Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 151
Văn bản gốc(Tây Tạng)
Trang 4 / 18 (50.000 ký tự/trang)
ིན་དུའོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བ་ཞེས་བྱ་བ་ནི་ལྷུང་བཟེད་དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བ་སྟེ། དེ་ལྟར་ལྷུང་བཟེད་ ཀྱིས་ཉེས་པ་དེ་དག་མི་བྱ་བར་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བསྐྱང་བ་དང་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་ བཟེད་འོག་གཞི་མེད་པའི་ས་ཕྱོགས་དང་། གད་ཀ་དང་། གཡང་ས་དང་། དཀན་གཟར་པོ་དང་། འགྲེང་བ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་པ་ཉིད་དོ། །འདི་ལ་ཡན་ལག་ནི་རེ་རེ་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་ པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱ་ཞེས་བྱ་བ་མན་ཆད། འདི་ཡན་ཆད་ཐམས་ཅད་ནི་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བསྐྱང་བར་བྱའོ་ཞེས་གསུངས་པའི་བསླབ་པ་མདོར་བསྟན་པ་དང་། དེའི་སྤྲོས་པ་ དག་ཡིན་པར་སྦྱར་རོ། །བསླབ་པ་སྔར་བདུན་ཅུ་གསུམ་གྱི་སྟེང་དུ་འདི་དགུས་བསྣན་ཏེ་བརྒྱད་ཅུ་གཉིས་པའོ།། །།སྡོམ་ལ། འགྲེང་བར་བྱེད་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་ བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་པས་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་ འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་ བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། དོ་ཀེར་ཅན་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་ བཤད་པར་བསླབ་པར་བྱ་བའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། གླང་ཆེན་ལ་སོགས་ཞོན་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་དུ་འདུག་པ་དང་། མཆིལ་ལྷམ་གྱོན་པ་ ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། ལག་ན་འཁར་བ་ལ་སོགས་དྲུག །ཅེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་ལག་པ་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཆ་ཐོགས་པ་དང་། ལག་ ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་བསླབ་པ་ཉི་ཤུ་དྲུག་པོ་དེ་དག་གི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ ན་བཞུགས་སོ། །དྲུག་སྡེ་དག་ཉན་པ་པོ་མི་ན་བར་འདུག་པ་ལ་བདག་ཉིད་འགྲེང་སྟེ་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་ཉལ་བ་ལ་བདག་ཉིད་འདུག་སྟེ་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་བདག་ཉིད་སྟན་དམའ་བ་ལ་འདུག་སྟེ་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་ མདུན་དུ་འགྲོ་བ་ལ་བདག་ཉིད་ཕྱི་ནས་འགྲོ་ཞིང་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ་བདག་ཉིད་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་ བསྣོལ་བ་ལ་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་སོགས་པ་ལ་ཆོས་འཆད་པ་དང་། ཉན་པ་པ་པོ་མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་དུ་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་འཆད་པ་དང་། ཉན་པ་པོ་མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་ འཆད་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག །འཕགས་པ་དག་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས། བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། ཁྱེད་ཅག་ཉན་པ་པོ་མི་ན་ བར་རྗེ་ས་མེད་པ་དང་། གུས་པ་མེད་པར་འདུག་པ་ལ་སོགས་པ་ལ་བདག་ཉིད་འགྲོ་བ་ལ་སོགས་པས་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས། དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་ བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་ བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་ པ་དང་། ཁྱོགས་པ་ལ་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་ དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟན་བཅོས་དང་འཇིག་རྟེན་མི་ཤེས་པ། ཉེས་པ་ནི་ཉན་པ་པོ་མི་ན་བར་འདུག་པ་ལ་བདག་ཉིད་འགྲེང་ སྟེ་ཆོས་འཆད་པ་ལ་སོགས་པ་བསླབ་པ་ཉི་ཤུ་དྲུག་ལ་འདི་ཉིད་ལ་དེ་ལྟར་མ་བྱས་པའི་ཉེས་པ་རྣམས་སོ་སོར་ཅི་རིགས་པར་སྦྱར་བའོ། །དེ་ལ་མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་འདུག་པ་ལ་དགེ་སློང་འགྲེང་སྟེ་ཆོས་མི་བཤད་པར་བསླབ་ པར་བྱའོ། །མི་ན་བར་འདུག་པ་ལ་དགེ་སློང་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ་འདི་མན་ཆད་བསླབ་པ་ཉི་ཤུ་རྩ་དྲུག་ནི་དགེ་སློང་གི་བསྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་བརྙེས་ཏེ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ་གྱི་མགུར་ནས་གསུངས་པའི་ཆོས་ལ་གུས་པར་བྱ་བའི་བསླབ་པ་མདོར་བསྟན་པ་དང་། དེའི་སྤྲོས་པ་ཡིན་ཏེ། རྣམ་པ་ གཞན་བསྟན་པ་ནི་མ་ཡིན་ནོ། །མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་ཉལ་བ་ལ་དགེ་སློང་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་ པར་བྱ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ། དགེ་སློང་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །འདིར་སྟན་ཞེས་བྱ་བ་ནི་འདུག་པའི་ས་ཕྱོགས་ཀྱང་གཟུང་བར་རིག་པར་བྱའོ། །སྟན་ངན་པ་དང་བཟང་པོ་ཡང་དེ་ཡིན་ཏེ། གང་གི་ཚེ་སྟན་ཚད་ མཉམ་པ་དེའི་ཚེ། ངན་པ་ནི་དམའ་བ་ཉིད་ཡིན་ལ་བཟང་པོ་ནི་མཐོན་པོ་ཉིད་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་སྒུར་མཆོག་གིས་དེ་དག་སྟན་བཟང་པོ་ལ་མཆིས་ཏེ་ཆོས་ཉན་ལ། བདག་ནི་སྟན་ངན་པ་ལ་མཆིས་ཏེ་ཆོས་སྟོན་ཏོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟར་ཆོས་བསྟན་པར་མི་བྱ་བའོ་ཞེས་གསུངས་པ་ཡིན་ནོ། །མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་མདུན་དུ་འགྲོ་བ་ལ། དགེ་སློང་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལམ་ནས་ འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ། དགེ་སློང་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་ལྟག་པར་བསྣོལ་བ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །འདི་ལྟ་ བུའི་མཚན་ཉིད་ནི་སྔར། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བ་སྔ་མའི་རིམ་གྱིས་བཤད་ཟིན་ཏོ། །མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་བོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་ བར་མགོ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་ཐོད་བཅིངས་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་ དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་ བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་ལག་ན་འཁར་བ་ཐོགས་པ་ དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །དེ་ལ་འདིར་དེ་དག་གི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་ གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཉན་པ་པོ་དང་། དགེ་སློང་དང་ཆོས་ཉིད་དོ། །འདི་ལ་ཡན་ལག་ནི་རེ་རེ་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་ རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ་མན་ཆད། འདི་ཡན་ཆད་ཐམས་ཅད་ནི་ཆོས་ལ་གུས་པས་བསླབ་པར་བྱ་བ་མདོར་བསྟན་པ་དང་། འདིའི་སྤྲོས་པ་དག་ཡིན་པར་སྦྱར་རོ། །བསླབ་པ་སྔར་བརྒྱད་ཅུ་རྩ་གཉིས་ ཀྱི་སྟེང་དུ་འདིར་ཉི་ཤུ་རྩ་དྲུག་གིས་བསྣན་ཏེ་བརྒྱ་རྩ་བརྒྱད་པའོ།། །།སྡོམ་ལ། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་དང་ མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེག་པར་ བསླབ་པར་བྱ་བའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་འགྲེང་བཞིན་དུ་བཤང་ གཅི་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་སྟོན་པའི་ཉན་ཐོས་ནི་ངོ་ཚ་དང་ལྡན་པ་ལགས་ན། ཉན་ཐོས་ངོ་ཚ་བ་དང་ཁྲེལ་མེད་པ་འདི་འགྲེང་བཞིན་དུ་བཤང་གཅི་བགྱིད་པ་ག་ལ་གདའ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ངོ་ཚ་དང་ཁྲེལ་མེད་པ། ཉེས་པ་ནི་མི་ན་བར་འགྲེང་སྟེ་བཤང་གཅི་བྱེད་པའོ། །དེ་ལ་མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་ཞེས་བྱ་བ་ནི་དགེ་སློང་མི་ན་བར་འགྲེང་སྟེ་བཤང་བ་དང་གཅི་བ་མི་བྱ་བར་བསླབ་པར་བྱའོ། །བསླབ་པ་འདི་དང་འོག་ནས་ཆུ་དང་རྩྭ་སྔོན་པོའི་ ཕྱོགས་སུ་བཤང་གཅི་ལ་སོགས་པ་མི་དོར་བར་བསླབ་པར་བྱ་བ་ནི། དགེ་སློང་གི་སྨན་དང་ཁ་ཟས་ཀྱི་རྒྱུ་མཐུན་པ་དག་འཇིག་རྟེན་དང་མི་འགལ་བ་དང་། འདུལ་བ་དང་མི་འགལ་བར་བག་ཡངས་སུ་བསྒྲུབ་པའི་ཚུལ་མདོར་བསྟན་པ་དང་། སྤྲོས་པ་དང་བཅས་པ་ཡིན་ཏེ། རྣམ་པ་གཞན་བསྟན་ པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན། བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་ནི་དགེ་སློང་མི་ན་བ་དང་། འགྲེང་སྟེ་བཤང་གཅི་བྱེད་པ་ཉིད་དོ། །འདི་ལ་ཡན་ ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་དགུ་པའོ།། །།མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བཙོ་བླག་མཁན་གྱི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་གོས་འདི་ཁྲུས་ཏེ་བྱིན་ཅིག །དེས་སྨྲས་ པ། འཕགས་པ་ཁྱོད་ཀྱིས་སྔོན་ནི་བདག་ཅག་བསྲུང་བར་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱེད་ཅག་གི་གོས་བཀྲུས་ཏེ་སྦྱིན། དེས་སྡོད་ཅིག་ཅེས་བྱས་ཏེ་སོང་ནས་དེས་བསམས་པ། བཀྲེན་པ་དེ་མི་དགའ་བར་བྱའོ་སྙམ་ནས། དེས་བཀྲུ་སྨན་ཟོས་ཏེ་མི་གཙང་བས་གྱོ་མོ་བཀང་ ནས། བཙོ་བླག་མཁན་དེའི་བཀྲུ་བཤལ་སར་བླུགས་སོ། །དེ་ནས་བཙོ་བླག་མཁན་དེ་ནང་པར་སྔར་ལངས་ཏེ་གོས་བཀྲུ་བར་བརྩམས་པ་དང་། ཇི་ཙམ་ནས་མི་གཙང་བའི་དྲི་བྲོ་ནས། དེས་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། ཉེ་དགས་ཆེད་དུ་བསམས་ཏེ། ཕྱོགས་དེར་སོང་ནས་སྨྲས་པ། བཞིན་བཟངས་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། འཕགས་པ་བཀྲུ་བཤལ་ས་འདིར་གཅིག་གིས་མི་གཙང་བ་བླུགས་ཏེ་ལས་བགྱིར་མ་མཆིས་པས་ད་ཇི་ལྟར་འཚོ་བ་སྦྱར་བར་བགྱི་མ་འཚལ་ཏོ། །བཀྲེན་པ་ཁྱོད་འདི་ལྟར་མི་དགའ་བར་ བྱའོ། །དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བར་ བསླབ་པར་བྱའོ། །ཐམས་ཅད་ཆུས་གང་སྟེ་གོ་སྐབས་མེད་པ་ནི་མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་དུ་ཆུའི་ནང་དུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་ཆུའི་ནང་དུ་བཤང་གཅི་ལ་སོགས་པ་འདོར་བའོ། །དེ་ལ་མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་ ཆུའི་ནང་དུ་བཤང་གཅི་ལ་སོགས་པ་མི་བྱ་བ་དང་། བྱས་ཟིན་པ་ཡང་མི་དོར་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་ བ་དང་། ཆུའི་ནང་དུ་བཤང་གཅི་ལ་སོགས་པ་བྱེད་པ་དང་། བྱས་པ་འདོར་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱད་རྩ་བཅུ་ པའོ།། །།མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་ དགའ་ལྡུམ་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟང་ལྡུམ་ཅུང་ཞིག་བྱིན་ཅིག །དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་སྔོན་ནི་བདག་ཅག་བསྲུང་བ་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱོད་ལ་ལྡུམ་སྦྱིན། དེས་སྡོད་ཅིག་བྱས་ཏེ་སོང་ནས་དེས་བསམས་པ། བཀྲེན་པ་དེ་མི་དགའ་བར་ བྱའོ་སྙམ་ནས། དེས་བཀྲུ་སྨན་ཟོས་ཏེ། མི་གཙང་བས་གྱོ་མོ་བཀང་ནས་ཕྱགས་མ་ཐོགས་ཏེ། ལྡུམ་ཞིང་གི་སྟེང་དུ་ཐམས་ཅད་དུ་མི་གཙང་བས་གཏོར་ནས། ལྡུམ་ཐམས་ཅད་མ་རུང་བར་བྱས་སོ། །མི་གཙང་བའི་དྲི་ཡིས་དེར་ཝ་དག་འདུས་ནས། དེ་དག་གིས་ཀྱང་ལྡུམ་ཐམས་ཅད་མ་ རུང་བར་བྱས་སོ། །དེ་ནས་སྡུམ་པ་དེ་ལྡུམ་བཙོང་བའི་ཕྱིར། ནང་པར་སྔར་ལངས་ཏེ་ལྡུམ་རར་སོང་བ་དང་། ཇི་ཙམ་ན་ལྡུམ་ཐམས་ཅད་མི་གཙང་བས་གཏོར་ཞིང་། ལྡུམ་ཝས་ཀྱང་ཟོས་ཏེ། ཟོང་དུ་མི་རུང་བར་མཐོང་སྟེ། དེ་ལག་པ་འགྲམ་པ་ལ་གཏད་དེ། སེམས་ཁོང་དུ་ཆུད་དེ་འདུག་ པ་དང་། ཉེ་དགས་དེའི་ཆེད་དུ་བསམས་ཏེ་ཕྱོགས་དེར་སོང་ནས་སྨྲས་པ། བཞིན་བཟངས་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། འཕགས་པ་དག་ལྡུམ་ཞིང་འདིར་གཅིག་གིས་མི་གཙང་བ་གཏོར་ཞིང་ཝས་ཀྱང་ཟོས་ཏེ། ཟོང་དུ་མ་རུང་བས་ད་ཇི་ལྟར་འཚོ་བ་སྦྱར་བར་བགྱི་ མ་འཚལ་ཏོ། །ཉེ་དགས་སྨྲས་པ། བཀྲེན་པ་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །ཐམས་ཅད་སྔོས་གང་སྟེ། གོ་སྐབས་མེད་པ་མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་དུ། རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་འདོར་བའོ། །དེ་ལ་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ ས་ཕྱོགས་སུ་བཤང་གཅི་དང་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ་བ་ནི་དགེ་སློང་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་མི་བྱ་བ་དང་། བྱས་པ་མི་དོར་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་ གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་བ་དང་། རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་འདོར་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་ གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་བཅུ་གཅིག་པའོ།། །།གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་ བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་ན། ཚེ་དང་ལྡན་པ་ཉེ་དགའ་ ལ་དགེ་སྐོས་ཀྱི་བསོད་སྙོམས་ནོད་པའི་རེས་བབ་པ་ནས། དེས་བསམས་པ། གང་གིས་དགེ་བསྐོས་འདི་ཟན་གཅད་པར་བྱ་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འགའ་ཞིག་བདག་མཉན་ཡོད་ནས་རྒྱལ་བྱེད་ཀྱི་ཚལ་ཐག་ཇི་སྲིད་ཅིག་ཡོད་ཅེས་འདྲི་ན། བདག་ གིས་དེ་ལ་ཇི་སྐད་བརྗོད་པར་བྱས་རྣམ་པ་ཐམས་ཅད་དུ་གོམ་པ་དག་གིས་ས་གཞི་གཞལ་བར་བྱའོ་སྙམ་ནས། དེ་གོམ་པ་དག་གིས་ས་གཞི་འཇལ་ཞིང་དལ་བུས་འོང་བ་དང་། དགེ་སྐོས་ཀྱིས་བསམས་པ། དེ་ཡུན་རིང་དུ་ཐོགས་པས་བདག་ཟན་ཆད་ན་མི་རུང་གིས་བལྟའོ་སྙམ་ནས། དེ་ཤིང་ ལྗོན་པ་ཞིག་ལ་འཛེགས་ཏེ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཉེ་དགའ་དལ་བུས་འོང་བ་མཐོང་ནས་དེས་བསམས་པ། འདི་ཇི་ལྟར་འོང་བའི་སྟངས་ལས་ནི་འདིས་བདག་ཟན་གཅོད་པར་བྱེད་དོ་སྙམ་དུ་རིག་ནས། དེ་ལྗོན་ཤིང་དེ་ལས་བབས་ཏེ་འདུག་གོ། །ཚེ་དང་ལྡན་པ་ཉེ་ དགའ་ཡང་འོང་བ་དང་། ཇི་ཙམ་ན་གདུགས་ཚོད་ཡོལ་ནས་དགེ་སྐོས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་འགྲོས་དེ་ལྟ་བུར་འོང་བ་ལས་ན། དོན་གྱིས་ན་ཁྱོད་ཀྱིས་ཆེད་དུ་བསམས་ཏེ་ཁོ་བོ་ཟན་བཅད་དུ་བཅུག་གོ། །དེས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་ཇི་ལྟར་མཐོང་ཁོ་བོས་ཤིང་ལྗོན་པ་ལ་ འཛེགས་ཏེ་བལྟས་སོ། །ཁྱོད་ཤིང་ལྗོན་པ་ལ་འཛེག་ཏུ་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོས་ནི་འཛེགས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཤིང་ལ་མི་ འཛེག་པར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལ་མི་འཛེག་པར་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཚོན་གྱི་ལས་བྱེད་པར་འདོད་པས་གཟར་ཐག་གང་དུ་གདགས་པར་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལ་མི་གང་ཙམ་དུ་ འཛེག་པར་བྱ་སྟེ། དེ་ལྟ་བས་ན་དགེ་སློང་གིས་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་དོན་མཐུན་པ་དང་། ལྷན་ཅིག་ལྗོངས་རྒྱུར་འཕགས་པ་དང་། དོན་མཐུན་པ་དགོན་པའི་ལམ་དུ་ མཚན་མོ་བཏབ་པ་ན་དེ་ལྟར་སྟག་གི་འཇིགས་པ་བྱུང་ནས། དོན་མཐུན་པ་དག་ནི་ཤིང་ལྗོན་པ་ལ་མཐོར་འཛེགས་ཏེ་འཁོད་དོ། །དགེ་སློང་དེ་ཤིང་ལྗོན་པ་ལ་མི་གང་ཙམ་དུ་འཛེགས་ཏེ་འདུག་པ་དང་། ཇི་ཙམ་ན་སྟག་འོངས་ནས་དོན་མཐུན་རྣམས་ཀྱིས་སྨྲས་པ། འཕགས་པ་སྟག་མཆིས་ཀྱིས་མྱུར་དུ་མཐོར་འཛེགས་ཤིག །དེས་བསམས་པ། བཅོམ་ལྡན་འདས་ཀྱིས་ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པར་མ་གནང་བས། ཇི་ལྟར་མཐོར་འཛེག་སྙམ་ནས། དེ་ཉིད་དུ་འདུག་ནས། སྟག་གིས་མཆོངས་པ་བྱས་པས་བསད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་ནི་ དུས་དང་བྱ་བ་མི་ཤེས་པ། ཉེས་པ་ནི་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེགས་པའོ། །དེ་ལ་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །འདིའི་རྒྱུ་ནི་མི་མཛེས་པར་སྣང་བ་དང་། སྣད་པ་ལ་སོགས་པའི་ཉེས་དམིགས་སྤོང་བའི་སྒོ་ནས་འཇིག་རྟེན་དང་མི་འགལ་བ་དང་། འདུལ་བ་དང་མི་འགལ་བར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པར་བསླབ་པར་བྱ་བ་ཉིད་དོ། ། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གནོད་པ་བྱུང་བ་མ་གཏོགས་པ་དང་ཤིང་ལ་མི་གང་ཙམ་ལས་མཐོར་འཛེགས་ པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་བཅུ་གཉིས་པའོ།། །།བསླབ་པ་རྣམས་ཀྱི་ཡུལ་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་ པ་དགུ་སྟེ། གོས་བགོ་བ་དང་། སྤྱོད་ཡུལ་དུ་འགྲོ་བ་དང་། དེར་སྟན་ལ་འདུག་པ་དང་། ཟས་བླང་བ་དང་། ཟན་བཟའ་བ་དང་། ལྷུང་བཟེད་ཀྱི་སྤྱོད་པ་དང་། ཆོས་བསྟན་པ་དང་། སྒྲུབ་པའི་ཚུལ་དང་རྒྱུ་བའོ། །དེ་དག་ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་ཞེས་བྱ་བ་ནས། གནོད་ པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་དང་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་བདག་གིས་བསྒྲུབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ་ཞེས་བྱ་བ་ནི་བསླབ་པར་བྱ་བའི་ཆོས་མང་པོ་རྣམས་གདོན་པའི་མཇུག་བསྡུ་བ་སྟེ། བསླབ་ པའི་ཆོས་མང་པོ་རྣམས་ཞེས་བྱ་བ་ནི། སྔར་བསྟན་པ་བསླབ་པའི་ཆོས་ཀྱི་དངོས་གཞི་བརྒྱ་རྩ་བཅུ་གཉིས་པ་དག་གོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ནས་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་རྣམས་རྣམ་པར་གཞག་པ་རྣམས་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བསླབ་པའི་ཆོས་མང་པོ་རྣམས་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་ཉི་ཤུ་ལྔ་པ། ད་ནི་རྩོད་པ་ཞི་བར་བྱ་བ་གདོན་པར་བྱ་སྟེ། དེའི་ ཕྱིར་སྡོམ་ལ། མངོན་སུམ་དྲན་པ་མ་སྨྱོས་པ། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླང་བར་ཡང་བྱ་བའོ། །ཞེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །རྩོད་པ་ཞི་བར་བྱ་བའི་ཆོས་ནི་བདུན་ཏེ། མངོན་སུམ་གྱིས་ འདུལ་བ་དང་། དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླང་བར་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་དག་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་ བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་གདོན་པའི་ལུང་དབོག་པ་བསྟན་ཏོ། །རྩོད་པ་ཞི་བར་བྱ་བའི་ཆོས་ཞེས་བྱ་བ་ནི་འཁྲུག་ལོང་གི་རྩོད་པ་བཞི་པོ་དག་རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། ། བདུན་པོ་འདི་དག་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བ་བདུན་པོ་དག་གོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་བྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་ སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་སྨྱོས་པས་འདུལ་བར་འོས་པ་ལ་མ་སྨྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་ ནོ། །རྩྭ་བཀྲམ་པར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་འཁྲུག་ལོང་གི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གྱིས་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་ པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པ་དང་། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཅི་རིགས་པར་ཞི་བར་བྱ་བ་བསྟན་ཏོ། །དེ་ལ་འཁྲུག་ལོང་གི་རྒྱུ་བཞི་གང་ཞེ་ན། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དང་། ལྟུང་བ་དང་ བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །འཁྲུག་ལོང་གི་རྩོད་པ་བཞི་གང་ཞེ་ན། འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གང་ཞེ་ན། མངོན་སུམ་ གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླང་བར་བྱའོ། །དེ་ལ་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ལས་འབྱུང་བའི་ འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱའོ། །འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་ཉིད་དང་། དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་བར་བྱ་བ་དང་། མངོན་སུམ་གྱིས་འདུལ་ བ་དང་། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ནི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལྟར་ན་མངོན་སུམ་གྱིས་འདུལ་བར་འོས་པ་དང་། ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ནི། འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལས་ལོག་པར་སྒྲུབ་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །ཡང་མངོན་སུམ་གྱིས་འདུལ་བར་འོས་པ་དང་། ཚུལ་ ཤིང་མང་པོ་སྦྱིན་པར་འོས་པ་ནི། འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་རྒྱུ་དང་བཅས་པ་ཉིད་ཀྱང་ཡིན་ཏེ། དེ་ཡང་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། ། དྲན་པས་འདུལ་བར་འོས་པ་དང་། མ་སྨྱོས་པར་འདུལ་བར་འོས་པ་ཡང་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་རྒྱུ་མེད་པ་ཉིད་ཡིན་ཏེ། དེ་ལ་ནི་དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བ་སྦྱིན་པས་དག་པ་ སྦྱིན་པས་ཞི་བར་བྱའོ། །ཁས་བླང་བར་འོས་པ་དང་། མངོན་སུམ་གྱིས་འདུལ་བར་འོས་པ་དང་། རྩྭ་བཀྲམ་པ་ལྟ་བུར་འོས་པ་ནི། འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོ་ཉིད་ལས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་གི་ལྟུང་བའི་ཕྱིར་རྩོད་པ་ ཡིན་ཏེ། དེ་ལ་ནི་ཁས་བླང་བར་བྱ་བ་དང་། མངོན་སུམ་གྱིས་འདུལ་བ་དང་། རྩ་བཀྲམ་པ་ལྟ་བུ་སྦྱིན་པས་ཕྱིར་བཅོས་པས་ཞི་བར་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ནི། འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་རྣམ་པར་མི་ཤེས་པ་ན། རང་གི་ངོ་བོ་ཉིད་ལས་ལྟུང་བ་ དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱའོ། །མངོན་སུམ་ལ་སོགས་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་འདུལ་བར་འོས་པ་ནི་འཁྲུག་ལོང་གི་རྒྱུ་བཞི་ པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་རྩོད་པ་ཡིན་ཏེ། དེ་ལ་ནི་མངོན་སུམ་གྱིས་འདུལ་བ་ལ་སོགས་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་ འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱ་བ་སྟེ། འདིར་གཞུང་ནི་ཞུ་བ་ལས། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གིས་ཆོས་དང་། འདུལ་ བ་དང་། སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ་ཞེས་བྱ་བ་ནི་རྩོད་པའི་གཞིར་སྤྱིར་བསྟན་པ་ཡིན་ཏེ། རྩོད་པ་བྱུང་བར་གྱུར་པ་རྣམས་ཞེས་བྱ་བ་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་འཁྲུག་ལོང་གི་རྩོད་པ་བཞི་པོ་རྣམས་སོ། །རྩོད་པ་ཞི་བར་བྱ་བའི་ ཆོས་བདུན་པོ་འདི་དག་གིས་ཞེས་བྱ་བ་ནི་མངོན་སུམ་གྱིས་འདུལ་བ་ལ་སོགས་པ་བདུན་པོ་དག་གིས་སོ། །ཆོས་དང་འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་ཞེས་བྱ་བ་ནི་ཤེས་བྱ་རྣམ་པར་གཞག་པའི་ཆོས་དང་། ཚུལ་ཁྲིམས་རྣམ་པར་གཞག་པའི་འདུལ་བ་དང་། ཆེན་པོ་བསྟན་པ་དང་ནག་པོ་ བསྟན་པ་སྟོན་པའི་བསྟན་པ་བཞིན་དུའོ། །དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་ཆེན་པོའི་གནས་སྐབས་སམ། སྦྱོར་བ་དང་དངོས་དང་། མཇུག་གི་གནས་སྐབས་སམ། ཆོས་དང་འདུལ་བ་དང་། སྟོན་པའི་བསྟན་པའི་གནས་སྐབས་ཀྱི་གོ་རིམས་ བཞིན་དུ་ཤེས་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་གདོན་པའི་མཇུག་བསྡུ་བ་སྟེ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པ་བདུན་པོ་དག་གོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་ གྱི་མཇུག་བསྡུ་བའི་ཕྱིར་དང་། ཉན་པ་པོ་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་རྣམ་ པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམ་པར་འབྱེད་པ་དང་། སོ་སོར་ཐར་པའི་མདོར་གཏོགས་པའི་གཞུང་འགྲེལ་པ་ཉི་ཚེ་མདོར་བསྟན་ནས། ད་ནི་ རྩོད་པའི་གཞི་ཞུ་བ་དང་བཅས་པའི་སྐབས་བརྗོད་པར་བྱ་སྟེ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ཞེས་གསུངས་པ་ལ། རྩོད་པ་ཞེས་བྱ་བ་ནི་འཁྲུག་ལོང་སྟེ། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བ་ཡིན་གྱི་ཁྲོ་བ་ནི་མ་ཡིན་ནོ། །གལ་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་ སེམས་གཞོལ་བ་འཁྲུག་ལོང་ཡིན་པ་ལ་དེ་ཉིད་རྩོད་པ་ཡིན་ན། འོ་ན་ཇི་ལྟར་གཙུག་ལག་ཁང་ལས་དེ་ལ་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པའི་འགྱེད་པ་བྱུང་བ་གང་ཡིན་པ་དེ་འགྱེད་པའི་ཕྱིར་རྩོད་པ་ཞེས་བྱ་བའོ་ཞེས་གསུངས་ཤེ་ན། འདི་ལྟར་འཐབ་པ་ལ་སོགས་པ་ནི་དགྲ་བོས་མི་མཐུན་པར་སྨྲས་ པའི་ཚིག་གི་ཕྱིར་སེམས་གཞོལ་བའི་ཕྱིར་འཁྲུག་ལོང་འདིའི་འཁོར་ཡིན་ཏེ། དེ་དང་འབྲེལ་པ་ལས་འབྱུང་བའི་ཕྱིར་དེ་དག་ཀྱང་འདིར་བསྡུས་པར་ཤེས་པར་བྱའོ། །དེ་ལ་རྩོད་པ་ནི་རྣམ་པ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ ཕྱིར་རྩོད་པ་སྟེ། འགྱེད་པའི་རྒྱུ་ལས་རྩོད་པ་ནི་འགྱེད་པའི་ཕྱིར་རྩོད་པའོ། །མི་གདམས་པའི་རྒྱུ་ལས་རྩོད་པ་ནི་མི་གདམས་པའི་ཕྱིར་རྩོད་པའོ། །ལྟུང་བའི་རྒྱུ་ལས་རྩོད་པ་ནི་ལྟུང་བའི་ཕྱིར་རྩོད་པའོ། །བྱ་བའི་རྒྱུ་ལས་རྩོད་པ་ནི་བྱ་བའི་ཕྱིར་རྩོད་པའོ་ཞེས་གསུངས་པ་ལས། རྩོད་པ་བཞི་པོ་གང་དག་ཡིན་པ་ དེ་དག་གི་རང་གི་ངོ་བོ་ངེས་པར་བཟུང་བའི་ཕྱིར། འཁྲུག་ལོང་གི་རྒྱུ་བཞི་ལས། འཁྲུག་ལོང་གི་རྩོད་པ་བཞི་གོ་རིམས་བཞིན་དུ་འབྱུང་སྟེ་ཞེས་བྱ་བ་གསུངས་སོ། །འཁྲུག་ལོང་གི་རྒྱུ་བཞི་གང་ཞེ་ན། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམས་ངག་ལ་སོགས་པ་འཇོག་པས་གཞན་ སྤོང་བ་དང་། ལྟུང་བ་དང་བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །དེ་ལ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ཇི་ལྟ་བུ་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཆོས་རྣམ་པར་གཞག་པ་དང་། ཚུལ་ཁྲིམས་རྣམ་པར་གཞག་པའི་དངོས་པོ་ཆོས་འདུལ་བ་དང་། སྟོན་པའི་བསྟན་པ་དང་། ལྟུང་ བ་སྡེ་ལྔར་གཏོགས་པ་དག་གོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམ་པར་གཞག་པ་ཇི་ལྟ་བུ་དང་། ཚུལ་ཁྲིམས་རྣམ་པར་གཞག་པ་ཇི་ལྟ་བ་ཉིད་དེ། ཆོས་དང་ཆོས་མ་ཡིན་པ་དང་། འདུལ་བ་དང་། འདུལ་བ་མ་ཡིན་པ་དང་། སྟོན་པའི་བསྟན་པ་དང་། སྟོན་པའི་བསྟན་པ་མ་ཡིན་ པ་དང་། ལྟུང་བ་དང་། ལྟུང་བ་མ་ཡིན་པ་ལ་སོགས་པ་དངོས་པོ་འདིའི་རང་བཞིན་ཉིད་དེ་རང་གི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལོག་པར་སྒྲུབ་པ་ཞེས་བྱ་བ་ནི་མ་ངེས་པ་ཉིད་དེ། ཆོས་རྣམ་པར་གཞག་པ་ཡིན་ནོ་ཞེའམ། མ་ཡིན་ནོ་ཞེས་བྱ་བ་དང་། ཚུལ་ཁྲིམས་རྣམ་པར་ གཞག་པ་ཡིན་ནོ་ཞེའམ། མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཉིས་སུ་འདྲེན་པའོ། །དེ་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དེས་དངོས་པོའི་རྣམ་པ་ལ་དཔྱོད་པ་དག་ཀྱང་བསྡུས་ཏེ། དངོས་པོའི་རྣམ་པ་ཞེས་བྱ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཉིད་དང་། བླང་བ་དང་དོར་བ་ཉིད་ དང་། སྦྱིན་པར་བྱ་བ་དང་། སྦྱིན་པར་མི་བྱ་བ་ཉིད་དང་། ལས་སུ་བསྐོ་བ་དང་། ལས་སུ་མི་བསྐོ་བ་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་དཔྱོད་པ་ཞེས་བྱ་བ་ནི་ཅིའི་ཕྱིར་ཁྱོད་ཀྱི་བྱ་བ་འདི་མ་བྱས་ལ། བྱ་བ་མ་ཡིན་པ་འདི་ནི་བྱས་ཤེ་འམ། བླང་བ་ནི་བོར་ལ་དོར་བ་འདི་ནི་བླངས་ཤེའམ། སྦྱིན་ པར་བྱ་བ་ནི་མ་བྱིན་ལ། སྦྱིན་པར་མི་བྱ་བ་འདི་ནི་བྱིན་ཞེའམ། ལས་སུ་བསྐོ་བ་འདི་ནི་མ་བསྐོས་ལ། ལས་སུ་མི་བསྐོ་བ་ནི་བསྐོས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་དཔྱོད་པའོ། །དེ་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། དངོས་པོའི་རྣམ་པ་ལ་དཔྱོད་པ་དེ་ནི་འཁྲུག་ལོང་ གི་རྒྱུ་དང་པོ་ཡིན་ནོ། །དེ་ལས་འཁྲུག་ལོང་གི་རྒྱུ་དང་པོ་འགྱེད་པའི་ཕྱིར་རྩོད་པ་འབྱུང་སྟེ། འགྱེད་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། དངོས་པོའི་རྣམ་པ་ལ་དཔྱོད་པ་དེ་ལ་བརྟེན་ཏེ། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ ལོང་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་ལ་སོགས་པའི་འཁོར་དང་བཅས་པ་འགྱེད་པའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་གང་བྱུང་བ་སྟེ། དེ་ནི་འགྱེད་པའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་འཁྲུག་ ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ལ་འཁྲུག་ལོང་དང་པོ་འགྱེད་པའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ཇི་ལྟ་བུ་ཞེ་ན། གདམས་ངག་ལ་སོགས་པ་ཞེས་བྱ་བ་ནི། དགེ་སློང་ལྟུང་བ་འབྱིན་པ་ལ་དགེ་འདུན་གྱིས་གང་ཟག་ གླེང་བ་པོ་ཆོས་གསུམ་མམ་ལྔ་དང་ལྡན་པ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བསྐོས་ཏེ། དེས་དེ་ལ་སྐབས་འབྱེད་དུ་བཅུག་ནས། དུས་སུ་དབེན་པའི་མཐར་དྲན་པ་དང་། ཤེས་བཞིན་ཉེ་བར་གཞག་སྟེ། མཐོང་བ་འམ། ཐོས་པ་འམ། དོགས་པའི་གཞི་དང་བཅས་པས་གླེང་བར་བྱའོ། །དེ་ལྟར་གཞི་ དང་བཅས་པས་གླེངས་པ་ན་མི་དྲན་ན། ཡུལ་དང་། དུས་དང་གཞི་གང་ལས་ལྟུང་བ་བྱུང་བ་གླེང་པ་པོས་ཇི་ལྟར་མཐོང་བའམ། ཐོས་པའམ། དོགས་པའི་སྒོ་ནས་དྲན་པར་བྱའོ། །དེ་ལྟར་གླེང་ཞིང་དྲན་པར་བྱས་པ་ན་དེས་ལྟུང་བ་མཐོང་ན་སྐབས་ཕྱེ་སྟེ། གླེང་བ་པོས་གཞི་གང་གི་གླེང་བའི་ལྟུང་བ་རྒྱུ་དང་བཅས་པ་ཉིད་ཡིན་ན། རྒྱུད་གཅིག་ཏུ་བྱ་བས་ཕྱིར་བཅོས་པར་བྱ་བའོ། །རྒྱུ་མེད་པ་ཉིད་ཡིན་ན་དག་པ་སྦྱིན་པས་རང་བཞིན་དུ་གནས་པར་བྱའོ། །དེ་ལྟར་བྱས་པ་དེ་ལ་དགེ་འདུན་གྱིས་གདམས་ངག་དང་། རྗེས་སུ་བསྟན་པ་དང་། གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། སོ་སོར་ཀུན་དགའ་བར་བྱ་བ་དང་། རྟག་ཏུ་ལྷན་ཅིག་ གནས་པར་བྱ་བ་དང་། གསོ་སྦྱོང་དང་། དགག་དབྱེ་ལ་སོགས་པ་ལྷན་ཅིག་བྱ་བ་སྟེ། གདམས་ངག་ལ་སོགས་པ་ཞེས་བྱ་བའོ། །འཇོག་པས་ཞེས་བྱ་བ་ནི་དགེ་སློང་ལྟུང་བ་འབྱིན་པ་ལ། དགེ་འདུན་གྱིས་གང་ཟག་གླེང་བ་པོ་དེ་ལྟ་བུ་དེ་ལྟར་བསྐོས་ཏེ། དེས་དེ་ལྟར་གླེངས་ཤིང་དྲན་པར་བྱས་པ་ན། སྐབས་འབྱེད་པར་མི་བྱེད་ན། དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱིས། གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པར་བྱ་བའི་ཕྱིར་བསྔགས་པ་ཡོད་དོ་ཞེས་བརྗོད་པ་དང་བཅས་པ་ཉིད་དུ་བྱའོ། །དེས་སྐབས་ འབྱེད་པར་མི་བྱེད་ན་མི་གདམས་པ་ཉིད་དུ་བྱ་སྟེ། དེ་ལ་གདམས་ངག་དང་རྗེས་སུ་བསྟན་པས་ཕན་གདགས་པར་མི་བྱའོ། །དེས་ཀྱང་སྐབས་མི་འབྱེད་ན་དེ་ལ་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་པར་བྱ་སྟེ། དེ་ལ་གཏམ་འདྲེ་བ་དང་། ཕེབ་པར་སྨྲ་བ་དང་། སོ་སོར་ཀུན་དགའ་བར་བྱ་བ་དང་། རྟག་ཏུ་ལྷན་ ཅིག་གནས་པར་བྱ་བའི་ཐ་སྙད་ཀྱི་ཚིག་སྦྱིན་པར་ཡང་མི་བྱའོ། །དེ་ལྟ་ན་ཡང་སྐབས་འབྱེད་པར་མི་བྱེད་ན་དེ་ལ་གསོ་སྦྱོང་གཞག་པར་བྱ་བ་སྟེ། གསོ་སྦྱོང་གི་དུས་སུ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་གསོ་སྦྱོང་གཞག་པར་བྱའོ། །གསོ་སྦྱོང་གཞག་པ་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་ འདུན་གྱི་གསོ་སྦྱོང་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་ན་ཡང་སྐབས་འབྱེད་པར་མི་བྱེད་ན། དེ་ལ་དགག་དབྱེ་གཞག་པར་བྱ་སྟེ། དགག་དབྱེའི་དུས་སུ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་དགག་དབྱེ་བཞག་པར་བྱའོ། །དགག་དབྱེ་གཞག་པ་ཞེས་བྱ་བ་ནི་གང་ཟག་འདུག་པ་དང་ལྷན་ ཅིག་དགེ་འདུན་གྱིས་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །སྐབས་ཕྱེ་བ་ཉིད་ན་མཉེན་པ་ཉིད་མ་ཡིན་ན་ཕུར་པ་དང་བཅས་པར་བྱ་སྟེ། གནས་འདིའམ་གཞན་དུའམ། གཞི་འདིའམ་གང་ཡང་རུང་བ་ལ་ཅི་འདོད་པ་སྨྲ་བར་བྱའོ་ཞེས་བྱ་བ་དང་དེ་ལ་ལྟུང་བ་བཀལ་ཞིང་ཉེས་པ་བསྟན་ ཏེ་བཏང་བས། རྟ་དམུ་རྒོད་ཕུར་པ་ལ་བཏགས་པ་བཞིན་དུ་ཕུར་པ་དང་བཅས་པ་བྱ་སྟེ། དེ་དག་ནི་གདམས་ངག་ལ་སོགས་པ་འཇོག་པས་ཞེས་བྱ་བ་ཡིན་ནོ། །དེས་གཞན་སྤོང་བ་ཞེས་བྱ་བ་ནི་གདམས་ངག་ལ་སོགས་པ་འཇོག་པའི་རིམ་པ་དེས་གང་ཟག་ལྟུང་བ་འབྱིན་པ་པོ་གཞན་ཏེ། དགེ་འདུན་རང་བཞིན་ དུ་གནས་པ་ལས་ལོགས་ཤིག་ཏུ་སྤོང་བར་བྱེད་པའོ། །དེ་གཞན་སྤོང་བ་དེ་ནི་རྒྱུ་དང་བཅས་པ་ཡོད་པ། རྒྱུ་མེད་པ་ཡོད་དེ། རྒྱུ་དང་བཅས་པ་ནི་ཡུལ་དང་དུས་དང་། གཞི་གང་ལས་ལྟུང་བ་བྱུང་བའི་རྒྱུ་ཡོད་པ་ཉིད་ཀྱིས་སྤོང་བའོ། །རྒྱུ་མེད་པ་ནི་གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་གཞི་མེད་པས་གླེང་བ་དང་། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང་། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་དང་། སྨྱོན་པས་བྱས་པས་གླེང་བ་དག་གིས་སྤོང་བའོ། །དེ་ལྟར་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དེ་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་ཡིན་ནོ། །དེ་ལས་འཁྲུག་ལོང་གི་རྒྱུ་གཉིས་པ་མི་གདམས་ པའི་ཕྱིར་རྩོད་པ་འབྱུང་སྟེ་མི་གདམས་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་དང་། རྒྱུ་མེད་པ་དེ་ལ་བརྟེན་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་གཞན་སྤོང་བ་རྒྱུ་དང་བཅས་པ་ལ་དགེ་སློང་ལྟུང་བ་དང་ བཅས་པ་ལ་དགེ་འདུན་གྱིས་གང་ཟག་གླེང་བ་པོ་བསྐོ་བ་དང་། དེས་དེ་ལ་སྐབས་འབྱེད་དུ་གཞུག་པ་དང་། དུས་སུ་དབེན་པའི་མཐར་དྲན་པ་དང་ཤེས་བཞིན་གྱིས་རྒྱུ་དང་བཅས་པས་གླེང་བ་དང་། ཡུལ་དང་དུས་དང་། གཞི་གང་ལས་ལྟུང་བ་བྱུང་བའི་སྒོ་ནས་དྲན་པར་བྱ་བ་དང་། སྐབས་མི་འབྱེད་ན་བརྗོད་ པ་དང་བཅས་པ་ཉིད་དང་། མི་གདམས་པ་ཉིད་དང་། གཏམ་འདྲེ་བ་ལ་སོགས་པ་བརྗོད་པ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དང་། ཕུར་བ་དང་བཅས་པ་ཉིད་ལ་སོགས་པ་འཁོར་དང་བཅས་པ་ཉིད་དང་། མི་གདམས་པའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱས་པས་ཞི་བར་བྱ་བ་དང་། གཞན་སྤོང་བ་དང་རྒྱུ་མེད་པ་ལས། དགེ་སློང་ལྟུང་བ་མེད་པ་གཞི་མེད་པས་གླེང་བ་དང་། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང་། ཕྱིར་བཅོས་པ་ལ་མི་ལྟོས་པས་གླེང་བ་དང་། སྨྱོན་པས་བྱས་པས་གླེང་བ་ལ་སོགས་པའི་འཁོར་ དང་བཅས་པ་དང་། མི་གདམས་པའི་རྒྱུད་ལས་རྩོད་པ་དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བ་གང་བྱུང་བ་སྟེ། དེ་ནི་མི་གདམས་པའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་ འཁྲུག་ལོང་གཉིས་པ་མི་གདམས་པའི་ཕྱིར་རྩོད་པ་བྱུང་བར་ཤེས་པར་བྱའོ། །ལྟུང་བ་དང་བཅས་པ་ཉིད་ཇི་ལྟ་བུ་ཞེ་ན། ལྟུང་བ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔ་ལས་ལྷག་མ་དང་བཅས་པ་གང་ཡང་རུང་བའོ། །ལྟུང་བ་དང་བཅས་པ་ཉིད་ནི་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་ནི་རང་གི་ངོ་བོ་ཉིད་ཉེས་ པས་ལྟུང་བ་དང་བཅས་པ་ཉིད་དང་། རྣམ་པར་མི་ཤེས་པ་ནི་རང་གི་ངོ་བོ་ཉེས་བྱས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལ་རྣམ་པར་ཤེས་པ་ནི་རང་གི་ངོ་བོ་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི། གང་ཟག་ནི་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེང་ནས་དངོས་པོ་དང་ཕྱོགས་དང་། བསམས་ པ་དང་། ཆེ་བཞི་དང་། ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་ཤེས་པ་ནི་ལྟུང་བ་སྡེ་ལྔ་གང་ཡང་རུང་བ་དག་གི་དངོས་གཞིའམ། སྦྱོར་བའམ་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པ་ལྟུང་བ་དང་བཅས་པ་ཉིད་དོ། །རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་ དང་བཅས་པ་ཉིད་ཅེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེང་ནས་ལྟུང་བ་དྲན་པ་དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗེད་པས་དངོས་པོ་དང་། ཕྱོགས་དང་། བསམ་པ་དང་། ཆེ་བཞི་དང་། ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་མི་ཤེས་པ་ནི། ལྟུང་ བ་སྡེ་ལྔ་གང་ཡང་རུང་བ་དག་གི་དངོས་གཞིའམ། སྦྱོར་བའམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པ་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལྟར་ལྟུང་བ་དང་བཅས་པ་ཉིད་དེ་ནི་འཁྲུག་ལོང་གི་རྒྱུ་གསུམ་པ་ཡིན་ནོ། །དེ་ལ་འཁྲུག་ལོང་གསུམ་པ་ལྟུང་བའི་ཕྱིར་རྩོད་པ་འབྱུང་སྟེ། ལྟུང་བའི་ ཕྱིར་རྩོད་པ་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ནི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དང་། རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་བརྟེན་ཏེ། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་ རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་ཕྱིར་འཕྲོས་པ་མེད་པའི་ཉེས་པའི་འཁྲུག་ལོང་དང་། ཕྱིར་འཕྲོད་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་དང་། དགེ་འདུན་མཐའ་དག་དང་འབྲེལ་པའི་འཁྲུག་ལོང་ལ་སོགས་པའི་འཁོར་དང་བཅས་པ་ལྟུང་བའི་ རྒྱུ་ལས་རྩོད་པ་ཁས་བླང་བར་བྱ་བ་དང་། མངོན་སུམ་གྱིས་འདུལ་བ་དང་། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་བྱ་བ་དང་། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་སོགས་པ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ཞིང་། ས་གཞན་ན་གནས་པའི་ སྤྱོད་པ་སྤྱད་པར་བྱ་བ་ལ་སོགས་པའི་འཁོར་དང་བཅས་པ་ལྟུང་བའི་རྒྱུད་ལས་རྩོད་པ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པས་ཞི་བར་བྱ་བ་གང་བྱུང་བ་སྟེ། དེ་ནི་ལྟུང་བའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པས་ལྟུང་བ་ཉིད་ལས་ འཁྲུག་ལོང་གསུམ་པ་ལྟུང་བའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །ལས་ལ་མཐུན་པ་མི་སྦྱིན་པ་ཇི་ལྟ་བུ་ཞེ་ན། ལས་ལ་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་བརྒྱ་རྩ་གཅིག་པོ་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པའི་བདག་ཉིད་ཀྱི་ལས་དག་གོ། །དེ་ལ་མཐུན་པ་མི་སྦྱིན་པ་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་། ཕྱིར་ཟློག་པར་བྱེད་པ་ཉིད་དོ། །དེ་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཚོགས་ཀྱི་ཁ་སྐོང་བར་འོས་པ། ལུས་སམ་འདུན་པས་དགེ་འདུན་འདུས་པའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མཐུན་པ་ མི་སྦྱིན་པའོ། །ཕྱིར་བཟློག་པར་བྱ་བ་ཉིད་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་རང་བཞིན་དུ་གནས་པ་སྤྱོད་ལམ་ལས་མ་ཉམས་པ། ངག་ཡང་དག་པར་བསྡམས་པ་འདུལ་བའི་བྱ་བ་མངོན་པར་ཤེས་པ། ཞེ་འགྲས་པ་མེད་པས་ལས་གཞན་ལ་བྱེད་པ་ཆོས་དང་མི་ལྡན་པའི་ཕྱིར་བཟློག་པ་ཉིད་ ཀྱིས་མཐུན་པ་མི་སྦྱིན་པའོ། །དེ་ལྟར་གསོལ་བ་ལ་སོགས་པའི་ལས་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་ཕྱིར་ཟློག་པར་བྱེད་པ་ཉིད་ཀྱིས་མཐུན་པ་མི་སྦྱིན་པ་དེ་ནི་འཁྲུག་ལོང་གི་རྒྱུ་བཞི་པ་ཡིན་ནོ། །དེ་ལ་འཁྲུག་ལོང་བཞི་པ་བྱ་བའི་ཕྱིར་རྩོད་པ་འབྱུང་སྟེ། བྱ་བའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་གསོལ་བ་ལ་ སོགས་པའི་ལས་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཕྱིར་ཟློག་པར་བྱེད་པ་ཉིད་ཀྱིས་མི་མཐུན་པ་སྦྱིན་པ་དེ་ལ་བརྟེན་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར། སེམས་གཞོལ་བའི་འཁྲུག་ལོང་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་འགྱེད་པ་ལ་སོགས་པའི་འཁོར་དང་བཅས་པ་ བྱ་བའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་གང་བྱུང་བ་དེ་དང་། གཞན་སྤོང་བ་རྒྱུ་དང་བཅས་པ་ལས་དགེ་སློང་ལྟུང་བ་དང་བཅས་པ་ལ་དགེ་འདུན་གྱིས་གང་ཟག་གླེང་བ་པོ་བསྐོ་བ་དང་། དེས་དེ་ལ་སྐབས་འབྱེད་དུ་ གཞུག་པ་དང་། དུས་དབེན་པའི་མཐར་དྲན་པ་དང་ཤེས་བཞིན་གྱིས་གཞི་དང་བཅས་པས་གླེང་བ་དང་། ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་བྱུང་བའི་སྒོ་ནས་དྲན་པར་བྱ་བ་དང་། སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་ཉིད་དང་། མི་གདམས་པ་ཉིད་དང་། གཏམ་འདྲེ་བ་ལ་སོགས་པ་ བཟློག་པ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དང་། ཕུར་པ་དང་བཅས་པ་ཉིད་ལ་སོགས་པའི་འཁོར་དང་བཅས་པར་བྱ་བའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་དང་ཞི་བར་གཞན་སྤོང་བ་རྒྱུ་མེད་པ་ ལ་དགེ་སློང་ལྟུང་བ་མེད་པ་ལ་གཞི་མེད་པས་གླེང་བ་དང་། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང་། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་དང་། སྨྱོན་པས་བྱས་པས་གླེང་བ་ལ་སོགས་པའི་འཁོར་དང་བཅས་པ་བྱ་བའི་རྒྱུད་ལས་རྩོད་པ་དྲན་པར་འདུལ་བ་དང་། མ་སྨྱོས་ པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བ་གང་བྱུང་བ་དེ་དང་། ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་ཕྱིར་འཕྲོས་པ་མེད་པའི་འཁྲུག་ལོང་དང་། ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ ལོང་དང་། དགེ་འདུན་མཐའ་དག་དང་འབྲེལ་པའི་འཁྲུག་ལོང་ལ་སོགས་པ་འཁོར་དང་བཅས་པ་བྱ་བའི་རྒྱུ་ལས་རྩོད་པ་ཁས་བླང་བར་བྱ་བ་དང་། མངོན་སུམ་གྱིས་འདུལ་བ་དང་། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་བྱ་བ་གང་བྱུང་བ་དེ་དང་། རྣམ་པར་ཤེས་པ་ན་ རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས། དེའི་ངོ་བོ་ཉིད་ཚོལ་བ་དང་། མཐུན་པ་སྦྱིན་ཞིང་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་ལ་སོགས་པའི་འཁོར་དང་བཅས་པ་བྱ་བའི་རྒྱུ་ལས་རྩོད་པ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་ བར་བྱ་བ་གང་བྱུང་བ་སྟེ། དེ་དག་ནི་བྱ་བའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་རྩོད་པ་འདི་ནི་འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་ཐམས་ཅད་ནི་ཡུལ་ལ་ཡང་རྒྱུ་དེ་དག་ཉིད་ཀྱི་སྒོ་བཞི་ ནས་འབྱུང་བ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་གོང་དུ་བསྟན་པ་བཞིན་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱ་བ་ཡིན་ཏེ། འདིར་གཞུང་ནི་ཞུ་ བ་ལས་ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་འཁྲུག་ལོང་བཞི་པ་ཞི་བར་བྱ་བའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་འཁྲུག་ལོང་གི་རྒྱུ་བཞི་པ་ལས་བྱུང་བའི་འཁྲུག་ ལོང་གི་རྩོད་པ་བཞི་པོ་དེ་དག་ཞི་བར་བྱ་བའི་ཆོས་ནི་བདུན་ཏེ། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླང་བར་བྱའོ། །དེ་ལ་མངོན་སུམ་གྱིས་ འདུལ་བ་ཞེས་བྱ་བ་ནི་གཟུ་བོའི་མདུན་དུ་གླེང་བར་བྱ་བ་དང་། གླེང་བ་པོ་དང་། དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱི་རྒོལ་བ་དང་། ལན་གྱི་ཚིག་གམ་མངོན་སུམ་དུ་བྱུང་བ་གང་ཡིན་པ་དེ་འདུལ་བར་འོས་པ་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་རྩོད་པ་དེ་ཞི་བར་གྱུར་པའོ། ། དྲན་པས་འདུལ་བ་ཞེས་བྱ་བ་ནི་དགེ་སློང་དྲན་པ་དང་ལྡན་པ་གང་ལ་གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ། དགེ་འདུན་གྱིས་གསོལ་བ་དང་། བཞིའི་ལས་ཀྱིས་དྲན་པས་འདུལ་བ་སྦྱིན་ཞིང་དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་གཞན་དག་གིས་དྲན་པ་དང་ལྡན་པ་ཉིད་དུ་འཛིན་གྱི་ལྟུང་བ་དང་བཅས་པར་མི་ འཛིན་ཏེ། དེས་འདུལ་བར་འོས་པ་ལ་དྲན་པས་འདུལ་བར་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །མ་སྨྱོས་པས་འདུལ་བ་ཞེས་བྱ་བ་ནི་དགེ་སློང་སྨྱོས་པ་གང་ལ་གླེང་བའི་ཁ་ན་མ་ཐོ་བ་མེད་པ་དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་མ་སྨྱོས་པའི་འདུལ་བ་སྦྱིན་ ཞིང་། དེ་བྱིན་ནས་དགེ་སློང་དེ་ལ་དགེ་སློང་གཞན་དག་གིས་རང་བཞིན་དུ་གནས་པ་ཉིད་དུ། འདི་ནི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་འདུལ་བར་འོས་པ་ལ་མ་སྨྱོས་པར་འདུལ་བ་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །ཚུལ་ཤིང་མང་པོ་སྦྱིན་པ་ཞེས་བྱ་བ་ནི་ཆོས་རྣམ་པར་ གཏན་ལ་དབབ་པ་ལ་སྲིད་ཀྱི། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ནི་མི་སྲིད་དེ། ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པའི་ཆོས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་དུ་ འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བར་མ་ནུས་པ་ཉིད་ཡིན་ཞིང་རྒོལ་བ་དང་། ཕྱིར་རྒོལ་བ་དག་གི་རྩོད་པ་དེ་གཅེས་པར་བཟུང་བ་ཉིད་དང་། རབ་ཏུ་དམ་པ་ཉིད་དང་། མི་བཟད་པ་ཉིད་དང་། བསྡམ་པར་བྱ་བ་མ་ཡིན་པའི་དོན་ཉིད་ཡིན་ན། དེ་ལ་དགེ་འདུན་བཞི་པོས་ཚུལ་ཤིང་ འདྲིམ་པའི་དགེ་སློང་བསྐོས་ཏེ་ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་མང་པོ་བྲིམ་ཞིང་རྒྱུད་གང་མང་བའི་ཕྱོགས་ལ་སྐྱོ་སྔོགས་མི་བྱ་བར་དེས་འདུལ་བར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་རྩོད་པ་དེ་ཞི་བར་འགྱུར་བའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ཞེས་བྱ་བ་ནི་གང་ ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེངས་ནས་ལྟུང་བ་དྲན་པ་དགེ་འདུན་ལ་ཁས་བླངས་ན་དེའི་འོག་ཏུ་བརྗེད་དེ་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་དེ་ལ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ཞིང་ ས་གཞན་ན་གནས་པའི་སྤྱོད་པ་དེས། འདུལ་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ཞིང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་ཡིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །རྩྭ་བཀྲམ་པ་ལྟ་བུ་ཞེས་བྱ་བ་ནི་ལྟུང་བའི་ཕྱིར་རྩོད་ པའི་འཁྲུག་ལོང་དགེ་འདུན་མཐའ་དག་དང་འབྲེལ་པ་གང་ལ་ཡང་དགེ་སློང་གི་ཚོགས་གཅིག་ཀྱང་མ་ལུས་པར་དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་ན། དེ་ལ་དགེ་འདུན་གྱིས་ཕྱོགས་གཉི་ག་ནས་དཔེར་ན་རྩྭ་བཀྲམ་པ་སྟེ། མགོ་སྤྲད་ པ་ལྟ་བུར་སེམས་བཏུད་དེ། གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ཅག་ལས་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་། མི་འཆབ་པར་ཁོ་བོ་ཅག་སྤྲོའོ་ཞེས་བྱ་བ་དང་། ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་ལྟུང་བའི་ངོ་བོ་ ཉིད་ཤེས་པ་སྣང་བར་བྱ་བ་ལ་སོགས་པས་བློ་གཅིག་ཏུ་བྱ་བར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ཞིང་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །ཁས་བླང་བར་བྱ་བ་ཞེས་བྱ་བ་ནི་ལྟུང་བའི་ཕྱིར་རྩོད་པ་དེ་ཞི་བར་འཁྲུག་ལོང་ཕྱིར་འཕྲོས་པ་མེད་པ་གང་ལ་དགེ་སློང་ཕྱོགས་དང་གཞན་གྱི་ ཕྱོགས་སུ་རྣམ་པར་གནས་པ་དང་བྲལ་བ་གླེང་བར་བྱ་བ་དང་། གླེང་བ་པོ་འབའ་ཞིག་ཁོ་ན་ལ་འཁྲུག་ལོང་ཡོད་ཀྱི་གཞན་གང་ལ་ཡང་འཁྲུག་ལོང་མེད་པར་གྱུར་ན། དེ་ལ་གླེང་བ་པོས་ཇི་སྐད་གླེངས་པ་དེ་གླེང་བར་བྱ་བས་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱ་ཞིང་ཕྱིར་བཅོས་པས་རྩོད་ པ་དེ་ཞི་བར་འགྱུར་བའོ། །དེ་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའོ། །འཁྲུག་ལོང་གི་རྩོད་པ་བཞི་པོ་དེ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དེ་ལས་གང་དང་གང་དུས་ཞི་བར་བྱ་བ་བཤད་པར་བྱ་སྟེ་དེ་ལ་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ལས་བྱུང་བའི་ འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་རྒྱུ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་ སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་དང་། དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བའོ། །འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་ བར་བྱ་བ་དང་། མངོན་སུམ་གྱིས་འདུལ་བ་དང་། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ནི་ རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལ་དང་པོར་འགྱེད་པའི་ ཕྱིར་རྩོད་པ་ཉེ་བར་ཞི་བར་བྱ་བ་བཤད་པར་བྱ་སྟེ། འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ་ཞེས་གསུངས་པ་ལ། འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་ཆོས་རྣམ་པར་གཏན་ལ་དབབ་པ་དང་། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བ་ཡང་ཡོད། ཆོས་རྣམ་པར་ གཏན་ལ་དབབ་པའི་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བ་ཡང་ཡོད་དེ། སྔ་མ་ནི་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་ལ། ཕྱི་མ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་རོ། །དེ་ལ་ཆོས་རྣམ་པར་གཏན་ལ་དབབ་ པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས། རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བ་ནི། འགྱེད་པའི་ཕྱིར་གཉིས་རང་གིས་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབ་པས་ཞི་བར་བྱའོ། ། ཆོས་རྣམ་པར་གཏན་ལ་དབབ་པ་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་མ་གྱུར་པ་ནི་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བའི་ལེགས་ པར་བསྒྲུབ་པའི་རྣམ་པ་གཞན་གྱིས་ཞི་བར་བྱ་བའོ། །དེ་ལ་རེ་ཞིག་ཆོས་རྣམ་པར་གཏན་ལ་དབབ་པ་དང་། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་ བྱ་བས་ཞི་བར་བྱ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དགེ་འདུན་གྱིས་གནས་དེར་གཟུ་བོ་དག་གཏན་དུ་བསྐོ་བ་དང་། གཟུ་བོ་དེ་དག་གིས་དོན་ལེགས་པར་བསྒྲུབ་པ་དང་། དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་བ་དང་། དགེ་འདུན་དེས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ ནུས་ན་གསལ་བ་དག་བསྐོ་བ་དང་། སྡེ་ཚན་དེས་མ་ནུས་ན་རང་གིས་གསལ་བའི་ཡང་གསལ་བ་དག་བསྐོ་བ་དང་། དེ་དག་གིས་མ་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་པ་དེ་ལ་དབུལ་བ་དང་། ཕྱིར་འོངས་ནས་དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོ་བ་དང་། དེ་ནས་གནས་བརྟན་ དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་སྔར་བྱུང་བ་བརྗོད་དེ། དུས་ཟླ་བ་གསུམ་དུ་དབུལ་བ་དང་། དེས་མ་ནུས་ན་དེ་ཕྱིར་དབུལ་བ་དང་། ཕྱིར་ཕུལ་ན་མདོ་སྡེ་དང་འདུལ་བ་དང་། མ་མོ་འཛིན་པ་དག་ལ་སྔར་བྱུང་བ་བརྗོད་དེ། དུས་ཟླ་བ་དྲུག་དུ་དབུལ་བ་དང་། དེ་དག་གིས་ མ་ནུས་ན་གནས་བརྟན་མཐུ་དང་ལྡན་པ་ལ་སྔར་བྱུང་བ་བརྗོད་དེ། དུས་ཐུག་པ་མེད་པར་དབུལ་བའི་རིམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་འགྱེད་པའི་ཕྱིར་རྩོད་པ་ཞི་བར་བྱའོ། །དགེ་འདུན་གྱིས་གནས་དེར་གཟུ་བོ་དག་རྟག་ཏུ་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གླེང་ བར་བྱ་བ་དང་། གླེང་བ་པོའི་གང་ཟག་འགྱེད་པ་གཉིས་རང་གི་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུས་པ་ན། དགེ་འདུན་གྱིས་གནས་དེར་དགེ་སློང་གཟུ་བོ་ཚོགས་པར་དབྱུང་བ་ཕྱོགས་གཉི་ག་འདྲ་བ་འཐབ་མོ་མི་སྐྱེད་པ་ངོ་ཚ་ཤེས་ཤིང་བསླབ་པ་འདོད་པ། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པ། རྩོད་ པ་བྱུང་བ་དཔྱོད་པ་ལ་མཁས་པ། རྣམ་པར་ཞེན་པ་བརྟན་ཞིང་ཉེས་རྩོམ་མེད་པར་འཇུག་པ་སྙོམས་པར་བརྡ་སྤྲོད་པ། བརྡ་སྤྲོད་པར་བྱེད་པ། མཁས་པ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་གཅིག་ཡན་ཆད་དང་པོར་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་ཞིང་དགེ་འདུན་གྱི་གནས་ དེར་གཟུ་བོ་དེ་དག་གཏན་དུ་དགེ་འདུན་གྱི་རྩོད་པ་བྱུང་ངོ་ཅོག་རྣམ་པར་ཞི་བར་བྱ་བའི་ཕྱིར་བསྐོ་བར་བྱའི་རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྐོ་བར་བྱ་བ་ནི་མ་ཡིན་ནོ། །ཆོས་ཉི་ཤུ་རྩ་གཉིས་གང་ཞེ་ན། མ་མོ་ལས་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བསྐོ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ ཞེ་ན། ཅི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང་། ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་པ་ལ་བསྡམས་པ་དང་། བསླབ་པར་འདོད་པ་ལ་བསྡམས་པ་དང་། འདུལ་བ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བསགས་པ་དང་། ལུང་ནོད་པ་ དང་རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་། རྩོད་པ་འགགས་ནས་ཕྱིར་མི་འབྱུང་བ་ལ་མཁས་པ་དང་། བསྟན་བཅོས་ལ་མཁས་པ་དང་། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་ རྩོམ་མེད་པར་སྨྲ་བ་དང་། ཉེས་རྩམ་བྱེད་དུ་མི་འཇུག་པ་དང་། ལུས་དང་ངག་གིས་མི་འཇུག་པ་དང་། སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་པ་དང་། གོ་བར་བྱེད་ཅིང་གོ་བས་བརྡ་སྤྲོད་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པས་བརྡ་ཕྲད་པར་བྱེད་པ་དང་། ངེས་པར་ རྟོགས་པར་བྱེད་ཅིང་ངེས་པར་རྟོགས་པས་བརྡ་ཕྲད་པར་བྱེད་པ་དང་། འདུན་པས་འགྲོ་བ་མ་ཡིན་པ་དང་། ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང་། འཇིགས་པས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་ནི་ཆོས་ཀྱི་ལོངས་སྤྱོད་དམ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕྱོགས་གཉི་ག་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་དང་པོར་སྤྲོ་བར་བྱ་ཞིང་། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཅི་བརྡུངས་ཏེ་དྲིས་པའི་ ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། ཇེ་དང་པོར་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདིའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བགྱི་བ་ཁྱོད་ དགེ་འདུན་ལ་རྩོད་པ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་ འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་ཞི་བར་བགྱི་བར་བསྐོ་བར་བགྱི་སྟེ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམས། མངོན་སུམ་གྱིས་འདུལ་བས་རྩོད་པ་རྣམ་པར་ཞི་བར་བགྱིད་དོ། ། འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་ དག་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་