Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 149

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
སོགས་པའི་ཉོན་མོངས་པའོ། །དེ་ཆུ་ལ་སོགས་པའི་རིམ་པས་འཕེལ་བར་བྱེད་པ་སྟེ། དེ་ལ་ལྷག་པར་ཞེན་པས་སོ། །གཞན་དག་མི་
གསོ་བ་ནི་མི་གཙང་བ་ལ་སོགས་པ་གཉེན་པོའི་ཕྱོགས་བསྒོམ་པ་ལ་བརྩོན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་གཞན་དག་མི་གསོ་བ་ནི། ཕུང་པོ་གཞན་མི་འཛིན་པའི་ཕྱིར་རོ། །ཡང་ན་བསོད་སྙོམས་བྱེད་པ་ཞེས་བྱ་བས་ནི་འཕགས་པའི་རིགས་བསྟན་ཏེ། འདིས་ནི་སྤོང་བ་ལ་
དགའ་བ་བསྟན་ཏོ། །ལྷ་རྣམས་དགའ་བར་འགྱུར་ཞེས་བྱ་བ་ནི་བརྒྱ་བྱིན་ལྷག་པར་དགའ་བ་སྟེ། དགའ་བ་ནི་དགའ་བར་བྱེད་པ་དང་། འདོད་པར་བྱེད་པ་སྟེ་ཅི་ནས་ཀྱང་བདག་གིས་འདི་མཐོང་བར་བྱ་ཞིང་མཆོད་པ་དང་། ནམ་ཞིག་ན་བདག་ཀྱང་འདི་ལྟ་བུར་འགྱུར་ཞེས་བྱ་བ་
ལ་སོགས་པའོ། །བདག་གི་དོན་བྱས་ནས་གཞན་གྱི་དོན་གྱི་ཐབས་བསྟན་པར་བྱ་སྟེ་སྐྱོབ་པ་ནི་དེ་ཁོ་ན་ཉིད་སྟོན་པས་འོང་བ་དང་འགྲོ་བ་ནི་ངེས་པའི་ཚིག་སྟེ། དེས་སྡུག་བསྔལ་ལ་སོགས་པའི་བདེན་པ་བསྟན་པ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་ཕུང་པོ་ལྷག་
མ་མེད་པའི་མྱ་ངན་ལས་འདས་པ་དང་འདྲ་བ་འགོག་པའི་སྙོམས་པར་འཇུག་པ་དང་ལྡན་པ་སྟེ། དེའི་ཚེ་ནི་ཉེ་བར་ཞི་བ་རྫོགས་པ་འཐོབ་པར་འགྱུར་རོ། །འདིས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་ཏོ། །རྟག་ཏུ་དྲན་པ་ཞེས་བྱ་བ་ནི་དྲུག་ལ་རྟག་ཏུ་གནས་པའི་

སྦྱོར་བ་སྟེ། མིག་གིས་གཟུགས་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་ཞིང་ཡིད་མི་བདེ་བར་ཡང་མི་འགྱུར་ཏེ་བཏང་སྙོམས་སུ་གནས་པ་ནི་དྲན་པ་དང་ཤེས་བཞིན་ནོ་ཞེས་རྒྱ་ཆེར་རོ། །ཡང་ན་བསོད་སྙོམས་བྱེད་པ་ཞེས་བྱ་བ་འདིས་ནི་བསོད་
སྙོམས་ལ་སོགས་པ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་བསྟན་ཏོ། །དགེ་སློང་ཞེས་བྱ་བ་འདིས་ནི་ཕྱིན་ཅི་མ་ལོག་པར་གནས་པའི་རབ་ཏུ་བྱུང་བའོ། །བདག་རང་ཙམ་འགྲངས་པར་བྱེད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་ཡོངས་སུ་བཏང་བའོ། །གཞན་དག་མི་གསོ་
བ་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་དུ་མི་སྤྱོད་པའོ། །ལྷ་རྣམས་དགའ་བར་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཕན་ཡོན་ཡིན་ནོ། །ལྷག་མ་ནི་བཤད་ཟིན་ཏོ། །སྔར་བཤད་པ་ཁོ་ན་དག་ལ་དགའ་བར་འགྱུར་གྱིས་སྐྱོན་དང་ལྡན་པ་དག་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་
སློང་བསོད་སྙོམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོད་སྲུངས་ཆེན་པོ་ལ་བརྒྱ་བྱིན་གྱིས་མཆོད་པ་བྱས་སོ་ཞེས་དགེ་སློང་རྣམས་ཀྱིས་ཐོས་ནས་དགེ་སློང་ལྔ་བརྒྱ་ཙམ་བསོད་སྙོམས་བྱེད་པར་ཞུགས་པ་དང་། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །བཀུར་
སྟི་ནོར་དང་གྲགས་འདོད་རྣམས་ལ་མིན། །ཞེས་བྱ་བ་ལ་བཀུར་སྟི་ནི་མཆོད་པའོ། །གྲགས་པ་ནི་སྙན་པའོ། །ནོར་ནི་དོན་ཏེ་དེ་དག་འདོད་ཅིང་དོན་དུ་གཉེར་བའི་ཚུལ་འདི་ལ་ཡོད་པའོ། །དེ་ལ་ནི་མི་ཡང་དགའ་བར་མི་བྱེད་ན་གཞན་ལྟ་ཅི་སྨོས་ཏེ་ལྷ་སྦྱིན་ལ་སོགས་
པ་འདིར་དཔེར་བརྗོད་པར་བྱའོ། །དོན་དམ་པའི་དགེ་སློང་གི་གནས་ནི་ཡང་དག་པའི་འཚོ་བས་ཡིན་གྱི་ལོག་པའི་འཚོ་བས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་སློང་འདོད་པ་ཀུན་སྤངས་ཤིང་། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་
རིའི་བུ་ཉེ་དུའི་ཁྱིམ་དུ་སོང་སྟེ། ཆོས་བསྟན་པས་ཕན་འདོགས་པར་བྱེད་དོ། །བྲམ་ཟེ་མ་རུངས་པ་ཞིག་གིས་དེ་མ་བཟོད་དེ་སྨྲས་པ། བདག་ཉིད་བསླུས་ནས་གཞན་ཡང་སླུ་བར་བྱེད་དམ་ཞེས་བྱས་པ་དང་། དེས་ནི་འདི་གསུངས་སོ། །འདོད་པ་ཐམས་ཅད་ཀྱི་ཡུལ་དུ་གྱུར་

པ་གང་སྤངས་པ་ནི་འདོད་པ་ཀུན་སྤངས་པ་སྟེ། རབ་ཏུ་བྱུང་བ་ཡོངས་སུ་བཟུང་བའི་ཕྱིར་རོ། །དགེ་སློང་ནི་ནང་གི་ཀུན་དུ་འཁྲུགས་པ་བཅོམ་པ་སྟེ། སེམས་རྣམ་པར་དབེན་པ་དང་ལྡན་པའི་ཕྱིར་རོ། །དབེན་པར་གྱུར་ན་ནི་སྲིད་པའི་རྩ་བ་རྩ་ནས་འབྱིན་པར་ནུས་ཏེ། སྲིད་པའི་
རྩ་བ་ཕྲ་རྒྱས་དྲུག་ཅེས་པའི་ཚིག་གིས་སོ། །བརྩལ་བ་ནི་འཇིག་པར་བྱས་པ་སྟེ་ཡོངས་སུ་སྤངས་པའོ། །གང་ཞེ་ན་མདུན་ན་གནས་པའི་རྡུལ་ཞེས་སྨོས་ཏེ། མདུན་ན་གནས་པ་ནི་རང་གི་རྒྱུད་ལ་གནས་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་ཐམས་ཅད་ཀྱི་མངོན་པར་འདོད་
པ་སྟེ། དེ་མེད་ན་ནི་རྗེས་སུ་ཆགས་པ་འདི་ལ་མེད་ཅིང་གཟི་བརྗིད་ཀྱང་མེད་དོ་ཞེས་འཕྱ་བར་སྣང་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་རྡུལ་ཡིན་ཏེ། རྡུལ་འདིར་འདོད་ཆགས་ཡིན་གྱིས་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གིས་སོ། །རིམ་པ་གང་གིས་རྡུལ་
བརྩལ་བ་ཡིན་ཞེ་ན། བདག་མེད་ཅེས་བྱ་བ་དང་གཞན་ལ་མི་སྨྲ་ཞེས་བྱ་བ་སྟེ། རྙེད་པ་ལ་སོགས་པའི་ཆེད་དུ་ཁ་གསག་གིས་གཞན་དགའ་བར་བྱེད་པ་ནི་སྨྲ་བ་སྟེ་གཞན་གཟུད་པ་དང་བསླུ་བའི་ཆེད་དུ་བྱ་མི་དགོས་པ་ཡིན་ཏེ། གང་ཉོན་མོངས་པ་དང་བཅས་པ་དེ་ནི་རྙེད་པ་
ལ་སོགས་པའི་ཆེད་དུ་གཞན་བསླུ་བ་ལ་སོགས་པ་དགོས་པ་ཡིན་གྱི་ཉོན་མོངས་པ་མེད་པ་ནི་མ་ཡིན་ཏེ། དྲི་མ་དང་བཅས་པའི་གསེར་ནི་མེ་ལ་སོགས་པས་དག་པར་མི་འགྱུར་བ་མ་ཡིན་པ་བཞིན་ནོ། །བག་ཆགས་སྤངས་པ་ནི་རྣམ་པར་འགྱུར་བའི་རྒྱུ་ཡོད་པར་གྱུར་ཀྱང་རྟོགས་
པས་མི་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐྱེ་བོ་མ་བསྡམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་དགས་འཛིན་གྱི་མ་ས་གས་དོན་འདི་དག་ཐོས་ཏེ་དེས་དེ་ལ་སྨྲས་པ་ཁྱེད་ཅག་བཅོམ་ལྡན་འདས་ལ་དེ་སྐད་མ་ཟེར་ཅིག །འདི་ལྟ་བུའི་ཚུལ་གྱིས་བསྔགས་པ་མ་ཡིན་པ་ཁྱེད་
ཅག་མ་སྨྲ་ཤིག །ཡུན་རིང་པོའི་གནོད་པ་དང་ཕན་པ་མ་ཡིན་པ་དང་སྡུག་བསྔལ་བར་འགྱུར་རོ་ཞེས་པ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཞུས་པ། བཙུན་པ་གཞན་ཡང་མ་དུ་ར་ཀའི་རིགས་ཀྱི་ལུས་ཀྱི་ཕྱོགས་ལ་བདག་མི་དགའོ་ཞེས་པ་དང་། བཅོམ་ལྡན་འདས་

ཀྱིས་བསྔགས་པ་མ་ཡིན་པ་དེ་གསན་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེས་ཀྱང་ཞག་བདུན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་དྲངས་སོ། །གནོད་བྱེད་པ་ཞེས་བྱ་བ་ནི་གཞན་ལ་སྒུལ་བར་བྱེད་པ་དང་
འཆི་བར་བྱེད་པའོ། །ཚིག་གིས་ནི་ངག་གིས་སོ། །སྐྱེ་བོ་མ་བསྡམས་ཞེས་བྱ་བ་ནི་ཚུལ་ངན་པ་སྟེ་མ་དུལ་བའི་རྟ་སྲབ་དང་བྲལ་བ་བཞིན་ནོ། །གང་ལ་གནོད་པར་བྱེད་ཅེ་ན་ཡང་དག་པར་སྡོམ་པ་ལ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཇི་ལྟ་བུ་ཞེ་ན། གཡུལ་ངོར་གླང་ཆེན་
མདའ་ཡིས་བསྣུན་པ་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་གླང་པོའི་མཆོག་ས་སྲུང་ལ་སོགས་པ་མཚན་ཕུན་སུམ་ཚོགས་པ་ཡང་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ངོའི་སར་ལྷ་མ་ཡིན་གྱིས་མདའ་ལ་སོགས་པའི་མཚོན་གྱིས་རྒྱུན་དུ་འབིགས་ཤིང་སྣུན་པར་བྱེད་པ་བཞིན་དུ་ཡོན་ཏན་བརྒྱ་སྟོང་ཕྲག་
དཔག་ཏུ་མེད་པས་བརྒྱན་པའི་སེམས་དཔའ་ཆེན་པོ་ཡང་སྐྱེ་བོ་དམ་པ་མ་ཡིན་པས་རྩོད་པའི་དུས་སུ་ཚིག་རྩུབ་པོ་ལ་སོགས་པའི་མདའི་ཚོགས་ཀྱིས་གནོད་པར་བྱེད་དེ་གང་མ་བསྡམས་པའི་ཚིག་གིས་གནོད་པར་བྱེད་དོ། །དེས་ན་དེ་དག་ཇི་ལྟར་བྱེད་པ་ཡིན་ཞེ་ན། ཐོས་གྱུར་ཀྱང་ཞེས་བྱ་
བ་ནི་རབ་ཏུ་ཐོས་གྱུར་པའོ། །ཚིག་ཅེས་བྱ་བ་ནི་གནོད་པར་བྱེད་པའོ། །བརྗོད་པ་ནི་སྨྲ་བའོ། །མི་བཟད་པ་ནི་ཚིག་རྩུབ་པོ་སྟེ་གནད་ལ་འབེབས་པའོ། །ཇི་མི་སྙམ་ཞེས་བྱ་བ་ནི་བཟོད་པའོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་སྟེ། འདོད་ཆགས་
དང་མ་བྲལ་བར་གྱུར་ཀྱང་དགེ་སྦྱོང་བྱེད་པ་ལ་རྗེས་སུ་འཇུག་པའོ། །དེ་ཡང་ཕྱི་རོལ་ལ་ཇི་མི་སྙམ་པ་ནི་མ་ཡིན་གྱི་དགེ་སྦྱོང་བྱེད་པ་ལ་གནས་ཤིང་འོན་ཀྱང་ནང་ལ་བཟོད་པ་ཙམ་ནི་ཡིན་ཏེ་དེ་ཡང་མི་འཁྲུགས་པའི་མཚན་ཉིད་དོ། །དེ་ཉིད་ཀྱང་སྡང་སེམས་བྲལ་ལ་ཞེས་བྱ་བ་འདི་སྨོས་ཏེ། འཚེ་
བའི་བསམ་པ་མེད་པའོ། །ཡང་དག་པར་ཡོངས་སུ་བརྟགས་པས་འདི་ཉིད་ཀྱིས་བཟོད་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེ་བོ་མ་བསྡམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེགས་གཞག་ལ་ཞེས་བྱ་བ་ནི་ཤེས་རབ་སྔོན་དུ་འགྲོ་ཞིང་སྙིང་རྗེ་གཟུང་བ་བྱས་ལ་ངེས་

