Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 151
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
དེ་བཞིན་ནོ། །སྨན་པས་ལུང་ཕོག་པས་སྔགས་རྣམས་ཀྱིས་བཏབ་པ་ནི་མི་མངོན་པའི་ཕྱོགས་སུ་བཏགས་ཏེ། སོས་ནས་ཀྱང་གར་བབ་བབ་ཏུ་མི་དོར་གྱིས། ག་བ་དང་རྩིག་པའི་གསེབ་ཏུ་གཞག་གོ། །ཅིའི་ཕྱིར་ཆོས་གོས་གསུམ་ཁོ་ན་ཞེ་ན། གཅིག་ནི་གཙུག་ལག་ཁང་དུ་སྤྱད་པའོ། །གཅིག་ནི་གྲོང་དུ་ཀུན་དུ་སྤྱད་པའོ། །སྣམ་སྦྱར་ནི་གཉི་གར་ཀུན་དུ་སྤྱད་པའོ། །ཆོས་གོས་གསུམ་པས་ནི་ཐ་མ་གཉིས་གདོན་མི་ཟ་བར་དྲས་ནས་བཅང་བར་བྱའོ། །གཞན་གྱིས་ ནི་གདོན་མི་ཟ་བར་ཐ་མའོ། །གཅིག་ནི་སྣམ་ཕྲན་ལྔ་པ་དང་། གླེགས་བུ་ཕྱེད་དང་གཉིས་པའོ། །གཉིས་པ་ནི་སྣམ་ཕྲན་བདུན་པ་དང་། གླེགས་བུ་ཕྱེད་དང་གསུམ་པའོ། །གསུམ་པ་ནི་སྣམ་ཕྲན་དགུ་པ་སྟེ། དེ་ཡན་ཆད་ཇི་སྙེད་བྱས་ཀྱང་མཉམ་པར་འགྱུར་རོ། །གླེགས་བུའི་ཚད་ངེས་པ་ ནི་ཕྱིས་བརྗོད་པར་བྱའོ། །ཅིའི་ཕྱིར་མ་དྲས་པར་གྲོང་དུ་ཀུན་དུ་སྤྱད་པ་མ་ཡིན་ཞེ་ན། རབ་ཏུ་བྱུང་བ་དང་ཁྱིམ་པའི་ཆ་ལུགས་མི་འདྲ་བའི་ཆོས་རྣམ་པ་གཉིས་ཀྱིས་དགེ་སློང་དུ་རྣམ་པར་གནས་ཏེ། ཁ་དོག་དང་དབྱིབས་ཀྱིས་སོ། །དེ་དག་གིས་གོས་དཀར་བ་དང་། འཇམ་པའོ། །དེ་ལས་ བཟློག་པ་ནི་དགེ་སློང་རྣམས་གྱི་ཆོས་གོས་དྲས་པ་དང་། ཁ་དོག་ངན་པ་བྱས་པ་དང་བཅས་ཏེ། ཆོས་གོས་ནི་དེ་སྐད་གསུངས་སོ། །དེ་ཟིན་པ་ནི་བཀྲུ་བ་དང་། ཁ་བསྒྱུར་བ་དང་། བཙེམ་པས་སོ། །དེ་ལ་བཀྲུ་བའི་ཀུན་དུ་སྤྱད་པ་ནི་བཙོ་བླག་མཁན་ལ་གོས་རྣམས་འཁྲུར་གཞུག་པར་མི་བྱའོ། ། བཙོ་བླག་མཁན་གྱི་འཆག་སར་སོང་སྟེ་རང་གིས་ཤིང་དང་རྩིག་པ་ལ་སོགས་པ་ལ་གདབ་པར་མི་བྱ་སྟེ། གཞོང་པའི་ནང་དུ་ཆུ་བདེ་བས་ལག་པ་རྣམས་ཀྱིས་དང་རྐང་པ་རྣམས་ཀྱིས་མཐར་གྱིས་དལ་བུས་བཀྲུ་བར་བྱའོ། །གང་སྤོས་དང་ཕྱེ་མ་རྣམས་བསྐུས་པ་དེ་སྤྲུགས་པ་སྟེ་སྤྱད་པར་བྱའོ། །གང་མཆན་ཁུང་ གི་སྣུམ་གྱིས་གོས་པ་དེ་ནི་སྲན་ཕྱེ་ལ་སོགས་པས་དབྱུང་ངོ་། །བཙོ་བླག་བྱ་བའི་ཀུན་དུ་སྤྱད་པ་ནི། གཏུན་ལ་སོགས་པར་ཆམ་ཆོམ་དུ་བརྡུངས་ལ་བསྐམས་ཏེ་བསྐོལ་ན་ཚོན་འབྱུང་གི་གཤེར་བ་ལས་ནི་མ་ཡིན་ནོ། །ཚོན་ཡང་བུམ་པ་ལ་སོགས་པར་དང་པོ་དང་། འབྲིང་དང་ཐ་མ་སོ་སོར་གཞག་གོ། ། ཐོག་མར་ནི་དང་པོའི་ནང་དུ་གཞུག་གོ། །བར་དུ་ནི་འབྲིང་པོའོ། །ཐ་མ་ནི་ཐ་མའི་ནང་དུའོ། །གཞོང་པར་བྱས་པའི་ནང་དུ་ཚོན་མི་མང་པར་རན་ཙམ་གྱི་ནང་དུ་གཞུག་པར་བྱ་སྟེ། ཚོན་ཐམས་ཅད་ཀྱི་ནང་དུ་ནི་གཞུག་པར་མི་བྱའོ། །སྲད་བུ་བྲེས་པ་ལ་དབང་དུ་གཞུག་པར་བྱའོ། །ཡང་ དང་ཡང་དུ་བཟློག་པར་བྱའོ། །སྣམ་སྦྱར་ཆེན་པོ་ནི་ཤིང་བཀྲམ་པའི་སྟེང་དུ་བཟློག་ཅིང་བསྐམ་པར་བྱའོ། །གོས་སར་པ་ནི་ཚོན་སར་པའི་ནང་དུ་བཙོ་བར་བྱ་སྟེ། ཉི་མ་ལ་བསྐམ་པར་བྱའོ། །རྙིང་པ་ནི་རྙིང་པའི་ནང་དུ་སྟེ། གྲིབ་མ་ལ་བསྐམ་མོ། །ཐ་མར་ཆུའི་ནང་དུ་གཞུག་པར་བྱའོ། །གཙུག་ ལག་ཁང་དུ་བཙོ་བླག་བྱ་སྟེ། ས་ཚོན་གྱིས་མ་རུང་བར་འགྱུར་བ་ནི་སྐྱང་ནུལ་བྱའོ། །རྡོ་ཐལ་ཅན་གྱི་ཕྱོགས་ནི་བཀྲུ་བར་བྱའོ། །བཙེམ་པའི་ཀུན་དུ་སྤྱད་པ་ནི་ཞིང་གི་སྣང་བཞིན་དུ་དྲ་བར་བྱའོ། །སྣོལ་མའི་ཐོག་མ་ནི་ངོས་གཉིས་ཀྱི་མཐའ་སྐོར་གྱི་འོག་ཏུ་གཞུག་གོ། །མཐའ་སྐོར་ནི་གསུམ་ སྟེ། ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། །ཆེན་པོ་ནི་སོར་བཞིའམ། བྱ་རོག་གི་མཐོ་གང་ངོ་། །ཆུང་ངུ་ནི་སོར་གཉིས་སོ། །འབྲིང་ནི་དེའི་བར་མའོ། །གང་གི་མཆོག་པ་དེས་ཚལ་བུས་གླན་པར་བྱའོ། །གླེགས་བུ་ཕྱེད་པ་དང་། གླེགས་བུ་ཆེན་པོ་རྣམས་མཉམ་པར་གཅད་པར་བྱའོ། ། མི་མཉམ་པར་མ་ཡིན་ནོ། །དེའི་ཚད་ནི་ཤིང་བུས་གཞལ་ལོ། །མཐའ་རྣམས་ཀྱང་བསྐོར་བར་བྱ་སྟེ། རླུང་དང་རྗེས་སུ་མཐུན་པའི་རྣམ་གྲངས་སུ་གཏོགས་སོ། །མཐའ་སྐོར་སོར་བཞིའི་འོག་ཏུ་སྒྲོག་རྟེན་གླན་ཏེ་ངོས་གཉིས་ཀར་སྒྲོག་གཟུངས་གདགས་པར་བྱའོ། །མཐའ་སྒོང་གྱི་དྲུང་དུ་སྒྲོག་ རྟེན་གླན་ཏེ་ངོས་གཉི་གར་སྒྲོ་གུ་གདགས་སོ། །སྒྲོ་གུའི་མདུད་པ་གསུམ་སྟེ། ཤིང་ཏོག་ཀ་ཏ་གའི་འབྲས་བུ་ལྟ་བུ་དང་། ལྕམ་པའི་འབྲས་བུ་ལྟ་བུ་དང་། ཀ་ཏམ་པའི་མེ་ཏོག་ལྟ་བུའོ། །མི་དྲ་བ་ལྔ་སྟེ། བེའུ་རས་ཐམས་ཅད་དང་། ལ་བ་ཐམས་ཅད་དང་། ཕྱིང་པ་ཐམས་ ཅད་དང་། ལྷམ་ཐམས་ཅད་དང་། སེང་བ་ཐམས་ཅད་དོ། །ཚལ་བུས་གླན་ཏེ་བཅང་བར་བྱའོ། །ཤིང་ལེབ་མེད་པའི་སར་ནི་བ་ལང་གི་ལྕི་བས་བྱུག་གམ་ལོ་མས་བསྐུའོ། །དེ་མེད་ན་ཆག་ཆག་བཏབ་སྟེ། ཕྱག་དར་བྱས་ལ་དྲ་བ་དང་དྲུབ་པར་བྱའོ། །སྣམ་སྦྱར་ནི་ཤིང་ངམ་འོད་མའི་གྲུ་བཞི་ བརྟན་པོ་ལ་བརྒྱངས་ཏེ་ཉི་རིམ་ལ་སོགས་པ་དྲུབ་པོ། །གཏན་པ་དེ་ཡང་ཆོས་གོས་གསུམ་དང་མཐུན་པར་རྣམ་པ་གསུམ་དུ་བྱའོ། །ཇི་སྐད་བསྟན་པ་རྣམས་མ་བྱས་ན་ཐམས་ཅད་དུ་ཉེས་བྱས་སོ། །ལྷག་མ་བརྗོད་པར་བྱ་སྟེ། སྲ་བརྐྱང་བྱུང་ན་ཞེས་བྱ་བ་ནི་ཅི་ལྟར་གདིང་བ་དང་། ཆོས་གོས་ཅི་ འདྲ་བ་དང་། གང་ཟག་གང་ཡིན་པ་དང་། ཕན་ཡོན་གང་ཡིན་པ་དང་། ཅི་ལྟར་ཕྱུང་བ་དེ་ཙམ་ཞིག་སྲ་བརྐྱང་ལ་བརྗོད་པར་བྱའོ། །དེ་ལ་ཅི་ལྟར་གདིང་ཞེ་ན། ཐོག་མར་འདུས་པ་ན་བརྗོད་པར་བྱའོ། །ཉི་མ་གཞན་ལ་དགེ་འདུན་ཐམས་ཅད་འདུས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ བྱའོ། །དེའི་འོག་ཏུ་སྲ་བརྐྱང་གདིང་བ་ཆོས་ལྔ་དང་ལྡན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་ལ་ཡང་སྲ་བརྐྱང་གསོལ་བ་བྱ་སྟེ། གཏང་བར་བྱའོ། །དེས་ཐམས་ཅད་དུ་བཀྲུ་བ་ལ་སོགས་པ་སྔོན་དུ་འགྲོ་བར་བྱའོ། །ཐ་ན་ཁབ་སྲུབས་གཉིས་སམ་གསུམ་ཞིག་ཀྱང་དྲུབ་ པར་བྱའོ། །སེམས་གཉིས་སམ་གསུམ་བསྐྱེད་པར་བྱ་སྟེ། ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་བར་འགྱུར་རོ། །འདིང་ངོ་བཏིང་ངོ་། །སྙམ་དུ་སེམས་གསུམ་མོ། །ཐ་མ་གཉིས་ཀྱིས་ཀྱང་བཏིང་བ་ཡིན་ཏེ། འདིང་བ་ལ་ཉེས་བྱས་སོ། །དབྱར་གཞན་དུ་གནས་ལ་བཏིང་ན་བཏིང་བ་ ཡིན་ནོ། །དེ་ནས་སྲ་བརྐྱང་འདིང་བས་སྟོན་ཟླ་འབྲིང་པོ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ། ཚེ་དང་ལྡན་པ་དག་སང་བདག་སྲ་བརྐྱང་འདིང་བར་འགྱུར་གྱིས། །དིར་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་སོ་སོར་ཕྱུང་ལ། དགེ་འདུན་གྱི་ནང་དུ་གཤེགས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་སྤོས་ དང་མེ་ཏོག་དང་། བདུག་བས་སྲ་བརྐྱང་མ་ཆོད་དེ་རྒན་པའི་མཐར་ཁྱེར་ལ་གཟུང་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བཞེད་དེ། བདག་མིང་འདི་ཞེས་བགྱི་བ་ཡང་སྲ་བརྐྱང་འདིང་བར་བསྐོས་ལགས་ཏེ། སྲ་བརྐྱང་འདིང་བ་བདག་མིང་ འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་བར་འགྱུར་རོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་འདུན་གྱིས་གནས་བརྟན་གྱི་མདུན་དུ་བཏིང་ལགས་སོ་ཞེས་བརྗོད་པར་བྱའོ། །དེས་ཀྱང་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་ རྙེད་པ་དང་ཕན་ཡོན་གང་ཡིན་པ་དེ་བདག་གི་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུའོ། །སྲ་བརྐྱང་འདིང་བས་སྲ་བརྐྱང་ཐོགས་ཏེ། བཤང་གཅི་ས་དང་། ཁྱིམ་དུ་བ་ཅན་དུ་འཇུག་པར་མི་བྱའོ། །བླ་གབ་མེད་པ་ལ་གཞག་པར་མི་བྱའོ། ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་ཡང་གནས་པར་མི་བྱའོ། །དགག་དབྱེ་བྱས་པའི་འོག་ཏུ་གལ་ཏེ་རྒྱལ་པོས་དབྱར་ཤོལ་བོར་ན། དབྱར་ཇི་ལྟར་གནས་པ་བཞིན་དུ་སྲ་བརྐྱང་འདིང་བར་བྱའོ། །དགེ་འདུན་བྱེ་ན་ཆོས་སྨྲ་བ་རྣམས་ཀྱིས་སོ། །གལ་ཏེ་གཉི་གས་བཏིང་ན་གནས་ཀྱིས་རྙེད་པ་ནི་ ཆོས་སྨྲ་བ་རྣམས་དབང་ངོ་། །ཆོས་གོས་ཅི་འདྲ་བ་གདིང་བར་བྱ་ཞེ་ན། དགེ་འདུན་གྱི་དབྱར་གྱི་ནང་ལོགས་ཀྱི་རྙེད་པ་གང་ཡིན་པའོ། །གལ་ཏེ་གོས་མང་ཞིག་རྙེད་ན། གཅིག་གདིང་བར་བྱའོ། །ལྷག་མ་ནི་དགེ་འདུན་གྱི་རྙེད་པར་འགྱུར་བའོ། །གོས་མ་སྤྱད་པ་སྟེ་སར་པ་གང་ཡིན་པའོ། །མ་སྤྱད་པ་རུང་བ་སྟེ། ཁ་དོག་ ངན་པར་བྱས་པ་གང་ཡིན་པའོ། །སར་པ་ཐོག་མར་བཏིང་བ་ནི་ཕྱིས་མི་གདིང་ངོ་། །གོས་གང་ཞག་བཅུ་མ་འདས་པའོ། །སྣམ་སྦྱར་དང་། བླ་གོས་དང་མཐང་གོས་རྣམ་པ་ཐམས་ཅད་དུ་ཟིན་པའོ། །མ་ཟིན་པ་ནི་བཏིང་བ་ཉིད་མ་ཡིན་ནོ། །ལྔའམ་ལྔ་ལས་ལྷག་པ་ནི་རུང་ངོ་། །ཚད་པས་ཆུང་བ་ནི་བཏིང་བ་ཉིད་མ་ཡིན་ནོ། ། བྲལ་ཕྲད་དང་ལྷན་པ་ཅན་མི་རུང་ངོ་། །སོང་ནས་འོངས་པ་མི་རུང་སྟེ། །དུར་ཁྲོད་དུ་ཁྱེར་ནས་སླར་བླངས་པ་གང་ཡིན་པའོ། །མཐུད་མ་ཅན་མི་རུང་སྟེ། གོས་རིགས་མི་མཐུན་པ་ལས་བྱས་པ་གང་ཡིན་པའོ། །གོས་ལྷན་པ་ཆུ་བུར་ཅན་མི་རུང་སྟེ། གོས་ལྷུང་བཟེད་ཀྱི་སྣོད་ལྟ་བུ་གང་ཡིན་པའོ། །གོས་སྣམ་ཕྲན་ ཅན་མི་རུང་སྟེ། གོས་སྣམ་ཕྲན་དུ་བྱས་པ་ལ་གླེགས་བུ་མེད་པ་གང་ཡིན་པའོ། །གོས་མཐའ་མ་བསྐོར་བ་མི་རུང་སྟེ། གང་རངས་པར་མ་བསྐོར་བའོ། །རྙིང་པ་མི་རུང་སྟེ། གང་སྔོན་བཏིང་བའོ། །བཞག་པ་མི་རུང་སྟེ། ཞག་བཅུ་ལས་འདས་པའམ། ཞག་གཅིག་བྲལ་བའམ། སྤང་བའི་ གོས་ཐམས་ཅད་དོ། །ཤི་བའི་ཆོས་གོས་མི་རུང་སྟེ། ཤི་བའི་བྱིན་པ་གང་ཡིན་པའོ། །བླིངས་པ་མི་རུང་ངོ་། །ཆོས་གོས་ལྔ་པོ་རྣམས་རྙེད་པ་དང་། ཕན་ཡོན་མེད་དོ། །དུས་མ་ཡིན་པའི་གོས་མི་རུང་སྟེ་ཟླ་བ་གསུམ་ཚུན་ཆད་ཀྱིའོ། །གང་ཟག་གི་སྣམ་སྦྱར་དང་། བླ་གོས་དང་། མཐོང་གོས་མི་རུང་ངོ་། །དགེ་ འདུན་ལ་མ་ཕུལ་བ་གཞན་ཡང་མི་རུང་ངོ་། །རུང་བ་མ་ཡིན་པ་མི་རུང་སྟེ། གང་རང་བཞིན་གྱིས་མི་འོས་པའོ། །མ་བསྔོས་པ་མི་རུང་ངོ་། །མཚམས་ཀྱི་ཕྱི་རོལ་དུ་བསྔོས་པ་མི་རུང་ངོ་། །སེང་བ་མི་རུང་ངོ་། །དབྱར་འདས་ནས་རྙེད་པ་མི་རུང་ངོ་། །གལ་ཏེ་ཚེས་བཅོ་ལྔ་ལ་རྙེད་པ་གློ་བུར་དུ་མང་ཞིག་ལྷགས་པ་དེ་དག་ཚེས་བཅུ་ བཞིར་བརྩི་བ་ལ་རྙེད་པ་གདིང་དུ་རུང་ངོ་། །དུ་མ་རྙེད་པ་ཡང་རུང་སྟེ། ཟླ་བ་ལྷག་མ་ལ་རྙེད་པའོ། །གང་གི་གདིང་བ་ཡིན་ཞེ་ན། གང་སྲ་བརྐྱང་བཏིང་བ་ན་འདུག་པའམ། འདུན་པ་ཕུལ་བའོ། །རང་བཞིན་དུ་གནས་པ་དེ་དག་གིས་བཏིང་བ་ལ་རྗེས་སུ་ཡི་རང་བར་བྱའི། གནས་ནས་ཕྱུང་བས་ནི་མ་ཡིན་ནོ། །གལ་ཏེ་ རྗེས་སུ་ཡི་རང་ན་ཡང་རྗེས་སུ་ཡི་རང་བ་མ་ཡིན་ནོ། །སྤངས་པ་རྣམས་ཀྱིས་རང་བཞིན་དུ་གནས་པའི་གནས་སུ་གདིང་བ་བཏིང་བ་མ་ཡིན་ནོ། །གང་ཟག་བཅུ་པོ་རྣམས་ཀྱིས་བཏིང་བ་མ་ཡིན་ཏེ། དབྱར་མེད་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་ཞུགས་པ་དང་། དབྱར་གཞན་དུ་གནས་པ་དང་། སྲ་བརྐྱང་བཏིང་བ་ ན་མེད་པ་དང་། སྤོ་བ་སྤྱོད་པ་དང་། སྤོ་བ་སྤྱད་ཟིན་པ་དང་། མགུ་བར་བྱ་བ་བྱེད་པ་དང་། མགུ་བར་བྱ་བ་བྱས་པ་དང་། བསླབ་པ་བྱིན་པའོ། །དབྱར་གཞན་དུ་གནས་པའི་གནས་སུ་དགེ་ཚུལ་བཅུག་སྟེ། བཅུ་པོ་འདི་དག་ཡོད་ཀྱི་ཕན་ཡོན་མེད་དོ། །ལྔ་པོ་ནི་རྙེད་པ་ཡང་མེད་ཕན་ཡོན་ཡང་མེད་དོ། །གནས་ ནས་ཕྱུང་བ་གསུམ་དང་། དབྱར་གཞན་དུ་གནས་པ་དང་། དགེ་འདུན་བྱེ་ནས་ཆོས་མ་ཡིན་པའི་ཕྱོགས་སོ། །ཕན་ཡོན་ཅི་ཡོད་ཅེ་ན། ཞག་བཅུ་ལས་འདས་པ་མེད་དོ། །ཟླ་བ་གཅིག་ལས་འདས་པ་མེད་དོ། །མཚན་མོ་འབྲལ་བ་མེད་དོ། །སྟོད་གཡོགས་དང་སྨད་གཡོགས་ཉི་ཚེས་ལྗོངས་རྒྱུ་ཞིང་ འགྲོ་བ་དང་། གོས་རྣམས་མ་བརྟགས་པ་ཅི་ཙམ་རྙེད་པ་འཆང་བ་དང་འདུས་ཤིང་ཟ་བ་མེད་དོ། །ཡང་ཡང་ཟ་བ་མེད་དོ། །ཁྱིམ་གྱི་གནས་སུ་འགྲོ་བ་ཉིད་དང་། རྒྱུ་བ་ལ་ལྟུང་བ་མེད་དོ། །གོས་ཇི་ཙམ་དུ་རྙེད་པ་བཙལ་དུ་རུང་ངོ་། །སྟོན་ཟླ་ཐ་ཆུངས་ནས་བརྩམས་ཏེ། དཔྱིད་ཟླ་ར་བའི་བར་གྱི་རྙེད་པ་ནི་ སྲ་བརྐྱང་བཏིང་བ་རྣམས་ཀྱིའོ། །འདིར་བསླབ་པར་གཞག་པ་ནི་མ་ཡིན་གྱི་འདི་ནི་གནང་བའོ། །དབྱུང་བ་ཇི་ལྟ་བུ་ཞེ་ན། ཐོག་མར་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་སྲ་བརྐྱང་འདིང་བས་ཚེ་དང་ལྡན་པ་དག །སང་སྲ་བརྐྱང་འབྱིན་པར་འགྱུར་གྱི། ཁྱེད་ཅག་གིས་ཆོས་གོས་རྣམས་བྱིན་གྱིས་རློབས་ ཤིག་ཅེས་བསྒོ་བར་བྱའོ། །ཉི་མ་གཞན་ལ་དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དབྱུང་བར་བྱའོ། །ཆོམ་རྐུན་གྱིས་བཅོམ་པ་རྣམས་ཀྱི་ཕྱིར་ནི་སྔར་དབྱུང་བར་བྱའོ། །རྙེད་པ་ཡང་བགོས་ལ་བདག་གི་སྐལ་བ་ལས་ཅི་དགར་བགོ་བར་བྱའོ། །མ་མོ་བརྒྱད་ཀྱི་བཞིས་སྲ་བརྐྱང་ ཕྱུང་བར་འགྱུར་ཏེ། སོང་བ་དང་། རྫོགས་པ་དང་། ངེས་པ་དང་། ཉམས་པ་དང་། ཐོས་པ་དང་། མཚམས་ལས་འདས་པ་དང་། རེ་ཐག་ཆད་པ་དང་། ཕྱུང་བའོ། །དེ་ལ་སོང་བའི་མཐའ་ཅན་གང་ཞེ་ན། ཆོས་གོས་ཟིན་པ་དང་། ལྟོས་པ་མེད་པ་དང་། ཡུལ་རྗེས་སུ་ལྟ་བའམ། གནས་གཞན་ ལྟར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའོ། །རྫོགས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་བྱས་པའམ། ཆོས་གོས་མ་ཟིན་པར་ཆོས་གོས་ཀྱི་རྙེད་པ་ཆགས་པའི་རྒྱུད་དུ་གནས་པས་ཆགས་པས་སམ། ཆགས་པ་མེད་པའི་རྒྱུད་ཀྱང་རུང་། རེ་བ་ཡོད་དམ་རེ་བ་མེད་པའི་བྱ་བ་ཞིག་གི་ཕྱིར་རམ། ཚོལ་ བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་སླར་མི་འོང་ངོ་། །ཆོས་གོས་བྱའོ་སྙམ་དུ་ངེས་སམ་ཐེ་ཚོམ་ཟ་ཡང་རུང་སྟེ་འདི་ནའམ། དེར་སོན་པ་ན་འདི་སྙམ་དུ་སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ་སྙམ་པའོ། །ངེས་པའི་མཐའ་ཅན་གང་ཞེ་ན། འདས་མ་ཐག་པ་བཞིན་དུ་ཐམས་ཅད་སྨོས་ལ་དེ་འདི་སྙམ་དུ་ སླར་ཡང་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་དུ་སེམས་པའོ། །ཉམས་པའི་མཐའ་ཅན་གང་ཞེ་ན། །ཐམས་ཅད་སྨོས་ལ་དེའི་དུས་སུ་རྩོམ་ཞིང་སྟེ་བརྩམས་པ་ཡང་ཉམས་པའོ། །ཐོས་པའི་མཐའ་ཅན་གང་ཞེ་ན། ཐམས་ཅད་སྨོས་ལ་དགེ་འདུན་གྱི་སྲ་བརྐྱང་ཕྱུང་བ་ཐོས་ནས་རྗེས་སུ་ཡི་རང་བའོ། ། མཚམས་ལས་འདས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་ཟིན་པ་ལས་སླར་འོང་བ་ལ་སོམ་ཉི་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་མཚམས་དེ་མཚམས་ལས་འདས་པ་ཉིད་ནི་ཕྱུང་བའོ། །རེ་ཐག་ཆད་པ་གང་ཞེ་ན། སླར་མི་འོང་ཞིང་ཆོས་གོས་བྱའོ་སྙམ་སྟེ་སོང་བ་ལས་ཆོས་གོས་ཀྱི་ རེ་བ་ཐམས་ཅད་དུ་ཆད་པའོ། །སྲ་བརྐྱང་ཕྱུང་བ་ཉིད་ནི་བརྒྱད་པ་སྟེ། གལ་ཏེ་འོངས་ནས་སྲ་བརྐྱང་ཕྱུང་བ་ན་ཉམས་སུ་མྱོང་བའོ། །དགེ་འདུན་བྱེ་བ་ན་ཕྱོགས་གང་གིས་ཕྱུང་བ་དེ་ཉིད་ཀྱི་སྲ་བརྐྱང་ཕྱུང་གིས་གཉིས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཚེ་བཏང་བ་དེ་ཉིད་ཀྱི་ཚེ་གསོལ་བ་དང་། ལས་མ་བགྱིས་ པར་ཕྱུང་བ་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ་གལ་ཏེ་ཚེས་གཅིག་ལ་གློ་བུར་དུ་མང་ཞིང་ལྷགས་པ་རྣམས་ཀྱིས་ཚེས་གྲངས་བརྩན་པར་གསོ་སྦྱོང་བྱེད་ན་སྲ་བརྐྱང་ཕྱུང་བར་བརྗོད་པར་བྱའོ། །ཐོས་པའི་མཐའ་ཅན་ནི་གལ་ཏེ་ཆག་པ་མེད་ན་དེ་ལྟར་དབྱུང་ངོ་། །གལ་ཏེ་རེ་བ་ཡོད་དེ་ཆོས་གོས་ཀྱང་བྱེད་ པའི་འཕྲོ་ཡིན་ན་རྒྱུན་ཆགས་པ་ཡོད་པ་ཞེས་བྱ་སྟེ། དེ་ཉིད་དེ་ལ་གནང་བའོ། །ཅིའི་ཕྱིར་སྲ་བརྐྱང་ཞེས་བྱ་ཞེ་ན། སྙིང་པོ་ཡོད་པ་དང་། བརྟེན་པའི་ཕྱིར་ཏེ། དེ་ལྟར་ཆོས་གོས་དེ་དགེ་འདུན་གྱིས་ཆོས་གོས་བྱིན་གྱིས་བརླབ་པ་འཛིན་པར་ནུས་པའོ། །ཞར་ལ་བྱུང་བ་རྫོགས་སོ།། །།ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ ཞག་བཅུའི་མཐའོ། །གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་དང་། དེ་མ་ཡིན་པ་རྗེས་སུ་གནང་བ་ལས་གཞན་པ་རུང་བ་བརྟག་པར་འོངས་པ་གང་ཡིན་པའོ། །རུང་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་པའོ། །དེ་ལ་ཡོ་བྱད་བཅུ་གསུམ་ནི་བྱིན་གྱིས་བརླབས་པ་སྟེ། སྣམ་སྦྱར་དང་། བློ་གོས་དང་། མཐོང་གོས་དང་། གདིང་བ་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། གཡན་པ་དགབ་པ་དང་། དབྱར་གྱི་གོས་རས་ཆེན་དང་། ཡོ་བྱད་ཀྱི་གོས་སོ། །དེ་དག་ནི་རང་རང་གི་སྔགས་ཀྱིས་བྱིན་གྱིས་ བརླབ་པར་བྱ་སྟེ། ཆོས་གོས་བགྱིས་ལགས་པ་རུང་བ་ཀུན་དུ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེ་བཞིན་ཡོ་བྱད་ཀྱི་གོས་ཀྱི་བར་དུ་བརྗོད་པར་བྱའོ། །མ་དྲས་པ་ནི་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། མིང་འདི་ཞེས་ བགྱི་བ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འདི་ཆོས་གོས་ཆེན་པོར་བྱིན་གྱིས་བརླབས་ཏེ། འཚལ་ན་སྣམ་ཕྲན་དགུ་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །དྲའོ། །བརྡེབ་པོ། །ཁ་བསྒྱུར་རོ། །གཟུངས་གདབ་བོ། །བསྐྱང་ ངོ་། །དྲུབ་པོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་རུང་བ་ཀུན་དུ་སྤྱད་པར་འོས་པའོ་ཞེས་ལན་གཉིས་ལན་གསུམ་དུ་བཟླས་སོ། །ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབས་ཏེ་འཚལ་ན་སྣམ་ཕྲན་བདུན་པ་དང་། གླེགས་བུ་ཕྱེད་དང་ གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་ཞེས་བྱ་བ་ནས་ཆོས་གོས་འདི་རུང་བ་ཀུན་དུ་སྤྱད་པར་འོས་པའོ་ཞེས་བྱ་བའི་བར་དུ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་སོ། །ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབས་ཏེ། འཚལ་ན་སྣམ་ཕྲན་ལྔ་པ་དང་། གླེགས་བུ་ཕྱེད་དང་གཉིས་ པར་བགྱིའོ་ཞེས་བྱ་བ་ནས་ལྷག་མ་ནི་སྔ་མ་བཞིན་ནོ། །རིགས་ལྔ་དང་ལྷན་ཅིག་བྱིན་གྱིས་བརླབ་པར་བྱའོ། །སྤུ་ཅན་དང་སྟུག་པོ་བྱིན་གྱིས་བརླབ་པར་མི་བྱའོ། །སྤུ་ཆུང་བ་གང་ཡིན་པ་དེ་དག་བྱིན་གྱིས་བརླབ་པར་བྱའོ། །སྟུག་པོ་གང་ཡིན་པ་དེ་དག་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་ བར་བྱའོ། །དེ་ལས་གཞན་པ་རྗེས་སུ་གནང་བ་གང་ཞེ་ན། འདི་ལྟ་སྟེ། རྔུལ་བསལ་བའི་ཕྱིར་བལ་དང་། ཟར་མ་དང་། རྩྭ་དུ་གུ་ལ་དང་། རས་བལ་ལས་བྱས་པ་རྗེས་སུ་གནང་ངོ་། །པར་ཏང་ཁྲ་བོ་ནི་སྐུད་པ་སྣ་བདུན་པའོ། །དེ་བཞིན་དུ་སྤུས་འཁྱུད་དང་རྣག་ཟག་པའི་ལུས་ཕྱི་བ་སྟེ། དེ་ ཡང་དུས་དུས་སུ་བཀྲུ་བར་བྱ། ཁ་བསྒྱུར་བར་བྱའོ། །སྐྲ་བཟེད་པ་ཡང་ངོ་། །གཏུར་བུ་ནི་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་ཕྱེད་དང་དོ་པ་ལས་ཉིས་བལྟབ་ཏུ་བྱས་ཏེ་མཐའ་གཉིས་ནས་བཙེམས་ལ། དབུས་སུ་ཁ་བཏོད་དེ་མིག་ཁར་རྐུད་པས་དྲ་བར་བརྒྱུའོ། །གོས་གང་ཡོངས་སུ་སྤྱད་ དགོས་པ་དེ་དག་ནི་ཁ་ལོགས་སུ་གཞག་གོ། །གཞན་ནི་ཞབས་སུ་གཞག་གོ། །སྔས་ནང་ཚངས་ཅན་ནི་སྲིད་དུ་ཁྲུ་བཞི་ཞེང་དུ་ཁྲུ་དོ་པ་ལས་ཉིས་བལྟབ་ཏུ་བྱས་ཏེ་བཙེམས་ལ་ཤིང་བལ་རུང་བས་དགོང་ངོ་། །ཆོས་གོས་ཕྲག་པའི་ཕྱོགས་སུ་དྲི་མ་ཆགས་པར་གྱུར་ན་ཕྲག་པའི་ངོས་ལྟོས་ཉི་གར་ལྷན་ ཐབས་སུ་སྲིད་དུ་ཁྲུ་ཕྱེད་དང་དོ་ཞེང་དུ་མཐོ་གང་གི་ཚད་ཙམ་སྐུད་པའི་གཟུངས་ཀྱིས་སྦྱར་བར་བྱའོ། །དེ་ཡང་དུས་དུས་སུ་བཀྲུ་བར་བྱའོ། །ཁ་བསྒྱུར་བར་བྱའོ། །སྦྲང་སྐྱབས་ཀྱི་རས་ནི་བཞི་དང་གཉིས་པའོ། །ངོས་ཐུང་ངུ་གཉིས་ཤིང་ལས་བརྒྱངས་ཏེ། རས་ཁྲུ་བཅུ་གཉིས་ པས་ཀུན་དུས་དཀྲི་བར་བྱའོ། །ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་རྗེས་སུ་གནང་ངོ་། །འདི་དག་ལས་གཞན་པ་ནི་ཟིན་ཀྱང་རུང་། མ་ཟིན་ཀྱང་རུང་བརྟག་པར་འོས་པ་སྟེ་དེ་ནི་སློབ་དཔོན་དང་བླ་མ་དང་མཁན་པོ་སྟེ། དེ་དག་གི་བླ་མ་གང་ཡིན་པ་དང་། བླ་མའི་གནས་ལྟ་བུ་སྟེ། བསྐུར་སྟི་བྱ་བ་གང་ཡིན་པ་རྣམས་ཀྱིའོ། །གལ་ཏེ་དེའི་ཚུལ་ཁྲིམས་དང་། ཐོས་པ་དང་། དང་བ་ལ་སོགས་པ་ཡོན་ཏན་ཆུང་བར་མ་གྱུར་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་མིང་གིས་བརྟག་པར་བྱའོ། །མ་མོ་ལས་ཀྱང་རིས་བདུན་ལ་ཡང་བརྟག་པར་ བྱའོ་ཞེས་གསུངས་སོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ སོ། །ཡིད་བརྟན་པ་ནི་རྒྱ་མཚོའི་ཕ་རོལ་ན་འདུག་པ་ལ་ཡང་བརྟག་པར་བྱའོ། །གང་ལ་གོས་བརྟག་པ་དེས་མི་བསྐུར་རོ། །ཡིད་བརྟན་པ་ཤི་ན་ཤི་བའི་ཡོ་བྱད་ཅེས་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་མི་བྱའོ། །རུང་བར་བྱ་བའི་ཕྱིར་བརྟག་གི་སྦྱིན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །ཡིད་བརྟན་ པ་ཤི་ན་ཇི་སྲིད་མ་ཐོས་པ་དེ་སྲིད་དུ་བརྟག་པ་དེ་ཉིད་དོ། །ཐོས་ནས་གཞན་ལ་བརྟག་པར་བྱའོ། །ལྔ་པ་དང་བདུན་པ་ཡང་བརྟག་པར་བྱའོ། །སྣམ་སྦྱར་ནི་མ་ཡིན་ཏེ། གཞན་གྱི་ཕྱིར་ནི་བཅང་བར་བྱའོ། །བརྟག་པ་ཡང་ཉོན་མོངས་པ་གཉིས་ཀྱི་གཉེན་པོར་སྣང་སྟེ། མ་བརྟགས་པ་ བསྲེལ་ན་འགལ་ཚབས་ཅན་གྱི་ཉོན་མོངས་པར་འགྱུར་བ་དང་། མི་འཆང་ན་ཕོངས་པའི་ཉོན་མོངས་པར་འགྱུར་བའོ། །དེ་གཉིས་ཀྱིས་འདོད་པའི་བདེ་བ་དང་། བདག་དུབ་པ་ལ་སྦྱོར་བས་ལྟུང་བར་འགྱུར་རོ། །ཆོས་གོས་ཀྱི་ཀུན་དུ་སྤྱོད་པ་ནི་གང་ཟག་དང་བླང་བ་དང་། སྤང་བ་དང་། ཡོངས་སུ་སྤང་བ་དང་། དྲན་པ་ཉེ་བར་གཞག་པའོ། །གང་ཟག་ཅི་འདྲ་བས་ཆོས་གོས་ལྷག་པ་བཅང་བར་བྱ་ཞེ་ན། འཐོབ་པ་ཉུང་བ་དང་། བདེ་བ་བསྐྱེད་པ་དང་། ལྷ་ལས་འཆི་འཕོས་པས་ཡིད་དུ་འོང་བ་འདོད་པ་དང་། ན་བ་དང་། དྲི་མ་དང་། ཤིག་དང་། སྲོ་མ་མང་བ་དང་། འཁྲུག་པ་མང་བའི་ཡུལ་ན་གནས་པ་དང་། ཞལ་ཏ་བྱེད་པ་ལས་ཀྱི་མཐའ་མང་བ་དང་། ཆོས་གོས་དེ་ལ་ཉོན་མོངས་པ་ཆུང་བ་དང་། ཉོན་མོངས་པ་འབྲིང་དང་། ཆེ་བ་སོ་སོར་རྟོག་པའི་སྟོབས་ཅན་གྱིས་སོ། །གང་ལ་བླང་བར་བྱ་ཞེ་ན། དབུལ་པོ་གཏོང་ཕོད་པས་ནི་བསྟབས་ཀྱང་བླང་ བར་མི་བྱ་སྟེ། གང་བྱིན་པ་དེས་དེ་ཕོངས་པར་འགྱུར་རོ། །བྱིན་ཡང་རྟེན་ཡོད་ན་མི་བླང་ངོ་། །ཁྱིམ་པ་ལ་ཅི་ལྟ་བ་བཞིན་དུ་དགེ་སློང་རྙེད་པ་ཆུང་ངུ་ལས་ཀྱང་དེ་བཞིན་ནོ། །སྨྱོས་པ་གང་མ་ལ་སོགས་པས་ནི་ཤེས་པ་ལས་ཀྱང་མི་བླང་ངོ་། །གོང་མ་ལ་སོགས་པས་ཤེས་པའམ། རང་གི་ ཁྱིམ་ནས་བྱིན་པ་ལས་ནི་བླང་ངོ་། །ཆོམ་རྐུན་པ་གཡོན་ཅན་དང་། རབ་ཏུ་ཆགས་པ་དང་། འཐབ་མོ་ལ་སྲེད་པ་དང་། འཐབ་མོ་སེམས་པ་དང་། རྟག་ཏུ་གནོད་པའི་ལས་བྱེད་པ་དང་། རྟག་ཏུ་གནོད་པའི་ལས་སེམས་པ་དང་། རྐུན་མ་དང་། གཤེད་མ་དང་། འཇིག་རྟེན་ན་ཤིན་ཏུ་སྨད་པ་ གདོལ་བ་དང་། གཡུང་པོ་ལ་སོགས་པ་ལས་བླང་བར་མི་བྱ་སྟེ། དེ་ལས་གནོད་པའི་ཉེས་པ་འབྱུང་ཞིང་མ་དད་པའི་ཉེས་པར་ཡང་འགྱུར་རོ། །དགེ་འདུན་ལ་སོགས་པས་བདག་གིར་བྱས་པ་ཞིག་ན་ཞལ་ཏ་བྱེད་པ་ལས་བླང་བར་མི་བྱའོ། །ཅི་འདྲ་བ་བླང་བར་བྱ་ཞེ་ན། པར་སིག་གི་ཡུལ་ གྱི་ལ་བ་ནི་དགེ་འདུན་གྱིས་བླང་གི །གང་ཟག་གིས་ནི་མ་ཡིན་ནོ། །ལ་བ་དང་བེའུ་རས་ནི་གཉི་གས་སོ། །རས་བལ་གྱི་གོས་མི་བླང་ངོ་། །དེ་བཞིན་དུ་བ་ལང་གི་སྤུ་དང་། ཀོ་ལྤགས་ཀྱི་གོས་ཀྱང་མི་བླང་ངོ་། །དོམ་ལ་སོགས་པའི་པགས་པ་འཆང་བ་ལ་ལྟུང་བ་མེད་དོ། །གཞན་ གྱི་ལ་སྤྱོད་པ་ལ་ནི་ལྟུང་བ་མེད་དོ། །ཁ་ཅིག་ན་རེ་གནས་མལ་རྗེས་སུ་བསྲུང་བ་མི་སྤང་བའི་ཕྱིར་པགས་པའི་གོས་དང་། རྐེད་ཆིངས་བཅང་བ་ཅི་བདེར་ལོངས་སྤྱད་པར་བྱའོ་ཞེའོ། །མཐའ་འཁོབ་ཏུ་ཀོ་ལྤགས་བཅང་སྟེ། མཆིལ་ལྷམ་རིམ་པ་གཅིག་པ་བྱའི། ཉིས་རིམ་དང་སུམ་རིམ་ ནི་མ་ཡིན་ནོ། །གལ་ཏེ་རྡོལ་ན་རྡོགས་པས་གླན་ཏེ་བཅང་བར་བྱའོ། །ལི་ཁར་ཚང་ཚིང་ཨུ་ཤི་ར། །དེ་བཞིན་གྲོང་དང་ཉེ་བའི་གྲོང་། །ཆུ་ཀླུང་འདམ་བུ་མདའ་རྒྱུ་སྟེ། །ཤར་དང་བྱང་ཕྱོགས་སོགས་རྣམས་སུ། །འདི་ནི་མཐའ་འཁོབ་མཚན་ཉིད་དོ། །ཡུལ་ གྱི་དབུས་སུ་ནི་ཀོ་ལྤགས་མིག་ནང་སྟེ། ཉེ་བར་གཞག་པར་མི་བྱ། བྱིན་གྱིས་བརླབ་པར་མི་བྱ། བརྟག་པར་མི་བྱའོ། །རྔོན་པ་ལས་དོམ་ལྤགས་བླང་བ་ལ་ལྟུང་བ་མེད་དོ། །བླངས་ནས་ཀྱང་དྲི་གཙང་ཁང་གི་སྒོར་བཅའ་བའམ། རྐང་པའི་མཐར་རོ། །དོམ་ལྤགས་ཐམས་ཅད་ནི་མིག་ལ་ཕན་ནོ། ། ཁྱིམ་པའི་ཁྱིམ་དུ་བཏིང་བ་ལ་འདུག་པར་བྱའོ། །ཉལ་བར་ནི་མི་བྱའོ། །གཙུག་ལག་ཁང་དུ་ནི་གཉི་ག་མི་བྱའོ། །གཞང་འབྲུམ་ན་བ་དོམ་ལྤགས་སྤུ་གྱེན་དུ་བསྟན་ཏེ་འདུག་པ་ལ་ལྟུང་བ་མེད་དོ། །གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་བརྟེན་ཏེ། ཡུལ་གྱི་དབུས་སུ་མཆིལ་ལྷམ་རིམ་པ་གཅིག་པ་ འཆང་དུ་གནང་ངོ་། །རྒན་ཞུགས་ཀྱི་ཕྱིར་མ་གནང་སྟེ། མལ་ཆ་དང་སྟན་རྗེས་སུ་བསྲུང་བའི་ཕྱིར་ཕྱིས་ཡང་རྗེས་སུ་གནང་ངོ་། །རིམ་པ་མང་ཡང་ཁྱིམ་པས་ལོངས་སྤྱད་པ་ཡིན་ན་བཅང་བར་བྱ་སྟེ། གང་གོམ་པ་བདུན་ནམ་བརྒྱད་བོར་བ་ནི་ཁྱིམ་པས་ལོངས་སྤྱད་པ་ཡིན་ནོ། །ཀྲོག་ཀྲོག་དང་། ཁྲིག་ ཁྲིག་ཟེར་བ་དང་། ལུག་རུ་ལྟ་བུ་དང་། བྱང་ཆུབ་ཤིང་དང་། ཤིང་པ་ཏ་ལའི་ལོ་མ་ལྟ་བུ་དང་། གཞན་ཡང་ཁྲ་ཁྲ་བོ་དང་། ཉེ་བར་བཀྲ་བ་བཅང་བར་མི་བྱའོ། །གླང་པོ་ཆེ་ཐམས་ཅད་དང་། རྟ་ཐམས་ཅད་དང་། མཆེ་བ་ཅན་ཐམས་ཅད་དང་། སེང་གེ་དང་། སྟག་དང་། གཟིག་གི་པགས་པ་བཅང་བར་ མི་བྱའོ། །དེ་དག་གི་རྒྱུས་པས་བཅོམ་པར་མི་བྱའོ། །གོང་གཟུངས་སུ་གཏང་བར་མི་བྱའོ། །སྣ་སྦུབས་ཅན་དང་། རྟིང་སྦུབས་ཅན་མ་ཡིན་ནོ། །མགུལ་ཆད་དུ་མ་ཡིན། ཡུའུ་ཐུང་དུ་མ་ཡིན། སྒྲོ་གུ་ཅན་དུ་མི་བྱའོ། །མིག་བརྟུལ་བའི་ཕྱིར་དོམ་ལྤགས་ཀྱི་མཆིལ་ལྷམ་རྗེས་སུ་གནང་ སྟེ། སྤུ་གྱེན་དུ་བསྟན་པར་བྱའོ། །གསེགས་སུ་བཅིང་པ་རྗེས་སུ་གནང་སྟེ། སྣ་སྦུབས་ཅན་དང་། རྟིང་སྦུབས་ཅན་དང་། མགུལ་ཆད་དང་། ཡུའུ་ཐུང་ཡང་དེ་བཞིན་ནོ། །ཡུལ་ཁ་བ་ཅན་དུ་ནི་ལྷམ་སྒྲོ་གུ་ཅན་རྗེས་སུ་གནང་སྟེ། གང་ན་ཆུ་སྣོད་དུ་ཆུ་འཁྱག་པ་དེ་ཡུལ་ཁ་བ་ཅན་ཞེས་ བྱའོ། །ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ། །རྙེད་པ་བླངས་ཏེ་བཤང་བ་དང་། གཅི་བའི་སར་གཞག་པར་བྱའོ། །ཁྱིམ་གཞན་དུ་ནི་ལྟུང་བ་མེད་དོ། །འོད་མའི་ལོ་མ་དང་། །རྩྭ་མུཉྫའི་མཆིལ་ལྷམ་བཅང་བར་མི་བྱའོ། །ཐ་གུའི་མཆིལ་ལྷམ་མ་ཡིན་ནོ། །དྲེག་ནད་ཅན་ ལ་ནི་ལྟུང་བ་མེད་དོ། །མཆིལ་ལྷམ་ལ་མཁས་ན་ཡང་དེ་དབེན་པའི་ཕྱོགས་སུ་བྱའོ། །བསྙུང་དང་། གྲི་གུ་བཅང་བར་བྱའོ། །ཞར་ལ་འོངས་པ་རྫོགས་ཏེ་བླང་བ་ནི་དེ་ལྟ་བུའོ། །སྤང་བ་ནི་ཅི་ལྟ་བུ་ཞེ་ན། གོང་ན་སྲོག་ཆགས་རྣམས་སྲིལ་རྣམས་སམ། བེའུས་མི་ཟ་བ་དང་། གཡང་དུ་མི་ ལྟུང་བ་དང་། མེ་དང་ཆུ་དང་། རླུང་གིས་མ་རུང་བར་མི་འགྱུར་བ་དང་། ཆོམ་རྐུན་པས་མི་རྐུ་བ་དེར་གོས་གཞག་པར་བྱའོ། །ཇི་སྐད་དུ་བ་ལ་རིན་པོ་ཆེ་བགོས་ཏེ། དགོན་པར་འགྲོ་བར་མི་བྱའི། གྲོང་དུ་ཉེ་བར་གཞག་གོ་ཞེས་གསུངས་པ་ལྟ་བུའོ། །བ་ཤ་ཀའི་ལོ་མ་ལ་སོགས་པ་བཏིང་སྟེ་གདབ་ པར་བྱའོ། །དུས་དུས་སུ་བསྐམ་པར་བྱའོ། །སྒོ་གླེགས་མེད་པ་དང་། དགེ་སློང་མེད་པའི་གནས་སུ་དབྱར་ཉེ་བར་གནས་པར་མི་བྱའོ། །ཉེ་བར་གནས་ན་སྣམ་སྦྱར་མེད་པར་གོང་དུ་ཡང་འགྲོ་བར་མི་བྱའོ། །སྣམ་སྦྱར་ཉེ་བར་གཞག་པར་རུང་བ་རྣམ་པ་ལྔ་སྟེ། དགེ་སློང་དང་བཅས་ཤིང་སྒོ་ གླེགས་དང་བཅས་པའི་གནས་དང་། ཆར་འབབ་བམ། བབ་ཏུ་དོགས་པ་དང་། ཆུ་ཀླུང་རྒལ་བ་དང་། སྲ་བརྐྱང་བཏིང་བའི་གནས་དང་། སྣམ་སྦྱར་གྱི་གནང་བ་ཐོབ་པའོ། །མཐའ་ཟེགས་ན་མཐའ་སྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ། །བསྙུང་ཚེམས་ལྟ་བུ་དག་གིས་གཟུངས་གདབ་བོ། ། འདུག་པའི་ཚེ་ཤིང་དང་། རྡོ་རྩུབ་པོ་དང་། ས་རྡུལ་ཅན་གྱི་ཕྱོགས་སུ་ཟོན་ཡོད་པར་འདུག་ཅིང་བསྲུང་བར་བྱའོ། །གཞི་མེད་པར་ས་ལ་འདུག་པར་མི་བྱའོ། །སྟན་ཡང་བྱའོ། །རྩྭ་ལ་སོགས་པའི་ཆུན་པོ་བྱས་ཏེ་རས་ཀྱི་དུམ་བུས་དཀྲི་བར་བྱའོ། །ལས་བྱེད་པ་ན་རྫབ་དང་རྡུལ་གྱིས་མི་ཕོག་ པར་བསྲུང་ངོ་། །འགྲོ་བ་ན་ཚེར་མ་དང་། ཚང་ཚིང་ལས་བག་བྱ་ཞིང་ཤམ་ཐབས་ཀྱང་ཧ་ཅང་མི་འཇོལ། ཧ་ཅང་མི་དཀྲི་བར་བསྲུང་བར་བྱའོ། །དྲི་མ་ཆགས་སམ། སྣུམ་གྱིས་ཕོག་གམ། མི་གཙང་བས་ཕོག་སྟེ་བཀྲུ་བར་འོས་ན་བཀྲུའོ། །དྲུབ་བམ་ཁ་བསྒྱུར་བར་འོས་ན་དྲུབ་བོ། །ཁ་བསྒྱུར་ རོ། །ལས་བྱེད་པའི་ཚེ་སྣམ་སྦྱར་མི་བགོའོ། །རྩྭ་ལ་སོགས་པ་མི་གཞུག་གོ། །ཉེ་བར་མནན་ནས་འདུག་པར་མི་བྱའོ། །ཉལ་བར་མི་བྱའོ། །ཤ་མཐང་ལ་རེག་པར་མི་བྱའོ། །དུས་གསུམ་དུ་བགོ་བར་བྱ་སྟེ། བསོད་སྙོམས་ལ་འཇུག་པ་དང་། ཟན་ཟ་བའི་གནས་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་ དུས་སུའོ། །བླ་གོས་ནི་ཅི་བདེར་སྤྱད་དེ། །འོན་ཀྱང་དེའི་སྟེང་དུ་འདུག་པར་མི་བྱ། ཉལ་བར་མི་བྱའོ། །སོ་སོར་གདིང་བ་མེད་ན་ཡུན་རིང་དུ་མི་ཉལ་བར་བྱ་སྟེ། ཅུང་ཞིག་ཉལ་བར་བྱའོ། །གར་བབ་ཏུ་ཉལ་བར་མི་བྱའོ། །གང་རྨི་ལམ་གནོད་པ་མང་བ་དེས་ནི་རས་ཀྱི་འོག་ཏུ་རས་མས་དཀྲི་ པར་བྱའོ། །ཆོས་གོས་རྣམས་མི་གཙང་བའི་ཕྱོགས་སུ་གཞག་པར་མི་བྱའོ། །ཐབས་གཞན་ཡོད་ན་ཁུར་ལྕི་བ་མནན་པར་མི་བྱའོ། །བེའུ་རས་དང་། ལ་བ་སྤུ་ཅན་ནང་དུ་བསྟན་ཏེ་བགོ་བར་བྱའོ། །གཞན་དུ་ན་དེ་བཞིན་དུ་སྤྱད་དོ། །དེ་བཞིན་དུ་ཤིག་ལ་སོགས་པའི་ཉེ་བར་འཚེ་བ་ སྤང་བའི་ཕྱིར་ནི་རུང་ངོ་། །སྤྱད་པ་མ་ཡིན་པས་ཅུང་ཟད་ཀྱང་སྤྱད་པར་མི་བྱའོ། །ཆོས་གོས་གསུམ་ནི་དེའི་རང་གིས་སྤྱད་པས་སྤྱད་པར་བྱའོ། །དུས་དུས་སུ་ཆོས་གོས་བལྟ་བར་བྱའོ། །གང་ཡིད་བརྟན་པ་དེ་ལ་གཞག་པར་བྱའོ། །སྤང་བ་ནི་དེ་ལྟ་བུའོ། །ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ངོ་བོས་ཆོས་གོས་ལ་ཆགས་པས་སེམས་གཡེངས་པར་འགྱུར་བས། ཆོས་གོས་མང་པོ་ལ་ཆགས་པས་གོས་ལྷག་པ་སྤང་བར་བྱའོ། །ཆོས་གོས་བཟང་པོ་ལ་ཆགས་པས་ཕྱག་དར་ཁྲོད་བགོ་བར་བྱ་སྟེ། གཞན་ནི་དོར་བར་བྱའོ། །གོས་འཇམ་པོ་རེག་པ་ལ་ཆགས་པས་བལ་གོས་ བགོ་བར་བྱའོ། །གཞན་དོར་བར་བྱའོ། །ཕྱག་དར་ཁྲོད་པ་དང་། དུར་ཁྲོད་པས་ཀྱང་གོས་དགེ་འདུན་གྱི་དངོས་པོ་བཟང་པོ་སྤང་བར་བྱ་སྟེ། དར་དང་ཟ་འོག་གི་སྟན་ལ་སོགས་པ་སྤྱད་པར་མི་བྱའོ། །དུར་ཁྲོད་ཀྱི་གོས་གྱོན་ཏེ་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །མཆོད་རྟེན་ལ་ཕྱག་ མི་བྱའོ། །གལ་ཏེ་ཕྱག་འཚལ་ན་འདོམ་གང་ཁོར་ཡུག་ཕ་ཟད་ནས་བྱའོ། །དགེ་འདུན་གྱི་གཙུག་ལག་ཁང་གི་མལ་ཆ་དང་སྟན་ལ་སྤྱད་པར་མི་བྱའོ། །དགེ་འདུན་གྱི་ནང་དུ་འདུག་པར་མི་བྱའོ། །ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་རྣམས་སུ་འགྲོ་བར་མི་ བྱའོ། །གལ་ཏེ་འགྲོ་ན་སྒོ་ཁར་བསྡད་པར་བྱའོ། །གལ་ཏེ་ནང་དུ་ཞུགས་ཤིག་ཅེས་ཟེར་ན་བདག་ནི་དུར་ཁྲོད་པའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ནང་དུ་སོང་ཞེས་ཟེར་ན་འགྲོ་བར་བྱའོ། །མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །དོན་གྱི་དབང་གསུམ་མཐོང་ནས་སྦྱངས་པའི་ ཡོན་ཏན་ཡང་དག་པར་བླང་བར་བྱ་སྟེ། གང་ཉོན་མོངས་པ་དེས་གནོད་པས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར་དང་། ཡོ་བྱད་བསྙུངས་པའི་དོན་དང་། སྐྱེ་བོ་ཕྱི་མ་རྣམས་ལ་སྣང་བ་བྱས་པར་འགྱུར་བའོ། །དང་པོ་ནི་གདོན་མི་ཟ་བར་བྱའོ། །ཆོས་གོས་མ་དྲས་པར་གྲོང་དུ་འཇུག་པར་མི་ བྱའོ། །མ་མདུད་པར་མ་ཡིན་ནོ། །དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོགས་སོ། །མ་དྲས་པར་ཁྱིམ་གྱི་ནང་དུ་འདུག་པར་མི་བྱའོ། །དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོགས་སོ། །དེ་བཞིན་དུ་ཀུན་དུ་རྒྱུ་བའི་ཁྱིམ་དུ་ཡང་ངོ་། །ཀུན་དུ་རྒྱུ་རྣམས་ཕྱི་རོལ་དུ་བྱུང་ཟིན་པ་ལ་ནི་ལྟུང་བ་མེད་དོ། ། ཤམ་ཐབས་སྐ་རགས་ཀྱིས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །ཡོངས་སུ་སྤང་བར་བྱ་བ་ནི་དེ་ལྟ་བུའོ། །དྲན་པ་ཉེ་བར་གཞག་པ་ཅི་ལྟ་བུ་ཞེ་ན། ཉེ་བར་གཞག་པ་དང་། ཡོངས་སུ་སྤྱད་པ་དང་། དྲན་པས་གཞན་གྱི་ལ་ཡོངས་སུ་སྤྱད་དེ། བདག་གོས་རྣམས་ལ་ཡོ་བྱད་བསྙུངས་པར་ བྱའོ་སྙམ་དུ། དུས་དུས་སུ་དེ་ལྟར་དྲན་པ་ཉེ་བར་གཞག་པར་བྱའོ། །ཐམས་ཅད་དུ་ཅི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་ལ་ཉེས་བྱས་སོ། །དེ་ལས་འདས་པར་ཞེས་བྱ་བས་ནི་ཞག་བཅུའི་སྐྱ་རེངས་ཤར་བའི་དུས་ལས་གཞན་དུའོ། །འཆང་ན་ཞེས་བྱ་བ་ནི་མ་བརྟགས་པའམ། བྱིན་ གྱིས་མ་བརླབས་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བ་བཤགས་པར་བྱ་བའོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཚེས་གཅིག་ལ་གོས་གཅིག་གམ་མང་པོ་ཞིག་རྙེད་ཀྱང་རུང་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ། གཏད་པར་བྱ། རྣམ་པར་ བརྟག་པར་བྱའོ། །གཞན་དུ་ཞག་བཅུ་གཅིག་བའི་ཉིན་པར་སྤང་བར་འགྱུར་རོ། །ཚེས་གཅིག་ལ་རྙེད་ལ། ཚེས་བཅུའི་བར་དུ་དུས་ཀྱིས་ཆོད་ནས་གཞན་ཡང་གཅིག་གམ་མང་པོ་ཞིག་རྙེད་ཀྱང་རུང་། སྔ་མའམ། ཕྱི་མ་གཅིག་ནི་བྱིན་གྱིས་བརླབ་པར་བྱའོ། །གཞན་དུ་ནི་རྐྱེན་ཇི་ལྟ་ བ་བཞིན་དུ་བྱའོ། །རྣམ་པ་གཞན་དུ་ཞག་བཅུ་གཅིག་པའི་ཉིན་པར་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་ན་ལྟུང་བར་འགྱུར་རོ། །སྤང་བར་ནི་མ་ཡིན་ཏེ། ཆད་པའི་ལས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་ ལ་བདག་གིར་འདུ་ཤེས་ཏེ་མ་བརྟགས་པ་ཡང་དེ་བཞིན་ནོ། །མ་བརྟགས་པ་ལ་བརྟགས་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་བརྟགས་པ་ལ་བརྟགས་པར་འདུ་ཤེས་པ་ལ་ཡང་ངོ་། །མ་བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་ སྤང་བར་འགྱུར་རོ། །བརྟགས་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །མེད་པ་ལ་ཡོད་པར་འདུ་ཤེས་ན་ཉེས་བྱས་སོ། །ཡོད་པ་ལ་མེད་པར་འདུ་ཤེས་ན་ལྟུང་བ་མེད་དོ། །དཀོན་མཆོག་གསུམ་ལ་སོགས་པའི་རྒྱུ་མཚན་དུ་འཆང་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་ གིས་འདི་ངའི་ཡིན་གྱིས་ཅི་དགར་གྱིས་ཞེས་བསྒོ་སྟེ་མ་བརྟགས་པ་དང་། ཞག་འདི་སྙེད་ཅིག་ན་བྱིན་གྱིས་བརླབ་བོ་སྙམ་དུ་བསམས་ན་དེ་ཚུན་ཆད་དུ་ལྟུང་བ་མེད་དོ། །མ་བསམས་ན་ཉིན་རེ་ཉིན་རེར་ཉེས་བྱས་རེ་རེའོ། །བརྗེད་དེ་ཞག་བཅུར་མ་ལོན་པར་བཅངས་པ་དང་། རྐྱེན་ཇི་ལྟ་ བ་བཞིན་དུ་བྱའོ་སྙམ་དུ་མངོན་པར་འདུས་བྱས་ནས་ཞག་བཅུ་ཚུན་ཆད་དུ་འཆང་བ་ལ་ལྟུང་བ་མེད་དོ། །འགའ་ཞིག་ལ་བསྔོས་པ་ལས་བདག་གིར་བྱས་ལ། ཉོན་མོངས་པ་མང་བ་ཆགས་པའམ་ཞེ་སྡང་བའམ། འགའ་ཞིག་ལ་གཏི་མུག་པའམ། བསྟན་བཅོས་ངན་པ་ལ་སོགས་པ་ སེམས་པའི་སྐྱོན་དང་། ཉོན་མོངས་པས་དྲངས་པས་བརྗོད་དེ། མ་བརྟགས་ན་དངོས་གཞིའོ། །དེ་བཞིན་དུ་ཉོན་མོངས་པས་ཟིལ་གྱིས་ནོན་པས་དྲངས་པའི་མ་གུས་པ་ལ་ཡང་ངོ་། །ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་པའི་མི་ཤེས་པ་ལ་ཉེས་བྱས་སོ། །བླ་མ་ལ་ནི་བསྡམ་པར་བྱའོ། ། དེ་བཞིན་དུ་དེ་ལས་གཞན་པའི་བག་མེད་པ་ལ་ཡང་ངོ་ཞེའོ། །གང་ཟག་བརྟགས་པར་མི་འོས་པ་དང་། དང་བ་དང་ལྡན་པའི་སེམས་ཉེ་བར་མ་བཞག་པ་ལ་ཉེས་བྱས་སོ། །གང་ཅིག་ཁོ་ནར་བསླབ་པ་ལ་མི་གུས་པ་ལ་སོགས་པའི་ལྟུང་བ་སུ་ལ་ཡོད་པ་དེ་ལ་གནང་བ་མེད་དོ། །རྒྱུའམ་ སྤུན་ནམ་གཉི་གའམ། རྔ་མོའི་བལ་ལ་སོགས་པ་དང་བསྲེས་པ་དང་། རུང་བ་མ་ཡིན་པའམ། ཐགས་སུ་མ་བཏགས་པ་ནི་ཞག་བཅུ་ལས་འདས་ན་ཉེས་བྱས་སོ། །དེ་ཐམས་ཅད་ནི་ཆོས་གོས་དང་། མལ་ཆ་དང་། སྟན་དང་ལྡན་པ་རྣམས་ལ་ཡང་བརྗོད་པར་བྱའོ། །གང་གིས་སྤང་བ་ སྲིལ་ལ་སོགས་པས་ཟོས་སམ་ཚིག་གམ་བརླག་པ་དེས་ལྟུང་བ་འབའ་ཞིག་བཤགས་པར་བྱའོ། །དེའི་དུམ་བུ་གང་ཡིན་པ་དེ་དག་ནི་སྤང་བ་མི་འཐོབ་པའོ། །དེ་ཉིད་དེ་དག་གིས་བྱིན་གྱིས་བརླབ་པའོ། །འདི་ཐམས་ཅད་ནི་སྤང་བ་རྣམས་ལ་བརྗོད་པར་བྱའོ། །གལ་ཏེ་ཞག་བཅུ་མ་ལོན་པ་ ཚུན་ཆད་དུ་བརླག་གམ་ཆུད་ཟོས་ན་སྤང་བ་མེད་དོ། །དེ་བཞིན་དུ་ཆུང་བ་ཡང་ངོ་། །ལོང་བས་ཐོས་སམ། ལག་པའམ། པང་བར་གཞག་ལ་འདི་བདག་གི་ཡིན་ནོ་སྙམ་པའི་འདུ་ཤེས་བྱུང་ན་རྙེད་པ་ཞེས་བྱ་སྟེ། དེ་ནས་བགྲང་བར་བྱའོ། །འོན་པ་ནི་མཐོང་ནས་ཏེ། དེ་ནི་བྱེ་བྲག་གོ། ། སྨྱོས་པ་ནི་ནམ་རང་གི་སེམས་རྙེད་པ་ནས་སོ། །རྙེད་ན་ཞག་ལྔ་ལོན་ཏེ། སེམས་འཁྲུགས་ན་རང་གི་སེམས་རྙེད་པ་ནས་ཞག་བཅུར་བགྲང་ངོ་། །གོས་ལྷག་པ་ཞག་བཅུ་ལས་འདས་པར་འཆང་ཡང་སྤང་བའི་ལྟུང་བར་མི་འགྱུར་བ་ཡོད་དམ། །ཡོད་དེ་མུ་བཞིའོ། །མུ་དང་པོ་ནི་བརྟགས་པར་ འདུ་ཤེས་པའོ། །མུ་གཉིས་པ་ནི་དེ་མ་ཡིན་པ་ཡང་སྤང་བ་ཐོབ་པའོ། །གསུམ་པ་ནི་ཉོན་མོངས་པས་དྲངས་པའི་མ་གུས་པ་དང་། དྲན་པ་ཉམས་པས་སོ། །བཞི་པ་ནི་ཞག་བཅུ་ཉིད་ན་བརྟག་པར་བྱེད་པའོ། །མུ་བཞི་པོ་དེ་དག་ནི་བསླབ་པའི་གཞི་ཐམས་ཅད་ལ་མཚན་ཉིད་བརྟག་ཅིང་ བརྗོད་པར་བྱའོ། །སྤང་བ་དང་པོའོ།། །།འདུལ་བ་བསྡུས་པ། བམ་པོ་ལྔ་པ། མཉན་ཡོད་ན་དགེ་སློང་མང་པོ་ལ་བརྟེན་ཏེ་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པས་འགྲོ་ཞིང་མ་སྦས་ལ། སུ་དག་ལ་གཞག་པ་དེ་དག་ཀྱང་བྱ་བ་མང་དུ་གྱུར་པས་དགབ་པའི་ གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དང་ཕོངས་པའི་ཉོན་མོངས་པ་དག་གིས་གཉིས་པ་བཅས་པའོ། །གཞི་དང་ཉོན་མོངས་པ་འདི་དག་ནི་བརྒྱད་པོ་རྣམས་ལ་ཡང་བལྟ་བར་བྱའོ། །དགེ་སློང་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ནི་དགེ་སློང་ཆོས་གོས་ཟིན་ལ་ སྲ་བརྐྱང་མ་་ཕྱུང་བ་ཡོད་དེ་ཞེས་མུ་བཞིའོ། །གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐོང་གོས་བྱིན་གྱིས་བརླབས་པ་ལས་སོ། །དེ་ལས་གཞན་པ་བྱིན་གྱིས་བརླབས་པ་བདག་ལ་ནི་འབྲལ་བ་མེད་དོ། །གདིང་བ་ལ་འབྲལ་བ་མེད་དུ་ཟིན་ཀྱང་དེ་མེད་ པར་གཙུག་ལག་ཁང་གཞན་དུ་འགྲོ་བར་མི་བྱའོ། །ཉིན་མོ་གནས་པ་དང་། སྤྱོད་ཡུལ་ལ་ནི་ལྟུང་བ་མེད་དོ། །དེ་ཉིད་སླར་ལྡོག་གོ་སྙམ་སྟེ་སོང་བ་ལས་གལ་ཏེ་སོན་པ་དང་། བྱ་བ་ཞིག་གིས་ཐོགས་པར་གྱུར་ན་བརྙས་ཏེ་ཉལ་བར་བྱའོ། །བླ་གོས་གདིང་བ་ནི་ཆོ་ག་ཇི་ལྟ་བ་བཞིན་ནོ། ། མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི་གཞན་དུ་སྐྱ་རེངས་ཤར་བ་སྟེ། དེ་སོང་ངམ་ཆོས་གོས་གཞན་དུ་ཁྱེར་བའོ། །འབྲལ་བ་ནི་རྣམ་པ་གསུམ་སྟེ། བཞག་པ་དང་འབྲལ་བ་དང་། བརྗེད་དེ་འབྲལ་བ་དང་། སྤྱད་པ་དང་བྲལ་བའོ། །དེ་ལ་དང་པོ་ནི་ཕྱོགས་དེ་ལྟ་བུ་ ཞིག་ཏུ་བཞག་པ་ལས་མི་སྣང་བར་གྱུར་པའམ། དེ་ནས་རྐུན་པོས་ཁྱེར་བའོ། །གཉིས་པ་ནི་དེར་བཞག་པ་ལས་བསམས་ཀྱང་གར་བཞག་མི་དྲན་པའོ། །གསུམ་པ་ནི་ཕྱོགས་དེ་ལྟ་བུ་ཞིག་ཏུ་སོང་བ་ལས་གང་དུ་སྐྱ་རེངས་ཀྱིས་ཆོད་དེ་དེའི་ཉིན་མོ་གོས་སྤྱད་མ་ནུས་པའོ། ། ཕྱོགས་དེ་ལྟ་བུ་ཞིག་ཏུ་འགྲོ་ལ། དེར་ཆོས་གོས་རྙེད་གྲང་སྙམ་དུ་བསམས་ནས་བྲལ་བ་ལ་ནི་ལྟུང་བ་མེད་དོ། །དེ་ནས་རྙེད་དུ་ཟིན་ཀྱང་ཆོས་གོས་དྲས་པ་གཅིག་ངེས་པར་ཁྱེར་བར་བྱའོ། །གལ་ཏེ་གྲོང་དུ་མི་འཇུག་ན་མ་ཁྱེར་ན་ཡང་ལྟུང་བ་མེད་དོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་ བྱ་བ་ནི་འཕགས་པ་ཤཱ་རིའི་བུ་དང་། འོད་སྲུངས་ཆེན་པོ་ལས་བརྩམས་ཏེ། སྣམ་སྦྱར་གྱི་གནང་བ་རྗེས་སུ་གནང་བའོ། །རྒན་པོ་རྒས་སམ་རིད་པ་དང་། ནད་པ་སྦྱོར་མི་ནུས་པ་ལའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཆོས་གོས་ཀྱི་གནས་ཁྱིམ་གཅིག་པ་ལ་སོགས་པ་ལྔ་བཅུ་རྩ་བརྒྱད་དོ། ། བར་སྡོམ་ནི། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། ཚོགས་དང་རྩིག་པ་རིབ་མ་དང་། འོབས་ཀྱི་ཉེར་ཀོར་དག་དང་ནི། །གྲོང་ཁྱིམ་ཚོང་ཁང་ཚོང་རྡལ་དང་། །དགྲ་གང་གཡུལ་དང་གཡུལ་ཚོམས་དང་། །མུ་སྟེགས་འཁོར་ལོ་ཤིང་རྟ་དང་། །གྲུ་དང་ཀུན་དགའ་ཤིང་ ལྗོན་དང་། །ཉེ་བ་འཁོར་གྱིས་ཞུས་པའོ། །དེ་རེ་རེ་ཡང་རྣམ་པ་བཞིར་སྦྱར་བར་བྱ་སྟེ། དེ་ལས་ཉེ་བ་འཁོར་གྱིས་ཞུས་པའི་གནས་གསུམ་ནི་མ་གཏོགས་སོ། །དེ་ལ་ཁྱིམ་གཅིག་པའི་གྲོང་ནི་རི་ཁྲོད་པ་ལ་སོགས་ཏེ། དེའི་ཉེན་ཀོར་ནི་ནང་ཐམས་ཅད་དང་། ཕྱི་རོལ་ འདོམ་གང་དང་གང་དུ་ངེས་པར་རྟག་ཏུ་བྱ་བ་རྣམས་བྱེད་པའོ། །ཐམས་ཅད་དུ་ཡང་ཁྱད་པར་མེད་དེ་ཚུལ་དེ་བཞིན་ནོ། །གང་ལ་ཁྱད་པར་ཡོད་པ་དེ་ནི་བརྗོད་པར་བྱའོ། །དེ་བཞིན་དུ་ཁྱིམ་གཉིས་དང་། ཁྱིམ་གྱི་ཚོགས་ཀྱང་ངོ་། །གང་སྒོ་ཐ་དད་དུ་འདུག་པ་དེ་ཉེ་ འཁོར་སོ་སོ་བ་སྟེ། ཐུན་མོང་བ་ཅི་ཡང་མེད་པའོ། །རྩིག་པས་བསྐོར་བའི་ཉེ་འཁོར་ནི་བྱ་གག་སྤུར་བ་ལས་གང་དུ་བབས་པ་འམ། །སྐྱེས་བུ་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་ཕྱི་རོལ་དུ་བཤང་བའི་སར་འགྲོ་བའོ། །རིབ་མས་བསྐོར་བ་ནི་སྐས་ཁྲུ་བཅུ་གཉིས་པས་གང་དུ་ཕྱིན་ ཅིང་སླེབས་པའམ། སྨྱིག་མའི་ཤར་བས་བཀང་བའི་ཤིང་རྟས་བསྐོར་བའོ། །འོབས་ཀྱིས་བསྐོར་བ་ལ་ནི་གང་དུ་བ་ལང་དང་། ར་ལུག་གི་རྨིག་པས་བསླང་བའི་རྡུལ་གང་དུ་བབས་པའམ། ཕྱག་དར་གྱི་ཕུང་པོའི་སྟེང་དུ་ཕོ་བ་ལས་བང་བ་རགས་པ་འདྲིལ་བ་གང་དུ་ ཆགས་པའོ། །གྲོང་ཉེ་འཁོར་གཅིག་པ་ནི་གང་ན་སྐྱེད་མོས་ཚལ་གཅིག་པ་དང་། འདུན་ས་དང་། ལྷའི་གནས་ཐ་མི་དད་པའོ། །དེ་བཞིན་དུ་གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་ཡང་ངོ་། །གྲོང་ཉེ་འཁོར་ཐ་དད་པ་ནི་གང་ན་སྐྱེད་མོས་ཚལ་མང་པོ་ཡོད་ལ་སྒོ་ཐུན་ མོང་བའོ། །དེ་བཞིན་དུ་གྲོང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་ཡང་ངོ་། །དེ་ལ་ཐུན་མོང་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཁྱིམ་གྱི་སྦྱར་བ་ཡང་ངོ་། །དེ་བཞིན་དུ་ཚོང་ཁང་དང་། ཚོལ་རྡལ་དང་། དགྲ་གང་དང་། གཡུལ་དང་གཡུལ་ཚོམས་དང་། མུ་སྟེགས་ཅན་གྱི་ཁྱིམ་ དང་། འཁོར་ལོ་བྱེད་པའི་ཁྱིམ་སྟེ། གང་དུ་གདུགས་ལ་སོགས་པ་བྱེད་པའོ། །ཤིང་རྟ་དང་། གྲུ་དང་། ཀུན་དགའ་ར་བ་དང་། ཤིང་ལྗོན་པ་ཡང་ངོ་། །མུ་བཞིར་བརྗོད་པར་བྱ་སྟེ། སྒོ་དང་། སྟན་བཟང་པོ་དང་། ཡ་གད་དང་། གཡུལ་གྱི་ལྟེ་བ་དང་། སྒོ་དང་། ལྷའི་གནས་དང་། རྒྱལ་མཚན་དང་། ཁ་ལོ་བསྒྱུར་བའི་སྟན་དང་། གྲུ་གདོང་དང་། ཁྲོན་པ་དང་། རྩ་བ་ཡང་ཐུན་མོང་བ་སྟེ། གོ་རིམས་བཞིན་དུ་བརྗོད་པར་བྱའོ། །གང་མི་གཅིག་གིའམ། སྤུན་རྣམས་ནོར་མ་བགོས་པ་ནི་ཉེ་འཁོར་གཅིག་པའོ། ། བཟློག་པ་ནི་ཉེ་འཁོར་ཐ་དད་པའོ། །མུ་སྟེགས་ཅན་གྱི་ཁྱིམ་ན་གང་ལྟ་བ་ཐ་དད་པ་དང་། སླར་བཟློག་པའོ། །ཤིང་ལྗོན་པ་ཡལ་ག་དང་། འདབ་མ་འབྲེལ་བ་དང་། བཟློག་པའོ། །གཡུལ་དང་ཤིང་ལྗོན་པའི་ཉེ་འཁོར་གྱི་ཁྱད་པར་ནི་གང་དུ་འབྲུ་འཕྱར་བ་ལས་རླུང་གིས་ཁྱེར་ བའི་ཕུབ་མ་གར་ལྷུང་བའོ། །དཔྱིད་ཀྱི་ཟླ་བ་ཐ་མའི་ཉི་མ་ཕྱེད་པའི་གྲིབ་མ་དང་། རླུང་གིས་མ་བསྐྱོད་པའི་འདབ་མ་དང་། ཆར་པ་ཆད་ནས་ཐིགས་པ་ཆེན་པོ་ས་ལ་གར་ལྷུང་བའོ། །སྤོས་ཀྱི་ཚོང་ཁང་མ་གཏོགས་པ་གཞན་ཐམས་ཅད་ནི་ཚོང་ཁང་དུ་བལྟ་བར་བྱའོ། །གནས་ དེ་དག་ལས་དགེ་སློང་གི་ནང་ངམ། ཉེ་འཁོར་དུ་ཆོས་གོས་བཞག་ལ། གཉི་ག་ལས་གཞན་དུ་སྐྱ་རེངས་ཤར་ན་སྤང་བའོ། །སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སོ། །གཉི་ག་ལས་གང་དུ་ཡང་རུང་སྐྱ་རེངས་ཤར་ན་ཉེས་པ་མེད་དོ། །མཚམས་མ་བཅད་པ་ལ་འགྲོ་ན་ འདོམ་བཞི་བཅུ་རྩ་དགུའི་བར་དུ་ཉེ་འཁོར་རོ། །འགྲེང་བ་དང་། འདུག་པ་དང་། ཉལ་བ་ལ་ནི་འདོམ་གང་ངོ་། །མཚམས་གཉིས་ཀྱིས་མཚམས་སུ་ཉལ་བར་བྱེད་ན་ཆོས་གོས་ཀྱི་མཐའ་ལུས་ལས་མ་བྲལ་བའོ། །ཆོས་གོས་དང་མི་འབྲལ་བའི་མཚམས་སམ། ཕྱི་རོལ་གྱི་ས་ལ་བཞག་སྟེ་ནམ་མཁའ་ལ་འདུག་གམ། །གོ་བཟློག་ཀྱང་རུང་སྟེ་བྲལ་བ་ཞེས་བྱའོ། །མཚམས་མ་བཅད་པའི་གནས་སུ་རྩིག་པས་བསྐོར་བ་དང་། འོབས་ཀྱིས་བསྐོར་བ་ལས་འདས་ན་འབྲལ་བའོ། །རྣམ་པར་ངེས་པ་ནི་ཉོན་མོངས་པ་མང་ཞིང་ དེས་མ་གུས་པ་ལས་སྤང་བའོ། །མི་ཤེས་ན་ཉེས་བྱས་སོ། །དེའི་མཁན་པོ་ལ་སོགས་པ་རྣམས་ཀྱིའང་ཉེས་བྱས་སོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་བག་མེད་པར་བྱས་པ་ནི་ཉེས་བྱས་ཉིད་དོ། །དགེ་བ་ལ་སྦྱོར་བས་བྲེལ་ཏེ་བྱུང་ན་ལྟུང་བ་མེད་དོ། །མེད་པ་དང་ ཕྲོགས་པ་ཡིན་པ་ལ་བྲལ་ལོ་སྙམ་དུ་ཤེས་ན་ཉེས་བྱས་སོ། །ཡོད་པ་ལ་མ་བྲལ་བར་འདུ་ཤེས་ན་ལྟུང་བ་མེད་དོ། །གཞན་བསྐུར་རོ་སྙམ་པ་ལས་གཞན་ཁྱེར་ན་ལྟུང་བ་མེད་དོ། །རང་གི་སྙམ་པ་ལས་གཞན་གྱི་ཁྱེར་བ་ལ་ལྟུང་བ་མེད་དོ། །མ་ཁྱེར་བ་ལས་ཁྱེར་རོ་སྙམ་པ་ དང་། བྲལ་བ་ལས་མ་བྲལ་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །མ་བྲལ་བ་ལ་བྲལ་བར་འདུ་ཤེས་པ་དང་། བླངས་པ་ལས་མ་བླངས་པར་འདུ་ཤེས་ན་ལྟུང་བ་སྟེ། སྤང་བ་ནི་མ་ཡིན་ནོ། །མ་བླངས་པ་ལ་མ་བླངས་པར་འདུ་ཤེས་པ་དང་། བྲལ་བ་ལ་བྲལ་བར་ འདུ་ཤེས་ན་སྤང་བའོ། །མ་བྲལ་བ་ལས་ཡིད་གཉིས་ཟ་ན་ཉེས་བྱས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང་བླ་མ་དང་། བླ་མའི་གནས་ལྟ་བུ་རྣམས་ཀྱི་དོན་ལྷག་པ་ཞིག་གི་ཕྱིར་བྲེལ་ཏེ། བྲལ་བ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་ཁ་ཅིག་ལ་སྙིང་རྗེ་སྟེ། སྡུག་བསྔལ་ ཆེན་པོ་ལས་ཐར་བར་བྱེད་དམ། ཁ་ཅིག་ལ་ཉོན་མོངས་པ་ཆེན་པོ་ལས་བྲལ་བར་བྱེད་པའང་དེ་བཞིན་ཏེ། དེ་དག་ནི་ཁ་ཅིག་གིས་འདོད་དོ། །འཕྲོག་པར་རིག་གམ་བར་ཆད་བརྒྱད་པོ་རྣམས་ལ་བྲལ་བ་ལ་ལྟུང་བ་མེད་དོ། །གང་དུ་དེང་ཉིད་དུ་ཕྱིར་ལྡོག་གོ་སྙམ་སྟེ་སོང་ན་གལ་ཏེ་ སོང་བ་ལས་དེ་འདྲ་བའི་དོན་ཞིག་བྱུང་ན་སྔ་མ་སེམས་ཀྱིས་བཏང་ལ་བརྙས་ཏེ་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་པོ། །ཅི་སྟེ་ཁ་དོག་བསྒྱུར་བའམ་དྲས་པ་མེད་ན་ཡང་དེ་ལས་གཞན་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །གང་ཕོངས་པའི་རྗེས་སུ་གནང་བ་དེ་བདེ་བར་གནས་སྐབས་སུ་ མི་བྱའོ། །དགེ་འདུན་གྱི་ཡང་བྱིན་གྱིས་བརླབ་ཏུ་རུང་སྟེ་གལ་ཏེ་དེ་དང་བྲལ་ན་ལྟུང་བ་འབའ་ཞིག་བཤགས་པར་བྱའོ། །ལམ་གྱི་མཚམས་ནོན་ཏེ་སྐྱ་རེངས་ཤར་བ་ལ་ལྟུང་བ་མེད་དོ། །དེ་ཉིད་ཞག་བཅུ་འདས་ལ་དེ་ཉིད་མཚན་མོ་འབྲལ་བར་འགྱུར་བ་མཆིས་སམ། ཡོད་དེ་རྒྱུན་ རྗེས་སུ་འབྲལ་བ་ཡོད་པ་དང་། ཞག་བཅུ་པའི་ཉིན་པར་རྙེད་པ་བྱིན་གྱིས་བརླབས་པ་ནི་བྲལ་བའོ། །དགེ་སློང་མ་ལ་ནི་ཆོས་གོས་ལྔའི་འབྲལ་བའོ། །གལ་ཏེ་ཤིང་ཡལ་ག་རྣམས་འདབ་འབྲེལ་ན་རྒྱང་གྲགས་གཅིག་གི་བར་དུ་ཡང་ལྟུང་བ་མེད་དོ། །སྤང་བ་གཉིས་བའོ།། །། མཉན་ཡོད་དུ་དགེ་སློང་མང་པོ་ལ་བརྟེན་ཏེ་ཟླ་བ་གཅིག་ལས་འདས་ཀྱང་ཆོས་གོས་རྣམས་འཆང་བས་ན་གསུམ་པ་བཅས་སོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་སྲ་བརྐྱང་བཏིང་བའི་གནས་ན་སྟོན་ཟླ་ཐ་ཆུངས་ནས་ བརྩམས་ཏེ་དཔྱིད་ཟླ་ར་བའི་བར་དང་། སྲ་བརྐྱང་མ་་བཏིང་བ་ནི་སྟོན་ཟླ་ཐ་ཆུངས་ཉིད་གོས་ཀྱི་དུས་སོ། །དེ་ལས་གཞན་པ་དུས་མ་ཡིན་ནོ། །ཆོས་གོས་ལྷག་པ་ཡོངས་སུ་ཁ་མི་ལངས་པ་འགའ་ཞིག་རྙེད་པ་དེ་ནི་དུས་མ་ཡིན་པའི་གོས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་ དེ་ལས་བླང་ངོ་སྙམ་དུ་སེམས་པའོ། །གཞག་པར་བྱའོ་ཞེས་བྱ་བ་ནི་བཅང་བར་བྱའོ། །གོས་ལ་རེ་བ་ཡོད་ན་ཞེས་བྱ་བ་ནི་མ་ལ་སོགས་པའམ། སློབ་དཔོན་ལ་སོགས་པ་འམ། ལོ་ལྔ་པ་ལ་སོགས་པ་ལས་རྙེད་དུ་རེ་བའོ། །ཁ་ཅིག་ནི་མི་ལངས་པ་འདིས་ལངས་ པར་བརྗེའོ་ཞེས་སེམས་སོ། །མི་ལངས་ལ་ཁ་མ་ལངས་པ་ཞེས་བྱ་བ་ནི་ལྷག་མ་བསྒྲུབས་ནས་ལངས་པར་བྱའོ་སྙམ་པའོ། །དགེ་སློང་གིས་གོས་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། སྟུག་པོའམ་སྲབ་མོའང་རུང་ཚེས་གཅིག་ལ་རྙེད་ལ། དེས་དེའི་མི་ ལངས་ཏེ། རེ་བ་མེད་ཀྱང་རུང་སྟེ། འདི་དང་འདྲ་བ་ཞིག་རྙེད་ན་བྱའོ་སྙམ་ནས་དེས་དེ་གཞག་གོ། །ཚེས་བཅུ་ཚུན་ཆད་རེ་བ་ལས་གལ་ཏེ་རྙེད་དེ་བཅུ་ལས་འདས་ན་སྤང་བའོ། །ཟླ་བ་གཅིག་ཚུན་ཆད་རྙེད་པའི་ཉི་མ་ལས་འདས་ན་སྤང་བའོ། །གཞག་པར་བསམས་པ་ དེའི་བསམ་པ་དེ་ཉམས་པར་གྱུར་པ་དང་། འགྱངས་པ་དང་། ཉམ་ཆུང་བར་གྱུར་ཏམ། མ་ཐོབ་བམ། མེད་པར་གྱུར་པ་ཡང་མ་ཡིན་ཏེ། ཟླ་བ་གཅིག་ཚུན་ཆད་དུ་རྙེད་པ་འདས་ན་སྤང་བའོ། །གལ་ཏེ་རེ་བ་དེ་ཡོངས་སུ་ཆད་ན་ཞག་བཅུ་ལས་འདས་པ་དང་ལྟུང་བའོ། །མ་ ཆད་ན་ཡང་གལ་ཏེ་ཟླ་བ་གཅིག་ཚུན་ཆད་དུ་རྙེད་ནའོ། །གལ་ཏེ་ཟླ་བ་གཅིག་ཚུན་ཆད་མ་རྙེད་ལ། རྙེད་ན་ཡང་ཟླ་བ་གཅིག་ལས་འདས་ན་སྤང་བའོ། །གང་ལ་ཆོས་གོས་གསུམ་ཡོངས་སུ་རྫོགས་པར་མེད་པ་དེས་ནི་རིང་ན་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །གཞན་གྱིས་ནི་ མ་ཡིན་ནོ། །གོས་ལ་རྣམ་པ་གཉིས་ཏེ་གང་རྒྱུད་བརྟགས་པ་མ་བགོས་པ་སར་པ་དང་། གང་དུས་གསུམ་དུ་གང་ཡང་རུང་བའི་ཟླ་བ་དེ་དག་ཏུ་གཞན་ལོངས་སྤྱད་པའོ། །གོས་ལ་རྣམ་པ་ལྔ་སྟེ། སྦྱིན་བདག་ཡོད་པ་སྟེ། གང་གིས་སྦྱིན་བདག་ཏུ་ཤེས་པ་དང་། སྦྱིན་བདག་མེད་པ་ དང་། གང་གིས་མི་ཤེས་པ་དང་། ཁྱེར་ནས་སླར་འོངས་པ་སྟེ། གོང་དུར་ཁྲོད་དུ་ཁྱེར་ནས་སླར་ཁྱེར་ཏེ་འོངས་པ་དང་། དུར་ཁྲོད་ཀྱི་སྟེང་གང་དུར་ཁྲོད་དུ་བོར་བ་ཡོངས་སུ་འཛིན་པ་མེད་པ་དང་། ཕྱག་དར་ཁྲོད་དང་ལྔ་སྟེ། དེ་ལ་ཡང་རྣམ་པ་ལྔའོ། །ལམ་པོ་ཆེའི་ཕྱག་དར་ཁྲོད་དང་། ཆུ་ངོགས་ཀྱི་དང་། དགོན་པར་བོར་བ་དང་། མི་གཙང་བའི་ཕྱག་དར་ཁྲོད་དང་། ཞིགས་པ་དང་ལྔ་སྟེ་ཞིགས་པ་ནི་གང་ཤིན་ཏུ་རྙིངས་པའོ། །གཞན་ཡང་ལྔ་སྟེ། བེའུ་དང་། བྱི་བ་དང་། སྲིལ་གྱིས་ཟོས་པ་དང་། མེས་ཚིག་པ་དང་། མ་མའི་གོས་དང་ལྔའོ། །ཅི་སྟེ་མ་ བགོས་པ་རྙེད་ལ་ནུས་ན་བཀྲུ་བ་ལ་སོགས་པ་བྱས་ཏེ་སྣམ་སྦྱར་ནི་ཉིས་རིམ་དང་གདིང་བའང་ཉིས་རིམ་དུ་བྱའོ། །བླ་གོས་ནི་ཆིག་རྐྱང་དང་། མཐང་གོས་ཀྱང་ཆིག་རྐྱང་དུ་བྱའོ། །མ་བགོས་པ་ལས་སྣམ་སྦྱར་དང་། གདིང་བ་སུམ་རིམ་དང་། བླ་གོས་དང་། མཐང་གོས་ཉིས་རིམ་དུ་བྱའོ་ སྙམ་ན་ཉེས་བྱས་སོ། །ཞག་བཅུ་གཅིག་ལོན་ན་སྤང་བའོ། །གཞན་དུ་སྦྱར་རོ་སྙམ་ནས་རིམ་པ་གཉིས་པ་ཕྱེ་ན་ཉེས་བྱས་སོ། །ཞག་བཅུ་གཅིག་འདས་ན་སྤང་བའོ། །ཅི་སྟེ་བཀྲུས་ཤིང་བཙོས་ཏེ་འདི་ཉིད་དུ་སླར་སྦྱར་རོ་སྙམ་དུ་བསམས་ནས་ཕྱེ་ན་ནི་ལྟུང་བ་མེད་དོ། །ཕྱེ་བས་དེ་ཞག་ བཅུ་གཅིག་པ་ལས་འདས་ན་སྤང་བའོ། །དེས་དགོས་པ་ཞིག་རྙེད་ན་སྣམ་སྦྱར་དང་གདིང་བ་ནི་བཞི་རིམ་དུ་བྱའོ། །བླ་གོས་ནི་ཉིས་རིམ་དང་། མཐང་གོས་ཀྱང་ཉིས་རིམ་སྟེ། དེ་ལ་ཡང་སྦྱར་བ་དང་། ཕྱེ་བ་ཡང་སྔ་མ་བཞིན་ཏེ། ཅི་ལྟར་རིགས་པ་བཞིན་དུ་སྦྱར་ རོ། །ཆོས་གོས་ལ་ངེས་པར་བྱས་པ་རྣམ་དེ་བཞིའོ། །ཕྱག་དར་ཁྲོད་ཀྱི་ནི་ཅི་ཙམ་ཆོག་པར་བྱའོ། །ཆོས་གོས་ངན་པ་དང་། ཆུང་བ་ལ་ནི་ལྷག་པར་གླན་ནོ། །སྣམ་སྦྱར་གྱི་རྣམ་པ་ནི་དགུ་སྟེ། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་ཤུ་རྩ་ལྔ་པའོ། །དང་པོ་གསུམ་ནི་གླེགས་བུ་ཕྱེད་དང་གསུམ་པའོ། །གཉིས་པའི་གསུམ་ནི་གླེགས་བུ་ཕྱེད་དང་བཞི་པའོ། །གསུམ་པའི་གསུམ་ནི་གླེགས་ བུ་ཕྱེད་དང་ལྔ་པར་བྱའོ། །སྣམ་སྦྱར་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ཕན་ཆད་ནི་ཚེམ་བུའོ། །ཆོས་གོས་སྣམ་སྦྱར་ལ་རྣམ་པ་གསུམ་སྟེ། ཆེན་པོ་ནི་ལྔ་དང་གསུམ་པའོ། །ཆུང་ངུ་ནི་ཕྱེད་དང་ལྔ་དང་ཕྱེད་དང་གསུམ་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །བླ་གོས་ ནི་རྣམ་པ་གསུམ་སྟེ། ཆེན་པོ་ལ་ནི་ལྔ་དང་གསུམ་པའོ། །ཆུང་ངུ་ནི་ཕྱེད་དང་ལྔ་དང་གསུམ་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །དེ་བཞིན་དུ་མཐང་གོས་ལ་ཡང་རྣམ་པ་གཉིས་ཏེ། ལྔ་དང་གཉིས་དང་བཞི་དང་གཉིས་སོ། །བྱིན་གྱིས་བརླབས་པའི་ནང་ན་ཐ་ མ་གང་ཞེ་ན། གང་འཁོར་གསུམ་ཁེབས་པའོ། །སྤང་བའི་ནང་ན་ཐ་མ་གང་ཞེ་ན། གང་ཁྲུ་གང་ཁོར་ཡུག་པའོ། །ལུས་ཆེ་ལ་ཁྲུ་ཐུང་ན་ལུས་ཀྱི་ཚད་དུ་ཆོས་གོས་བྱའི། ཁྲུའི་ཚད་དུ་ནི་མ་ཡིན་ནོ། །སླར་བཟློག་པ་ཡང་དེ་བཞིན་ནོ། །གང་ལ་ཚད་བཞིན་གྱིས་མི་ལང་ ན། དེས་རལ་ཁ་དཔུང་ཆད་དུ་བྱས་ལ་བཅང་བར་བྱའོ། །ཇི་སྐད་གསུངས་པའི་ཚད་ལས་ཆེའམ་ཆུང་ངུས་བྱས་ཏེ་འཆང་ན་ཉེས་བྱས་སོ། །ཚད་ལས་ཆུང་བ་ཞིག་ཟླ་བ་གཅིག་ལས་འདས་པར་བཞག་ན་ཉེས་བྱས་སོ། །གསུམ་པའོ།། །།མཉན་ཡོད་ན་ སྟེ། འཆར་ཀས་ཁུ་བས་མ་རུང་པའི་གོས་རྙིང་པ་དགེ་སློང་མ་སྦེད་མ་ལ་འཁྲུར་བཅུག་པའི་ཕྱིར་ཕྱིན་པ་དང་། དེས་ཀྱང་ཁུ་བ་དེ་བླུགས་པ་ན་འགལ་ཚབས་ཅན་གྱི་ཉོན་མོངས་པ་དག་ཡོངས་སུ་སྤང་བའི་ཕྱིར་དང་། འདི་ལྟར་སྒོ་དེ་ནས་ཤིན་ཏུ་འཇུག་པར་མཐོང་བ་དང་། ཕོངས་པའི་ཉོན་མོངས་པ་ཡོངས་སུ་སྤང་བའི་ཕྱིར་ཡང་འདི་ལྟར་ཉེ་དུ་ལ་རྗེས་སུ་གནང་བ་དང་། གཞན་དག་མ་དད་པའི་ཉོན་མོངས་པས་ཉེས་པར་འགྱུར་བ་ཡོངས་སུ་སྤང་བ་དང་། རྐྱེན་ལ་བརྟན་པའི་ཉོན་མོངས་པ་དག་ལ་ཡོངས་སུ་སྤང་བའི་ཕྱིར་དང་། ཕྱི་ཕྱིར་ ཕྲད་པའི་རྐྱེན་གྱིས་འདོད་ཆགས་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཕྱིར་བཞི་པ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་མའི་ཕ་དང་། མའི་ཕ་ཟུང་རྒྱུད་ལས་བདུན་པ་ཚུན་ཆད་ནི་ཉེ་དུའོ། །ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མ་དང་། བུ་མོ་དང་། མ་དང་ ཕའི་རྒྱུད་དམ། སྲུ་མོ་འམ། སྲིང་མོ་འམ། ཚ་མོ་འམ། ནེ་ནེ་མོ་འམ། གང་ཁྱོད་ངའི་མའོ་ཞེས་མར་གཟུང་བ་དང་། ཁྱོད་ངའི་སྲིང་མོའོ་ཞེས་བྱ་བ་ལ་སོགས་པ་དང་། གང་རྒན་པའམ། ནད་ཀྱིས་ཡུན་རིང་དུ་ཉེན་ཏེ་རིད་ཅིང་ཁ་དོག་གྱུར་པའམ་ཤེས་པའམ་ཡོན་ཏན་དུ་ལྡན་ པ་ཡང་རུང་དེས་ཀྱང་དགེ་སློང་དེ་ཡོན་ཏན་དུ་ལྡན་པའམ། སློབ་དཔོན་ནམ། དེའི་མཁན་པོ་འམ། བླ་མའི་གནས་ལྟ་བུའམ། ལྷན་ཅིག་གནས་པའི་ཉེ་དུ་མ་འམ། སློབ་མར་གྱུར་པའམ། དགེ་འདུན་གྱིས་དེ་ལ་ཁྱེད་ཅག་གི་འདི་ལྟར་བྱའོ་ཞེས་ཆད་པའི་ལས་བྱེད་དུ་བཅུག་ཀྱང་ རུང་བ་དེ་ཉིད་དེ་འདྲ་བའི་བཟོ་བསླབ་པར་གྱུར་ཏམ། རྒན་པ་ནས་བརྩམས་ནས་ཅི་ལྟར་འདི་དག་གིས་ཀྱང་ཉེ་དུ་བཞིན་དུ་དེ་ལ་ལྟུང་བ་མེད་དོ། །དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ། །དགེ་སློང་མར་གཏོགས་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །གོས་རྙིང་པ་ཞེས་བྱ་བ་ནི་ བདག་གི་སྟེ། རུང་བ་དུས་སུ་བྱིན་གྱིས་བརླབས་པ་སྟེ། བལ་དང་། ཟར་མ་དང་། ལྡུམ་བུ་ཤ་ན་དང་། རས་བལ་དང་། རྩྭ་དུ་གུ་ལ་དང་། རྩྭ་ཀོ་ཏམ་པ་དང་། ཉི་འོག་གི་གོས་ཏེ། སོ་སོར་ཕྱེ་བའོ། །ཁྲ་ཁྲ་བོ་ལ་སོགས་པ་ཡང་དེ་བཞིན་ཏེ་ཉེས་བྱས་སོ། །འཁྲུར་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་བཅལ་ བའོ། །དེ་བཞིན་དུ་འཇི་བ་ལ་སོགས་པས་རེག་པ་བཀྲུས་ན་ཡོང་ངོ་། །འཚེད་ཅེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་ལྷན་ཅིག་བཅལ་བའོ། །བཅག་ཅེས་བྱ་བ་ནི་ཐ་ན་ལག་མཐིལ་དུ་བརྡབས་པའོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་འཁྲུ་བ་ལ་སོགས་པ་གང་ཡང་ རུང་བ་བྱེད་དུ་བཅུག་ན་སྤང་བའི་ལྟུང་བྱེད་དོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ནའང་རུང་བྱེད་དུ་བཅུག་ན་ཉེས་བྱས་སོ། །ཅི་ལྟར་འཁྲུར་བཅུག་པའི་ལྟུང་བ་དེ་བཞིན་དུ་བརྐྱང་དུ་བཅུག་པ་དང་། འདྲུབ་ཏུ་བཅུག་པའོ། །ཁ་ཅིག་ན་རེ་ཆོས་གོས་སྣོད་དང་མཛོད་པ་ལ་གཞག་པ་ དགེ་སློང་མ་ལ་བཅོལ་བ་ལས་གལ་ཏེ་མཚན་གྱུར་ཏམ། རྣམ་པར་འཁྱམས་ནས་བྱེད་པའམ། དགེ་སློང་དེ་ལྟ་བུར་གྱུར་ན་ཡང་སྦྱོར་བའི་ཕྱིར་ཉེས་བྱས་ཏེ་སྤང་བ་ནི་མ་ཡིན་ཏོ། །ཉེ་དུ་མ་ཡིན་པ་ལ་བཅོལ་བ་ལས་ཉེ་དུས་བྱས་སམ། གཞན་འཁྲུ་བ་ལ་སོགས་པ་འཁྲུར་བཅུག་ ན་ལྟུང་བ་སྟེ་སྤང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་ཡང་ངོ་ཞེའོ། །སྦྱོར་བ་ནས་ཅི་སྲིད་འཁྲུ་བ་ལ་སོགས་པ་མ་ཟིན་གྱི་བར་དེ་སྲིད་དུ་ནི་ཉེས་བྱས་སོ། །སློབ་མ་ལ་བཅོལ་ན་མཁན་པོས་དེ་ཡང་བཏང་སྙོམས་བྱས་ན་བསྒོ་བ་མ་བྱས་པར་སྦྱར་བས་ན་ལྟུང་བའོ། །བདག་དང་ གཞན་གྱིའམ་དགེ་འདུན་གྱིའང་རུང་བཀྲུས་ཟིན་པའམ། སྤང་བ་བྱུང་བའམ། སེང་རས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་བཅོལ་ན་ཐམས་ཅད་ལ་ཡང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དབང་པོ་འཁྲུགས་པ་དང་། མ་ནིང་མོ་དང་། དགེ་སློང་མ་སུན་ཕྱུང་བ་ལ་བཅོལ་ན་ཉེས་བྱས་སོ། །ལྔ་པོ་དེ་དག་ནི་དགེ་སློང་མ་དང་ལྡན་པར་བརྗོད་པ་ཐམས་ཅད་ལ་ཡང་ཉེས་བྱས་སོ་བརྗོད་པར་བྱའོ། །སངས་རྒྱས་ལ་སོགས་པའི་ཕྱིར་རམ་ཆད་པའི་ལས་སུ་བྱེད་དམ། མཚུངས་པར་བྱེད་པ་ཞིག་ན་ནི་ལྟུང་བ་མེད་དོ། །བདག་ གི་ཉེ་དུའམ། མཁན་པོ་ལ་སོགས་པའམ། ལྷན་ཅིག་གནས་པའམ། དགེ་འདུན་གྱིས་རུང་བར་གནང་བ་བྱིན་ནམ་དགེ་སློང་མའམ། དགེ་ཚུལ་མའམ། དགེ་བསྙེན་མ་ཡང་རུང་། འཁྲུ་བ་ལ་སོགས་པའི་ཕྱིར་བཅོལ་བ་ལས་དེ་དག་ཀྱང་བསྙེན་པར་རྫོགས་ཏེ་བྱས་པ་དང་། དགེ་ཚུལ་ལམ། དགེ་བསྙེན་ ལ་བཅོལ་བ་ལས་དེ་གཉིས་མཚན་གྱུར་ཏེ་བསྙེན་པར་རྫོགས་ནས་བྱས་པ་དང་། དགེ་སློང་གཞོན་ནུ་ལ་བཅོལ་ཏེ། དེ་ཡང་མཚན་གྱུར་ཏེ་བྱས་པ་དང་། ཉེ་དུ་ལ་བཅོལ་བ་ལས་ཉེ་དུ་མ་ཡིན་པས་བྱས་ཀྱང་རུང་སྟེ། ལྟུང་བ་མེད་དོ། །བཀྲུ་བ་ལ་སོགས་པའི་ལྷག་མ་ཀུན་དུ་སྤྱད་པ་ནི་གོས་ ལ་རྣམ་པ་བཞི་སྟེ། མ་བཀྲུས་པ་དང་། ཅུང་ཟད་ཅིག་བཀྲུས་པ་དང་། ལགས་པར་བཀྲུས་པ་དང་། ཤིན་ཏུ་ལེགས་པར་བཀྲུས་པའོ། །དེ་བཞིན་དུ་འཆོད་པ་དང་། བཅགས་པ་ཡང་ངོ་། །ཚོན་ལ་རྣམ་པ་ལྔ་སྟེ། རྩ་བ་དང་། ཤུན་ལྤགས་དང་ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཚོན་ནོ། །དེ་ལ་ ཁ་དོག་མ་བསྒྱུར་བ་ནི་མི་རུང་བའོ། །སྒེག་པའི་ཕྱིར་ཅུང་ཟད་ཅིག་ཁ་བསྒྱུར་བ་ཡང་མི་བྱའོ། །ཚོན་མེད་ན་ནི་རུང་བའོ། །ཤིན་ཏུ་ཁ་བསྒྱུར་བ་ལ་རྣམ་པ་གཉིས་སོ། །ཚོན་ཆེན་པོ་རྣམ་པ་བརྒྱད་ཀྱིས་ཏེ། མཐིང་ཤིང་དང་སྤང་ལི་ཁྲི་དང་། །ལེ་བརྒན་རྩི་དང་གུར་གུམ་དང་། །རྒྱ་སྐྱེགས་དང་ནི་རྨ་ཤིང་ བཙོད། །མཚལ་དང་འདི་དག་མི་རུང་བའོ། །ཚོན་ཤིན་ཏུ་མང་བས་ལན་བཅུ་ལས་ལྷག་པར་བསྙུགས་པས་ཁེངས་ཤིང་ཁ་དོག་ནག་པོར་གྱུར་པའོ། །གཉིས་ཀས་ཀྱང་ལྷག་བར་ཁ་བསྒྱུར་ན་ཉེས་བྱས་སོ། །གལ་ཏེ་སྦྱིན་བདག་དགའ་བའི་ཕྱིར་ངུར་སྨྲིག་གི་ཚོན་མང་དུ་བྱས་ལ་ཚོན་ཆེན་པོ་བསྲེས་ཏེ་ཁ་ བསྒྱུར་བ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མ་བཀྲུས་པ་དང་། ཅུང་ཟད་བཀྲུས་པ་དང་། ཤིན་ཏུ་བཀྲུས་པ་ལྟུང་བའོ། །གཞན་ཡང་བཅགས་པ་ཡང་ངོ་། །བཀྲུ་བ་ལ་སོགས་པ་ཐམས་ཅད་ལ་སེམས་རྣམ་པ་གསུམ་སྤང་བར་བྱ་སྟེ། སྒེག་པའི་སེམས་དང་། ཤིན་ཏུ་བཀྲུས་པ་དང་། ཤིན་ཏུ་ཁ་བསྒྱུར་ཏེ། ཅི་ཞིག་བྱ་ཞེས་མ་གུས་པའི་སེམས་དང་། ཆོས་གོས་ཁ་དོག་མི་བཟང་ན་བདག་ལ་དུལ་ཞིང་ཡོན་ཏན་དུ་ལྡན་པར་འཛིན་ཏོ་སྙམ་དུ་ཚུལ་འཆོས་པར་སེམས་པའོ། །དེ་ལ་གོས་བདག་ཉིད་ཀྱིས་བཀྲུ་བ་ཞེས་བྱ་བ་ནས་བཅག་པའི་བར་དུའོ། །ལྷན་ཅིག་གནས་པའམ། ཉེ་གནས་སམ་ཚངས་པ་ མཚུངས་པར་སྤྱོད་པའམ། ཁྱིམ་བདག་གམ། ཁྲུས་མཁན་གལ་ཏེ་དགེ་བསྙན་ཡིན་ནམ། སྦྱིན་བདག་གིས་བསྒོ་བའམ། ཡིད་གཅུགས་པ་སྟེ། གང་ཤིན་ཏུ་ཞིགས་པར་མི་བྱེད་པ་དང་། ཤིན་ཏུ་མི་རྡོབ་བ་དང་། མི་གྱོན་པ་ལའོ། །རྔན་པས་མ་ཡིན། གལ་ཏེ་བེའུ་ཕྲུག་དང་། ལ་བ་ལ་སོགས་པ་ལྕི་བ་ཞིག་ ཡིན་ན་རྔན་པས་ཀྱང་ལྟུང་བ་མེད་དོ། །མཁན་པོའམ་སློབ་དཔོན་བདག་ཉིད་བཀྲུ་བ་ལ་སོགས་པ་བྱེད་པ་ལ་གལ་ཏེ། ལྷན་ཅིག་གནས་པའམ། ཉེ་གནས་ཀྱང་རུང་ཐ་དད་དུ་སོང་ནས་སྐབས་མ་འབྱེད་ན་ཉེས་བྱས་སོ། །དེ་ཉིད་མི་དགོས་སོ་ཞེས་ཟེར་རམ་སྦྱོར་མི་ནུས་པ་ལ་ལྟུང་བ་མེད་དོ། །བཀྲུས་པ་ལ་ཡོན་ཏན་ལྔ་སྟེ། དྲི་མི་ཞིམ་པ་མེད་པར་འགྱུར་བ་དང་། ཤིག་དང་སྲོ་མའི་ཉེས་པ་དང་། དྲི་མ་དང་གཡན་པའི་ཉེས་པ་མེད་པ་དང་། ཚོན་འཇེན་པར་འགྱུར་བ་དང་། ལོངས་སྤྱད་དུ་བཟོད་པའོ། །ཁ་བསྒྱུར་བ་ལ་ཡོན་ཏན་ལྔ་སྟེ། འཕགས་པ་དང་མཐུན་པའི་ཆ་ལུགས་སུ་བྱས་པ་ཡིན། རྒོད་ཅིང་དྲེགས་པ་འདུལ་བའི་ རྒྱུར་བྱས་པ་ཡིན། དྲི་མ་མི་འགོ་བར་འགྱུར་བ་དང་། ཤིག་དང་སྲོ་མ་མི་ཆགས་ཤིང་བདེ་བར་རེག་པ་དང་། བདེ་བར་སྤྱད་པའོ། །ཤིན་ཏུ་བཀྲུས་པ་ལ་ཉེས་དམིགས་ལྔ་སྟེ། མྱུར་དུ་དེངས་པའི་ཆོས་སུ་འགྱུར་བ་དང་། བསྲུབ་ཏུ་མི་བཟོད་པར་འགྱུར་བ་དང་། ལོངས་སྤྱད་དུ་མི་ བཟོད་པ་དང་། ངལ་ཞིང་སྡུག་བསྔལ་པ་དོན་མེད་པར་འགྱུར་བ་དང་། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བའོ། །ཤིན་ཏུ་ཁ་བསྒྱུར་ན་ཡང་ཉེས་དམིགས་ལྔ་སྟེ། ནང་གི་རྒོད་ཅིང་དྲེགས་པའི་རྒྱུར་འགྱུར་བ་ཡིན། ཕྱིའི་རྟོག་པ་བྱུང་བར་འགྱུར་བ་དང་། དགོས་པའི་དོན་མེད་ཅིང་ངལ་ བས་སྡུག་བསྔལ་བར་འགྱུར་བ་དང་། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་གཅོད་པར་བྱེད་པ་དང་། ཚོན་གྱིས་ཟོས་པས་གསོ་སྤྱད་དུ་མི་བཟོད་པར་འགྱུར་བའོ། །ཤིན་ཏུ་བཅགས་པ་ལ་ཡང་ཉེས་པ་རྣམ་པ་ལྔ་སྟེ། ཁ་བསྒྱུར་བའི་དང་པོ་བཞི་བཞིན་ནོ། །ལྔ་པ་ནི་ལོངས་སྤྱད་དུ་མི་བཟོད་པ་ཡིན་ནོ། ། ཁ་ཅིག་ན་རེ་ཤིན་ཏུ་བཅགས་པ་སོ་སོར་བཀག་པར་འགྱུར་ཏེ། དགའ་བོའི་དབང་དུ་མཛད་དེ་གོས་བཅགས་པ་བཟློག་ཅིང་བཅགས་པ་བཅང་བར་མི་བྱའོ་ཞེས་གསུངས་སོ། །གལ་ཏེ་སྦྱིན་པ་པོ་ལས་རྙེད་ན་འཚེར་བ་མེད་པར་བྱའོ། །དེར་མི་ནུས་ན་ཟིལ་པ་ལ་བཞག་སྟེ་མེད་པར་བྱའོ། །དེར་ ཡང་མི་ནུས་ན་ཆུའི་ནང་དུ་བཅུག་ལ་མེད་པར་བྱའོ། །དགེ་འདུན་གྱིས་རྙེད་ཀྱང་རིམ་པ་དེ་བཞིན་དུ་བྱའོ། །དེ་ནས་རིན་བསྐྱེད་པར་བྱའོ། །རྣམ་པ་གཞན་དུ་ན་གལ་ཏེ་འདིར་བཅགས་པ་ཙམ་བཀག་ན། བཟློག་ཅིང་བཅགས་པར་གསུངས་པའི་འབྲས་བུ་ཅིར་འགྱུར། གལ་ཏེ་སྦྱིན་པ་པོ་ ལས་རྙེད་ལ། དེ་ཡང་གལ་ཏེ་འཚེར་བ་མ་ཡིན་ན། བགོ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། གྱི་ན་ཐོག་མ་ཉིད་དུ་འཚེར་བ་མེད་པར་བྱའོ་ཞེས་གསུང་བ་མི་རིགས་སོ། །ཤིན་ཏུ་བཅགས་པ་ཉིད་དགག་པ་དེ་ལ་གོ་རིམས་དེ་བཞིན་དུ་བརྟག་པ་བསྟན་ཏོ་ཞེས་གདོན་ཏོ། །ཁ་ཅིག་ན་རེ་མ་ བཅགས་པ་ཉིད་ཇི་སྐད་བྱས་པའི་གཞུང་ཚད་མ་ཡིན་ཏེ། གང་ནས་ཀྱང་བཅགས་པ་རྗེས་སུ་གནང་བར་མི་འབྱུང་ངོ་ཞེས་ཟེར་རོ། །ཀུན་དུ་སྤྱད་པ་ཇི་ལྟར་གསུངས་པ་བཞིན་མ་བྱས་ན། ཉོན་མོངས་པས་ཞེན་པས་ཐམས་ཅད་ཉེས་བྱས་སུ་འགྱུར་ཏེ་བཤགས་པར་བྱའོ། །གཞན་ དུ་ན་བསྡམ་པར་བྱའོ། །བཞི་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་དགེ་སློང་མ་ཨུཏྤལའི་མདོག་ལ་ཆོམ་རྐུན་པ་རྣམས་ཀྱིས་བྱིན་པའི་རས་བླངས་པ་ན་དེའི་རྐྱེན་ལ་བརྟེན་པ་དང་། མ་དད་པ་དག་གིས་ཉོན་མོངས་པའི་ཕྱིར་ལྔ་པ་བཅས་སོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ལ་ཉེ་དུ་མ་ཡིན་ པ་ནི་དགེ་སློང་མ་ལས་གོས་ཚང་བར་ཡོད་དམ་ཞེས་མི་རྟོག་གི །ཉེ་དུ་ནི་བྱིན་ཡང་མི་ལེན་ཏོ། །བརྗེས་པ་མ་གཏོགས་ཏེ་ཞེས་བྱ་བ་ལ། དེ་བརྗེས་པ་ནི་ཅི་སྙེད་བླངས་བ་དེ་སྙེད་བྱིན་པ་དང་། དངོས་པོ་འམ། རིན་ནམ། འདྲ་བ་འམ། མི་འདྲ་བ་འམ། མི་ལངས་བ་འམ། ལངས་པ་འམ། ཉུང་ དུའམ། མང་དུའམ། ངན་པའམ། བར་མའམ། གྱ་ནོམ་པ་འམ་གོ་བཟློག་པ་ཡང་རུང་། གལ་ཏེ་དགེ་སློང་མའི་སེམས་ཅི་ཙམ་གྱིས་མགུ་བའམ། ཕན་བཏགས་པའམ། ཆོས་ཀྱིས་སམ། བྱ་བ་བསྒྲུབ་པའི་ཕྱིར་བླངས་པ་དེ་ཡང་བརྗེས་པའོ། །དེའི་ཚེ་ཉིད་ངེས་པར་ལན་བྱ་བ་མ་ཡིན་མོད་ཀྱི་འོན་ ཀྱང་ལན་བྱའོ་ཞེས་པ་ཡང་བརྗེས་པའོ། །སྒེག་པ་དང་། མ་གུས་པ་དང་། སླུ་བའི་སེམས་ཀྱིས་བརྗེས་ཏེ་བླངས་སམ་མ་བླངས་ཀྱང་རུང་ཉེས་བྱས་སོ། །སྟོད་གཡོགས་དང་སྨད་གཡོགས་མི་བླང་གི་ལྷག་པར་བླངས་ན་སྤང་བའོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་ གཉིས་ཟ་ན་ཡང་རུང་སྟེ། བླངས་ན་སྤང་བའི་ལྟུང་བྱེད་དོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་བླངས་ན་ཉེས་བྱས་སོ། །སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ་གྲོང་འདི་ཞེས་བྱ་བ་ན་གོས་ཡོད་པ་དེ་སྦྱིན་ནོ་ཞེས་ཟེར་ཏེ་མངོན་སུམ་དུ་མ་གྱུར་ཀྱང་ཉེས་བྱས་སོ། །དགེ་སློབ་ མའམ། དགེ་ཚུལ་མས་དགེ་འདུན་ལ་རས་ཡུག་ཆེན་ཕུལ་བ་དང་། རྗེས་སུ་མཐུན་པར་སྦྱིན་པ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། རིན་ནམ་བརྗེས་པ་ཡང་རུང་བྱིན་ན་ལྟུང་བ་མེད་དོ། །དགེ་སློང་མ་བསོད་ནམས་ཆེ་བའམ། ཤེས་པ་ཡང་རུང་སྟེ། མདུན་དུ་ བཞག་ནས་འདི་སྐད་དུ་བདག་ལ་དངོས་པོ་འདི་ལྟ་བུ་ཞིག་མཆིས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་ནས་བཞེས་ཤིག་ཅེས་སྨྲས་ནས་ལྟོས་པ་མེད་པར་སོང་ན་ལྟུང་བ་མེད་དོ། །དེ་བཞིན་དུ་ཡིད་གཅུགས་པ་ལ་རེ་ཞིག་གི་དུས་སུ་བླངས་པ་ལ་ལྟུང་བ་མེད་དོ། །ལྔ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་ཆོས་ལེགས་པར་མཉན་དུ་བཅུག་པ་ལས་ཁྱིམ་བདག་གི་ཆུང་མས་རས་ཟུང་དུ་བྱིན་པའི་ཡ་གཅིག་སྟོབས་ཀྱིས་ཕྲོགས་པས་ན་ཉོན་མོངས་པ་གསུམ་གྱི་ཕྱིར་དྲུག་པ་བཅས་སོ། །རྐྱེན་ལ་བརྟེན་པའི་ཉོན་མོངས་པ་མ་གཏོགས་ཏེ། ཉོན་མོངས་པ་གཞན་ནི་གང་བཞི་པ་ལས་ཁུ་བས་མ་རུང་བ་འཁྲུ་བའི་བསླབ་པའི་གཞིའི་ལྟུང་བ་ལས་འབྱུང་སྟེ། འགལ་ཚབས་ཅན་དང་། ཕོངས་པ་དང་། མ་དད་པའི་ཉོན་མོངས་པའོ། །ལྟུང་བ་འདི་ཡང་སློང་བར་མི་རིགས་པ་ལས་སློང་པ་དང་། གློ་བུར་དུ་སློང་བའི་ ཕྱིར་བཅས་སོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །མ་ནིང་ངམ། མཚན་གཉིས་པ་ནི་ཉེས་བྱས་སོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དེ། མ་ནིང་མོ་དང་། མཚན་གཉིས་མོ་ནི་ཉེས་བྱས་སོ། །མུ་སྟེགས་ཅན་གྱི་སྐྱེས་པ་དང་། བུད་མེད་ནི་མི་ གཟུང་སྟེ། དེ་ལ་ཡང་ཉེས་བྱས་སོ། །ཚུལ་འདི་ལྟ་བུ་ནི་གཞན་དུ་ཡང་རིག་པར་བྱ་སྟེ། ཡང་མི་བརྗོད་དོ། །བླངས་ན་ཞེས་བྱ་བ་ནི་བདག་གིས་སམ་གཞན་གྱིས་སོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་པའམ། གང་གིས་བྱིན་པ་དེ་ཉིད་ཀྱིས་ཕྲོགས་པའོ། །གོས་ བརླག་ཅེས་བྱ་བ་ནི་གང་གིས་བརྗེད་ནས་ལྟུང་བའམ། སྲིལ་ལ་སོགས་པས་ཟོས་པའོ། །གོས་ཚིག་ཅེས་བྱ་བ་ནི་མེས་སོ། །གོས་རླུང་གིས་ཁྱེར་ཞེས་བྱ་བ་ནི་རླུང་གིས་ཁྱེར་བའོ། །གོས་ཆུས་ཁྱེར་ཞེས་བྱ་བ་ནི་ཆུས་ཁྱེར་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ ཐང་དང་། ཁ་དོག་དང་ཁྲུ་ཚད་དོ། །ཀཱཪྵཱ་པ་ཎ་ལྔ་ལ་སོགས་པ་རི་བའམ་སྔོན་པོའམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། སྟུག་པོ་དང་། སྲབ་མོ་ལས་གང་ཡང་རུང་བ་དང་། ཁྲུ་ལྔ་ལ་སོགས་པ་གང་ཡང་རུང་བ་སླང་བ་ལས་གལ་ཏེ་དེ་ཉིད་ཐོབ་ན་སློང་བའི་ ཚེ་ཉེས་བྱས་སོ། །མ་ཐོབ་ན་སྤང་བའོ། །འོན་ཏེ་གཞན་ཐོབ་བམ་ཉུང་བའམ་ལྟག་པར་ཡང་རུང་སྟེ། སློང་བའི་ཚེ་ཉེས་བྱས་སོ། །ཐོབ་པ་ལ་ལྟུང་བ་མེད་དོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུ་ཡིན་པར་འདུ་ཤེས་པ་ལ་སོགས་པ་སྔ་མ་བཞིན་ཏེ། མུ་བཞིར་བརྗོད་པར་བྱའོ། ། ལུས་ཀྱི་རྣམ་པར་ཤེས་པར་བྱེད་དམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ཚད་ལས་ཆུང་པའམ། རྒྱུའམ་སྤུན་ཞིག་བསླང་སམ། ལེན་པ་ལས་དེའི་མཚན་གྱུར་ན་ཉེས་བྱས་སོ། །བསྙེན་པར་རྫོགས་པས་བསླངས་པ་ལ་མུ་བཞི་སྟེ། གཅིག་ནི་སྤང་ བའོ། །གཉིས་ནི་ཉེས་བྱས་སོ། །གཅིག་ནི་ལྟུང་བ་མེད་དོ། །དེ་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་བརྗེད་པར་བྱའོ། །དུས་སུ་སློང་བ་ནི་ལྟུང་བ་མེད་དོ། །དེ་ཚུལ་འཆོས་དང་ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་གྱིས་སློང་ན་ཉེས་བྱས་ སོ། །གལ་ཏེ་དགེ་སློང་རྣམས་ལ་གོས་སྦྱིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ། །ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་དང་། རས་མ་བསླངས་པ་ལས་རས་སམ། རས་ཡུག་ཆེན་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །སྤྲང་སྐྱབས་ཀྱི་གོས་སམ། དབྱར་གྱི་གོས་རས་ ཆེན་ནམ། དགེ་འདུན་གྱི་ཕྱིར་བསླངས་སམ། མི་མ་ཡིན་པ་དང་། དུད་འགྲོ་ལས་བསླངས་ན་ལྟུང་བ་མེད་དོ། །དྲུག་པའོ།། །།མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཀྱིས་གྲོང་ཁྱེར་ཕྲེང་བ་ཅན་པའི་བཞི་བཅུ་བཅོས་པའི་ཕྱིར་སྟོད་གཡོགས་དང་སྨད་གཡོགས་ལས་ལྷག་པར་ བསླངས་པས་ན། དེའི་ཉོན་མོངས་པས་སྤང་པ་བདུན་པ་བཅས་ཏེ། ཚད་མི་འཛིན་པར་ལེན་པས་སོ། །སྤང་བ་ལྟག་མ་རྣམས་ལ་ཡང་ཉོན་མོངས་པ་དེ་ཉིད་དོ། །སྟོབས་པ་ཞེས་བྱ་བ་ནི་ཡང་ཡང་དུ་སྟོབས་པ་དང་། ཤིན་ཏུ་སྟོབས་པ་དང་། ཆུང་ངུ་སྟོབས་པ་དང་། སྙིང་ ནས་སྟོབས་པ་དང་། སྙིང་ནས་མི་སྟོབས་པ་དང་། མཆོག་ཏུ་ཁྱད་པར་མེད་པར་སྟོབས་པ་དང་ཁྱད་པར་དུ་སྟོབས་པ་དང་། རྗེས་སུ་མཐུན་པར་སྟོབས་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་སྟོབས་པ་དང་། བཏུད་དེ་སྟོབས་པ་དང་། མ་བཏུད་བར་སྟོབས་པ་དང་། རང་གི་རྫས་ལ་སྟོབས་ པ་དང་། གཞན་གྱིས་བསྟན་པ་ལས་སྟོབས་པ་དང་། སོང་བ་ལས་སྟོབས་པ་དང་། འོངས་པ་ལས་སྟོབས་པ་དང་། ཚིག་མང་པོས་སྟོབས་པ་དང་། ཚིག་གཅིག་གིས་སྟོབས་པ་དང་། ཁྲོས་ནས་སྟོབས་པ་དང་། དགའ་ནས་སྟོབས་པ་དང་། རྒྱུན་དུ་སྟོབས་པ་དང་། རྒྱུན་ དུ་མ་ཡིན་པར་སྟོབས་པ་དང་། མཚན་མ་ཙམ་དུ་སྟོབས་པ་དང་། རང་གི་སྒྲས་སྟོབས་པའོ། །རྗེས་སུ་མཐུན་པ་དང་། འཇིག་རྟེན་གྱི་ཐ་སྙད་དང་། ཁྲོས་པ་དང་། སྙིང་ནས་མི་སྟོབས་པ་ལས་མི་བླང་བ་སྟེ། བླངས་ན་ཡང་ཉེས་བྱས་སོ། །སྟོད་ གཡོགས་དང་། སྨད་གཡོགས་ཞེས་བྱ་བ་ནི་སྟོད་གཡོགས་དང་སྨད་གཡོགས་ལ་རྣམ་པ་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་ནི་མ་བགོས་པ་ཞིག་ན་སྣམ་སྦྱར་ཉིས་རིམ་དང་། རས་ལྔ་དང་གཉིས་པའོ། །ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ནི་རས་ཡུག་ ཆེན་ཁྲུ་བཅུ་གཉིས་པ་དང་། །རས་བདུན་པ་དང་། གཉིས་པའོ། །ཁ་ཅིག་ན་རེ་མཐང་གོས་ཞེས་བརྗོད་པ་ནི་ཤམ་ཐབས་དང་རྔུལ་གཟན་ནོ། །བླ་གོས་ཞེས་བྱ་བ་ནི་ཆོས་གོས་ལ་བྱ་བ་སྟེ། བླ་གོས་དང་མཐང་གོས་ནི་གསུམ་པ་དང་ལྡན་པའི་བསྡུ་བ་སྟེ། བླ་གོས་དང་མཐང་གོས་ཞེས་བྱའོ་ ཞེས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྟོད་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད་ཐོབ་བམ། ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཀྱང་རུང་ལྷག་པར་བླངས་ན་ཉེས་བྱས་སོ། །ཐོབ་ན་སྤང་བའོ། །དེ་བཞིན་དུ་ཁྱིམ་པའི་སྟོད་གཡོགས་དང་ སྨད་གཡོགས་ཐོབ་པ་ལ་ཡང་བརྗོད་པར་བྱའོ། །ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད་དེ་མ་ལངས་ན་ཡང་བསླང་བར་མི་བྱའོ། །གལ་ཏེ་བླངས་ན་སྤང་བའོ། །ལྷག་མ་སྦྱིན་པར་མི་བྱའོ། །དགེ་སློང་གིས་སྟོད་གཡོགས་དང་སྨད་གཡོགས་བསླངས་ པ་ལས་དེ་ཉིད་ཐོབ་སྟེ། མ་བླངས་ན་བསླང་བར་བྱའོ། །ལྷག་པ་སྦྱིན་པར་བྱའོ། །སླར་མ་བྱིན་ན་སྤང་བའོ། །བདུན་པའོ།། །།མཉན་ཡོད་ན་སྟེ། ཉེ་དགས་ནན་གྱིས་སྐྱིན་པོ་བྱེད་དུ་བཅུག་སྟེ། གོས་རིན་ཐང་ཆེན་པོ་ཁྱེར་བའི་ཕྱིར་ཁྱིམ་བདག་ལ་ཕབ་སྟེ། དེ་ཡང་ དེའི་ཕྱིར་གཟུང་བས་ན། དེ་ན་འཇིག་རྟེན་པ་རྣམས་མ་དད་པ་དང་། ཁྱད་པར་ཅན་མ་ཡིན་པ་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་བརྒྱད་པ་བཅས་སོ། །གོས་ཀྱི་རིན་དག་ཅེས་བྱ་བ་ལ་ནི་གོས་ཀྱི་རིན་དབྱིག་གམ་གསེར་རོ། །འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་ཀཱཪྵཱ་པ་ཎ་ལྔ་རི་བའམ། ཀཱཪྵཱ་པ་ཎ་ལྔ་བཅུ་རི་བ་ཡང་རུང་། སྔོན་པོ་ལ་སོགས་པ་ཁྲུ་ལྔ་པ་ནས། ཁྲུ་ལྔ་བཅུ་པའི་བར་དུའོ། །ཉོས་ལ་ཞེས་བྱ་བ་ནི་ཉོ་བའོ། །དུས་སུ་ཞེས་བྱ་བ་ནི་གང་གི་ཚེ་འདོད་པ་དང་། ལེན་དུ་གནང་བའི་དུས་གང་ཡིན་པའོ། །རུང་བ་ཞེས་བྱ་བ་ནི་རྔ་མོའི་བལ་གྱི་སྣམ་བུ་ལ་སོགས་པ་ མ་གཏོགས་པ་ལོངས་སྤྱོད་དུ་བཟོད་པའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་གཉེར་བ་མ་བྱས་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི། ཚོལ་བའམ། ཁྱད་པར་དུ་རྟོགས་པ་ནི་རྣམ་པར་རྟོག་པའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། ཡང་ ལྷག་པར་འདོད་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ནན་གྱིས་དང་། མཉམ་པ་དང་། ཁ་དོག་དང་། ཁྲུ་ཚད་ཀྱང་རུང་། ཇི་ལྟ་བུ་ཐོབ་པ་དེ་ལས་ལྷག་པར་བླངས་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །གཞན་སུ་ཡང་ རུང་བའི་ཕྱིར་རམ། གཉིས་ལ་བསམས་ཏེ་གཞག་པའམ། ཡོ་བྱད་གཞན་ཡང་རུང་སྟེ། ཁྱིམ་པ་དང་བསྙེན་པར་མ་རྫོགས་པའི་ཕྱིར་མངོན་པར་འདུས་བྱས་པ་ལས་རབ་ཏུ་འབྱུང་ངམ། བསྙེན་པར་རྫོགས་པར་སློང་བར་བསམས་ན་ཉེས་བྱས་སོ། །ལྷ་ལ་སོགས་པ་རྣམས་ཀྱི་ཕྱིར་ནི་ལྟུང་བ་མེད་དོ། ། ཁ་ཚར་ལ་སོགས་པ་བསླངས་པ་ལས། རས་མ་ལ་སོགས་པ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །བརྒྱད་པའོ།། །།དགུ་པ་གླེང་གཞི་ཡང་དེ་ཉིད་དེ། ལྟུང་བའི་རྣམ་པར་དབྱེ་བ་ཡང་དེ་བཞིན་ཏེ། ཁྱད་པར་ནི་གོས་ཀྱི་རིན་གཉིས་ཀྱིས་སོ་སོ་ནས་སྤགས་པའོ།། །།དགུ་པའོ། །མཉན་ ཡོད་ན་སྟེ། ཉེ་དགས། དབྱར་ཚུལ་གྱིས་གོས་ཀྱི་རིན་བྱིན་པ། ཚོང་པའི་ལག་ཏུ་བཞག་ནས། ཚོང་པ་དེས་མྱུར་དུ་མ་ཕྱིན་པའི་ཕྱིར། ཀཱཪྵཱ་བ་ཎ་དྲུག་ཅུ་ཆད་པས་བཅད་པ་ན། མི་རུང་བའི་གཞི་ལེན་ལ། གཞན་གྱི་སེམས་རྗེས་སུ་མི་བསྲུང་ཞིང་། རྙེད་པ་ཐོབ་ན་ཡང་བཏང་སྙོམས་བྱེད་ པ་སྤང་བའི་ཕྱིར་བཅུ་པ་བཅས་སོ། །རྒྱལ་པོ་ཞེས་བྱ་བ་ནི། གང་རྒྱལ་པོའི་དབང་བསྐུར་བས་དབང་བ