕོག་ནས་དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ ནི་དྲུག་སྡེ། ཉོན་མོངས་པ་ནི་བག་མེད་པ། དེ་ལ་ཉེས་པ་ནི་ཟས་བཟའ་བ་ན་ལག་པ་སྤྲུག་པའོ། །དེ་ལ་ལག་པ་མི་སྤྲུག་པ་ཞེས་བྱ་བ་ནི་ལག་པ་ལ་ཟས་ཆགས་པ་སྤྲུག་པར་མི་བྱ་བ་དང་། ཡང་ན་ལག་པ་ལ་ཟས་ཆགས་པ་ལྕེའི་སྟེང་དུ་སྤྲུག་པར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་ བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་སྤྲུག་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་ གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་དྲུག་པའོ།། །།ལྷུང་བཟེད་མི་བསྐྱམས་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་བཟའ་བ་ན་དེ་དག་གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདིའི་སྙིང་ལམ་ན་ཡུ་བུ་ཅག་ གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱིས། འདི་མི་དགའ་བར་བྱའོ་ཞེས་དེ་དག་གི་ལྷུང་བཟེད་བསྐྱམས་པ་དང་། དགེ་སློང་དེའི་སྣམ་སྦྱར་ལྷུང་བཟེད་ཀྱི་ཆུས་མ་རུང་བར་གྱུར་ནས་དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྷུང་བཟེད་མི་བསྐྱམས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་ཟན་ཟ་བ་ན་ལྷུང་བཟེད་བསྐྱམ་པའོ། །དེ་ལ་ལྷུང་བཟེད་མི་བསྐྱམས་པ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ནང་དུ་ ཟས་ལ་སོགས་པ་བླུགས་ཏེ་བསྐྱམ་པར་མི་བྱ་བ་དང་། ཡང་ན་ལྷུང་བཟེད་ཀྱི་ནང་དུ་ཟས་བླུགས་ཏེ། ལྕི་ཡང་ཅི་ཡོད་པ་ལག་སྲང་ལ་མི་གདབ་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་ མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་བསྐྱམས་པ་དང་ཟས་ཉིད་དོ། །དེ་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་ བཞིན་ནོ། །བསླབ་པ་དྲུག་ཅུ་བདུན་པའོ།། །།མཆོད་རྟེན་འདྲ་བ་བཅོམ་པ་སྟེ་ཟས་མི་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་གཅེར་ བུ་པ་དག་ལ་མངོན་པར་དད་དོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས། དེས་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཕྱེ་དག་བྲིམས་པ་དང་། དྲུག་སྡེ་དག་གིས་དེ་དག་སྦྲུས་ཏེ། མཆོད་རྟེན་འདྲ་བ་རྣམ་པར་གཞག་གོ། ། ལ་ཕུག་གི་ཕྱེ་ཚལ་དག་བྲིམས་པ་ན། དེ་ཡང་དེ་ཉིད་ལ་བཙུགས་ཏེ། སྲོག་ཤིང་འདྲ་བའི་རྣམ་པར་གཞག་གོ། །ཁུར་བ་དག་བྲིམས་པ་དང་། དེ་ཡང་ལ་ཕུག་དེ་ཉིད་ཀྱི་སྟེང་དུ་གདུགས་འདྲ་བར་གཞག་གོ། །དེ་ནས་སྨྲས་པ། དགའ་བོ་ཉེ་དགའ་མཆོད་རྟེན་འདི་ནི་ངན་འགྲོ་རྫོགས་པར་བྱེད་པ་ རྫོགས་བྱེད་ཀྱི་མཆོད་རྟེན་ཡིན་ནོ་ཞེས་ཟེར་རོ། །ཡང་བཅོམ་སྟེ་ཟ་ཞིང་སྨྲས་པ། དགའ་བོ་ཉེ་དགའ་ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་མཆོད་རྟེན་རྡིབ་པོ་ཞེས་ཟེར་བ་ཁྱིམ་བདག་དེས་ཐོས་ནས་དེས་སྨྲས་པ། འཕགས་པ་དག་བདག་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་བྲལ་བ་ལགས་ན། ཁྱེད་ཅག་ད་དུང་དུ་ཞེ་སྡང་དང་མ་བྲལ་ལོ། །དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་པར་བསླབ་པར་བྱ་བའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཞེ་སྡང་དང་མ་བྲལ་བ། ཉེས་པ་ནི་ཟས་ལ་མཆོད་རྟེན་འདྲ་བར་རྣམ་པར་གཞག་པ་བཅོམ་སྟེ་ཟ་བའོ། །དེ་ལ་མཆོད་རྟེན་འདྲ་བར་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཟན་ལ་མཆོད་རྟེན་གྱི་དབྱིབས་འདྲ་བ་བྱས་ཏེ་གཞོམ་ཞིང་བཟའ་བར་མི་བྱ་བར་བསླབ་པར་ བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཆོད་རྟེན་འདྲ་བར་རྣམ་པར་ གཞག་པ་བཅོམ་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ ཅད་ནི་གྲོང་དང་གཙུག་ལག་ཁང་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བ་དེའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་དྲུག་ཅུ་བརྒྱད་པའོ།། །།སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་པར་བྱེད་ལ་ སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པ་ལ། སྡོམ་ལ། ཞེས་བྱ་བའི་ཚིག་གིས་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། ། སྡོམ་གྱི་ཚིགས་སུ་བཅད་པ་འདི་དག་གིས་བསླབ་པ་བཞི་བཅུ་རྩ་བཞི་བསྟན་པ་དག་ཀྱང་འོག་ནས་གཞུང་ཉིད་ལས་གོ་རིམས་བཞིན་དུ་སྟོན་ཏོ། །སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་ཕྱས་གདགས་ པར་བྱ་བའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བྱ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་ དུ་མི་དབོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་དྲུང་ན་འདུག་པའི་དགེ་སློང་མང་དུ་ཟན་ཟ་བ་དང་འཕྱས་འདོགས་ཤིང་དགའ་བོ་ཉེ་དགའ་རྒན་ཞུགས། འདི་མང་པོ་འདི་སྙེད་ཟ་བ་ལ་ལྟོས་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་ བཞིན་དུ། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འཕྱ་སྨོད་ཀྱི་ཉེས་རྩོམ། ཉེས་པ་ནི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་ལྟ་བའོ། ། དེ་ལ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བ་ཞེས་བྱ་བ་ནི་གང་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བ་སྟེ་དེ་ལྟར་འཕྱ་ཞིང་སྨོད་ཀྱི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱའོ། །དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དེ། ཐག་རིང་པོར་འདུག་པ་ཡང་འདིར་ བསྡུས་པར་རིག་པར་བྱའོ། །བསླབ་པ་འདི་དང་འོག་མ་གསུམ་ནི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བ་སྟེ། འདི་ནི་མདོར་བསྟན་པ་ཡིན་ལ་འོག་མ་གསུམ་ནི་དེའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་དུ་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་ གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་འདོགས་པ་དང་། ལྟ་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་དགུ་པའོ།། །།ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པར་བྱེད་ནས། མ་དད་པ་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པས། གཙང་སྦྲ་མེད་པ་ཡིན་ནོ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཙང་སྦྲ་མེད་པའི་ཉེས་རྩོམ། ཉེས་པ་ནི་ལག་པ་ཟས་དང་ཆུ་འབགས་པས་ཆུ་སྣོད་ལ་འཛིན་པའོ། །དེ་ལ་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བ་ཞེས་བྱ་བ་ནི་ལག་པ་དང་ཟས་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་ལ་མི་བཟུང་བ་སྟེ། དེ་ལྟར་གཙང་སྦྲ་མེད་པའི་ཉེས་ཙམ་མི་བྱ་བར་བསླབ་པར་བྱའོ། །དེ་ལ་ འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ཟས་དང་། འབགས་པ་དང་། ཆུ་སྣོད་ལ་འཛིན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་ སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་བའོ།། །།དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདིའི་སྙིང་ ལམ་ན། ཡུ་བུ་ཅག་གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱིས། འདི་མི་དགའ་བར་བྱའོ་ཞེས་དེ་དག་གིས་ཟས་འབགས་པའི་ཆུ་གཏོར་བ་དང་། དེ་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་སྔ་མ་བཞིན་དུ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གནོད་པར་བྱེད་པའི་ཉེས་རྩོམ། ཉེས་པ་ནི་དགེ་སློང་ལ་ཟས་ དང་འབགས་པའི་ཆུས་འཐོར་བའོ། །དེ་ལ་དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བ་ཞེས་བྱ་བ་ནི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བར་མི་བྱ་བ་སྟེ། དེ་ལྟར་གནོད་པར་བྱེད་པའི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བའོ། །འདིར་ཡང་དྲུང་ན་འདུག་པ་ཞེས་བྱ་བ་ ནི་མཚོན་པ་ཙམ་དུ་ཟད་དོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཟས་དང་འབགས་པའི་ཆུ་དང་། དགེ་སློང་ལ་འཐོར་བ་ཉིད་དོ། ། འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་གཅིག་པའོ།། །།ཁྱིམ་པ་འདུག་པ་ལ་མ་དྲིས་པ་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་ དབོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ། འཇིགས་སུ་རུང་གི་གནས་སུ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བ་ན། རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་དེར་དྲུག་སྡེ་དག་གིས་ ལྷུང་བཟེད་ཀྱི་ཆུ་དེ་ཉིད་དུ་འཕོ་བ་དང་། འདྲིམ་མཁན་དག་འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ་ཞེས་སྨོད་པར་བྱེད་པ་དང་། དྲུག་སྡེ་དག་གིས་སྨྲས་པ་རྒྱལ་བུ་རྟོགས་ལྡན་གྱིས་རེ་ཞིག་འདི་ལ་ཆགས་པར་ བྱས་ནས། གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱི་ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་གྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཁྱིམ་པ་འདུག་པ་ ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ས་གཞི་མ་རུང་བར་བྱེད་པའི་ཉེས་རྩོམ། ཉེས་པ་ནི་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་འཕོ་བའོ། །དེ་ལ་ཁྱིམ་ པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བ་ཞེས་བྱ་བ་ནི། ཁྱིམ་བདག་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་དུ་དབོ་བར་མི་བྱ་བ་སྟེ། དེ་ལྟར་ས་གཞི་མ་རུང་བར་འགྱུར་བའི་ཉེས་རྩོམ་མི་བྱ་བ་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་ པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆུ་ཟས་དང་འབགས་པ་དང་། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་ སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་པོ་དག་ནི་ཉེས་བྱས་རྩོམ་མི་བྱ་བར་བསླབ་པ་མདོར་བསྟན་པ། དེའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་བདུན་ཅུ་གཉིས་པའོ།། །།སྡོམ་ལ། ལྷུང་བཟེད་ལ་ཡང་རྣམ་པ་ བཅུ། །ཞེས་གསུངས་པའི་བསླབ་པ། བསྡུ་བའི་མདོ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱའོ། །འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་ བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ བྲམ་ཟེ་ཞིག་འདུག་པ་དེའི་བུ་ན་བར་གྱུར་ནས། དེ་སྨན་པའི་གན་དུ་སོང་སྟེ། སྨྲས་པ། བཞིན་བཟངས་ཁོ་བོའི་བུ་ན་བས་སྨན་སྟོན་ཅིག །སྨན་པ་དེ་དད་པ་ཅན་ཞིག་ཡིན་པས། དེས་སྨྲས་པ། བྲམ་ཟེ་འཕགས་པ་རྣམས་ཀྱི་ལྷུང་བཟེད་ཆུས་ཁྲུས་ཤིག །དེ་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཚལ་དུ་སོང་སྟེ་ཉེ་དགའ་ལ་སྨྲས་པ། འཁྲུ་བས་བདག་གི་བུ་བྲོ་འཚལ་ཏེ། དེ་ལ་འཕགས་པ་དག་གི་ལྷུང་བཟེད་ཀྱི་ཆབ་ཅིག་འཚལ་ན་སྩལ་བར་གསོལ། དེས་སྨྲས་པ། བྲམ་ཟེ་དེ་ཉིད་དུ་རེ་ཞིག་སྡོད་ཅིག་དང་། ལྷུང་བཟེད་ཀྱི་ཆུ་ཁྱེར་ཏེ་འོང་ངོ་། །དེས་ གཙུག་ལག་ཁང་དུ་སོང་སྟེ་ལྷུང་བཟེད་ཕྱེ་ཉུང་ཤས་ཅིག་དང་། འབྲས་ཆན་ཉུང་ཤས་ཅིག་དང་ཁུར་བ་ཉུང་ཤས་ཅིག་དང་། ཤ་ཉུང་ཤས་ཅིག་དང་། རུས་པ་ཉུང་ཤས་ཅིག་བླུགས་ཏེ་ཆུ་བླུགས་ནས་ཕྱིར་བྱུང་སྟེ་སྨྲས་པ། བྲམ་ཟེ་ལོང་ཤིག །བྲམ་ཟེ་དེས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ཀྱི་ ལྷུང་བཟེད་ཀྱི་ཆབ་འདི་ལྟ་བུའམ། བྲམ་ཟེ་འདི་ལྟ་བུའོ། །འཕགས་པ་བདག་གི་བུ་གུམ་པ་ནི་ལེགས་ཀྱིས། འདི་ལྟ་བུ་མི་གཙང་བས་བཀྲུ་བ་ནི་མི་རུང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ལྷུང་བཟེད་ཀྱི་ ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ། མི་དོར་བར་བསླབ་པར་བྱའོ། །འདི་ལྟར་གང་ལྷུང་བཟེད་ཀྱི་ཆུ་སློང་བ་དེ་ལ་ལྷུང་བཟེད་ལན་གསུམ་བཀྲུས་ཏེ། གཙུག་ལག་གི་ཚིགས་སུ་བཅད་པ་དག་གི་བཟླས་བརྗོད་བྱས་པའི་ཆུ་སྦྱིན་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་ སྡེ། ཉོན་མོངས་པ་ནི་བརྙས་ཐབས་ཉེས་པ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་པའོ། །དེ་ལ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བ་ཞེས་བྱ་བ་ནི་ཤིང་ཐོག་ལ་སོགས་པ་ཕྱེད་ཕྱེད་ཟོས་པ་ངན་པར་གྱུར་པ་ལྷུང་བཟེད་ཀྱིས་མི་དོར་བར་བསླབ་པར་བྱའོ། །འདི་ནི་ལྷུང་བཟེད་མིག་ བཞིན་དུ་ཡོངས་སུ་བསྐྱང་བར་བྱའོ་ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོར་བསྟན་པ་ཡིན་ལ། འོག་ནས་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བྱ་བ་ལ་སོགས་པ་དགུ་བྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱི་རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་ རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་དང་ཟས་ཀྱི་ལྷག་མ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་གསུམ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཞི་པ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ་བ་དང་། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ་བ་དང་། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ་བ་དང་། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ་བ་དང་། འབབ་ ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱ་བ་དགུའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་འཇོག་ པར་བྱེད་ནས། དེ་བཙས་ཟོས་པ་དང་། གད་ཀ་དང་གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་འཇོག་པར་བྱེད་ནས། དེ་འདྲིལ་ཏེ་ཆག་པ་དང་། འགྲེང་སྟེ་ལྷུང་བཟེད་འཁྲུ་ནས་དེ་ཤོར་ཏེ་ཆག་པ་དང་། གད་ཀ་དང་། གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་འཁྲུ་བར་བྱེད་ནས། དེ་ ཤོར་ཏེ་འདྲིལ་ནས་ཆག་པ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བར་བྱེད་ནས། དེ་ཤོར་ཏེ་ཆུས་ཁྱེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་ མི་གཞག་པར་བསླབ་པར་བྱའོ། །གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་ པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་ཆོས་འདི་པ་དག །ཉོན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་འོག་གཞི་མེད་ པའི་ས་ཕྱོགས་དང་། གད་ཀ་དང་། གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་འཇོག་པ་དང་། འགྲེང་བཞིན་དུ་དང་། གད་ཀ་དང་། གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་འཁྲུ་བ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བའོ། །དེ་ལ་འོག་གཞི་མེད་པའི་ ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པ་ཞེས་བྱ་བ་ནི་ལོ་མ་ལ་སོགས་པ་དག་གིས་མ་གཡོགས་པ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པའོ། །གད་ཀ་མ་ཡིན་པ་ཞེས་བྱ་བ་ནི་དོས་ཆད་པའི་ངམ་གྲོག་གི་ཁ་མ་ཡིན་པའོ། །གཡང་ས་མ་ཡིན་པ་ཞེས་བྱ་བ་ནི་བྱིན་གྱིས་གཞོལ་བའི་གཡང་ ས་ཡིན་པའོ། །དཀན་གཟར་པོ་མ་ཡིན་པ་ཞེས་བྱ་བ་ནི་བང་རིམ་བཞི་པ་མ་ཡིན་པའོ། །འགྲེང་སྟེ་ཞེས་བྱ་བ་ནི་འགྲེང་བཞ