པར་གཞག་པ་ཡིན་ནོ། །གང་ཞེ་ན་ཡིད་ཅེས་བྱ་བ་ནི་སེམས་ཏེ་ཡང་དག་པ་ཉིད་དུ་གཞག་པའི་རྣམ་པར་ཤེས་པའོ། །གང་ལེགས་པར་གཞག་པའི་ཡིད་དེ་གང་ཡིན་ཞེ་ན། བཟོ་ཡིས་མི་འཚོ་ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་དཀྱིལ་འཁོར་བཞིན་དུ་གནས་ཤིང་འཁོད་ནས་
གཏམ་རྗོད་པར་བྱེད་དེ་བཙུན་པ་དག་བཟོའི་གནས་ནི་ལེགས་པར་གཞག་པ་ཡིན་ནོ་ཞེས་པ་ནས་ཇི་ཙམ་ན་བཅོམ་ལྡན་འདས་གཤེགས་ཏེ་འདི་གསུངས་སོ། །བཟོ་ནི་དབྱིག་དང་གསེར་ལ་སོགས་པ་ཡང་བརྡུང་བ་དང་། ཡི་གེ་ལ་སོགས་པ་མཁས་པར་བྱས་པ་དེས་འཚོ་བའི་ངང་ཚུལ་
འདི་ལ་ཡོད་པ་སྟེ། དེ་ལས་གཞན་པའི་བཟོ་བྱས་ཀྱང་མི་འཚོ་བའོ། །ཇི་ལྟར་ན་དགེ་སློང་དེ་ནི་བཟོ་ལ་བརྟེན་ནས་འཚོ་བ་གནས་པར་བྱེད་པ་མ་ཡིན་ཏེ། ཚུལ་འདི་ནི་ཁྱིམ་པའི་སྐྱེ་བོ་ཡིན་ནོ་ཞེས་བྱས་ནས་སོ། །སྤང་བ་ནི་ཡོ་བྱད་བསྙུངས་པ་བསྟན་ཏེ་ཡོ་བྱད་མང་པོ་མི་བྱ་བ་དང་།
འཚོག་ཆས་མང་པོ་མ་ཡིན་པ་དང་། ལེགས་པར་བཀོད་པའི་ཚུལ་དང་། མ་སྨིན་པའི་འབྲུ་ལེན་པ་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །བདག་ལ་དགའ་ཞེས་བྱ་བ་ནི་བདག་ཉིད་ལ་འདོད་པར་བྱེད་ཅིང་བདག་ལ་དགའ་བ་གང་ཡིན་པ་དེས་ནི་ལེགས་པར་སྤྱོད་པ་ལ་རྟག་ཏུ་མངོན་
པར་དགའ་བའོ། །ཇི་ལྟར་ཡང་དགེ་སློང་བདག་ལ་དགའ་བ་ཡིན་ཞེ་ན། འདི་ནི་གཅིག་ཏུ་དགེ་སྦྱོང་དུ་འཛིན་པ་དང་། དགེ་སྦྱོང་ལ་དགའ་བ་དང་། བསླབ་པ་འདོད་པའོ་ཞེས་བྱ་བ་ལ་སོགས་པའོ། །འདིས་དགེ་བའི་ཆོས་ལ་འདུན་པ་བསྟན་ནས་དབང་པོའི་སྡོམ་པ་སྨྲས་པ། དབང་པོ་དུལ་བ་ཞེས་
སྨོས་ཏེ། དབང་པོ་དུལ་བའི་ཕྱིར་རོ། །འདིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྟན་ཏོ། །ཀུན་ལས་རྣམ་གྲོལ་ཞིང་ཞེས་བྱ་བ་ནི་སྡིག་པའི་ཡན་ལག་ཐམས་ཅད་དང་། སྡིག་པའི་རྒྱུ་ཐམས་ཅད་ལས་ཏེ་སྡིག་པ་ལས་ལྡོག་པའི་ཕྱིར་རོ། །དེ་ལྟར་ཁྱིམ་པས་ནི་བྱེད་པར་མི་ནུས་ཀྱི་རབ་ཏུ་བྱུང་བས་ནུས་པའི་ཕྱིར་
བཤད་པ། ཁྱིམ་ལ་མ་ཆགས་ཞེས་བྱ་བ་སྟེ་ཁྱིམ་སྙིང་པོར་བྱེད་པ་གང་ཡིན་པ་དེ་ནི་ཁྱིམ་སྙིང་པོར་བྱེད་པ་སྟེ་ཁྱིམ་ལེན་ཅིང་ཆགས་པ་གང་ཡིན་པའོ། །དེ་ལས་གཞན་པ་ནི་རབ་ཏུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚུལ་ཁྲིམས་ལ་བརྟེན་ནས་ལམ་བསྒོམ་པའི་ཁྱད་པར་སྨྲས་པ། བདག་

མེད་ཅེས་བྱ་བ་སྟེ་འཇིག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་མཐོང་པའི་ལམ་བསྟན་ཏོ། །སྲེད་པ་སྤངས་པ་ཞེས་བྱ་བ་ནི་སྲེད་པ་སྤངས་པའི་ཕྱིར་བསྒོམ་པའི་ལམ་བསྟན་ཏོ། །གང་གི་ཚེ་ལམ་གཉིས་ཀྱིས་དང་པོ་སྤང་བར་བྱ་བ་ཡོངས་སུ་ཤེས་པ་དེའི་ཚེ་བཤད་པ་འདོད་
སྤངས་ཞེས་བྱ་བ་སྟེ་དང་པོ་འདོད་པའི་ཁམས་སྤངས་པའོ། །གཅིག་ཏུ་སྤྱོད་པ་ནི་མཉམ་པར་གཞག་པའི་ས་པའི་ཉོན་མོངས་པས་དབེན་པའི་ཕྱིར་ཏེ། དེ་ཉིད་དོན་དམ་པའི་དགེ་སློང་ཡིན་ནོ། །དགེ་སློང་དེ་ཉིད་ནི་སྡུག་བསྔལ་ཟད་པ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །འཚོ་གཙང་ཞེས་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་དུ་རྒྱུ་ནག་པོ་རྒྱུན་ཤེས་ཞེས་བྱ་བས་བཅོམ་ལྡན་འདས་ལ་བཙུན་པ་ཅི་ཙམ་གྱིས་ན་དགེ་སློང་སྡུག་བསྔལ་ཟད་པ་འཐོབ་པར་འགྱུར་ཞེས་གསོལ་པ་དང་། འདི་གསུངས་སོ། །གྲོགས་པོ་མཐུན་པ་བསྟེན་བྱ་ཞིང་། །ཞེས་བྱ་བ་ལ་མཉམ་པ་
འམ་ཁྱད་པར་དུ་གྱུར་པའི་དགེ་བའི་གྲོགས་པོ་ཕན་འདོགས་པར་བྱེད་པ་ནི་བསྟེན་པར་བྱ་སྟེ། གང་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཆོས་རྣམས་འགྲིབ་པ་དང་། དགེ་བའི་ཆོས་རྣམས་འཕེལ་བ་དེ་ནི་མཐུན་པའི་གྲོགས་པོའོ། །འཚོ་གཙང་ཞེས་བྱ་བ་ནི་ཡོངས་སུ་དག་པའི་ཀུན་དུ་འཚོ་
བའི་ཡོ་བྱད་གང་ཡིན་པ་སྟེ་ལོག་པའི་འཚོ་བ་སྤངས་པའི་ཕྱིར་རོ། །བསླབ་བ་བསྲུང་བའི་རིམ་པ་བསྟན་པ། སྙོམ་ལས་མེད་པ་ཞེས་བྱ་བ་སྟེ་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཡོངས་སུ་གཟུང་བ་ཡོད་པ་ནི་སྙོམ་ལས་སྐྱེ་བར་འགྱུར་ཏེ་གང་དག་མྱུ་གུ་མང་པོར་འཕྲོས་པའི་ཤིང་
བཞིན་ནོ། །དེ་བཀག་པས་ནི་སྙོམ་ལས་མེད་པ་སྟེ། ཡང་བཤད་པ། གཟུང་བྱ་མི་འཛིན་དགེ་སློང་དང་། །ཐིབས་པོའི་ནང་དུ་གཡག་གནས་དང་། །དགོན་དུ་མ་ཧེ་གནས་པ་སྟེ། གསུམ་པོ་འདི་དག་འཆི་བར་ཕྱོགས། །ཞེས་པའོ། །ཡོངས་སུ་གཟུང་བ་མེད་ཀྱང་དེ་ཅི་ནུས་པར་གཞན་ལ་
ཕན་པར་བྱེད་དེ། འདི་ལྟར་སོ་སོར་བགོ་བཤའ་བྱ་བ་དང་ཞེས་བྱ་བ་སོ་སོར་བགོ་བཤའི་སྒོ་ནས་ཀྱང་དེ་ལྟར་ཁྱད་པར་དུ་ཕན་འདོགས་པ་དེ་ལ་འཇུག་ཅིང་འདི་ལྟར་རབ་ཏུ་འཇུག་པར་བྱེད་པའོ། །བགོ་བཤའ་ཡང་རྣམ་པ་གཉིས་ཏེ་ཆོས་ཀྱིས་སོ་སོར་བགོ་བཤའ་བྱ་བ་དང་། ཟང་ཟིང་

གིས་སོ་སོར་བགོ་བཤའ་བྱ་བའོ་ཞེས་པའི་ཚིག་གིས་སོ། །སྐྱེས་བུ་དམ་པ་ལ་བརྟེན་པས་འཚོ་བ་ཀུན་དུ་དག་པ་དང་། ཡོངས་སུ་གཟུང་བ་མེད་ཅིང་གཏོང་བར་གྱུར་ན་ནི་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་འདོགས་པར་བྱེད་པར་འགྱུར་ཏེ། བདག་ཉིད་དམ་པའི་ཚུལ་མཆོག་ཏུ་བྱེད་པས་གཞན་ལ་ཕན་འདོགས་པར་ནུས་ཀྱི་གཞན་
དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྤྱོད་ཡུལ་ཆོ་ག་མཁས་པར་བྱ། །ཞེས་བྱ་བ་བསྟན་ཏེ། བསླབ་པ་དང་ཉེ་བའི་བསླབ་པ་བསྲུང་བ་ལ་མཁས་པར་འགྱུར་བས་སོ། །ཅིའི་ཕྱིར་སྤྱོད་ཡུལ་གྱི་ཆོ་ག་མཁས་པ་ལ་སྦྱོར་བ་ཡིན་ཞེ་ན། འདི་ལྟར་སྤྱོད་ཡུལ་ཆོ་ག་མཁས་པ་ཡིས། །ཞེས་བྱ་བ་སྨོས་ཏེ། དམ་པའི་སྤྱོད་པ་ལ་
དགའ་བས་འདུལ་བ་བཞིན་དུ་སྡེ་སྣོད་གསུམ་དུ་བསྟན་པའི་ཆོ་ག་དང་རྗེས་སུ་མཐུན་པས་ཚུལ་ཁྲིམས་ཡོངས་སུ་ཤེས་པ་ལ་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་ལྟ་བུའི་དགེ་སློང་དེས་འབྲས་བུ་ཇི་ཞིག་འཐོབ་པ་ཡིན་ཞེ་ན། སྡུག་བསྔལ་ཟད་པ་ཞེས་བྱ་བ་འཁོར་བ་ལས་ཐར་པ་འཐོབ་པར་བྱེད་པའོ། །ཇི་ལྟར་ཡང་དགེ་
སློང་སྤྱོད་ཡུལ་གྱི་ཆོ་ག་ལ་མཁས་པ་ཡིན་ཞེ་ན། བསྟན་པའི་ཕྱིར་རྐང་པ་ལེགས་བསྡམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཞིག་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལས་ལེགས་པར་མ་བསྡམས་ཤིང་སྤྱོད་ཡུལ་དུ་ཤིན་ཏུ་མ་བསྡམས་པ་ཞིག་སྟེ་ཇི་ཙམ་ན་རབ་ཏུ་དབེན་པའི་ནགས་སུ་སོང་ནས་ཤིང་ཞིག་
གི་དྲུང་དུ་འདུག་སྟེ་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་ཏེ་ནགས་སུ་རྒྱུ་ཞིང་གཤེགས་པ་དང་དེ་ལས་བརྩམས་སོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ཚལ་དུ་ཆུ་སྐྱར་གྱི་སྒྲ་ཅིག་གྲག་སྟེ། སྟེང་དུ་བལྟས་པ་དང་སོ་ཕག་གཅིག་ལྷུང་སྟེ་སོང་བས་ངང་པ་ཞིག་གསད་པའི་དགེ་སློང་
ལས་བརྩམས་སོ་ཞེས་ཟེར་རོ། །ལག་པ་གཉིས་ལེགས་པར་བསྡམས་པ་ནི་ལག་པ་ལེགས་པར་བསྡམས་པ་སྟེ། ལག་པ་ཡང་དག་པར་སྡོམ་ཞིང་བརྩེ་བས་རྡེག་པར་བྱེད་པ་དང་། གཞན་གྱི་ནོར་ལེན་པ་ལ་སོགས་པ་དེའི་སྒྲུབ་པ་མི་བྱེད་པའི་ཕྱིར་རོ། །རྐང་པ་ལེགས་བསྡམས་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་
སྲོག་གཅོད་པ་ལ་སོགས་པའི་དོན་ཏེ། འགྲོ་བ་ན་འཆི་བ་ལ་སོགས་པ་མི་བྱེད་པའི་ཕྱིར་རོ། །ལུས་ཀྱི་སྡོམ་པ་བསྟན་ནས་ངག་གི་སྡོམ་པ་སྨྲས་པ། ཚིག་རྣམས་ལེགས་བསྡམས་ཞེས་བྱ་བ་ངག་གི་ཉེས་པར་སྤྱོད་པ་བཞི་སྤངས་པའི་ཕྱིར་རོ། །དབང་པོའི་སྡོམ་པ་བསྟན་པ། དབང་པོ་ལེགས་བསྡམས་ཞེས་བྱ་བ་སྟེ་

དབང་པོའི་དུལ་བའི་ཕྱིར་རོ། །ནང་དུ་དགའ་བ་ཞེས་བྱ་བ་ནི་བདག་ཉིད་ལ་ལྷག་པ་ནི་ནང་ངོ་། །དེ་ལ་དགའ་བ་ནི་ཡུལ་དག་ལས་སེམས་རབ་ཏུ་བསྡུས་པ་སྟེ་འདིས་ཚོགས་ཀྱི་ལམ་བསྟན་ནས་ལམ་འཐོབ་པ་བསྟན་པ། མཉམ་པར་འཇོག་ཅེས་བྱ་བ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་
དང་ལྡན་པའི་ཕྱིར་རོ། །གཅིག་ཏུ་ཞེས་བྱ་བ་ནི་རང་དབང་ཞེས་བྱ་བའི་དོན་ཏོ། །ཡང་ན་ལས་དང་ཉོན་མོངས་པའི་གྲོགས་མེད་པའི་ཕྱིར་རོ། །ཆོག་ཤེས་ཞེས་བྱ་བ་ནི་ཡང་དག་པར་དགའ་བ་སྐྱེ་བ་སྟེ་མཐོང་བའི་ཆོས་བདེ་བར་གནས་པས་སོ། །དེ་ནི་དགེ་སློང་ཡིན་ཞེས་གསུངས། །ཞེས་བྱ་བ་ནི་དེ་ཉིད་བཅོམ་ལྡན་འདས་
ཀྱིས་དོན་དམ་པའི་དགེ་སློང་དུ་བསྟན་ཏེ། གཞན་ནི་མིང་ཙམ་ཡིན་པའི་ཕྱིར་རོ། །རྒྱུ་གང་གིས་ཆོ་ག་འདི་ལྟ་བུ་ལ་དམིགས་པ་ཡིན་ཞེ་ན། དགེ་སློང་ཆོས་ལ་ཀུན་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་གཞན་ཞིག་རྟག་ཏུ་ཆོས་ཉན་ཅིང་སེམས་པ་དང་སྒོམ་པར་བྱེད་ལ། དེ་ཉིད་ལ་མངོན་པར་དགའ་བས་
ཇི་ཙམ་ན་དགྲ་བཅོམ་པར་གྱུར་ཏེ། དེ་ལ་འདི་གསུངས་སོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ཚལ་ན་ཆོས་ཀྱི་ཀུན་དགའ་ར་བ་ཞེས་བྱ་བའི་གནས་བརྟན་གྱི་དབང་དུ་མཛད་དོ་ཞེས་ཟེར་རོ། །ཀུན་དགའ་བར་བྱེད་པ་ཡིན་པས་མངོན་པར་དགའ་བ་སྟེ། དོན་དམ་པའི་ཆོས་ཐར་པ་དང་དེའི་ལམ་ལ་ཀུན་ཏུ་དགའ་བའོ། །
ཡང་ན་ཞི་གནས་དང་ལྷག་མཐོང་གི་ཆོས་ལ་ཀུན་ཏུ་དགའ་ཞིང་མངོན་པར་དགའ་བའི་གནས་འདི་ལ་ཡོད་པའོ། །ཆོས་དགའ་ཞེས་བྱ་བ་ནི་བསྟན་པའི་ཆོས་ལ་རྟག་ཏུ་མཉམ་པར་མངོན་པར་དགའ་བའི་ཕྱིར་རོ། །འདིས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །ཆོས་ལ་རྗེས་སུ་སེམས་པ་དང་།
ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཚིག་གི་དོན་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཀུན་ཏུ་དཔྱོད་པའོ། །ཆོས་ལ་རྗེས་སུ་དྲན་པ་དག །ཅེས་བྱ་བ་ནི། ཐོས་པ་དང་བསམས་པའི་ཆོས་ལ་བསྒོམས་པ་ལས་བྱུང་བའི་ཤེས་པས་ལན་དུ་མར་མངོན་དུ་བྱས་པའི་ཕྱིར་རོ། །དགེ་སློང་ཆོས་ལས་ཡོངས་སུ་ཉམས་
མི་འགྱུར། །ཞེས་བྱ་བ་ནི་འདི་ལྟ་བུའི་དགེ་སློང་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཆོས་ལས་ཡོངས་སུ་མཉམས་པས་ནི་ཁྱད་པར་གྱི་བདེ་བ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དགེ་སློང་ཁང་སྟོང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་

གཉིས་གསུངས་སོ། །དུར་ཁྲོད་བསིལ་བའི་ཚལ་ན་འཕགས་པའི་མགོན་ཕྱག་དར་ཁྲོད་འཚེམ་པ་ལས་ཚངས་རིས་བདུན་བརྒྱ་ཟད་པ་དང་དབེན་པ་ལ་དགའ་བས་དེ་ལས་བརྩམས་སོ། །ཁང་སྟོང་ཞུགས་ནས་སུ་ཞེས་བྱ་བ་ནི་མིང་དང་བྲལ་བའི་ཁང་སྟོང་སྟེ་དེར་ཞུགས་པ་ནི་རབ་ཏུ་དབེན་པའི་ཕྱོགས་ལ་གནས་
པ་ཞེས་བྱ་བའི་དོན་ཏོ། །འགྲོ་བས་ནི་བྱ་བ་འགྲུབ་པ་ཡིན་ནོ་ཞེས་རིག་བྱེད་པ་དག་སྨྲ་སྟེ་དེ་དགག་པ་བསྟན་པའོ། །དགེ་སློང་ནི་ཡོངས་སུ་བཟུང་བ་སྤངས་པའི་ཕྱིར་རོ། །ནང་ལ་ལྟ་བར་བྱེད་པ་དང་། །ཞེས་བྱ་བ་ནི་བདག་ལ་ལྷག་པ་ནི་ནང་སྟེ་ནང་དུ་ལྟ་ཞིང་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་ལས་བསྡུས་ཏེ་ནང་དུ་
ལྟ་བ་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ནང་ལ་ལྟ་བའི་ཚུལ་འདི་ལ་ཡོད་པ་ནི་འཕགས་པའི་ལམ་བསྒོམ་པ་ལ་བརྩོན་པའི་ཕྱིར་ཏེ། དེ་ནི་དབེན་པ་གཉིས་དང་ལྡན་པ་ཉིད་དོ། །ལྷ་ཡི་དགའ་དང་ལྡན་པར་འགྱུར། །ཞེས་བྱ་བ་ནི་ལྷག་པར་གསལ་བར་བྱེད་པའི་ཕྱིར་ཏེ་ལྷ་རྣམས་ལ་ཡང་དེ་མེད་པའི་ཕྱིར་
རོ། །ཆོས་རྣམས་ལེགས་པར་མཐོང་བ་དག །ཅེས་བྱ་བ་ནི་ཡང་དག་པར་སྙོམས་པར་ཞུགས་པའི་ཟག་པ་མེད་པའི་ཤེས་པས་བདེན་པ་བཞི་བསྒྲུབས་པ་སྟེ། དེས་ཁྱད་པར་གྱི་རྟོགས་པ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་ཆོས་ངེས་པར་བསྩགས་པས་དགའ་བ་ཡིན་ཞེ་ན། ཇི་ལྟ་ཇི་ལྟར་ཞེས་བཟླས་པ་
སྟེ། ཇི་སྲིད་ཇི་སྲིད་དོ། །ཡང་ན་འདོད་པའི་ཁམས་ལ་སོགས་པའོ། །ལེགས་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པར་དགའ་བའོ། །ཕུང་པོ་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །སྐྱེ་དང་འཇིག་པ་ཞེས་བྱ་བ་ནི་འབྱུང་བ་དང་འགོག་པའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དེ་སྲིད་དེ་སྲིད་དོ། །ཡང་ན་དེ་ལས་དེ་
ལས་སོ། །དེ་ཡིས་དགའ་བ་ཉིད་ཀྱང་འཐོབ། །ཅེས་བྱ་བ་ནི་རྣལ་འབྱོར་པ་དེས་འཐོབ་པ་སྟེ། ཡིད་བདེ་བ་དང་བྱ་བ་མཐར་ཐུག་པའོ། །བཙལ་བའི་མཐར་ཐུག་པ་བཤད་པ། དགའ་བ་ཞེས་སྨོས་ཏེ་འཁོར་བ་སྤང་བའི་གཉེན་པོ་རྗེས་སུ་ཚོལ་བ་དེས་རྟོགས་པའི་གང་ཡོངས་སུ་དགའ་བ་དེ་ནི་རབ་ཏུ་དགའ་བའོ། །
མགུ་བ་ལ་གནས་པ་ཡང་མ་འོངས་པ་དག་ཏུ་ཡོད་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་པ་དེ་ཉིད་ཀྱིས་འཐོབ་པ་ཡིན་ནོ། །གལ་ཏེ་དེས་དགའ་བ་དང་མགུ་བ་ཉིད་འཐོབ་པ་དེས་ཅིར་འགྱུར་ཞེ་ན། དགའ་བ་མང་པོ་ཡིས་ཞེས་བྱ་བ་སྨོས་ཏེ་དགའ་བ་ཡང་མང་ཞིང་ཤས་ཆེ་བ་འདི་ལ་ཡོད་པ་སྟེ། གོང་ནས་གོང་དུ་གཉེན་པོ་

ཡོད་པའི་ཕྱིར་རོ་སྡུག་བསྔལ་ཟད་པ་ནི་ཐར་པའོ། །སྡུག་བསྔལ་ཟད་པ་ཐོབ་པས་མཐོང་བའི་ཆོས་ཀྱི་ཕན་ཡོན་བསྟན་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་མཽད་གལ་གྱི་བུ་ཆེན་པོ་གུ་ཊ་ཤི་ཁི་ཡ་ཀས་ལུས་ཤིན་ཏུ་བརྡུངས་པ་ལས། དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་དད་པ་
ཅན་དག་འོངས་ནས་ཁྱོད་ཀྱི་ཡིད་དེ་ལ་གཡོས་པར་མ་གྱུར་ཏམ་ཞེས་དྲིས་པ་དང་། བཙུན་པ་མ་ལགས་སོ་ཞེས་པ་ནས། དེའི་དོན་དུ་ཚིགས་སུ་བཅད་པ་དྲུག་གི་བར་དུ་གསུངས་སོ། །ཇི་ལྟར་རི་བོ་དག་ཅེས་བྱ་བ་ནི་ས་འཛིན་པའོ་གལ་ཏེ་ས་ལས་དེ་གྲུབ་པ་ཡིན་ནམ་ཞེ་ན། བྲག་གི་ཞེས་སྨོས་ཏེ་རྡོའི་རང་
བཞིན་ནོ། །རླུང་གིས་ཞེས་བྱ་བ་ནི་རླུང་དམར་གྱི་རྒྱུས་སོ། །མི་གཡོ་ལྟར་ཞེས་བྱ་བ་ནི་མི་འགུལ་བའོ། །དེ་བཞིན་ནི་དེ་ལྟར་རོ། །འདོད་ཆགས་ཟད་པའི་རྒྱུས་ནི་དགེ་སློང་ཁྲིད་པ་མ་ཡིན་ཞིང་རྣམ་པར་འགྱུར་བར་མི་བྱེད་དེ། རི་བོ་དག་གམ་རི་བོ་བཞིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པས་གོང་དུ་དཔེ་བསྟན་
ཟིན་ན། ཇི་ལྟར་འདིར་ཡང་བརྗོད་ཅེ་ན་བཤད་པ། རྒྱ་ཆེར་བསྟན་པ་ཉིད་དང་། བསྟན་མ་ཐག་པ་ཉིད་ནི་བསྡུས་ཏེ་བསྟན་པའི་སྦྱོར་བ་དང་ལྡན་པའི་ཕྱིར་ཏེ། དཔེར་ན་ཤིང་རྟ་པ་ལ་ལམ་ཞེས་བྱ་བ་ལ་སོགས་པ་བསྟན་པ་བཞིན་ནོ། །ཡང་ན་ཕྱིས་འོངས་པའི་གདུལ་བྱ་དག་ལ་དཔེ་དང་བཅས་པ་
བསྟན་པས་ཕན་གདགས་པའི་ཕྱིར་རོ། །ཡང་ན་དགེ་སློང་གི་ཁྱད་པར་དེ་ཇི་ལྟ་བུ་ཞེ་ན། དགེ་སློང་རྣམ་པར་འགྱུར་བའི་རྒྱུ་ཡོད་ཀྱང་མི་འགྱུར་བའོ་ཞེས་བསྟན་ཏོ། །ཡང་ན་རི་ནི་རི་གངས་ཅན་དང་འདྲའོ་ཞེས་བྱ་བ་ཡིན་ཏེ་དཔེར་ན་རི་གངས་ཅན་ནི་མཐོ་བ་ལས་རབ་ཏུ་འབབ་ཅིང་འཇུག་པའི་ཆུ་བོའི་རྒྱུན་
མངོན་པར་འཕེལ་བ་དང་། མངོན་པར་འདོད་པའི་མེ་ཏོག་དང་འབྲས་བུ་དང་ལྡན་པའི་ནགས་ཅན་དང་། རི་དགས་དང་བྱའི་ཚོགས་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་ཉེ་བར་གནས་པ་དང་། སྨན་རྣམ་པ་སྣ་ཚོགས་ཀྱི་གཞིར་གྱུར་པ་དེ་བཞིན་དུ། གང་ཐར་པའི་ལྷག་པའི་བསམ་པས་མཐོ་བ་ནས་འབད་
པའི་བྱམས་པ་ལ་སོགས་པའི་བསྒོམ་པའི་རྒྱུན་ཀུན་ཏུ་བསགས་པ་དང་། ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཚོགས་ཀྱིས་སྐྱེ་བོ་ཕོངས་པ་རྣམས་ཀྱི་ཡིད་ལ་རེ་བ་རྫོགས་པའི་གནས་དང་། རྣམ་པ་སྣ་ཚོགས་པའི་རིམ་པས་གཞན་ལ་ཕན་འདོགས་པར་བྱེད་པའི་བློ་སྐྱེ་བར་འགྱུར་བའོ། །ངའོ་སྙམ་

པའི་ང་རྒྱལ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ལ་ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་ཨུ་པ་མརྡ་ཞེས་བྱ་བ་ལྷག་པར་སོགས་པར་བྱེད་པས་དགེ་སློང་དག་འཕྱ་བར་བྱེད་པ་ལ། །འཕགས་པ་བ་ཀུ་ལ་ནི་གཏོང་བ་མཆོག་ཏུ་བྱེད་པས་ཉོད་པར་བྱེད་དེ། དེའི་དབང་དུ་མཛད་པའོ། །
གང་ལ་ཞེས་བྱ་བ་ནི་སེམས་ཅན་ནོ། །ཀུན་དུ་སོགས་མེད་ཅིང་ཞེས་བྱ་བ་ནི་ནོར་དང་འབྲུ་ལ་སོགས་པ་མེད་དེ། ནོར་དང་འབྲུ་ལ་སོགས་པ་ཉེ་བར་སོགས་པ་མེད་པས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་རོ། །གང་ལ་བདག་གིར་བྱེད་མེད་པ། །ཞེས་བྱ་བ་ནི་བདག་གིར་བྱེད་པ་སྔོན་དུ་འགྲོ་བའི་ལྷག་པར་ཞེན་པ་
མེད་དེ། མཐོང་བས་སྤང་བར་བྱ་བ་མེད་པའི་ཕྱིར་རོ། །གང་དག་མེད་ན་མི་གདུང་བ། །ཞེས་བྱ་བ་ནི་ཕུང་པོ་མེད་པས་མྱ་ངན་འཐོབ་པར་མི་འགྱུར་ཏེ་དེ་ལ་གང་འདི་མེད་པར་འགྱུར་བ་དང་། བདག་ལ་ཡང་མེད་པར་འགྱུར་བ་དང་ཞེས་བྱ་བའི་ཚིག་གིས་སོ། །མངོན་པར་འདོད་པའི་དངོས་པོ་དང་བྲལ་བ་དང་། ཞིག་
པ་ལ་སོགས་པས་དེ་མེད་ཅིང་མ་ཐོབ་པར་གྱུར་ན་ཡང་གང་དེ་གདུང་བར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་བྱེད་པར་མི་འགྱུར་ཏེ། །བསྒོམ་པས་སྤང་བར་བྱ་བ་སྤངས་པའི་ཕྱིར་རོ། །དེ་ནི་དགེ་སློང་ཞེས་བྱ་བ་ནི་དེ་ཉིད་དགེ་སློང་གི་མིང་དུ་འོས་པ་ཡིན་ནོ། །ཡང་ན་དགེ་སློང་ནི་གསུམ་སྟེ། སོ་སོའི་སྐྱེ་བོ་དགེ་བ་དང་། ཁྲོ་
བ་སྤངས་པ་དང་། སྲིད་པ་ལས་གྲོལ་བ་སྟེ་ཚིག་རྐང་གསུམ་པོ་འདིས་བསྟན་ཏོ། །གཞན་ནི་དགེ་སློང་དུ་མའི་འདོད་ཀྱི་འཇིག་རྟེན་པའི་དགེ་སློང་ངོ་ཞེས་བྱས་ནས་སོ། །དེ་ཇི་ལྟར་བཞི་པ་མ་བརྗོད་ཅེ་ན། འདིར་སྨྲས་པ། རེ་ཞིག་གཞན་ལ་སློང་བ་ཙམ། །ཞེས་བྱ་བས་བསྟན་ཏེ། དགེ་སློང་ནི་སློང་བའི་ཕྱིར་སྒོ་ན་འདུག་
གོ་ཞེས་འཇིག་རྟེན་ན་ཐ་སྙད་དུ་འདོགས་པ་དེ་ཇི་དགེ་སློང་ཞེས་བྱ་བ་ཡིན་ནམ་ཞེ་ན། དགེ་སློང་ནི་རབ་ཏུ་རྣམ་པར་ཞུགས་པ་སྟེ་དེ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །རེ་ཞིག་མིན་སྙམ་ཞེས་བྱ་བ་ནི་དེ་ཙམ་གྱིས་ཏེ་ཅི་ཙམ་གཞན་ལ་སློང་བ་ཙམ་གྱིས་
ཏེ་ཆོས་གོས་ལ་སོགས་པ་གཞན་དག་ལས་སློང་བ་དེ་ཙམ་གྱིས་སོ། །གྲོང་པའི་ཆོས་ཞེས་བྱ་བ་ནི་གྲོང་བ་ཉིད་ཡིན་པས་གྲོང་བའོ། །ཆོས་ནི་དངོས་པོ་དག་སྟེ་ཡོངས་སུ་བཟུང་བ་དང་མི་བཟུང་བའི་དངོས་པོ་ཡིན་པས་སོ། །འཛིན་བྱེད་པ་ཞེས་བྱ་བ་ནི་དགེ་སློང་དག་གིས་ཡོངས་སུ་འཛིན་པ་ཞེས་བྱ་བ་དང་

སྦྱར་རོ། །གང་གི་ཆོས་གོས་ལ་སོགས་པ་ཤས་ཆེར་འཛིན་པའི་གནས་སྐབས་སུ་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་གོས་ཀྱི་རྣམ་པར་རིག་པ་བསྟན་ཏེ། བསླབ་པ་བཅས་པ་རྗེས་སུ་བསྲུང་བའི་ཕྱིར་རོ། །གལ་ཏེ་ཡང་གྲོང་བའི་ཆོས་འཛིན་པར་བྱེད་ན་ནི་མ་ཡིན་ཏེ། སློང་བ་ཙམ་
ཉིད་ཅེས་དགེ་སློང་གི་ཆ་བྱད་འཛིན་ཅིང་སློང་བ་ལ་ཉེ་བར་གནས་ཏེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དེའི་བདེ་བས་ནི་ཇི་ག་དེའི་ཚེ་དགེ་སློང་དུ་འགྱུར་རམ་ཞེས་བྱ་བ་ཡིན་ནོ། །ཆ་བྱད་ཡོངས་སུ་བཟུང་བ་ཙམ་གྱིས་ཀྱང་། །ཞེས་བྱ་བ་སྟེ། ཡང་གི་སྒྲ་འདིར་ཕྱིས་པའི་ཕྱིར་རོ། །དེ་བས་ན་
གྲོང་པའི་ཆོས་ཡོངས་སུ་བཏང་ན་དེས་ནི་དགེ་སློང་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །གང་ཞིག་ནི་གང་ལ་ལའོ། །དགེ་བ་ནི་སྲིད་པའི་འབྲས་བུའོ། །སྡིག་པ་ནི་འབྲས་བུ་མི་འདོད་པའོ། །དང་གི་སྒྲ་ནི་གཉི་ག་གཅིག་ཏུ་སྤང་བར་བྱ་བ་བསྒྲུབ་པའོ། །རབ་སྤངས་ཞེས་
བྱ་བ་ནི་ཡོངས་སུ་དོར་བའོ། །འདིས་ནི་ལམ་གྱི་ཚོགས་བསྟན་ནས། ལམ་བསྟན་པ། ཚངས་པར་སྤྱོད་ལྡན་ཞིང་ཞེས་བྱ་བ་ནི་ཚངས་པའི་ཕྱིར་སྤྱོད་པ་སྟེ། །གང་གིས་མྱ་ངན་ལས་འདས་པ་འཐོབ་པའི་འཕགས་པའི་ལམ་དེ་ཁྱད་པར་དུ་བྱེད་པ་གང་ཡིན་པ་ནི་དེ་ཉིད་དོ། །ལམ་གྱི་སྐྱོན་ཐམས་ཅད་སྤངས་པ་ནི་
ལམ་བསྒོམ་པ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྡེ་ཚོགས་སྤངས་ནས་ཞེས་བྱ་བ་སྨོས་ཏེ། སྡེ་བྱེད་པ་དང་སྡེ་དང་ཚོགས་ཡིན་པའོ། །དེ་སྤངས་པ་ནི་དོར་བ་ལ་ཀུན་ཏུ་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །དེ་སྤངས་ནས་ཅི་ཞིག་བྱ་ཞེ་ན། སྤྱོད་བྱེད་པ་ཞེས་བྱ་བ་སྨོས་ཏེ། གདུལ་བྱ་ལ་ཕན་གདགས་པའི་ཕྱིར་འདི་
ཉིད་དུ། དུས་ཇི་སྲིད་འདུག་ཅིང་རང་གི་དོན་བྱས་ནས་གཞན་གྱི་དོན་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་དགེ་སློང་ཞེས་བྱ་བ་ནི་དེ་ཉིད་དགེ་སློང་གི་མིང་འཐོབ་པར་འགྱུར་རོ། །ཚིག་གི་དོན་གང་ལྷག་པར་སྤྱོད་པར་འགྱུར་ཞེ་ན། བཤད་པ། བྱམས་པ་ལ་སོགས་པ་དང་རྣམ་པར་ལྡན་པ་སྟེ། འདི་ཉིད་བསྟན་པའི་
ཕྱིར། དགེ་སློང་གང་ཞིག་བྱམས་གནས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཕན་ཚུན་གནོད་པ་ལ་འཇུག་པའི་དགེ་སློང་དག་ལས་བརྩམས་ནས་ཚིགས་སུ་བཅད་པ་དྲུག་གསུངས་སོ། །གཞན་དག་ནི་གང་གཱའི་ངོགས་ན་གནས་པའི་གྲུ་བ་དག་ཐག་རིང་པོ་ནས་ཤིན་དུ་ཁྲོ་ཞིང་གཤེ་བར་བྱེད་

ལ། ཇི་ཙམ་ན་ཐག་ཉེ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱི་སྐུ་དང་ཤིན་ཏུ་ཞི་བའི་ཉན་ཐོས་ཀྱི་ཚོགས་མཐོང་བས་མངོན་པར་དད་ཅིང་བཅོམ་ལྡན་འདས་སྤྱན་དྲངས་ཏེ། གྲུ་འདི་ལ་གཤེགས་སུ་གསོལ་ཞེས་ཞུས་ནས་དེ་ལས་བརྩམས་སོ་ཞེས་ཟེར་རོ། །བྱམས་གནས་པ་ཞེས་བྱ་བ་ལ། ལུས་ཅན་དག་ལ་
བརྩེ་བ་ནི་བྱམས་པ་སྟེ། གཞན་ལ་ཕན་པ་དང་ཕན་པའི་སེམས་ནི་བྱམས་པའོ། །དེ་བས་ན་དེའི་མཚན་ཉིད་བསྟན་པ། དེ་ལས་འདིས་གནས་པའི་ངང་ཚུལ་ཡོད་པ་སྟེ། བྱམས་པ་མངོན་དུ་བྱས་ཤིང་ལན་མང་དུ་གནས་པའི་ཕྱིར་རོ། །འདིས་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཐབས་བསྟན་ནས་གཏན་དུ་
སྤངས་པའི་ཐབས་བསྟན་པ། རབ་དང་བ་ཞེས་བྱ་བ་སྟེ། ཤེས་ནས་དད་པ་ཐོབ་པའི་ཕྱིར་རོ། །བྱམས་པ་བསྒོམས་པའི་མཐུས་བདེ་བར་མཐོང་བའི་ལམ་ལ་ཞུགས་ཏེ། དེ་ལས་ཤེས་ནས་དད་པ་ཐོབ་པའོ། །གང་ལ་རབ་ཏུ་དང་བ་ཡིན་ཞེ་ན། སངས་རྒྱས་བསྟན་ལ་ཞེས་སྨོས་ཏེ། སངས་རྒྱས་ཀྱིས་
བསྟན་པའི་ལམ་དཀོན་མཆོག་གསུམ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཐར་པའི་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །ཞེས་བྱ་བ་ནི་བདག་ཉིད་ངན་སོང་གསུམ་ལས་འཛིན་པ་ཡིན་ནོ། །འདིར་དཔེ་བསྟན་པ། འདམ་རྫབ་ལས་ནི་ཞེས་བྱ་བ་ཡིན་ཏེ། དཔེར་ན་སྤོས་ཀྱི་གླང་པོ་ཆེ་
མྱོས་པ་བག་མེད་པས་འདམ་རྫབ་ཏུ་ཆུད་པ་དེ་ལས་འདབ་ཉེ་བ་ན་ཡོད་པའི་ཤིང་ཆེན་པོ་ལ་ལག་པས་ཡོངས་སུ་བཟུང་བ་ལ་སོགས་པ་ལ་བརྟེན་ནས་བདག་ཉིད་འདོན་པར་བྱེད་པ་དེ་བཞིན་ནོ། །བྱམས་པའི་སྟོབས་ཀྱིས་ངན་སོང་དག་ལས་འབྱིན་པ་བསྟན་ནས། ད་ནི་འདོད་པའི་ཁམས་ལས་འབྱུང་བ་བསྟན་
པའི་ཕྱིར། དགེ་སློང་གང་ཞིག་བྱམས་གནས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྲུག་པར་བྱེད་ཅེས་བྱ་བ་ལ་སྤྲུག་པ་ནི་སྤོང་བའོ། །སྡིག་པ་ནི་མི་འདོད་པའི་འབྲས་བུ་ཅན་མི་དགེ་བའོ། །ཆོས་རྣམས་ནི་དངོས་པོ་གཟུགས་ལ་སོགས་པའོ། །ལྗོན་ཤིང་ལོ་མ་བཞིན་ཞེས་བྱ་བ་ནི་ཤིང་གི་འདབ་མ་
བཞིན་ནོ། །རླུང་གིས་ཞེས་བྱ་བ་ནི་ཤུགས་དང་ལྡན་པའི་རླུང་ངོ་། །དེས་ཇི་ལྟར་ཤིང་གི་ལོ་མ་ལྷུང་བར་བྱེད་པ་ལྟར་འདོད་པའི་ཁམས་ཀྱང་དེ་བཞིན་ནོ། །དེའི་འོག་ཏུ་གཟུགས་དང་གཟུགས་མེད་པའི་ཁམས་བསྟན་ཏེ། ཐོབ་པར་འགྱུར་ཞེས་བྱ་བ་ནི་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གོ་འཕང་ནི་བཞིའོ། །

ཞི་བ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སོགས་པའི་སྐྱོན་སྤངས་པའོ། །འདུ་བྱེད་ཉེར་ཞི་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་ཕུང་པོ་སྤངས་པའི་ཚུལ་ཡིན་པའི་ཕྱིར་རོ། །ཞི་བ་ནི་གཟུགས་དང་འདུ་ཤེས་ལས་སྐྱེས་པའི་ཀུན་ཏུ་འཁྲུག་པ་མེད་པའི་ཕྱིར་རོ། །ལྟ་བས་མི་ངོམས་པ་ཞེས་
བྱ་བ་ནི་ངོམས་པར་བྱེད་པ་ཡིན་པས་ངོམས་པ་སྟེ། གཞན་དེ་ཉིད་འཛིན་པར་བྱེད་པའི་ཕྱིར་རོ། །ངོམས་པ་ཉིད་ཡིན་པས་ངོམས་པའོ། །དེ་དགག་པ་ནི་མི་ངོམས་པ་སྟེ། ཡོངས་སུ་བཟུང་བས་ཆོག་མི་ཤེས་པའི་ཕྱིར་ལྟ་བས་ཆོག་མི་ཤེས་པ་གང་ཡིན་པ་དེ་ནི་ཞེས་བྱ་བས་བསྡུ་བ་བྱའོ། །སྒྲིབ་པ་ཐམས་ཅད་དང་
བྲལ་བའི་ཕྱིར་ཤིན་ཏུ་གསལ་བ་དེའི་ཚེ་ནི་མྱ་ངན་ལས་འདས་པར་ཤེས་པ་སྟེ། དེ་བས་ན་གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པ་ཡིན་ནོ་ཞེས་བསྟན་ཏེ། མངོན་སུམ་བྱེད་པར་འགྱུར་ཞེས་བྱ་བ་ཡང་དག་པར་འཐོབ་པའོ། །
ཀུན་སྦྱོར་ཟད་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་སྟེ། ཀུན་དུ་སྦྱོར་བ་མཐའ་དག་སྤངས་པའི་དོན་ཏོ། །ཇི་ལྟར་དེ་ལྟར་འགྱུར་ཞེ་ན། རིམ་གྱིས་ཞེས་སྨོས་ཏེ། འདི་ནི་རིམ་གྱིས་སྤངས་པར་འདོད་ཀྱི་ཅིག་ཅར་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེས་ན་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཞོལ་
བ་བསྟན་ཏོ། །མི་སྲིད་དོ་ཞེས་བྱ་བ་ནི་མི་རུང་བའོ། །གང་མི་རུང་བ་ཞེ་ན། ཡོངས་སུ་ཉམས་པར་འགྱུར་བ་ཞེས་བྱ་བ་སྟེ་རྣམ་པར་ལྡོག་པ་ཞེས་བྱ་བའི་དོན་ཏོ། །ག་ལས་ཤེ་ན། འདི་ལྟར་མྱ་ངན་འདས་དང་ཉེ་བའི་ཕྱིར་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རྣམ་པས་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་རྣལ་འབྱོར་
པ་ནི་ཐར་པ་ཁོ་ན་དང་ཉེ་བ་སྟེ། དྲུང་ན་གནས་པར་གྱུར་པ་དེའི་བདག་ཉིད་དུ་གྲུབ་པ་ཡིན་གྱི་འཁོར་བ་ལ་སོགས་པའི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིམ་པ་གང་གིས་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་འཐོབ་ཅིང་ཡོངས་སུ་ཉམས་པར་འགྱུར་བ་མི་སྲིད་པ་ཡིན་ཞེ་ན། སེམས་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
པུརྞ་བརྡ་ན་ཞེས་བྱ་བའི་གྲོང་ཁྱེར་ན་གནས་པའི་མ་ག་དྷ་བཟང་པོས་བཅོམ་ལྡན་འདས་སྤྱན་དྲངས་པ་ལས། དྲང་སྲོང་ཆེན་པོ་ཤིང་ཤུན་ཞེས་བྱ་བས་གཟུགས་ཁྱད་པར་ཅན་མཐོང་བས་མངོན་པར་དད་དེ་བདག་ཉིད་དད་པའི་ཤུགས་ཀྱིས་རི་ལས་བབས་ནས་དེའི་དབང་དུ་མཛད་དེ་འདི་གསུངས་སོ། །དགའ་

བ་དང་མགུ་བའི་སེམས་འདི་ལ་ཡོད་པ་དེ་ནི་དེ་ཉིད་དེ། ཇི་སྐད་དུ་བཤད་པ། འདི་ན་རེ་ཞིག་དང་པོ་ཉིད་དུ་ལྷག་པའི་བསམ་པ་བཟང་བར་གྱུར་ལ་འཚེ་བ་མེད་པའི་ལྷག་པའི་བསམ་པས་དེ་ཁྱད་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །ཡིད་ནི་བཟང་བ་དང་ཞེས་བྱ་བ་ནི་འདིར་བཟང་བ་ནི་བསྔགས་པའི་དོན་ཏོ། །སྐྱེ་བོ་དམ་པ་
མངོན་པར་དགའ་བའི་ཕྱིར་མི་གཙང་བ་ལ་སོགས་པའི་དངོས་པོ་ལ་འཇུག་པའི་ཡིད་དེ། བསྔགས་པའི་དངོས་པོ་གང་ལ་ཡིད་ཡོད་པ་ཞེས་བྱས་ནས་སོ། །ངན་སོང་གསུམ་གྱི་བགེགས་སུ་གྱུར་པ་ནི་མཐོང་བའི་ལམ་ཉིད་ལ་གནས་པའི་སེམས་ཡིན་ནོ། །དེ་ལ་འདིས་ནི་ཚོགས་དང་མཐོང་བའི་ལམ་
བསྟན་ནས་བསྒོམ་པའི་ལམ་བཤད་པ། ཟིལ་གནོན་པ་ཞེས་བྱ་བ་སྤངས་པའོ། །དགའ་དང་མི་དགའ་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་སྟེ་འདིས་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །དགའ་བ་མང་པོ་ཡིས་ཞེས་བྱ་བ་ནི་དགའ་བ་ཕལ་ཆེ་བ་སྟེ། གོང་ནས་གོང་དུ་ཁྱད་པར་གྱི་གཉེན་པོ་
རྙེད་པས་དགའ་བ་ལྷག་པར་ཉམས་སུ་མྱོང་བའི་ཕྱིར་རོ། །དེའི་འབྲས་བུ་སྨྲས་པ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་ཏེ། འདིས་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་བསྟན་ཏོ། །ད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བཤད་དེ། སྡུག་བསྔལ་ཟད་པ་ཞེས་སྨོས་སོ། །འདོད་
ཆགས་དང་བྲལ་བ་ཉིད་ཉེ་བར་ཞི་བ་ཡིན་ནོ་ཞེས་བསྟན་ཏེ། ལུས་ཞི་ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཙུན་པ་ཉེ་བར་ཞི་བ་ལ་དགེ་སློང་ཞེས་བརྗོད་ན་ཅི་ཙམ་གྱིས་དགེ་སློང་ཉེ་བར་ཞི་བར་འགྱུར་ཞེས་གསོལ་པ་དང་། དེ་ལས་བརྩམས་ནས་འདི་གསུངས་སོ། །
རིམ་པ་གང་གིས་ཉེ་བར་ཞི་བར་འགྱུར་ཞེ་ན། ལུས་ཞི་ཞེས་བྱ་བ་སྟེ། ལུས་ཀྱི་ཉེས་པར་སྤྱོད་པ་སྤངས་པའི་ཕྱིར་རོ། །ཞི་བ་དང་ལྡན་པས་ཞི་བའོ། །སེམས་ཞི་བས་ནི་འདི་ལྟར་འགྱུར་རོ་ཞེས་བསྟན་པ་སྟེ་སེམས་ཞི་ཞེས་བྱ་བའོ། །དེ་གཉིས་ཀ་དང་འབྲེལ་པ་ནི་ངག་ཞི་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ངག་
ནི་ཞི་བ་དང་ཞེས་བྱ་བ་ཡིན་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་གཡེང་བ་མེད་པའི་ཕྱིར་རོ། །བསྒོམ་པའི་གནས་སྐབས་བསྟན་པ། ལེགས་པར་མཉམ་གཞག་ཅེས་བྱ་བ་སྟེ། ལེགས་པའི་ཏིང་ངེ་འཛིན་གྱིས་རྒྱུད་ཡོངས་སུ་གཟུང་བ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་འབྲས་བུ་བཤད་པ། འཇིག་རྟེན་ཟང་ཟིང་སྤངས་

པ་ཞེས་བྱ་བ་ནི་འཇིག་རྟེན་དང་ཟང་ཟིང་ནི་འཇིག་རྟེན་ཟང་ཟིང་ངོ་། །ཟང་ཟིང་ཞེས་བྱ་བ་འདི་ནི་འདོད་པའི་ཚིག་བླ་དགས་སོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །སྤངས་པ་ནི་ཡོངས་སུ་བོར་བ་སྟེ། གང་འཇིག་རྟེན་གྱི་ཟང་ཟིང་གང་ཡིན་པའོ་ཞེས་བསྡུ་བ་བྱའོ། །དེ་ལ་ཟང་ཟིང་སྤངས་པ་
ནི་འདོད་པ་ལས་འདོད་ཆགས་དང་བྲལ་བའོ། །ཡང་ན་འཇིག་རྟེན་ན་ཟང་ཟིང་ནི་འཇིག་རྟེན་ཟང་ཟིང་སྟེ། དེ་གང་གིས་སྤངས་པ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དགེ་སློང་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའོ། །ཉེ་བར་ཞི་བ་ནི་ཉོན་མོངས་པས་བྱས་པའི་ཀུན་དུ་འཁྲུགས་
པ་དང་བྲལ་བའི་ཕྱིར་རོ། །ཡིན་ཞེས་བརྗོད་ཅེས་བྱ་བ་ནི་སངས་རྒྱས་དང་དེའི་ཉན་ཐོས་ཀྱིས་གསུངས་པའོ། །ཉེ་བར་ཞི་བ་དེའི་གཙོ་བོའི་རྒྱུ་སྨྲས་པ། ཏིང་འཛིན་མེད་ལ་ཞེས་བྱ་བ་ལ་སོགས་པའོ། །ཨ་ཡོད་ཅེས་བྱ་བ་གང་གཱའི་ངོགས་ཨཤྠ་བད་ཀ་ན་དྲང་སྲོང་མང་པོ་བསྒོམ་ཞིང་འདུག་པ་དགེ་སློང་དག་གིས་
མཐོང་ནས་དེ་ལ་ཤིན་ཏུ་དགའ་བར་གྱུར་པའི་སྐབས་དེ་གསན་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཏིང་འཛིན་མེད་ལ་ཤེས་རབ་མེད། །ཅེས་བྱ་བ་ནི་བདག་མེད་པ་མཐོང་བའི་ཤེས་རབ་དང་བྲལ་བ་སྟེ། ཏིང་ངེ་འཛིན་བསྒོམས་པས་ནི་ཡོངས་སུ་དག་པར་ནུས་སོ། །ཤེས་རབ་མེད་ལ་ཏིང་འཛིན་མེད། །
ཅེས་བྱ་བ་ནི་དེ་བཞིན་དུ་སྟེ་ཏིང་ངེ་འཛིན་ཁྱད་པར་ཅན་ནོ། །སྤྱིར་ནི་སེམས་གཡེང་བར་གྱུར་ན་ཤེས་རབ་ཁྱད་པར་ཅན་མི་འབྱུང་ངོ་། །ཤེས་རབ་ཏིང་འཛིན་ལྡན་པ་དེ། །ཞེས་བྱ་བ་གང་གཉིས་པོ་འདི་ཡོད་པ་དེ་ཉིད་ནི་དོན་དམ་པར་དགེ་སློང་ཞེས་བརྗོད་དོ། །གཉིས་པོའི་འབྲས་བུ་བསྟན་པ། མྱ་ངན་འདས་པ་ཞེས་
བྱ་བ་སྟེ། ཕུང་པོའི་ལྷག་མ་མེད་པའོ། །ཡང་དག་པར་བསྟན་པ་སྨྲས་ནས། ཡང་དག་པར་འཛིན་དུ་འཇུག་པ་སྨྲས་པ། དེ་བས་ཞེས་བྱ་བ་སྨོས་ཏེ། གཉིས་པོ་ལ་འཛུད་པའོ། །འཇུག་པ་སྟེ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བའོ། །དེ་གང་གིས་ནུས་ཤེ་ན་མཁས་པ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། རིགས་པས་འཐོབ་པའི་
ཤེས་རབ་དང་ལྡན་པ་དང་། གསུང་རབ་ལ་མཁས་པ་ལ་བརྗོད་དོ། །དེའི་དང་པོར་བྱ་བ་འདི་ཡིན་ནོ་ཞེས་བྱ་བ་ནི་ཐབས་སོ། །དང་པོར་བྱེད་པ་ཡིན་པས་དང་པོར་བྱ་བའོ། །གང་གིས་ཤེ་ན། མྱ་ངན་ལས་འདས་པ་འཐོབ་པ་ཞེས་དེ་མ་ཐག་ཏུ་བསྟན་པ་བསྒྲུབ་པའོ། །གང་གི་ཕྱིར་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་

བདག་ཉིད་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཐབས་ཡིན་ནོ། །གང་གིས་དང་པོར་བྱ་བ་ཡིན་ཞེ་ན། དགེ་སློང་གིས་སོ། །ཡང་དག་སྡོམ་སྤྱོད་པ་ཞེས་བྱ་བ་ནི་ལེགས་པར་སྡོམ་ཞིང་དམ་པའི་སྤྱོད་པ་བཟང་པོ་དང་ལྡན་པའི་ཕྱིར་ཏེ། དེ་ཉིད་ནི་ལེགས་པར་སྡོམ་པའི་སྤྱོད་པའོ། །ཡང་ན་ལེགས་པར་སྡོམ་
པ་སྤྱོད་པའི་ངང་ཚུལ་འདི་ལ་ཡོད་པ་སྟེ། ཚུལ་ཁྲིམས་ལ་བརྟེན་ནས་ཆོས་གཉིས་བསྒོམ་པར་བྱའོ་ཞེས་མདོ་ལས་བསྟན་པའི་ཕྱིར་རོ། །ལེགས་པར་སྡོམ་པ་དེ་གང་ཡིན་ཞེ་ན། གང་གི་ཡང་དག་པར་སྤྱོད་པ་དྲག་པོ་ཡིན་ནོ་ཞེས་བསྟན་ཏེ། ཆོག་ཤེས་དབང་པོ་བསྡམ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་
པའོ། །དེ་ནས་རྒྱལ་རིགས་སྤངས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་མང་ཞིང་རྒྱ་ཆེར་ནི་ཐོས་ལགས་ན་ཉུང་ངུ་བསྡུས་པ་ཉན་པར་འཚལ་བས་ལེགས་པར་བཅོམ་ལྡན་འདས་ཀྱིས་བསྡུས་ཏེ་བདག་ལ་བསྟན་དུ་གསོལ་ཞེས་ཞུས་
པ་ལས་འདི་གསུངས་སོ། །དབང་པོ་རྣམས་བསྡམས་པ་གང་ཡིན་པ་དེ་ནི་དེ་ཉིད་དེ་དབང་པོ་བསྲུངས་པ་ཞེས་བྱ་བའི་དོན་ཏོ། །ཆོག་ཤེས་པར་གྱུར་ན་ནི་དབང་པོ་དུལ་བར་འགྱུར་བས་ཆོག་ཤེས་པ་ཞེས་བྱ་བ་སྨོས་ཏེ། ཆོས་གོས་ངན་ངོན་ཙམ་ལ་སོགས་པས་ཆོག་ཤེས་པའི་ཕྱིར་རོ། །དེ་གཉི་ག་དང་
ལྡན་པར་གྱུར་ན་ནི་གོང་མའི་ཁྱད་པར་གྱི་སྣོད་ཡིན་ནོ་ཞེས་བསྟན་ཏེ། སོ་སོར་ཐར་པ་ཞེས་བྱའོ། །ཐར་པའི་ཆེད་དུ་འདི་སྒོམ་པ་ཞེས་བྱ་བའི་དོན་ཏེ། མྱ་ངན་ལས་འདས་པ་ཤིན་ཏུ་འདིར་གྱུར་པའི་ཕྱིར་རོ། །ཡོན་ཏན་དམ་པ་དང་སྡོམ་པ་ནི་རྣམ་པར་མཛེས་པ་ཡིན་ནོ་ཞེས་བསྟན་པ་ནི། ཟས་འདིའི་ཚོད་
ཀྱང་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཁམ་གྱི་ཟས་ཀྱི་ཚད་ནི་མེའི་སྟོབས་ལ་ལྟོས་ཏེ། དེ་དང་སྦྱོར་བའི་ཕྱིར་རོ། །དེ་ཡང་ལུས་གནས་པར་བྱ་བ་དང་བཀྲེས་པ་ཞི་བར་བྱ་བ་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །བས་མཐའ་ཞེས་བྱ་བ་ནི་དགོན་པའི་གནས་ལ་གནས་པའི་ཕྱིར་རོ། །ལམ་
གྱི་ཚོགས་བསྟན་ནས་ལམ་གྱི་ལྷག་པའི་སྦྱོར་བ་སྨྲས་པ། ལྷག་པའི་སེམས་ཞེས་བྱ་བ་ཟག་པ་མེད་པའི་བསམ་གཏན་བཞི་བསྒོམ་པ་ལ་ཡང་དག་པར་བརྩོན་པའོ། །འདི་ནི་ཞེས་བྱ་བ་འདི་ཙམ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །

གང་སྒྲུབ་པ་དང་ལྡན་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་རྗེས་སུ་འབྲང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་གི་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་ཁྲི་དང་ལྷག་པའི་ཁྲི་ཅན་ཞེས་བྱ་བའི་ཀུན་དུ་རྒྱུ་མ་ག་དྷ་བཟང་པོའི་རྫིང་གི་འགྲམ་ན་འདུག་
སྟེ་མཚན་མོ་མཆིལ་པས་ཉ་ཕྱུང་ཞིང་ཟ་བར་བྱེད་ལ། ཐོ་རངས་ཁྲིའི་སྟེང་དུ་འདུག་པ་ལས་ཚིགས་སུ་བཅད་པ་འདི་གསུངས་སོ། །དགེ་སློང་དུ་གྱུར་ནས། ཆོས་ལ་ཆོས་ཀྱིས་འཚོ་བར་བྱའི། སྲོག་ཆགས་གང་ལ་ཡང་འཚེ་བར་མི་བྱ་ཞིང་སྤོང་བ་ལ་སྤྱོད་པས་ཡིད་ཞི་བ་དང་། བརྟུལ་ཞུགས་
འདི་ནི་ཡིད་ཞི་བ་དང་དུལ་བ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་དགོངས་ནས་དེ་དག་གདུལ་བའི་དུས་ལ་བབ་པར་མཁྱེན་ཏེ། འདི་སྐད་དུ། ཚིགས་བཅད་འདི་བཞིན་སྤྱོད་ན་ནི། །དེས་ན་ཁྱོད་ནི་དེ་འདྲར་འགྱུར། །བདག་ཉིད་དམ་པར་སེམས་བྱེད་ཁྱོད། །དགེ་སློང་དེ་འདྲ་མ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །
གང་གི་ལུས་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་ནི་གང་ཟག་གོ། །ལུས་ནི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པའི་སྡིག་པ་མེད་པའོ། །ལྡོག་པའི་ཚུལ་ཁྲིམས་བསྟན་ནས། འཇུག་པའི་ཚུལ་ཁྲིམས་བསྟན་པ། དེ་ནི་དགེ་བའི་ཚུལ་ཁྲིམས་ཅན། །ཞེས་བྱ་བ་ཡིན་ཏེ། དེ་ཉིད་ཡོངས་སུ་དག་པའི་
ངང་ཚུལ་ཅན་ནོ། །ངོ་ཚ་བ་ཞེས་བྱ་བ་ལ་ངོ་ཚ་བའི་ཡིད་གང་ལ་ཡོད་པ་དེ་ནི་ཡིད་ངོ་ཚ་བ་ལ་གནས་པ་སྟེ། དེ་ཉིད་ཡོད་པས་ནི་སྡིག་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་ངོ་ཚ་དང་བཅས་པ་དེ་ནི་དགེ་སློང་ལ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །གང་དེ་ལྟ་བུ་དེ་ཉིད་ཀྱིས་ནི་འཕགས་པའི་ལམ་འཐོབ་
པ་ཡིན་ནོ་ཞེས་བསྟན་པ། གང་གིས་ཞེས་བྱ་བ་ལ་སོགས་པའོ། །བཙུན་པ་མཉམ་པར་གཞག་པ་ནི་དགེ་སློང་ཡིན་ཞེས་བརྗོད་ན་ཇི་ཙམ་གྱིས་དགེ་སློང་མཉམ་པར་གཞག་པ་ལགས་ཞེས་གསོལ་པ་དང་དགེ་སློང་གིས་འདི་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་བྱ་བ་ནས་རྒྱ་ཆེར་
འདི་གསུངས་སོ། །ལེགས་བསྒོམས་ཞེས་བྱ་བ་ནི་ལེགས་པར་བསྟེན་པའོ། །གང་གིས་ནི་དགེ་སློང་ངོ་། །ཆོས་ནི་ཡོན་ཏན་ཏེ། དེ་ཉིད་སྨྲས་པ། རྫོགས་པའི་བྱང་ཆུབ་ཀྱི་ཆོས་བདུན་ཞེས་བྱ་བ་སྟེ། རྫོགས་པའི་བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །གང་གི་ཕྱོགས་དང་རྗེས་

སུ་མཐུན་པ་དེ་གང་ལ་ཡོད་པ་དེ་ནི་དེ་ཉིད་དོ། །རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་འཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་འཐོབ་པར་བྱེད་པ་དེ་བསྟན་པའི་ཕྱིར། བདུན་ཞེས་སྨོས་ཏེ། དེ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་
ལ་སོགས་པའོ། །དེ་ནི་ཞེས་བྱ་བ་ནི་སེམས་ཅན་དེ་ཉིད་དོ། །ཇི་ལྟ་བུར་ཞེ་ན་དགེ་བའི་ཆོས་ཅན་ཞེས་བྱ་སྟེ། དྲི་མ་མེད་པའི་ཁྱད་པར་ཏེ། རྒྱུད་ཟག་པ་མེད་པའི་ཤེས་པས་བསྒོམ་པའི་ཕྱིར་རོ། །ཡིན་ཞེས་གསུངས་ཞེས་བྱ་བ་ནི་དགེ་སློང་མཉམ་པར་གཞག་པ་ལས་སྐྱེས་པའི་ཏིང་ངེ་འཛིན་དུ་
སངས་རྒྱས་ཀྱིས་གསུངས་སོ་ཞེས་བཤད་དོ། །དེ་ཉིད་དགེ་བའི་ཤེས་རབ་ཡིན་ཏེ། །ཏིང་འཛིན་མེད་ལ་ཤེས་རབ་མེད། །ཅེས་བྱ་བའི་ཚིག་གིས་བསྟན་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤིང་ཁན་དི་ཞེས་བྱ་བའི་དཀའ་ཐུབ་ཅན་ཡོངས་སུ་བཟུང་བ་དང་བཅས་པས་དགོན་པ་ན་
གནས་ཤིང་བདག་ཉིད་ནི་ཟག་པ་མེད་པའི་དགེ་སློང་ཡིན་ནོ་ཞེས་བསམས་ནས། གཽ་ཏ་མ་ཅི་ཙམ་གྱིས་ན་དགེ་སློང་ཟག་པ་མེད་པ་མེད་པར་གནས་པས་གདགས་པས་གདགས་པར་མཛད་ཅེས་ཞུས་པ་ལས་བརྩམས་སོ། །འདི་ན་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལའོ། །ཤེས་རབ་ལ་ཞེས་བྱ་
བ་ནི་ཁྱད་པར་དུ་གྱུར་པའི་ཤེས་པས་ཡོངས་སུ་གཅོད་པའོ། །ཅི་ཞེ་ན་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། །རྒྱུད་གང་ལ་བདག་ཏུ་འཛིན་པ་ཡོད་པ་དེ་ནི་དེ་སྟེ་བདག་དེ་དང་འབྲེལ་པ་གང་ཡིན་པའི་སྡུག་བསྔལ་དེའི་བདག་ཉིད་དོ། །འདིས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་བསྟན་ཏེ།
དོན་དམ་པར་འདི་གཉིས་ནི་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །ཟད་པ་ཞེས་བྱ་བ་ནི་འདིས་ཟད་པར་བྱེད་པས་ཟད་པའམ་ཟད་པས་ན་ཟད་པའོ། །འདིས་ནི་ལམ་དང་འགོག་པའི་བདེན་པ་བསྟན་ཏེ་བདེན་པ་བཞིའི་བདག་ཉིད་དོ། །མཐོང་བ་དང་བསྒོམ་པའི་ལམ་འདིས་བསྟན་ནས། མི་སློབ་བའི་ལམ་
བསྟན་པ། དགེ་ཞིང་ཤེས་རབ་ལྡན་པ་དེ། །ཞེས་བྱ་བ་སྨོས་ཏེ་དགེ་ཞིང་སྒྲིབ་པ་མེད་པའི་ཤེས་རབ་གང་གིས་ཁམས་གསུམ་གྱི་སྒྲིབ་པ་སྤངས་པའི་ཕྱིར་རོ། །གསུངས་པ་ནི་བཤད་པ་སྟེ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་སོ། །ཟག་པ་མེད་པ་ནི་འདོད་པ་ལ་སོགས་པའི་ཉོན་མོངས་པ་དང་

བྲལ་བའི་ཕྱིར་རོ། །འོ་ན་གང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ཡང་ཟག་པ་མེད་པ་ཉིད་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་ལ་གནས་པ་ཡང་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་ཐོས་ཏེ་འདི་ཉིད་བསྟན་པའི་ཕྱིར། ཟག་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །
ཡུལ་ཀོ་ས་ལ་ན་དགེ་སློང་ཞིག་ནགས་ཚལ་ཞིག་ན་ཉེ་བར་བརྟེན་ཅིང་གནས་ཏེ་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་ཅིང་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་གོང་དུ་རྩོལ་བར་མི་བྱེད་དོ། །དེ་ནས་ནགས་ཚལ་དེ་ཉིད་ན་གནས་པའི་ལྷ་ཞིག་གིས་འདི་སྙམ་དུ་བསམས་ཏེ། ཀྱེ་མའོ་དགེ་སློང་འདི་ནི་འདི་ཙམ་
གྱིས་ཆོག་པར་འཛིན་པས་མི་རིགས་ཏེ་གང་བདག་གིས་འདི་ཉིད་བསྐུལ་བར་བྱའོ་ཞེས་ནས། དེ་ནས་ལྷ་དེས་དེའི་ཚེ་སྔོན་གྱི་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་གཉིས་བཤད་དོ། །ཚུལ་ཁྲིམས་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ། །བརྟུལ་ཞུགས་ནི་དུས་མ་ཡིན་
པའི་ཟས་ལ་སོགས་པ་ལས་ལྡོག་པའོ། །ཡང་ན་ཚུལ་ཁྲིམས་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའོ། །བརྟུལ་ཞུགས་ནི་ཡོན་ཏན་གྱི་ཁྱད་པར་ཏིང་ངེ་འཛིན་ཏོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉི་ཚེ་ཙམ་གྱིས་དགེ་སློང་དེ་ཡིད་བརྟན་པར་མི་བྱའོ། །ཡང་ན་ཐོས་པ་མང་པོ་
འམ། །ཞེས་བྱ་བ་ནི་དེ་འདུལ་བ་ལ་སོགས་པ་སྡེ་སྣོད་གསུམ་མང་དུ་ཐོས་ཤིང་བསོད་ནམས་ཐོབ་པ་སྟེ། དེའི་དོན་དང་ཚིག་ཇི་ལྟ་བུ་བཞིན་དུ་རྟོགས་པ་དེས་བདག་གིས་ནི་བསྟན་བཅོས་ཐམས་ཅད་རྟོགས་པ་ཡིན་ནོ་ཞེས་དེའི་ཆེད་དུ་ཡིད་བརྟན་པར་མི་བྱའོ། །ཏིང་འཛིན་ཐོབ་པར་གྱུར་ཀྱང་ངལ། །
ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རྙེད་པར་གྱུར་ཀྱང་ཞེས་བྱ་བའི་དོན་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཏིང་ངེ་འཛིན་གྱིས་ལུས་བརྟས་ཤིང་སྲིད་པའི་རྩེ་མོར་སྐྱེས་པར་གྱུར་ཏེ། དེ་ལས་ཉམས་ནས་བྱི་ལའི་སྐྱེ་གནས་སུ་སྐྱེས་ཏེ་སྐམ་དང་ཐང་ལ་གནས་པའི་སྲོག་ཆགས་བསད་ཅིང་གནོད་པ་བྱས་
ནས་མནར་མེད་པའི་དམྱལ་བར་སྐྱེས་སོ་ཞེས་ཐོས་སོ། །དབེན་པ་དག་ཏུ་གནས་ཀྱང་རུང་། །ཞེས་བྱ་བ་ནི་དགོན་པར་གནས་ཤིང་དེ་ན་གནས་པ་ལས་ཡིད་བརྟན་པར་མི་བྱ་སྟེ། ཐམས་ཅད་བཤེས་གཉེན་ལ་སོགས་པ་དཀའ་ཐུབ་ལས་ཉམས་པར་ཐོས་སོ། །གདེང་དྲོད་ཆོད་པ་མིན་ཞེས་བྱ་བ་

ནི་ཡིད་བརྟན་པར་བྱ་བ་མ་ཡིན་པས་སོ། །ཟག་པ་ཟད་པ་མ་ཐོབ་ན། །ཞེས་བྱ་བ་ནི་ཇི་སྲིད་ཉོན་མོངས་པ་ཟད་པ་མ་ཐོབ་པ་སྟེ། འཕགས་པའི་ལམ་གྱིས་ཟག་པ་སྤངས་པར་མ་བྱས་པའོ། །དེ་ཐོབ་ནས་ནི་ཡིད་བརྟན་པར་བྱས་ཀྱང་ཉམས་པར་མི་འགྱུར་རོ། །དེས་ན་དེའི་ཕྱིར་དེ་ལ་གཞུག་པ་སྨྲས་པ། རྫོགས་
པའི་བྱང་ཆུབ་ཀྱི་བདེ་བ་མངོན་དུ་བྱའོ་ཞེས་བྱ་བ་ནི་སྲིད་པ་ཟད་པའི་བདེ་བ་ཐོབ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འཕགས་པས་བསྟེན་པ་ཞེས་སྨོས་ཏེ། སོ་སོའི་སྐྱེ་བོས་མ་བསྟེན་པ་དང་སྔོན་ཆད་རྗེས་སུ་མ་མྱོང་བ་ཞེས་བྱ་བའི་དོན་ཏོ། །རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་མ་བསྟེན་པའི་སྐྱོན་སྨྲས་པ།
བཅོམ་ལྡན་འདས་ཨུ་རུ་བིལ་བའི་ནཻ་རཉྫ་ནའི་འགྲམ་ན་བཞུགས་ཏེ། སངས་རྒྱས་ནས་རིང་པོ་མ་ལོན་པ་ན་དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་གནོད་
པ་སྣ་ཚོགས་ཀྱིས་འཇིག་རྟེན་གཙེས་པར་གཟིགས་ཏེ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འདི་གསུངས་སོ། །འཇིག་རྟེན་ནི་སེམས་ཅན་གྱི་རྒྱུད་དང་སྦྱར་བར་བྱའོ། །གདུང་བ་ནི་ཡང་དག་པར་གདུང་བའོ། །གདུང་བ་ལས་སྐྱེས་པ་ནི་གདུང་བ་ལས་བྱུང་བ་སྡུག་བསྔལ་ཤིན་ཏུ་དཀའ་བ་ལས་ཞུགས་པ་
ཉིད་དེ་སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ལས་གདུང་བ་འབྱུང་བར་བསྟན་པའི་ཕྱིར། ཕུང་པོ་ལ་ནི་བདག་ཟེར་བ། །ཞེས་བྱ་བ་སྟེ་བདག་ཏུ་ཕྱིན་ཅི་ལོག་པ་དེའི་མཐུས་བདག་གིར་འཛིན་པ་སྐྱེད་པར་བྱེད་དེ་ཇི་སྐད་དུ། གང་སུ་དག་བདག་ཏུ་མངོན་པར་བརྗོད་པ་དེ་
ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལ་ཡིན་ནོ་ཞེས་བཤད་པའོ། །དེ་ཡང་དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་འདི་ལྟར་ཇི་ལྟ་ཇི་ལྟར་གཟུགས་ལ་སོགས་པ་བདག་ཏུ་མངོན་པར་འདོད་པ་ལ་བསམ་པར་བྱས་པ་སྟེ། བདག་གི་བློ་བསྐྱེད་པའི་ཕྱིར་རོ། །དེ་ལྟ་དེ་ལྟར་གཞན་དུ་འགྱུར། །ཞེས་བྱ་བ་ནི་
གཟུགས་ལ་སོགས་པ་དེ་དང་དེ་ལ་འདི་ལྟར་སེམས་ན་ནི་གཞན་དུ་འགྱུར་བ་སྟེ་སྔ་མའི་རྣམ་པ་དང་བྲལ་བས་འགྱུར་ཞིང་འཇིག་པ་སྟེ། མི་རྟག་པས་བདག་ཏུ་རིགས་པ་མ་ཡིན་ནོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་སྟེ་དེ་ཡང་བདག་མེད་པའོ་ཞེས་མདོ་ལས་གསུངས་སོ། །གང་ལས་འཇིག་རྟེན་

འདི་གཞན་དུ་གྱུར་པ་ཡིན་ཞེ་ན། འདི་ལྟར་ངོ་བོ་ཉིད་ལས་ཏེ་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འབྱོར་པ་ཉེ་བར་བསགས་ཤིང་འཁོར་བ་ལ་ཆགས་ཏེ་མངོན་དུ་ཕྱོགས་ལ། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་
ཤིང་རྟག་ཏུ་འདོད་པའི་བདེ་བ་ལ་བརྟེན་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འདི་ལ་གཞན་དུ་འགྱུར་བའི་ཚུལ་ཡོད་པ་སྟེ། འཇིག་རྟེན་འདི་ནི་གཞན་དུ་འགྱུར་བའི་རྒྱུ་ཅན་ཏེ་གཞན་དབང་ཡིན་པའི་ཕྱིར་རོ། །འདི་ལྟར་གང་བྱས་པ་དེ་ནི་མི་རྟག་པའོ། །འཇིག་རྟེན་འདི་
ཞེས་བྱ་བ་ནི་འཁོར་བར་ལྟུང་བའི་སོ་སོའི་སྐྱེ་བོའི་འཇིག་རྟེན་ནོ། །སྲིད་པ་འཆགས་པ་ནི་དེ་ལྟ་ཡང་གཏི་མུག་གི་དབང་གིས་ནང་གི་ཕུང་པོ་ལ་ལྷག་པར་ཞེན་པའོ། །སྲིད་པ་ལ་དགའ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡིད་བདེ་བའི་ཡུལ་གྱིས་སྲིད་པ་ལ་ཡང་དག་པར་དགའ་བ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །
སྲིད་ལ་མངོན་ཆགས་ཞེས་བྱ་བ་ནི་དེ་དག་ཉིད་མངོན་པར་ལོངས་སྤྱོད་པའི་དུས་སུ་ཤིན་ཏུ་འཆུམས་པའོ། །ཡང་ན་འདིས་གོ་རིམས་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཟིན་པའི་ཕུང་པོ་ལ་སྲེད་པ་བསྟན་ཏོ། །བདག་ཏུ་ལྟ་བ་དང་འབྲེལ་པའི་སྲིད་པར་ལྟ་བར་བསྟན་
པའི་ཕྱིར། སྲིད་ལ་ལྟ་ཞེས་བྱ་བ་ཡིན་ཏེ། སྲིད་པར་ལྟ་བ་ནི་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ་གང་དུ་བདག་ཏུ་ལྟ་བ་དེར་ནི་བདག་ཏུ་སྲེད་པ་ཞེས་བྱ་བའི་ཚིག་གིས་སོ། །བདག་ཏུ་ལྟ་བ་དང་སྲེད་པ་ད་ལྟར་འཇུག་པ་འབའ་ཞིག་ཏུ་མ་ཟད་དེ་མ་འོངས་པའི་སྲིད་པ་ཡང་དོན་དུ་གཉེར་བ་
ཡིན་ནོ་ཞེས་བསྟན་པའི་ཕྱིར། སྲིད་པ་ཉིད་ལ་མངོན་པར་དགའ། །ཞེས་བྱ་བ་སྟེ་ཡང་སྲིད་པ་འདོད་པར་བྱེད་པ་ཡིན་ནོ། །འོ་ན་ལ་ལ་དག་གཟུགས་མེད་པ་ལ་སོགས་པ་ལ་ཡང་ཐར་པར་འདོད་པ་མ་ཡིན་ནམ་ཞེ་ན། དགའ་བྱ་གང་ཡིན་ཞེས་བྱ་བས་བསྟན་ཏེ་དངོས་པོ་གང་ལ་སོ་སོའི་སྐྱེ་བོ་དགའ་བར་
འགྱུར་བ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའི་དོན་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པའི་དངོས་པོ་ཉིད་དོ། །སྐྱི་གཡའ་གང་ཡིན་ཞེས་བྱ་བ་ནི་གང་ལས་ཕུང་པོ་མེད་པའི་ངོ་བོ་ཐར་པ་ལས་སོ་སོའི་སྐྱེ་བོ་འཇིགས་ཤིང་སྐྲག་པར་འགྱུར་བ་སྟེ། དོན་དམ་པའི་

བདེན་པ་ལའོ། །འདིར་ནཱ་ར་ཡ་ཎ་དང་། སྐྱ་བསེང་དང་། ཏྲོ་པ་ཏིའི་འདོད་པའི་ལམ་གྱི་གཏམ་དཔེར་བརྗོད་པར་བྱའོ། །དེས་ན་དེ་ཉིད་ཀྱི་ཕྱིར་སྨྲས་པ། སྲིད་པ་ཞེས་བྱ་བ་ལ་སོགས་པའོ། །གང་བྱིས་པ་མངོན་པར་འདོད་པ་དེས་ཏེ། སྲིད་པའི་ངོ་བོའི་སྡུག་བསྔལ་ལོ། །རབ་ཏུ་སྤངས་པའི་ཕྱིར་ཞེས་
བྱ་བ་ནི་བྲལ་བའི་ཕྱིར་ཏེ། སྲིད་པ་དང་མི་འདྲ་བའི་ཐར་པ་ཐོབ་པར་ཞེས་བྱ་བའི་དོན་ཏོ། །ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་མོ། །འདི་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལའོ། །བསྟེན་པ་ནི་གནས་ཏེ། དེ་མ་གཏོགས་པར་སྲིད་པ་སྤང་བའི་ཐབས་མེད་པའི་ཕྱིར་རོ། །འོ་ན་མུ་སྟེགས་
ཅན་ཡང་སྡུག་བསྔལ་ལས་ཐར་བར་འདོད་ཅིང་རྣལ་འབྱོར་ལ་གོམས་པར་བྱེད་པ་ཡོད་དོ་ཞེ་ན། དགེ་སྦྱོང་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་དགོན་པར་རྒྱུ་ཞིང་དྲང་སྲོང་གང་ན་ཡོད་པ་དེར་གཤེགས་ནས། ཕྱོགས་
གཅིག་ཏུ་རྩྭའི་གདན་བཏིང་བ་ལ་བཞུགས་ཏེ་དེ་དག་གི་བསམ་པ་དང་བག་ལ་ཉལ་མཁྱེན་པས་བསྟན་པ་འདི་བརྩམས་སོ། །ཅི་ཙམ་ན་དགེ་སློང་དེ་དག་གིས་ཁྱད་པར་མངོན་པར་རྟོགས་པར་གྱུར་ཏོ། །ཇི་སྙེད་པ་ཞེས་བྱ་བ་ནི་ལུས་པ་མེད་པའི་ཚིག་གོ། །དགེ་སྦྱོང་ཞེས་བྱ་བ་ནི་ཡོངས་སུ་གཟུང་
བ་སྤངས་པའོ། །བྲམ་ཟེ་ཞེས་བྱ་བ་ནི་འཇིག་རྟེན་པས་བསྔགས་པའི་དམ་པ་དག་གོ། །འམ་ཞེས་བྱ་བའི་སྒྲ་ནི་ངེས་པ་མེད་པར་བསྒྲུབ་པའོ། །སྲིད་པས་སྲིད་ལས་ཞེས་བྱ་བ་ནི་འཁོར་བས་འཁོར་བ་ལས་སོ། །ངེས་པར་འབྱུང་བ་ནི་མཐར་ཐུག་པའོ། །ཟེར་བ་ནི་སྟོན་པའོ། །དེ་དག་ཐམས་
ཅད་སྲིད་པ་ལས། །ངེས་འབྱུང་མིན་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ནི་གང་གི་ཕྱིར་བདག་ཉིད་ངེས་པར་འབྱུང་བ་དེས་ནི་ཇི་ལྟ་བ་བཞིན་དུ་ལམ་ཕྱིན་ཅི་མ་ལོག་པར་གཞན་དག་ལ་སྟོན་པ་ཡིན་གྱི་གང་ཡང་འཁོར་བ་ལས་ངེས་པར་མ་བྱུང་བ་དེས་ནི་ཇི་ལྟར་ངེས་པར་འབྱུང་བའི་ལམ་
བསྟན་པར་བྱ་བ་འདིར་ནི་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་ཞེས་བརྗོད་པར་བྱའོ། །དགེ་སློང་བྲམ་ཟེ་ཇི་སྙེད་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བསྟན་ལ། སྔ་མས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་

པ་བསྟན་ཏོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདུས་བྱས་ཐམས་ཅད་ཀྱི་འཆིང་བ་དང་བྲལ་བའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་སྔར་བཤད་པའི་སྲིད་པ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་ཞིང་རྣམ་པར་
གྲོལ་བའི་ཕྱིར་རོ། །དེ་རྒྱུ་གང་གིས་དབང་དུ་བྱས་པ་སྟེ་ཚིག་ཙམ་གྱིས་ནི་ཐར་པ་མ་ཡིན་གྱི་ཚད་མ་གང་ཡིན་ཞེས་པའི་དོན་ཏོ། །འདིར་རྒྱུ་སྨྲས་པ། ལེན་པ་ཞེས་བྱ་བ་སྟེ་གང་གིས་ཉེ་བར་ལེན་པ་ཡིན་པས་ལེན་པ་སྟེ། ཐབས་དང་རྒྱུ་དང་མཚན་མ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཉོན་མོངས་པ་དང་ལས་
ཀྱི་བདག་ཉིད་ལེན་པ་འཁྲུག་པ་མེད་པའི་རྒྱུ་ལ་བརྟེན་ནས་ཕུང་པོའི་བདག་ཉིད་འབྱུང་ཞིང་རབ་ཏུ་སྐྱེ་བའོ། །ག་ལས་ཤེ་ན། འདི་ལྟར། སྡུག་བསྔལ་ལས་ནི་ལེན་པ་འབྱུང་། །ཞེས་བྱ་བ་ལས་ཀྱི་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་རབ་ཏུ་སྐྱེས་པའི་སྐྱེ་བའི་ཀུན་ནས་
ཉོན་མོངས་པ་སྟེ། ལེན་པ་འབྱུང་བར་བྱེད་པ་གང་ཡིན་པ་ཡོད་ན་ནི་ཉོན་མོངས་པ་དང་ལས་ལས་སྐྱེས་པའི་སྡུག་བསྔལ་འབྱུང་བ་ཡིན་ནོ། །གང་གིས་སྤངས་པ་དེ་ལས་ནི་སྡུག་བསྔལ་མི་འབྱུང་ངོ་ཞེས་བསྟན་པའི་ཕྱིར། ལེན་པ་ཐམས་ཅད་ཡོངས་ཟད་ན། །སྡུག་བསྔལ་རབ་ཏུ་འབྱུང་བ་མེད། །
ཅེས་སྨོས་ཏེ། རྒྱུ་མེད་པས་འབྲས་བུ་མེད་པར་བསྟན་ཏོ། ཐབས་གང་གིས་ལེན་པ་ཐམས་ཅད་ཟད་པར་འགྱུར་བའི་ཐབས་བསྟན་པའི་ཕྱིར་སྲེད་པའི་རྣམ་པ་ཇི་སྙེད་ཡོད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་ལ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔས་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཐམས་
ཅད་ན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དེ་དམན་པ་དང་གྱ་ནོམ་པ་དང་། གོང་མ་དང་འོག་མའི་དབྱེ་བ་ཡོངས་སུ་བཟུང་བའོ། །དེ་དག་ཐམས་ཅད་ནི་ཁམས་ཐམས་ཅད་དེ་ཁམས་གསུམ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། མི་རྟག་པ་ཞེས་བྱ་བ་སྟེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་
རོ། །འདིའི་ལམ་ཉིད་སྨྲས་པ། སྡུག་བསྔལ་བ་ཞེས་བྱ་བ་སྟེ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་བ་ཡིན་ཞེ་ན། ཡོངས་སུ་འགྱུར་བའི་ཆོས་ཅན་ཞེས་བྱ་བ་སྨོས་ཏེ་ཕྱིན་ཅི་ལོག་གི་དབང་གིས་ཡོངས་སུ་འགྱུར་ཞིང་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཚོགས་པ་

མི་འདྲ་བ་འདུས་པས་གཞན་དུ་འགྱུར་བའི་ཚུལ་ཅན་ཡིན་ནོ་ཞེས་སོ། །དེ་ལྟར་ཞེས་བྱ་བ་ནི་ཉམས་པའི་དབྱེ་བས་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་དག་ལ་ཞེས་བྱ་བ་ནི་གཟུགས་མངོན་པར་འདུས་བྱས་པའམ་སྡུག་བསྔལ་ལ་སོགས་པའི་བདེན་བའོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་
བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་ཞུགས་པའི་ཟག་པ་མེད་པའི་བློས་སོ། །མཐོང་ན་ཞེས་བྱ་བ་ནི་རབ་ཏུ་ཤེས་ཤིང་ངེས་པར་རྟོགས་པས་སོ། །སྲིད་པའི་སྲེད་པ་རབ་ཏུ་སྤོང་བར་འགྱུར། །ཞེས་བྱ་བ་ནི་ཁམས་གསུམ་གྱི་རྗེས་སུ་
ཆགས་པའི་ཀུན་དུ་སྦྱོར་བ་ཡོངས་སུ་སྤངས་པའི་ཕྱིར་རོ། སྲིད་པ་མེད་པས་མངོན་པར་མི་དགའ་བར་འགྱུར་རོ་ཞེས་བྱ་བ་ནི་ཁམས་གསུམ་གྱི་མི་རྟག་པ་དེ་མངོན་པར་མི་འདོད་དེ་སྲེད་པ་ནི་གཉིས་ཏེ། སྲིད་པའི་སྲེད་པ་དང་འབྱོར་པའི་སྲེད་པ་ཞེས་མདོ་ལས་གསུངས་སོ། །སྲིད་པ་སྤངས་པ་
ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་ཏེ། དེ་ལྟར་མྱ་ངན་ལས་འདས་པ་ཞེས་སྨོས་སོ། །ལེན་པ་མེད་ཅེས་བྱ་བ་ནི་རྒྱུ་མེད་པའི་ཕྱིར་ཡང་སྲིད་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྲེད་པ་ནི་ཡང་འཁོར་བའི་རྒྱུ་ཡིན་ཏེ། དེ་ཡང་
སྤངས་པས་གཞན་དུ་ཞེས་བྱ་བ་ནི་འཆི་བར་གྱུར་ན་དུས་གཞན་དུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལེན་པ་མེད་པ་ཡིན་ཞེ་ན། འདི་ལྟར་བདུད་ཟིལ་གྱིས་གནོན་པ་དང་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་བདུད་སྤངས་པའོ། །གཡུལ་ལས་རྒྱལ་བ་དང་ཞེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་ཀུན་
དུ་འཁྲུགས་པ་སྤངས་པའོ། །རབ་ཏུ་འདས་པ་ཞེས་བྱ་བ་ནི་ཐལ་བ་དང་ཉེ་བར་འདས་པའོ། །གང་དེ་ལྟ་བུ་དེ་ནི་བདག་ཉིད་ཆེན་པོ་སྲིད་པ་ཐམས་ཅད་ལས་རབ་ཏུ་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་སྲིད་དུ་གཞན་གྱི་དོན་དུ་འདུག་པ་དེ་སྲིད་དུ་ནི་སྐྱོབ་པ་སྟེ། སྐྱོབ་པ་ནི་འགྲོ་བའི་རྒྱུད་སྐྱོང་
བར་བྱེད་ཅིང་དེ་བཞིན་ཉིད་རྟོགས་པ་དང་དེ་བཞིན་ཉིད་སྟོན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ་ཞེས་བྱ་བ་ནི་འདི་ཉིད་ཉེ་བར་ལེན་པའི་ཕུང་པོའི་མཐར་ཐུག་པ་སྟེ། ཇི་སྐད་དུ་འདི་ནི་ཤིན་ཏུ་མཐར་ཐུག་པའོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །གང་དེ་ལྟ་བུའི་

སྡུག་བསྔལ་གྱི་མཐར་ཕྱིན་པ་དེ་ནི་ཡང་སྲིད་པ་མེད་དོ་ཞེས་བསྟན་པའི་ཕྱིར། དགེ་སློང་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀཽ་ཤཱམྦཱི་ན་དགེ་སློང་དག་མུ་གེ་ཆེན་པོ་བྱུང་བས་སློང་མོས་གཡེངས་ཤིང་ལུས་དང་སེམས་མ་ཞི་བར་གྱུར་ཏེ། ཇི་ཐོབ་པ་ཡང་
འཛིན་པར་བྱེད་དོ། །མུ་གེ་དེ་འདས་ནས་དུས་གཞན་ན་ཡང་དེ་བཞིན་བྱེད་དེ་དེ་དག་དེ་ལས་བཟློག་པའི་ཕྱིར་ཚིགས་སུ་བཅད་པ་དྲུག་གསུངས་སོ། །ཉེ་བར་ཞི་བར་བྱེད་པས་ཉེ་བར་ཞི་བའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དང་རབ་ཏུ་དབེན་པ་དང་ཆོག་ཤེས་པ་ལ་སོགས་པའི་ཉེ་བར་ཞི་བ་དེ་དང་ལྡན་ཞིང་འབྲེལ་
པ་ནི་འདིའི་སེམས་ཞི་བའོ། །ཡང་ན་ཉེ་བར་ཞི་བ་ནི་ལུས་དང་ངག་དང་སེམས་ཞི་བ་སྟེ། དགེ་སློང་དེ་ཉིད་གཉེན་པོ་ཁྱད་པར་ཅན་སྔོན་དུ་བྱེད་པའོ། །བྱ་བ་དེ་ཉིད་ཀྱི་སྒོ་ནས་བསྟན་པའི་ཕྱིར་དངོས་པོ་བཅད་པ་དང་ཞེས་བྱ་བ་ལས་དང་ཉོན་མོངས་པའི་བདག་ཉིད་ཀྱི་དངོས་པོའི་རྒྱུ་གང་གིས་བཅད་པ་དེ་ནི་སྲིད་པའི་
རྒྱུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་སྤངས་པས་འབྲས་བུ་སྤངས་པར་བསྟན་ཏོ། །སྐྱེ་བའི་འཁོར་བ་རྣམ་པར་སྤངས། །ཞེས་བྱ་བ་ནི་སྲིད་པས་ཉེ་བར་མཚོན་པའི་སྐྱེ་བ་ཡོངས་སུ་སྤངས་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི་ཡང་སྲིད་མེད་པར་འགྱུར། །ཞེས་བྱ་བའོ། །གལ་ཏེ་མ་སྤངས་ན་ཅིར་
འགྱུར་ཞེ་ན། གང་ཡང་དེ་ལྟར་གྱུར་པས་ལྷག་མ་དང་བཅས་ཀྱང་བདུད་ལས་ཐར་པ་ཡིན་ནོ་ཞེས་བསྟན་ཏེ། དེ་ནི་བདུད་ཀྱི་འཆིང་ལས་གྲོལ། །ཞེས་བྱ་བ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་སྔོན་དུ་འགྲོ་བས་འཇུག་པའོ། །གང་ཡང་བསྒྲུབ་པར་བྱ་བའི་དབང་པོ་སྡོམ་པར་བཤད་པ། སེམས་ནི་
ཟག་པ་མེད་གྱུར་པ། །ཞེས་བྱ་བ་ཡུལ་དག་ལས་དབང་པོ་སྡོམ་པ་སྟེ། འདི་ལ་འབྱུང་བའི་ཡིད་ཆགས་པའི་དབང་གིས་ཀྱང་འདི་ལྟར་དབང་པོ་འཁྲུལ་པའོ། །དེ་བས་དེ་སྤངས་པའི་ཕན་ཡོན་སྨྲས་པ། སྲིད་པའི་སྲེད་པ་གཏུབས་གྱུར་པ། །ཞེས་བྱ་བ་སྲིད་པ་གསུམ་གྱིས་སྲིད་པ་གང་གིས་
དྲུངས་ཕྱུང་བ་སྟེ། སྲེད་པ་སྤངས་པས་ནི་འདོད་པའི་ཕན་ཡོན་སྤངས་པར་བསྟན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་བསྟན་པ་ལས་དགའ་བོ་གཞན་ཞིག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། རབ་ཏུ་དགའ་བས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་བདག་ནི་འདོད་པའི་འདམ་རྫབ་ལས་རྒལ་

ཏོ་ཞེས་སྨྲས་པ་དང་། དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་བདུན་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་དགེ་སློང་ངོ་། །འདམ་རྫབ་ནི་འདོད་པ་སྟེ། འབྱིང་བ་དང་ཆོས་མཐུན་པས་སོ། །མདོ་ལས་ཀྱང་དགེ་སློང་དག་འདམ་ནི་འདོད་པའི་ཚིག་བླ་དགས་སོ་ཞེས་གསུངས་པའི་ཕྱིར་རོ། །
ལེགས་རྒལ་ཅིང་ཞེས་བྱ་བ་ནི་ཀུན་དུ་བྱུང་བ་སྟེ་འདས་པའོ། །དཀྲུགས་པ་ནི་བཅོམ་ཞིང་སྤངས་པའོ། །གྲོང་གི་ཚེར་མ་ཞེས་བྱ་བ་ནི་རྙེད་པ་དང་། བཀུར་སྟི་ལ་སོགས་པ་འཇིག་རྟེན་གྱི་ཆོས་ཏེ། ཆོས་ཀྱི་སྐུ་ལ་གནོད་པ་བྱེད་པས་ཚེར་མ་དང་ཆོས་མཐུན་པ་ཉིད་དོ། །འདོད་པ་ལས་འདོད་
ཆགས་དང་བྲལ་བར་བསྟན་ནས། ཁམས་གོང་མ་ལས་འདོད་ཆགས་དང་བྲལ་བར་བསྟན་པ། འདོད་ཆགས་ཟད་པ་རྗེས་ཐོབ་པ། །ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་པ་སྤངས་པས་གཞན་ལ་གདུལ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་ཐུལ་བ་དང་ཞེས་བྱ་བ་ནི་ཟིལ་
གྱིས་མནན་ཅིང་གྲོང་གི་ཚེར་མ་རབ་ཏུ་སྤངས་པ་སྟེ། གཞན་གྱིས་བྱས་པའི་རྙེད་པ་ལ་སོགས་པས་ཀྱང་འགྱུར་བ་མེད་ལ་བདག་ཉིད་ཀྱང་གནོད་པ་མི་བྱེད་དེ། བྱམས་པའི་བསམ་པ་དང་ལྡན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། གཤེ་བ་དང་ནི་ཞེས་བྱ་བ་སྨོས་ཏེ་བསྡིགས་པའི་ཚིག་གོ། །གསོད་
པ་དང་འཆིང་བ་ཞེས་བྱ་བ་ནི་གསོད་པ་དང་རྣམ་པར་འཚེ་བ་ལ་སོགས་པ་སྟེ། ཐུལ་བ་དང་ཞེས་བྱ་བ་དང་སྦྱར་རོ། །འདིས་ནི་དགེ་སྦྱོང་བྱེད་པ་ལ་གནས་པ་ཉིད་དུ་བསྟན་ཏོ། །གང་ཞིག་རི་བོ་བཞིན་གནས་ཞེས་བྱ་བ་འདིས་ནི་ཚོགས་ཀྱི་ལམ་ལ་གནས་པ་ཉིད་དུ་བསྟན་ཏོ། །མི་བཀྲི་ཞིང་ཞེས་བྱ་
བ་ནི་ལམ་ཐོབ་པའི་ཚིག་གི་ཚུལ་གྱིས་བབ་ཅོལ་དུ་ཁ་དྲང་བར་མི་ནུས་པའོ། །འདིས་ནི་མི་སློབ་པའི་ལམ་ལ་གནས་པ་བསྟན་ཏོ། །སྡུག་བདེ་ཞེས་བྱ་བ་ནི་ཙན་དན་དང་སྟེ་འུར་མཉམ་པའི་ཕྱིར་རོ། །མི་གཡོས་ཞེས་བྱ་བ་ནི་མི་འགུལ་ཞིང་མི་འགྱུར་བའོ། །གང་དེ་ལྟར་མི་འགྱུར་བ་དེ་
ཉིད་ནི་ཕ་རོལ་མ་ཡིན་པའི་ཕ་རོལ་སྤོང་བར་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ། སྐུར་པ་མི་འདེབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕ་རོལ་མ་ཡིན་པའི་འགྲམ་ནི་རྟོག་པ་དང་བཅས་པར་མི་འདོད་པ་སྟེ། འཇིག་ཚོགས་དེའི་ཚིག་བླ་དགས་སོ། །ཕ་རོལ་གྱི་འགྲམ་ནི་བདེ་ཞིང་ཞི་བ་སྟེ།

ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དེའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་ཞིག་གིས་ཐོས་ནས་འཇིགས་པ་སྐྱེས་ཏེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཕ་རོལ་མ་ཡིན་པ་ནི་གང་གིས་སྤོང་བར་འགྱུར།
ཕ་རོལ་ནི་གང་གིས་ཐོབ་པར་འགྱུར། ཞེས་གསོལ་པ་དང་འདི་གསུངས་སོ། །གང་སྐུར་པ་མི་འདེབས་ཤིང་ཞེས་བྱ་བ་ནི་གང་ལ་གཞན་ལ་མི་འཇུག་ཅིང་མི་འབྱུང་བ་སྟེ། ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་སྡུག་བསྔལ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུ་སྟེ། འདི་ལ་སྐུར་པ་མི་འདེབས་པའི་ངང་ཚུལ་
ཡོད་པ་གང་ཡིན་པ་ཉིད་དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པའི་ཕྱིར་རོ། །སྐུར་པ་མི་འདེབས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་གི་ངོ་བོ་མེད་པའོ་ཞེས་མཐོང་བ་མེད་པའི་ཕྱིར་རོ། །ནལ་པས་རི་ཞེས་བྱ་བ་ནི་བདག་ཏུ་མཐོང་བ་ཡོད་པའི་ཕྱིར་རོ། །ཡང་ན་གཞན་རྩོམ་པ་དང་དམན་པའི་
བརྩོན་འགྲུས་སྤངས་པ་ཡིན་པར་འདི་གཉིས་ཀྱིས་སྟོན་པ་ཡིན་ནོ། །ཡང་ན་ལྷག་པའི་བསམ་པས་བརྩོན་འགྲུས་ཀྱི་འབྲས་བུ་མཆོག་གི་ཤེས་པ་བསྟན་ཏོ། །འཇིག་རྟེན་འདི་ཀུན་རྫོབ་རྟོགས་པ་དགེ་སློང་གང་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་བློས་འགྲོ་བ་ལྔ་པའི་སོ་སོའི་སྐྱེ་བོའི་
འཇིག་རྟེན་རྟོགས་ནས་སོ། །ཡང་ན་བརྫུན་ནི་ཇི་ལྟ་བ་བཞིན་ནོ། །འཇིག་རྟེན་ཀུན་ནི་སྲིད་པ་གསུམ་སྟེ། བསམ་པ་བཟང་པོའི་བརྩོན་འགྲུས་རྩོམ་པའི་ཤེས་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །དགེ་སློང་དེ་ཉིད་ཀྱིས་ནི་སྤོང་སྟེ་ཞེས་བྱ་བ་ནི་འདོར་བའོ། །ཕ་རོལ་མིན་པ་ནི་ཚུ་རོལ་
གྱི་འགྲམ་སྟེ། འཁོར་བ་ཞེས་བྱ་བའི་དོན་ཏོ། །འདིར་དཔེ་བསྟན་པ། སྦྲུལ་རྒས་ཞེས་བྱ་བ་ཡིན་ཏེ། དཔེར་ན་སྦྲུལ་རྒས་པའི་དགུན་གྱི་ལྤགས་རྙིང་ངམ་ཤུན་པ་དཔྱིད་འདོར་བར་བྱེད་པ་དེ་བཞིན་ནོ། །གང་ཞིག་གིས་ཕ་རོལ་སྤོང་བར་ནུས་ཤེ་ན། སྦྲུལ་གྱིས་དུག་བཏང་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །རི་ཁ་བ་ཅན་ན་རབ་ཏུ་བྱུང་བའི་དགེ་སློང་ནམ་མཁའ་ལ་འགྲོ་བ་དག་གིས་བཅོམ་ལྡན་འདས་མཐོང་ནས་ཆོས་མཉན་པའི་ཕྱིར་ལྷགས་ཏེ། བསྒྲུབས་པས་བདེན་པ་མཐོང་བ་དག་ལས་བརྩམས་ཏེ་ཚིགས་སུ་བཅད་པ་དྲུག་གོ། །གང་ཞེས་བྱ་བ་ནི་གང་ལ་ལའོ། །འདི་ན་

ཞེས་བྱ་བ་ནི་འཇིག་རྟེན་ནམ་ཡུལ་ལོ། །ལངས་པ་ནི་གློ་བུར་དུ་བྱུང་བ་སྟེ། འདོད་ཆགས་ཀྱིས་གོས་པ་མེད་པའོ་ཞེས་བྱ་བའི་ཚིག་གིས་སོ། །སྤོང་བ་ནི་འདོར་བའོ། །འདོད་ཆགས་ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བའོ། །ཇི་ལྟར་བྱུང་བ་རྗེས་སུ་མཐུན་
པའི་གཉེན་པོས་སྤོང་བ་ཡིན་ཞེ་ན། བཏང་བ་སྟེ་སེམས་བཞིན་དུ་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །འདིར་ཆོས་མཐུན་པའི་དཔེ་བསྟན་པ་སྦྲུལ་གྱིས་དུག་ཅེས་བྱ་བ་སྟེ་སོ་གདུག་པའི་སྦྲུལ་གྱི་དུག་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་ཡང་། སྨན་བཞིན་དུ་ཞེས་བྱ་བ་ཤིན་ཏུ་ཕན་
པའི་སྟོབས་དང་ལྡན་པའི་སྨན་གྱིས་སྦྲུལ་སོའི་དུག་ཞི་བར་བྱེད་པ་བཞིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །ད་ལྟར་བྱུང་བའི་ཡུལ་གྱི་འདོད་ཆགས་ལ་སོགས་པ་སྤང་ཞིང་འདས་པ་དང་མ་འོངས་པའི་དེ་དག་ཀྱང་སྤང་པའི་ཕྱིར་སྨྲས་པ་མཐུ་ཆུང་འདམ་བུའི་རགས་ལ་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །མཉན་ཡོད་ན་བསོད་སྙོམས་ཀྱི་ཕྱིར་འཇུག་པར་འདོད་པའི་དགེ་སློང་དག་པར་དུ་ཆུ་བོ་ཆེན་པོ་ཡོད་པར་རགས་ཞིག་པར་གྱུར་ཏེ་ཆུ་བོ་དེ་ལས་རྒལ་བར་མ་ནུས་ནས་དེ་ལས་ལོག་སྟེ། ཟན་བཅད་པར་གྱུར་ཏོ། །དེ་དང་འབྲེལ་པའི་མགོན་མེད་ཟས་སྦྱིན་ལ་སོགས་པ་ལ་
ཡང་སྐབས་འདིར་ཚིགས་སུ་བཅད་པ་དྲུག་གསུངས་སོ། །དྲུངས་འབྱིན་ཞེས་བྱ་བ་ནི་བཅད་ཅིང་དྲུངས་ཕྱུང་བ་དང་རྩ་ནས་བཅད་དེ་བོར་བའོ། །མ་ལུས་པ་ཞེས་བྱ་བ་ནི་འདོད་ཆགས་མཐའ་དག་གོ། །ཇི་ལྟ་བུ་ཞེ་ན། འདམ་བུའི་རགས་ལ་ཞེས་བྱ་བ་སྨོས་ཏེ། འདམ་བུའི་རང་བཞིན་གྱིས་
རགས་དང་ཟམ་པའོ། །ཇི་ལྟ་བུ་ཞེ་ན། མཐུ་ཆུང་ཞེས་བྱ་བ་སྟེ། ཤིན་ཏུ་བཟོད་པར་མི་ནུས་ཤིང་རེག་པར་མི་ནུས་པ་ཇི་ལྟར་ཆུ་བོ་ཆེན་པོ་འོངས་ནས་དེ་མ་ཐག་ཁྱེར་བར་བྱེད་པ་བཞིན་ནོ། །འདོད་པའི་ཡོན་ཏན་ཡོངས་སུ་གཏོང་བ་སྔོན་དུ་འགྲོ་བས་འདོད་ཆགས་ལ་སོགས་པ་སྤོང་བར་
སྟོན་ཏོ། ཡུལ་བེར་ཏྱ་ན་གྲོགས་པོ་བདུན་ཞིག་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཐོས་ནས་རབ་ཏུ་བྱུང་བ་ལ་མངོན་པར་དད་དེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་དེ་དག་ལ་གཅིག་ནི་འདོད་པ་ལ་མོས་པའོ། །གཉིས་པ་ནི་རྟག་ཏུ་སྒྲིབ་པ་ཐམས་ཅད་ལ་འཇུག་པའོ། །གསུམ་པ་ནི་

རྣམ་པར་རྟོག་པ་མང་བའོ། །བཞི་པ་ནི་བྱ་བ་མཆོག་ཏུ་བྱེད་པའོ། །ལྔ་པ་ནི་སྲེད་པ་སྤྱོད་པའོ། །དྲུག་པ་ནི་ཞེ་སྡང་སྤྱོད་པའོ། །བདུན་པ་ནི་འདྲེས་པར་སྤྱོད་པ་སྟེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་བདུན་ནོ། །དགེ་སློང་དག་འདོད་པའི་ཡོན་ཏན་ཞེས་
བྱ་བ་ལ། འདོད་པའི་ཡོན་ཏན་ནི་འདོད་པའི་འདོད་ཆགས་ཀྱི་ཡུལ་ལོ། །ཐམས་ཅད་ནི་མ་ལུས་པར་སྤོང་བའོ། །ཇི་ཞིག་བྱས་ནས་ཤེ་ན། འདོད་སྦྱོར་བ་ཞེས་བྱ་བ་གང་དག་གི་ཉོན་མོངས་པའི་བདག་ཉིད་འཆིང་བ་སྟེ། འདོད་པའི་མིང་ཅན་ནོ། །འཆིང་བ་ནི་འདོད་པ་ན་སྤྱོད་པའི་ཀུན་དུ་སྦྱོར་
བའོ། །བསྩལ་བ་ནི་སྤངས་པའི་དོན་ཏེ། དེའི་རྣམ་པའི་ཀུན་དུ་སྦྱོར་བ་སྤངས་ནས་ནི་ཀུན་དུ་སྦྱོར་བ་སྤངས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྒྲིབ་པ་ཐམས་ཅད་སྤངས་ཤིང་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་སྤངས་པའོ། །ཐམས་ཅད་
ཅེས་བྱ་བ་ནི་རྣམ་པ་མང་པོ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་སྤངས་པའི་ཕན་ཡོན་སྨྲས་པ། སྡིག་པ་མེད་ཅེས་བྱ་བ་སྨོས་ཏེ། གང་ལ་སྡིག་པ་མེད་པ་དེ་ནི་སྡིག་མེད་དོ། །ཡང་ན་ཉེ་བར་གནོད་པར་བྱེད་པ་དེའི་རྒྱུའོ། །ཇི་སྐད་དུ་མདོ་ལས་སྡིག་པ་ནི་གསུམ་སྟེ། འདོད་ཆགས་དང་ཞེས་
བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །ཡང་ན་ངན་སོང་གསུམ་དུ་ལྟུང་ཞིང་ཉམས་པའི་ཕྱིར་སྡིག་པ་ནི་ངན་སོང་བའི་ཉེས་པར་སྤྱོད་པའོ། །འདི་ནི་ཁྱད་པར་དུ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཡིད་གཉིས་ཟུག་རྔུ་བཅད་པ་ཡི། །ཞེས་བྱ་བ་སྟེ། བཅད་
པ་ནི་སྤངས་པའོ། །ཡིད་གཉིས་ནི་ཐེ་ཚོམ་གང་ཡིན་པའོ། །ལྟ་བའི་ཟུག་རྔུ་དང་བྲལ་བ་གང་ཡིན་པ་དེ་ནི་དགེ་སློང་ངོ་། །གང་ནི་དགེ་སློང་ངོ་། །རྟོག་པ་རྣམ་བསྩལ་ཞེས་བྱ་བ་ནི་བྲལ་བ་སྟེ། རྟོག་པ་དང་དཔྱོད་པ་དང་བྲལ་བའོ། འདོད་པ་ན་སྤྱོད་པའི་ནི་བསམ་གཏན་དང་པོ་
ལ་བརྟན་ནས་སོ། །བསམ་གཏན་དང་པོའི་ས་པའི་དེ་དག་དང་བྲལ་བ་ནི་གཉིས་པའི་སྟོབས་སོ། །ནང་གི་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་རང་གི་ས་ལ་རང་གི་རྣམ་པར་རྟོག་པ་མེད་དེ་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་དེ་ཡང་ནང་གི་རྣམ་པར་རྟོག་པ་མེད་པའི་སའོ། །མ་ལུས་པ་ནི་

ཐམས་ཅད་དེ་བསམ་གཏན་གཉིས་པ་ནས་བཟུང་ནས་སྲིད་པའི་རྩེ་མོ་གང་ཡིན་པའི་བར་དུ་རྣམ་པར་བསྩལ་པའོ་ཞེས་རྗེས་སུ་སྦྱར་རོ། །ཕུང་པོ་ལྷག་མ་དང་བཅས་པ་བསྟན་ནས་ཕུང་པོ་ལྷག་མ་མེད་པ་སྨྲས་པ་དགེ་སློང་དེ་ཞེས་བྱ་བ་དག་གོ། །གང་ཞིག་འདི་ལ་ཀུན་གཞི་འགའ་མེད་དེ། །
ཞེས་བྱ་བ་ལ། འདི་ན་ཞེས་བྱ་བ་འདོད་པའི་ཁམས་སམ་འཁོར་བའོ། །གང་ཞིག་ཅེས་བྱ་བ་ནི་གང་ལ་ལུས་ཀྱང་སྐྱེ་བའི་སྐབས་མེད་དེ་ངན་པར་སྤྱོད་པ་ཐམས་ཅད་སྤངས་ཤིང་ཡང་སྲིད་པའི་རྒྱུ་སྤངས་པའི་ཕྱིར་རོ། །འདིས་ནི་སྲིད་པ་གསུམ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏེ་འདོད་
པའི་ཁམས་ཀྱི་གནས་སྤངས་པ་སྔོན་དུ་འགྲོ་བས་ནི་སྲིད་པའི་གནས་ཐམས་ཅད་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྩ་བ་ཞེས་བསྟན་ཏེ། གང་གི་རྩ་བ་ཞེ་ན། མི་དགེ་བ་ཞེས་སྨོས་ཏེ་མི་དགེ་བ་ནི་ཆགས་པ་ལ་སོགས་པ་སྟེ་དགེ་བ་དང་མི་དགེ་བའི་རྩ་བའོ། །འདོད་པ་ལས་འདས་པས་ནི་རྩ་ནས་
འདོན་ཅིང་དྲུངས་ནས་འབྱིན་པ་ཡིན་ནོ། །ཡང་ན་ཟད་པ་ཤེས་པའི་དུས་སུ་བསྡུས་ནས་སྤོང་བའི་ཕྱིར་རོ། །ནགས་སྦྱོར་ཞེས་བྱ་བ་ནི་ནགས་བཞིན་དུ་སྦྱོར་བ་ཡིན་ཏེ། བྱིས་པ་ཞེས་བྱ་བས་སོ། །ནགས་སྦྱོར་དང་། ནགས་བསྐྱེད་དང་