Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 149
Văn bản gốc(Tây Tạng)
Trang 2 / 17 (50.000 ký tự/trang)
ས་པའོ། །གཞན་དག་ཏུ་ནི་ཚོར་བར་འགྱུར། །ཞེས་བརྗོད་དེ། ཤེས་པར་འགྱུར་ཞེས་བྱ་བའི་ དོན་ཏོ། །གཤིན་རྗེའི་འཇིག་རྟེན་ཞེས་བྱ་བ་ནི་ངན་སོང་གི་གནས་ཏེ། །གང་གི་ཕྱིར་འདི་ནས་དཔག་ཚད་ལྔ་བརྒྱ་འདས་པ་ན་གཤིན་རྗེའི་རྒྱལ་པོའི་ཕོ་བྲང་ཡོད་དེ། དེར་དམྱལ་བའི་སྲུང་མས་སྐྱེ་བ་ཁྱེར་བར་བྱེད་དོ། །ལས་ཀྱི་ཉེས་པ་དང་ཇི་ལྟར་ ལྡན་པ་བཞིན་དུ་སྒྲུབ་པར་བྱེད་ཅིང་དེ་ཡང་ཡང་སོས་ལ་སོགས་པར་ལྷུང་བར་འགྱུར་ཏེ། ལྷའི་ཕོ་ཉའི་མདོ་འདིར་དཔེར་བརྗོད་པར་བྱའོ། །དེ་བཞིན་དུ་ཞེས་བྱ་ནི་རྣམ་པ་དེས་གཤིན་རྗེའི་འཇིག་རྟེན་ལས་རྒྱལ་བ་ཞེས་བྱ་བའི་དོན་ཏོ། །ལྷར་བཅས་ཞེས་བྱ་བ་ནི་ལྷ་དང་བཅས་ པའི་གཤིན་རྗེའི་འཇིག་རྟེན་ཏེ། ལྷའི་འཇིག་རྟེན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིས་ནི་རབ་ཏུ་གྲགས་པའི་འཇིག་རྟེན་གསུམ་བསྟན་ཏེ། ལྷ་དང་མི་དང་གཤིན་རྗེའི་འཇིག་རྟེན་གྱི་བདག་ཉིད་དོ། །དེ་སྲིད་པ་གསུམ་ལས་རྒྱལ་ཏེ། སེང་གེའི་སྟན་ལ་འདུག་ནས་ཆོས་ཀྱི་ རྒྱལ་པོས་ཆོས་སྟོན་པར་གྱིས་ཤིག་པ་སྟེ། དེ་བས་ན་ཆོས་ལས་རྒྱལ་བར་འདོད་པའི་ཚུལ་བསྟན་པའི་ཕྱིར། ཆོས་གཞི་གང་ཞེས་བྱ་བ་སྨོས་ཏེ། གང་གིས་ཆོས་ཀྱི་རྣམ་པར་གནས་པར་འགྱུར་པ་དེ་ནི་ཆོས་ཀྱི་གཞི་སྟེ། ཆོས་བསྟན་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་ པ་ནི་སྟོན་མཁས་ཞེས་བྱ་བ་ཡིན་ཏེ། ལེགས་པར་གསུངས་པ་སྟེ་སྡིག་པ་མི་བྱ་བ་དང་། སྡིག་པ་བྱེད་པ་དང་ལྷན་ཅིག་མི་གནས་པ་དང་། ལེགས་པར་སྤྱོད་པ་ལ་འབད་ཅིང་དབང་པོ་དུལ་བར་བྱ་བ་སྟེ། དེ་བས་ན་དེ་ལྟ་བུའི་ཚིག་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུས་འཁོར་ལོ་བསྐོར་ བའི་ཆོས་ཏེ། དེ་ལྟ་བུར་གྱུར་པའི་ཆོས་ཀྱི་གཞི་གང་ཞིག་རབ་ཏུ་འདོད་པའི་ཞེས་བྱ་བ་སྦྱར་བར་བྱའོ། །དཔེ་ནི་གང་ཇི་ལྟ་བུ་ཞེ་ན། །མེ་ཏོག་ལྟ་བུར་ཞེས་བྱ་བ་སྟེ། དཔེར་ན་མེ་ཏོག་ཕྲེང་རྒྱུད་མཁན་རང་གི་ལས་ལ་མཁས་པས་སྐྱེད་མོས་ཚལ་ལས་མེ་ཏོག་བླངས་ཏེ། མེ་ཏོག་གི་ཕྲེང་བ་རྣམ་པ་སྣ་ ཚོགས་སུ་ལེགས་པར་བཀོད་ཅིང་གཞན་དག་ལ་སྦྱིན་པར་བྱེད་པ་དེ་བཞིན་དུ་དམ་པ་དེས་ཀྱང་གྱ་ནོམ་པའི་བསྟན་བཅོས་ལས་ཆོས་ཀྱི་གཞི་བླངས་ཏེ། རྗེས་སུ་མཐུན་པའི་རིམ་པས་འབྲེལ་བར་བྱས་ནས། འཁོར་དག་ལ་སྟོན་པར་བྱེད་དོ། །རབ་ཏུ་འདོད་པ་ཞེས་བྱ་ བ་ནི་རབ་ཏུ་འགོད་པར་བྱེད་པའོ། །འདིའི་ལན་གསུངས་པ། སློབ་པ་ཞེས་བྱ་བ་ནི་བསླབ་པ་གསུམ་ལ་སློབ་པའི་ཕྱིར་སློབ་པ་སྟེ། འདི་ལྟར་ཞི་བར་འདོད་པ་དེ་བས་ནི་སློབ་པའོ་ཞེས་མདོ་ལས་གསུངས་སོ། །ལུས་དང་ངག་དུལ་བ་དང་། སེམས་དུལ་བ་དེའི་ཐབས་ ཀྱི་ཡེ་ཤེས་དང་ལྡན་པའི་སྐྱེས་བུ་དམ་པ་དུལ་བའི་ཁྱད་པར་གྱི་དོན་ཏེ་དེ་ཡང་ཐར་པ་ཐོབ་པའི་ཕྱིར་བདག་གིར་བྱེད་པ་དང་། །རྗེས་སུ་མཐུན་པའི་ཐབས་སོ། །དེ་ཞེས་བྱ་བ་ནི་དེ་ཉིད་དོ། །ཉོན་མོངས་པ་སྤོང་བའི་ལམ་བསྒོམ་པ་མེད་པར་ནི་སྲིད་པ་གསུམ་པོ་མཐའ་དག་ཟིལ་གྱིས་གནོན་པའི་ནུས་པ་ནི་ སུ་ལ་ཡང་སྐྱེ་བར་མི་འགྱུར་རོ། །གང་གི་ཕྱིར་ཡོན་ཏན་ནི་སྐྱོན་འཇིག་པ་ཡིན་ཏེ། སྐྱོན་རྣམ་པར་སྤངས་པས་ནི་ཐམས་ཅད་ལས་རྒྱལ་བ་ཉིད་དོ། །ཆོས་གཞི་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་དང་ལྡན་པའི་རྣམ་པ་ཡིན་ཏེ། ལེགས་པར་སྤྱོད་པ་ཐམས་ཅད་ཀྱི་གཞི་ཡིན་ པའི་ཕྱིར་རོ། །ལེགས་པར་སྟོན་མཁས་ཞེས་བྱ་བའི་དོན་དང་ཚིག་འབྲུའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཞན་དག་ནི་འཕགས་པའི་བདེན་པ་བཞི་ལ་ཆོས་ཀྱི་གཞི་ཞེས་ཟེར་རོ། །གཞན་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་ཟེར་རོ། །ལྷག་མ་ནི་གོང་ མ་བཞིན་ནོ། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་གཉེན་པོ་བསྟན་པའི་ཕྱིར། ནགས་ཚལ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་མེ་ཏོག་ནི་ནགས་ཚལ་ལས་སྐྱེས་པ་ཡིན་ཏེ། བསྟན་མ་ཐག་པའི་ཚིགས་བཅད་དང་ནགས་འབྲེལ་པའི་ ཕྱིར་རོ། །རྒྱལ་པོའི་ཁབ་ན་ལ་དའི་གྲོང་ཞིག་ན་ན་ལ་ད་དང་ཨུ་པ་ན་ལ་ད་ཞེས་བྱ་བའི་བྲམ་ཟེ་གཉིས་གནས་སོ། །དེ་ལས་བྲམ་ཟེ་ཨུ་པ་ན་ལ་ད་ལ་ཁྱེའུ་གཟུགས་བཟང་བ་ཞིག་བཙས་སོ། །དེ་ཡང་མཚན་ལྟས་མངོན་པར་ཤེས་པ་ཞིག་པས་དེ་ཚེ་ཐུང་བར་ མཐོང་ནས་སེམས་མི་དགའ་བར་གྱུར་ཏེ། བུའི་དོན་དུ་ལྟས་བསང་གི་མཆོད་སྦྱིན་ལ་སོགས་པས་ཚངས་པ་མཉེས་པར་བྱས་སོ། །དེས་དེ་ལ་ཅི་འདོད་མཆོག་སློངས་ཤིག་ཅེས་བྱས་པ་དང་། ངའི་བུ་ཚེ་རིང་བར་འདོད་དོ་ཞེས་སྨྲས་སོ། །དེས་སྨྲས་པ། དེ་ནི་ངས་ ནུས་པ་མ་ཡིན་ཏེ། དྲང་སྲོང་ཆེན་པོས་ཤེས་སོ་ཞེས་སྨྲས་ནས་ཚངས་པ་མི་སྣང་བར་གྱུར་ཏོ། །དེ་ཐོས་པས་རི་ཁ་བ་ཅན་ན་མེ་ཏོག་ཅན་ཞེས་བྱ་བའི་དཀའ་ཐུབ་ཀྱི་གནས་ན་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་དྲང་སྲོང་ཆེན་པོ་ཡོད་པ་དེ་དག་ལ་དེས་བསྟན་པ་བཞིན་དུ་ མཉེས་པའི་མཆོད་སྦྱིན་བརྩམས་སོ། །དེ་དག་ཀྱང་འོངས་སོ། །དེ་ནས་དེ་དག་ལ་བུ་བྱིན་ཏེ། ཁྱེར་ནས་དཀའ་ཐུབ་ཀྱི་གནས་སུ་སོང་སྟེ། དེས་ཀྱང་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིང་ཁྱད་པར་དུ་མཆོད་པའི་གནས་སུ་གྱུར་ཏོ། །ཇི་ཙམ་ན་འཁོར་རྣམས་ལ་ཆོས་སྟོན་པ་གཤིན་ རྗེས་མཐོང་སྟེ། ཞག་བདུན་ནས་འཆི་བར་འགྱུར་རོ་ཞེས་ནས་བསྐུལ་བར་གྱུར་ཏོ། །དེས་སྨྲས་པ། བདག་ནི་དབང་དུ་གྱུར་ཏོ་ཞེས་སོ། །གཤིན་རྗེས་སྨྲས་པ། ད་དུང་ཁྱོད་འཕགས་པའི་དབང་ཉིད་དུ་གྱུར་པ་ནི་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་བརྟེན་པར་གྱིས་ ཤིག་དང་། དེ་ནི་ད་ལྟར་ཡུལ་བཱ་རཱ་ཎ་སཱི་ན་བཞུགས་ཏེ། འཕགས་པའི་དབང་ཐོབ་པ་ནི་དེ་ལ་རག་ལས་པ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དེ་ཉི་མའི་ཚ་བ་བསྐྱབ་པའི་ཕྱིར་ཀེ་ས་ར་ཞེས་བྱ་བའི་ཤིང་ཆེན་པོ་གཉིས་ཕྱུང་སྟེ། དྲང་སྲོང་ལྔ་བརྒྱའི་འཁོར་དང་བཅས་པ་ནམ་མཁའ་ལ་ འཕུར་ཏེ་སོང་ནས་ནམ་མཁའ་ལ་གནས་པ་ཉིད་ཀྱིས་ཆོས་ཉན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་གཞོན་ནུ་སྔོན་ནས་ཀྱི་ཐོང་ཞེས་བཀའ་སྩལ་པ་དང་། ཤིང་གཅིག་བོར་རོ། །རྒྱབ་ཀྱི་ཐོང་ཞེས་བཀའ་སྩལ་པ་དང་། ཤིང་གཉིས་པ་བོར་རོ། །བར་གྱི་ཐོང་ཞེས་བཀའ་སྩལ་པ་དང་། བདག་ ཉིད་འཁོར་དང་བཅས་པ་ས་ལ་ལྷགས་པར་གྱུར་ཏོ། །མདུན་དང་རྒྱབ་ཀྱི་ཐོང་ཞེས་བྱ་བ་དེ་དག་ལས་བརྩམས་ཏེ། ཚིགས་སུ་བཅད་པ་གསུངས་པ་ནས། ཇི་སྲིད་དུ་རབ་ཏུ་བྱུང་སྟེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །ཚིགས་བཅད་འདིའི་དོན་ནི་རྣམ་པ་ གཉིས་ཏེ། རེ་ཞིག་སྒྲ་ཇི་བཞིན་པ་བཤད་དོ། །ནགས་ཚལ་ཞེས་བྱ་བ་ནི་ཤིང་དང་ལྡུམ་བུ་དང་རྩྭ་ལ་སོགས་པའི་ནགས་སྟུག་པོའོ། །བཅད་ཀྱི་ཞེས་བྱ་བ་ནི་ཕྱུང་བ་དང་ཉམས་པར་བྱས་པའོ། །ཤིང་མ་ཡིན་ཞེས་བྱ་བས་ཤིང་གཅིག་པུ་འགྲེང་བ་ནི་མ་ཡིན་ནོ། །ཅིའི་ ཕྱིར་ཞེ་ན། ནགས་ཚལ་ལས་ནི་འཇིགས་སྐྱེས་ཕྱིར། །ཞེས་བྱ་བ་སྨོས་ཏེ། ནགས་ཚལ་ཉིད་ལས་ནི་འདི་ལྟར་སེང་གེ་དང་རྐུན་མ་ལ་སོགས་པའི་འཇིགས་པ་འབྱུང་བ་ཡིན་ཏེ། ཤིང་གཅིག་ལས་ནི་མ་ཡིན་ནོ། །ནགས་བཅད་པའི་ཕན་ཡོན་བསྟན་པའི་ཕྱིར། ནགས་དང་ནགས་ སྦྱོར་ཆོད་ཅིག་དང་། །ཞེས་བྱ་བ་སྨོས་ཏེ། ནགས་དང་ནགས་ཀྱི་རྩ་བ་སྟུག་པོ་འཇིག་པར་གྱིས་ཤིག་པའོ། །གང་ལ་བརྟེན་ནས་ནགས་སྐྱེ་བར་འགྱུར་བ་དེ་བསྲུངས་པས། འབྱུང་མི་འགྱུར་ཞེས་བྱ་བ་ནི་འཇིགས་པ་མེད་པར་འགྱུར་བ་སྟེ། རྒྱུ་ཁྱེད་ཀྱིས་མེད་པར་བྱས་པས་ཞེས་ བྱ་བའི་དོན་ཏོ། །ཀྱེ་དགེ་སློང་དག་ངའི་ཚིག་གི་རྗེས་སུ་འབྲང་བར་གྱིས། དོན་དམ་པར་ནི་ནགས་ཚལ་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་མ་ཆད་པ་ལ་བསྟན་པ་སྟེ། ཉོན་མོངས་པའི་སྒྲིབ་པ་ཡིན་པའི་ཕྱིར་འདི་ལྟར་ནགས་ནི་སྒྲིབ་པའོ། །ཤིང་ནི་ཤིན་ཏུ་དྲག་པའིཉོན་མོངས་ པ་ཉིད་དོ། །ཅིའི་ཕྱིར་ནགས་ཉིད་གཅད་པར་བྱ་བ་ཡིན་ཞེ་ན། ནགས་ཚལ་ལས་ནི་ཞེས་བྱ་བ་སྨོས་ཏེ། དེ་ནི་རྟག་ཏུ་འཇུག་པས་གནོད་པ་དང་ཕ་རོལ་གནོན་པའི་དུས་མེད་ཅིང་དེ་ལྟར་དེ་ལ་གཉེན་པོ་བསྒོམ་པའི་སྐབས་མེད་དེ། དེ་ལས་འཇིགས་པར་བྱའོ། །གང་ཉོན་མོངས་ པ་དྲག་པོ་ནི་རེས་འགའ་ཀུན་དུ་འབྱུང་ཡང་དེའི་གཉེན་པོ་བསྒོམ་པའི་སྐབས་ཡང་དག་པར་ཡོད་ཅིང་གནོན་པར་འགྱུར་བའི་སྐབས་ཡོད་དེ། དེས་ན་འདི་ནི་ཉོན་མོངས་པའི་སྒྲིབ་པ་མ་ཡིན་པར་བསྟན་ཏོ། །སྐྱེས་པ་ནི་འབྱུང་བའོ། །འཇིག་པ་ནི་སྐྱེ་བ་ལ་སོགས་པའོ། ། ནགས་ཆོད་ཅིག་དང་ཞེས་བྱ་བ་ནི་གཉེན་པོའི་སྟོབས་ཀྱིས་དེ་སྤང་བའི་ཕྱིར་རོ། །ནགས་སྦྱོར་ཞེས་བྱ་བ་ནི་སྲེད་པའམ། སྐལ་བ་མཉམ་པའི་རྒྱུ་ལ་འཇུག་པ་བཅད་པ་སྟེ། སོ་སོར་བརྟགས་པའི་འགོག་པ་ཐོབ་པས་གསལ་བའི་ཕྱིར་རོ། །མྱ་ངན་ལས་འདའ་བར་འགྱུར་ ཞེས་བྱ་བ་ནི་ཁྱེད་ཅག་འཇིགས་པའི་རྒྱུ་དང་བྲལ་བར་འགྱུར་བ་སྟེ། ཉོན་མོངས་པ་དང་ལས་ལས་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དགེ་སློང་དག་ཅེས་བྱ་བ་ནི་ཁྱིམ་གྱི་གནས་ཡོངས་སུ་སྤངས་པའོ། །ཉོན་མོངས་པ་སྤངས་པའི་ཕྱིར་ཡང་རབ་ཏུ་བྱུང་ཞེས་བྱ་ བར་འདོད་དོ། །ཉོན་མོངས་པ་མང་པོ་དེ་དག་ལ་འདིས་དེ་ཀུན་དུ་སྤྱོད་པར་ལྡོག་པས་བསྟན་ཏོ། །དེ་ཐོས་པས་ལམ་བསྒོམ་པ་ལ་མངོན་པར་བརྩོན་པར་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པར་གྱུར་ཏོ། །ནགས་སྦྱོར་མ་བཅད་པའི་ཉེས་དམིགས་ བསྟན་པའི་ཕྱིར། གལ་ཏེ་ནགས་སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཨཾ་ག་ད་ན་ཨུད་ཏ་ར་པ་ར་ཤརྱའི་ཉན་ཐོས་ཨུ་ཏ་ར་ཞེས་བྱ་བ་དེར་ནོར་དང་འབྲུ་ལ་སོགས་པ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་བུ་ལ་བྱིན་ཏེ། བདག་ནི་ཡོངས་སུ་གཟུང་བ་མེད་པས་གྲོལ་བར་འགྱུར་ རོ་ཞེས་བསམས་སོ། །ཇི་ཙམ་ན་བུ་ཤི་ཞིང་ཁྱིམ་མེས་ཚིག་ལ་ཉེ་དུའི་ཚོགས་མང་དུ་རྣམ་པར་ཉམས་པ་ལས་དེའི་ཆེད་དུ་ལྷག་པར་མྱ་ངན་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུད་ཏ་ར་པ་ར་ཤརྱའི་ཉན་ཐོས་དེ་དག་ནི་དབང་པོ་བསྒོམ་པ་ཡིན་ནོ་ཞེས་སྟོན་ཏོ། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་འདི་ལ་མིག་གིས་གཟུགས་ལ་མི་ལྟ་བ་དང་། རྣ་བས་སྒྲ་མི་ཉན་པ་ལ་སོགས་པའོ། །དེ་ལྟ་ན་ངའི་ཚིག་གིས་ནི་ལོང་བ་ཡང་དབང་པོ་བསྒོམ་པར་འགྱུར་ལ། འོན་པ་ཡང་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་གསུངས་སོ། ། བཙུན་པ་ཇི་ལྟར་དབང་པོ་བསྒོམ་པར་བཏགས་པ་ལགས། དེ་དགེ་སློང་དག་གང་གིས་འདུན་པའི་འདོད་ཆགས་སྤངས་ཏེ། དེ་སྤངས་པ་ཉིད་ཀྱིས་ནི་ཁྱེད་ཅག་གི་མིག་ཡོངས་སུ་སྤངས་པ་སྟེ། དེས་ན་འདི་གསུངས་སོ། །ཇི་སྲིད་ཅེས་བྱ་བ་ནི་དུས་རྣམ་པར་གཅད་པའི་དོན་ཏེ། དུས་ཇི་སྲིད་དུའོ། །ནགས་སྦྱོར་ཞེས་བྱ་བ་ནི་སྲིད་པའི་ནགས་སྟུག་པོའི་རྒྱུ་སྲེད་པའོ། །མ་བཅད་ན་ཞེས་བྱ་བ་ནི་མ་སྤངས་ནའོ། །ཕྲ་རབ་ཀྱིས་ཀྱང་ཞེས་བྱ་བ་ནི་ཆུང་མའི་རྣམ་པ་ཡང་སྟེ། སྲིད་པའི་རྩེ་མོའི་ཡང་རྡོ་རྗེ་ལྟ་བུས་སྤང་བར་བྱ་བ་ཡིན་ན། གཞན་ལྟ་ཅི་སྨོས། མི་རྣམས་ ནི་སེམས་ཅན་ནོ། །སྐྱེ་བ་ནི་སྲིད་པ་དག་ཏུའོ། །འདིས་ནི་སྲིད་པའི་ཡུལ་ཉིད་སྲེད་པ་ཞེས་སྟོན་པ་ཡིན་ནོ། །ཡང་ན་ས་དགུ་དག་ཏུ་སྟེ་དུས་དེ་ཙམ་གྱི་བར་དུའོ། །ཡིད་ནི་རབ་ཏུ་འཆིང་ཞེས་བྱ་བ་ནི་གཞན་གྱི་དབང་དུ་བྱས་པའི་སེམས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔར་ སྤངས་པའི་རྣམ་པས་ལྷག་མ་ནི་དེའི་ཡུལ་གྱིས་དྲི་མ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཡིས་ཞེས་བྱ་བ་ནི་སྲིད་པ་མ་བཅད་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་དང་སྐྱེ་བ་དག་ཏུའོ། །ཇི་ལྟ་བུ་ཞེ་ན། མ་དྲུང་ནུ་ཞོ་འདོད་བེའུ་ལྟར། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ནུ་ཞོ་འདོད་པའི་བེའུ་ནི་ནུ་ཞོ་ འཐུང་བའི་བེའུ་སྟེ། མའི་དྲུང་དུ་ཡིད་འཆིང་བ་དེ་བཞིན་དུའོ། །ཇི་ལྟར་སྲེད་པ་སྤང་བར་བྱ་ཞེ་ན། ལག་པས་སྟོན་ཀའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེད་མོས་ཚལ་ཞིག་ཏུ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གཤེགས་ཏེ། དེར་ཡང་སྐྱེས་བུ་ཞིག་མཚོ་ཆེན་ པོ་དེ་ལ་ཞུགས་ནས་པདྨ་རྣམས་རྩ་བ་ནས་འབྱིན་པར་བྱེད་དོ། །ཇི་ཙམ་བཅོམ་ལྡན་འདས་བླ་གོས་བཞི་བལྟབ་ཀྱི་གདན་ལ་བཞུགས་ཏེ། གནས་བརྟན་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་གནས་པའི་ས་ཅན་ལ་བཀའ་སྩལ་པ། ས་ཅན་སྲེད་པ་ནི་དྲ་བ་དང་ཡུལ་ལ་ཆགས་པ་ཡིན་ནོ་ཞེས་བཀའ་སྩལ་ ཏེ། ཇི་ཙམ་ན་འདི་གསུངས་སོ། །བཅད་ནས་སུ་ཞེས་བྱ་བ་ནི་རང་གི་གཉེན་པོ་ཇི་ལྟ་བས་ཕྱུང་བ་དང་སྤངས་པ་སྟེ། ཞི་བའི་ལམ་ནི་བསྐྱེད་པར་གྱིས། །ཞེས་བྱ་བ་དང་སྦྱར་རོ། །འཇིག་རྟེན་པའི་གཉེན་པོས་བཀག་ནས་ལམ་གྱིས་དྲུངས་འབྱིན་པར་བྱེད་དོ། དགའ་བ་ནི་སྲེད་པ་ སྟེ། བདག་དང་འབྲེལ་པའི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བདག་ལ་ཞེས་བྱ་བ་ནི་གནས་ཀྱི་རྒྱུད་ལ་གནས་པའི་སྲེད་པ་སྤང་བར་ནི་གང་གིས་ཀྱང་ནུས་པ་མེད་པའི་ཕྱིར་རོ། །ཐུབ་པའི་དབང་པོ་ནི་བདག་གྲོལ་བར་མཛད་ནས་གཞན་མཐའ་དག་གྲོལ་བར་སྤྱོད་པའོ། །ཡང་ན་བདག་ ལ་ཞེས་བྱ་བ་ནི་བདག་གི་སེམས་ལའོ། ཇི་ལྟར་ཞེ་ན། ལག་པས་སྟོན་ཀའི་པདྨ་ལྟར། །ཞེས་བྱ་བ་སྟེ། དཔེར་ན་འགའ་ཞིག་པདྨའི་ནགས་ལས་སྟོན་གྱི་དུས་སུ་བྱུང་བའི་པདྨ་འབྱིན་པར་བྱེད་པ་དེ་བཞིན་དུ་སེམས་ལས་འདོད་ཆགས་དང་སྲེད་པ་སྤང་བར་བྱའོ། །ལམ་ཉིད་ གཉེན་པོ་ཡིན་ཏེ། དེ་བས་ན་དེ་བསྒོམ་པ་ལ་གཟུད་པའི་ཕྱིར། ཞི་བའི་ལམ་ནི་སྐྱེད་པར་གྱིས། །ཞེས་བྱ་བ་སྨོས་ཏེ། མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་ནི་ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་སྤོང་བའི་ཕྱིར་སློབ་པའི་ལམ་བསྒོམ་པར་གྱིས་ཤིག་ཅེས་ བྱ་བའི་དོན་ཏོ། །བསྐྱེད་པར་གྱིས་ཞེས་བྱ་བ་ནི་ཆུང་ངུ་དང་བར་མ་དང་ཆེན་པོའི་རིམ་པས་འཕེལ་བར་གྱིས་ཤིག་པའོ། །ཅིའི་ཕྱིར་ལམ་བསྐྱེད་པར་བྱ་ཞེ་ན། སྨྲས་པ་མྱ་ངན་ལས་འདས་པའི་ཕྱིར་ཞེས་བྱ་བ་སྟེ། སྡུག་བསྔལ་ལས་ལྡོག་པའི་ཕྱིར་དང་། ཐར་པ་ ཐོབ་པར་བྱ་བའི་ཕྱིར་རོ། །གང་གིས་བསྟན་པའི་ལམ་གྱིས་མྱ་ངན་ལས་འདས་པའི་ཕྱིར་བསྐྱེད་པར་བྱ་ཞེ་ན། རྒྱལ་བས་གསུངས་པ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱིས་གསུངས་པའོ། །དེས་བསྟན་པ་ནི་འཁྲུལ་པ་མེད་པའི་ཕྱིར་གཅིག་ཏུ་བསྒོམ་པར་བྱའོ་ཞེས་ བསྟན་ཏོ། །གང་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་དེ་ལ་ནི་བདག་ཀྱང་གནས་པ་ཡིན་ལ། ཕྱིན་ཅི་མ་ལོག་པར་བསྟན་པའི་དངོས་པོ་ནི་སྒྲུབ་པ་དང་འབྲས་བུ་ཡིན་པའི་ཕྱིར། གཞན་དུ་ན་འཇུག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟར་མེ་ཏོག་ཡིད་འོང་བ། །ཞེས་བྱ་བ་ལ་སོགས་པའོ། ། ཡང་བཅོམ་ལྡན་འདས་དགོན་པར་རྒྱུ་ཞིང་གཤེགས་པ་དང་། ཤིང་ཀོ་ཤ་ཏ་ཀི་དང་། དངོ་ཀའི་ཤིང་གི་མེ་ཏོག་ལ་སོགས་པ་མདོག་ཤིན་ཏུ་བཟང་པོ་ཡོད་ལ། དྲི་ཤིན་ཏུ་མི་ཞིམ་པ་དང་དྲི་ང་བ་གཟིགས་སོ། །གཞན་དག་ནི་མདོག་དང་དྲི་དང་ལྡན་པ་སྟེ། སྲི་ཤིང་གི་མེ་ཏོག་ལ་སོགས་པ་ གཟིགས་ནས། དེའི་ཕྱིར་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུའོ། །མེ་ཏོག་ཡིད་དུ་འོང་བ་ནི་ཡིད་འཕྲོག་ཅིང་མཛེས་ལ་སིམ་པར་བྱེད་པའི་མེ་ཏོག་གོ། །གང་གིས་ཚིམ་པར་བྱེད་པ་བསྟན་པའི་ཕྱིར། ཁ་དོག་བཟང་པོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མདོག་ཕུན་སུམ་ཚོགས་པར་བསྟན་པའོ། །དེ་ལས་བླང་བར་མི་བྱ་བའི་རྒྱུ་བསྟན་པའི་ཕྱིར་སྨྲས་པ། དྲི་མེད་ཅེས་བྱ་བ་ཡིན་ཏེ་དྲི་བཟང་པོ་མེད་པ་སྟེ། དྲི་སྨད་པ་དང་དྲི་ང་བ་དེ་གང་ལ་ཡོད་པའི་དྲི་ང་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ལེགས་པར་གསུངས་པའི་ཚིག །ཅེས་བྱ་བ་ ནི་དེ་བཞིན་དུ་དངོས་པོ་གསལ་བར་བྱེད་པའི་ཚིག་འབྲས་བུ་མེད་པར་མ་བྱེད་ཅིག་པ་སྟེ། དེ་ལྟར་ཕན་ཡོན་མེད་པའི་ཕྱིར་དེ་དང་མཐུན་པར་སྤྱད་པར་མི་བྱའོ། །ལེགས་པར་བཤད་པ་ལ་ནི་གང་ཟག་གི་སྒྲུབ་པ་སྙིང་པོར་བྱ་བ་ཡིན་ནོ། །ཇི་ལྟར་མེ་ཏོག་ཡིད་འོང་བ། །ཞེས་བྱ་བ་ཁ་དོག་ གིས་ནི་ཐག་རིང་པོ་ནས་ཡིད་འཕྲོག་པར་བྱེད་དོ། །དྲི་ཞིམ་པོ་ཉིད་ཀྱིས་ནི་ཉེ་བ་ནས་ཡིད་འཕྲོག་པར་བྱེད་དོ། །དེ་བཞིན་ལེགས་པར་གསུངས་པའི་ཚིག་ཐོས་ནས་ཞེས་བྱ་བ་སྟེ་ལྷག་མ་དག་ནི་ཤེས་པར་སླའོ། །གང་འཚེ་བ་མེད་པ་དེ་ཁོ་ན་ནི་ལེགས་པར་གསུངས་པའི་དོན་སྒྲུབ་པ་ཡིན་ནོ་ཞེས་ བསྟན་པའི་ཕྱིར། ཇི་ལྟར་བུང་བ་མེ་ཏོག་གི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་གྱི་ཉན་ཐོས་རྙེད་པ་དང་བཀུར་སྟི་འདོད་པ་དག་ཡོད་དོ། །དེའི་ཕྱིར་དང་པོར་སོ་སོར་ཐར་པ་འདི་བསྟན་པར་གྱུར་ཏོ། །གཞན་དག་ནི་རྒྱལ་བྱེད་ཀྱི་ ཚལ་ན་སེར་སྣ་ཅན་ཤིན་ཏུ་བརྐམ་པ་ཀོ་ཤི་ཀ་ཞེས་བྱ་བའི་ཚོང་དཔོན་གྲོང་དང་གྲོང་དག་ལས་ཀྱང་ནོར་དག་ལེན་པར་བྱེད་དོ། དེ་ལས་བརྩམས་སོ་ཞེས་ཟེར་རོ། །ཇི་ལྟར་བུང་བ་ཞེས་བྱ་བ་ནི། དཔེར་ན་སྦྲང་རྩི་བྱེད་ཀྱིས་མེ་ཏོག་པདྨ་ལ་སོགས་པའི་བཅུད་བླངས་པ་སྟེ། ཁུ་བ་གཞིབས་ ནས་འཕུར་བ་ལྟར། །ཞེས་པ་དང་སྦྱར་རོ། ཅི་དེ་ལ་གནོད་པར་བྱེད་པ་ཡིན་ནམ་ཞེ་ན། ཁ་དོག་དྲི་ལ་མི་གནོད་པར། །ཞེས་བྱ་བ་སྨོས་ཏེ། ཁ་དོག་དང་དྲི་ནི་ཁ་དོག་དྲི་སྟེ་དེ་གཉིས་ཉམས་པར་མ་བྱས་པའོ། །འཕུར་བ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བའོ། །ཁུ་བ་གཞིབས་ནས་ ཞེས་བྱ་བ་ནི་མ་ཀ་རཎྜ་ཞེས་བྱ་བ་མེ་ཏོག་གི་རྡུལ་བླངས་པའོ། །དཔེ་སྒྲུབ་པ་བྱ་བའི་དོན་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་སྟེ་དེ་ལྟར་རོ། །ཐུབ་པ་གྲོང་དུ་རྒྱུ་ཞེས་བྱ་བ་ནི་གྲོང་དུ་རབ་ཏུ་བྱུང་བ་བསོད་སྙོམས་ཀྱི་ཕྱིར་འགྲོ་བའོ། །དཔེར་ན་བུང་བས་མེ་ཏོག་གི་བཅུད་བླངས་ནས་འཕུར་ གྱི། ཁ་དོག་དང་དྲི་ནི་འཇིག་པར་མི་བྱེད་པ་དེ་བཞིན་དུ་ཁྱིམ་དག་ཏུ་དད་པ་ལ་སོགས་པ་སྐྱེས་པར་བྱས་ནས་བསོད་སྙོམས་བླང་བར་བྱའི། འདི་ལ་གནོད་པས་རྣམ་པར་འཇིག་པ་དང་། དད་པ་ཉམས་པ་ནི་ཇི་ལྟར་ཡང་མི་བྱའོ། །གཞི་གཞན་ལ་བརྟེན་ནས་བརྗོད་པར་བྱ་སྟེ་ ཐུབ་པ་ནི་གཞན་ལ་འཚེ་བ་སྤངས་པར་བྱས་ནས་གྲོང་ལ་སོགས་པ་དག་ཏུ་སྤྱོད་པ་ཡིན་གྱི། དྲག་པས་ནི་མ་ཡིན་ནོ་ཞེས་སོ། །གཞན་དག་ནི་སྐྱོན་གྱིས་ཉེ་བར་སྤྱོད་པ་ལ། ཉེས་པ་མ་ཡིན་ནོ་ཞེས་སེམས་པ་དེའི་དབང་དུ་མཛད་ནས་གཞན་གྱི་སྐྱོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། སངས་རྒྱས་བཅོམ་ལྡན་འདས་གསེར་ཐུབ་ཀྱི་ཉན་ཐོས་དག་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ཏེ། གང་གི་ཕྱིར་དེ་དག་ནི་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་བརྙས་པར་བྱེད་དེ། གཞན་གྱི་ཆོས་ངེས་པར་བྱས་ནས་སུན་འབྱིན་པར་བྱེད་པས་དེས་ ན་དེའི་གཉེན་པོའི་དོན་དུ་དང་པོར་སོ་སོར་ཐར་པ་འདི་བསྟན་ཏོ། །གཞན་དག་ནི་རྒྱལ་པོ་མ་སྐྱེས་དགྲ་མ་རུངས་པའི་སྐྱེ་བོ་དག་ཆད་པ་གཅོད་པ་མཆོག་ཏུ་བྱེད་པ་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་གྱི་སྐྱོན་ལ་མི་བརྟག་ཅིང་། །ཞེས་བྱ་བ་ནི་གཞན་དག་གི་སྤྱོད་པ་ཉམས་པ་དང་། ངན་ པར་སྤྱོད་པ་དག་ལ་ནི་ངེས་པར་མི་བརྟག་སྟེ། དེ་གཞན་གྱི་ཉེས་པ་ལ་ལྟ་བ་ནི་དམ་པ་མ་ཡིན་པའི་སྐྱེས་བུའི་ཆོས་སོ། །གཞན་གྱིས་བྱས་དང་མ་བྱས་མིན། །ཞེས་བྱ་བ་ནི་གཞན་གྱིས་བྱས་པ་འདི་དག་ནི་ལེགས་པར་མ་བྱས་སོ་ཞེའམ། ཡང་ན་རིགས་པ་དང་མི་རིགས་པའོ། །དེ་ཚོལ་ ན་ནི་ཁྱད་དུ་གསོད་པ་ལ་སོགས་པ་བྱེད་པའི་ཆོས་དང་ལྡན་པར་འགྱུར་བའམ། གྲགས་པ་མ་ཡིན་པ་ལ་སོགས་པས་ཡོངས་སུ་སྤོང་བའི་ཕྱིར་རོ། །བདག་ཉིད་ལ་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་རང་གི་བདག་ཉིད་ལ་ནི་བརྟག་པ་དང་། ངེས་པར་བརྟག་པ་དང་བཙལ་བར་བྱའོ། །ཅི་ཞིག་ཅེ་ན། རིགས་པ་དང་མི་རིགས་པ་སྟེ། ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པའོ། །སྔར་བསྟན་པའི་ཚིག་རྐང་པ་གཉིས་ཀྱི་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། ཐོག་མར་བདག་ཉིད་དུལ་བར་བྱས་ཏེ། གང་གི་ཕྱིར་བདག་ཉིད་དུལ་བར་བྱས་ན་ནི་དཀའ་བ་མེད་པར་གཞན་འདུལ་བ་ནི་གནས་ ཡིན་ནོ། །བདག་ཉིད་མ་དུལ་བར་གཞན་འདུལ་བ་ནི་གོ་སྐབས་མེད་དོ་ཞེས་གསུངས་སོ། །གང་དག་འདི་ལྟར་ཁ་ན་མ་ཐོ་བ་མེད་པར་བསྟན་པ་དེ་དག་གང་དུ་སྐྱེ་བར་འགྱུར་ཞེ་ན། མཐོ་བའི་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། །ཇི་ལྟར་ཕྱག་དར་ཕུང་པོ་དག །ཅེས་བྱ་བ་ལ་སོགས་པ་ སྨོས་སོ། །རྒྱལ་བྱེད་ཀྱི་ཚལ་དུ་སྨད་པ་ཞེས་བྱ་བའི་ཁྱིམ་བདག་གིས་འདི་ལྟ་བུའི་དངོས་པོ་དྲིས་པ་ལས་བརྩམས་པ་སྟེ། འདི་ལྟ་སྟེ་ཁྱིམ་བདག་མི་གཙང་བའི་འདམ་ལས་གཙང་ཞིང་ཡིད་དུ་འོང་བའི་པདྨ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སོ་སོའི་སྐྱེ་བོ་དག་ལས་ཀྱང་དེ་བཞིན་གཤེགས་ པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུར་རོ། །ཕྱག་དར་ཕུང་པོ་དག་ཅེས་བྱ་བ་ནི་རབ་ཏུ་གྲགས་པའི་རྡུལ་གྱི་ཚོགས་སོ། །འདི་ལས་ཞེས་བྱ་བ་ནི་འཇིག་རྟེན་འདི་ལས་ སོ། །མི་གཙང་བ་ནི་གཙང་བ་མེད་པ་ཡིན་ཏེ། དྲི་ང་བའི་རང་བཞིན་གྱི་རྫས་དེས་སྨད་པར་བྱ་བའི་ཕྱིར་རོ། །ཆུ་ནི་མེད་ཅེས་བྱ་བ་ནི་གང་འདི་ལ་ཆུ་མེད་པ་སྟེ། ཆུ་སྤངས་ཞེས་བྱ་བའི་དོན་ཏོ། །དེར་སྣོད་བཀྲུས་པ་ལ་སོགས་པའི་ཆུས་བླུགས་ན་ནི་པདྨ་བྱེ་བ་སྐྱེ་བར་འགྱུར་ཞེས་བྱ་བ་སྟེ། མི་ གཙང་བའི་ཕུང་པོ་གང་ཆུ་མེད་པ་དེ་ལས་པདྨ་སྐྱེ་བར་འགྱུར་རོ། །ཇི་ལྟ་བུར་ཞེ་ན། གཙང་ཞིང་དྲི་ཞིམ་ཡིད་འོང་ཞེས་བྱ་བ་སྨོས་ཏེ། གཙང་ཞིང་མངོན་པར་འདོད་པའི་དྲི་འདི་ལ་ཡོད་པ་ནི་གཙང་ཞིང་དྲི་ཞིམ་མོ། །ཡིད་དུ་འོང་བའི་དྲི་ཡོད་པའི་ཕྱིར་ཡིད་སིམ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ དྲི་ཞིམ་པ་དང་། གཙང་བ་དང་དབྱིབས་ཕུན་སུམ་ཚོགས་པས་ཡིད་དུ་འོང་ཞིང་མཛེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནི་དེ་བཞིན་ནོ། །དཔེས་བསྒྲུབ་པར་བྱ་བའི་དོན་བཤད་པ་ནི་ཕྱག་དར་ཕུང་པོ་ཞེས་བྱ་བ་སྟེ་རྡུལ་གྱི་ཚོགས་དང་འདྲ་བའོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ ཁམས་སུ་གཏོགས་པའི་སོ་སོའི་སྐྱེ་བོ་སྟེ། ནང་དང་ཕྱི་རོལ་དང་བཅས་པའི་རྫས་དེ་ལས་མངོན་པར་གྲུབ་པའི་ཕྱིར་རོ། །ཇི་ལྟ་བུར་ཞེ་ན། མདོངས་གྱུར་ཞེས་བྱ་བ་སྨོས་ཏེ། སེམས་མེད་པ་དང་འདྲ་བའི་ཕྱིར་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་མིག་མེད་པས་མདོངས་པ་དང་འདྲ་བ་ སྟེ། དེ་ལྟ་བུའི་སོ་སོའི་སྐྱེ་བོའི་ནང་ནས་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱིས་ནི་གསལ་བ་འབྱུང་། །ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་དངོས་པོའི་དོན་ཐམས་ཅད་ཀྱི་ཡུལ་ལ་ཤེས་པ་སྟེ། ཟག་པ་མེད་པའི་ཤེས་རབ་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཤིང་ཟིལ་གྱིས་གནོན་ ཏེ། རབ་ཏུ་གསལ་བར་འབྱུང་བའོ། །རྫོགས་སངས་རྒྱས་ཀྱི་ཉན་ཐོས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེའི་བཀའི་རྗེས་སུ་འབྲང་བའི་འདོད་ཆགས་དང་བྲལ་བ་གཞན་དག་སྟེ། གོ་རིམས་བཞིན་དུ་ཐམས་ཅད་མཁྱེན་པ་དང་། སྲིད་པའི་རྩེ་མོ་ལས་ འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཇི་ལྟར་ཕྱག་དར་གྱི་ཕུང་པོ་དེ་ལྟ་བུའི་ནི་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོའོ། ཇི་ལྟར་ཆུ་མེད་པ་དེ་ལྟ་བུར་ནི་སྲེད་པའོ། །ཇི་ལྟར་པདྨ་དེ་ལྟ་བུར་ནི་སངས་རྒྱས་ལ་སོགས་པའི་བདག་ཉིད་དོ། །གཙང་བ་དང་དྲི་ཞིམ་ པས་ཆེ་བར་གྲགས་པ་ཉིད་དོ། །སྲིད་པ་གསུམ་ལ་གྲགས་པས་ཁྱབ་པ་ཡིན་ནོ། །ཡིད་དུ་འོང་བས་ནི་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའོ། །ཤེས་རབ་ཀྱིས་ནི་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབྲས་བུ་དང་བཅས་པའི་ཁྱད་པར་ཐམས་ཅད་སྒྲུབ་པ་ནི་ཤེས་ རབ་ལ་རག་ལུས་པའི་ཕྱིར་རོ། །འདི་ལྟར་ཡང་ཤེས་རབ་ཀྱིས་ལེགས་པར་སྤྱོད་པ་ལ་གོམས་པའི་མཐུས་ནི་བྱང་ཆུབ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེས་ན་དེ་ཉིད་ལ་གཟུད་པའི་ཕྱིར། ཇི་ལྟར་མེ་ཏོག་ཕུང་པོ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་ སྐྱེད་མོས་ཚལ་གྱི་སར་བྱུང་སྟེ། རྩེ་བ་དང་བདེ་བ་ཉམས་སུ་མྱོང་བ་བྱས་ནས་འདི་ནི་བསོད་ནམས་ཀྱི་འབྲས་བུ་ཡིན་ཏེ། གང་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་ཉིད་དུ་སྤྱན་དྲངས་ལ་བཙུན་མོའི་འཁོར་དང་བཅས་པ་འདི་ལས་བཤོས་གསོལ་ བར་བྱའོ་ཞེས་རྒྱ་ཆེར་ཏེ། ཀྱེ་སྐྱེས་བུ་ཁྱོད་སོང་ལ་བཅོམ་ལྡན་འདས་སྐྱེད་མོས་ཚལ་འདི་ཉིད་དུ་བཤོས་ལ་སྤྱན་དྲོངས་ཤིག་ཅེས་བསྒོའོ། །ཇི་ཙམ་ན་ཉི་མ་གཉིས་པ་ལ་བཀུར་སྟི་ཆེན་པོས་བཅོམ་ལྡན་འདས་ལ་མཆོད་དེ། མེ་ཏོག་གི་ཕུང་པོ་ཆེན་པོ་བྱས་ནས་གང་གི་ཕྱིར་བཙུན་ མོའི་འཁོར་གྱིས་མེ་ཏོག་གི་ཕྲེང་བ་རྣམ་པ་སྣ་ཚོགས་བཅོམ་ལྡན་འདས་ཀྱི་ཆེད་དུ་སྦྱར་ཅིང་བཀོད་པ་ན། དེ་ལས་བརྩམས་ཏེ་འདི་གསུངས་སོ། །གཞན་དག་ནི་རི་དགས་འཛིན་གྱི་མའི་ཁང་པ་ན་དགེ་བསྙེན་མ་ས་ག་ལས་བརྩམས་སོ་ཞེས་ཟེར་རོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ ལྟ་བུར་རོ། །མེ་ཏོག་ཕུང་པོ་ལས་ཞེས་བྱ་བ་ནི་མེ་ཏོག་དྲི་ཞིམ་པོ་མང་པོའོ། །མེ་ཏོག་ཕྲེང་རྒྱུད་མང་བྱེད་ལྟར། །ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བ་སྦྲེལ་ཞིང་བརྒྱུས་པ་སྟེ། རྣ་རྒྱན་ལ་སོགས་པའི་རྣམ་པའོ། །དེ་བཞིན་ནི་དེ་ལྟར་རོ། །མིར་ནི་སྐྱེས་པ་ཡིན་ཞེས་བྱ་བ་ནི་སངས་རྒྱས་འབྱུང་ བའི་ད་ལྟར་གྱི་སྐྱེ་བ་ལའོ། །སྐྱེ་བ་རྣམས་ནི་འཆི་བའི་ཆོས་ཅན་ཡིན་པས་མིའོ། །བྱ་ཞེས་བྱ་བ་ནི་བྱ་བའོ། །དགེ་བ་ནི་ཤེས་པ་དང་དེའི་འབྲས་བུ་སྟེ། གཞན་དག་གི་ལེགས་པར་སྤྱོད་པའོ། །ཕལ་ཆེར་ཞེས་བྱ་བ་ནི་རྣམ་པ་དུ་མ་སྟེ། མངོན་པར་འདོད་པའི་འབྲས་བུ་ཐམས་ཅད་འབྱུང་ བ་ནི་དེ་དང་འབྲེལ་པའི་ཕྱིར་རོ། །བློ་དང་ལྡན་པའི་ཚུལ་ལ་གོམས་པའི་ཕན་ཡོན་ནི་ཕྲ་རྒྱས་སྤངས་པ་ཡིན་པ་འམ། ཉོན་མོངས་པ་སྤངས་པ་ཉིད་ཀྱིས་ནི་ཁ་ན་མ་ཐོ་བ་མེད་པའི་ལེགས་པར་སྤྱོད་པ་ཐམས་ཅད་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་དབྱར་ཀ་ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །དབྱར་གྱི་དུས་སུ་ཤིང་བ་ཀུ་ལ་མེ་ཏོག་རྒྱས་པར་གཟིགས་ནས་དགོན་པ་པ་ཞེས་བྱ་བའི་དགེ་སློང་འཁོར་དང་བཅས་པ་ལས་བརྩམས་ནས་འདི་གསུངས་སོ། །ཇི་ལྟར་དབྱར་ཀ་མེ་ཏོག་ཅེས་བྱ་བ་ནི་ཇི་ལྟར་དབྱར་གྱི་དུས་སུ་ཉེ་བར་གནས་པ་ན་བ་ཀུ་ལ་ཞེས་བྱ་ བའི་ཤིང་གི་མེ་ཏོག་གི་རིགས་རྣམ་པར་འབྲུལ་བ་དང་གཏོང་བ་ཡིན་ཏེ། འདི་ལྟར་དེ་ནི་དབྱར་གྱི་དུས་སུ་མེ་ཏོག་འབྱུང་སྟེ། ཤིན་ཏུ་འཇམ་པ་ཡིན་པའི་ཕྱིར་རླུང་དང་ཆར་ལ་སོགས་པས་རེག་པར་གྱུར་ན། དེའི་མེ་ཏོག་ཕལ་ཆེར་ས་ལ་ལྷུང་བར་འགྱུར་རོ། འདོད་ཆགས་ཞེ་སྡང་ དེ་བཞིན་གཏི་མུག་ཅེས་བྱ་བ་ནི་ཇི་ལྟར་འདོད་ཆགས་དང་ཞེ་སྡང་སྤང་བར་བྱ་བ་དེ་བཞིན་དུ་སྤང་བར་བྱ་སྟེ། དེ་བཞིན་དུ་གཅིག་ཏུ་གཏི་མུག་གོ་ཞེས་བསྟན་པའི་ཕྱིར་དེ་བཞིན་ཉིད་ཀྱི་སྒྲ་བརྗོད་དོ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་འཆིང་བ་རྣམ་གསུམ་ཡང་རྣམ་པར་ཕྲུལ་ བ་ལྟར་ཡོངས་སུ་དོར་བར་གྱིས་ཤིག་པ་སྟེ། དགག་པ་དང་རྩ་བ་ནས་དབྱུང་བ་གཉིས་ཀྱིས་རྒྱུད་ལས་བསལ་བའོ། །བྱ་བ་འདི་ནི་ཁྱིམ་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགེ་སློང་ཞེས་བྱ་བ་བོད་པ་སྟེ། དུས་དེའི་གདུལ་བྱ་རྣ་གཏོད་པ་ལ་གཟུད་པའོ། །དེས་ནི་དེ་དག་ སྤོང་བར་ནུས་པའི་ཕྱིར་རོ། །ཉོན་མོངས་སྤོང་བར་བྱེད་པ་དེ་ཉིད་མིང་ཇི་སྐད་དུ་བྱ་ཞེ་ན། དགེ་སློང་ཞེས་བྱ་བ་ཡིན་ཏེ། ཉོན་མོངས་པ་བཅོམ་པ་དང་རྒལ་བ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་སྤོང་བ་ན་ཡུལ་ལ་སོགས་པ་ལ་གཡེང་བ་མེད་ཅིང་བགེགས་མེད་ན། ལེགས་པར་སྤྱོད་པ་འཕེལ་བ་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། མི་ཡི་ཡིད་ལ་རྣམ་ཆགས་དག །ཅེས་བྱ་བ་ལ་སོགས་པའོ། །མ་ཧེན་དྲ་ཞེས་བྱ་བའི་རྒྱལ་པོ་ཡུལ་ལ་མངོན་པར་ཆགས་པ་དཔྱིད་ཀྱི་དུས་སུ་གང་གཱའི་འགྲམ་གྱི་སྐྱེད་ མོས་ཚལ་དུ་རྩེ་བའི་ཕྱིར་བཙུན་མོའི་འཁོར་དང་བཅས་ཏེ་བྱུང་ངོ་། །ཉི་མ་ཅུང་ཟད་ཅིག་གི་བར་དུ་འདུག་སྟེ། མཚན་མོ་བག་ཕབ་སྟེ་རབ་ཏུ་ཉལ་བ་ལས། བཙུན་མོའི་འཁོར་དང་བཅས་པ་གང་གཱའི་འབབ་ཆུས་ཁྱེར་རོ། །དེ་བས་ན་གནས་སྐབས་འདི་ལ་ཚིགས་སུ་བཅད་ པ་འདི་གསུངས་སོ། །མེ་ཏོག་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་མཁན་མཁས་པས་མེ་ཏོག་གི་ཀུན་དགའ་ར་བར་ཞུགས་ཏེ། མེ་ཏོག་རབ་ཏུ་བསྩགས་པ་འམ། ཡང་ན་མེ་ཏོག་གི་ཤིང་ཐམས་ཅད་ལས་དེ་ཡིད་ཀྱིས་བསྐུལ་ནས་དེ་དག་བལྟས་ཏེ་སོགས་པར་བྱེད་དོ། དེ་བསྩགས་ཤིང་ཉེ་བར་བསྩགས་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་རྣམ་ཆགས་དག་ཅེས་བྱ་བ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམ་པ་སྣ་ཚོགས་ལ་སེམས་ཀུན་ཏུ་ཆགས་པའོ། །མི་ཞེས་བྱ་བ་ནི་འདོད་ཆགས་ཅན་གྱི་སེམས་ཅན་ཏེ། འཆི་བདག་གིས་ནི་བླངས་ནས་ འགྲོ། །ཞེས་བྱ་བ་དང་སྦྱར་རོ། །འདིར་དཔེ་བསྟན་པའི་ཕྱིར། །ཉལ་གྲོང་ཆུ་བོས་བདས་པ་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་མང་པོའི་ཆུ་བོའི་ཚོགས་ཀྱིས་བག་ཕབ་སྟེ་ཉལ་བའི་གྲོང་ཅན་དང་གྲོང་བདས་ནས་ཁྱེར་བ་བཞིན་དུ་བག་མེད་པ་བྱ་བ་མ་བྱས་བ་ཉིད་དུ་ གཡེངས་ནས་འཆི་བདག་གིས་བླངས་ཏེ། དེའི་འཚོ་བ་ཕྲོགས་ནས་འགྲོ་བའི་ཐ་མར་ཕྱིན་པར་བྱེད་དེ། འཆི་བདག་ནི་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་པར་འཇུག་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །ཡིད་ལ་བསམ་པ་རྫོགས་པ་ཐོབ་པར་གྱུར་ནས་མི་རྣམས་འཆི་བདག་ གིས་ཁྱེར་རམ། གཞན་དུ་འོན་ཏེ་མ་ཡིན་ཞེས་རྟོག་པ་ལ། མི་ཡི་ཡིད་ལ་རྣམ་ཆགས་དག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ནི་ཤིན་ཏུ་བསྔགས་པའི་ན་ཚོད་དང་པོ་ལ་བུད་མེད་ཅིག་ཤི་སྟེ། དེའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཟེར་རོ། །མ་ངོམས་ཤིང་ཞེས་བྱ་བ་ནི་ འདོད་པ་ཡོངས་སུ་མ་རྫོགས་པ་ཉིད་དུའོ། །ངོམས་པའི་སྒྲ་ནི་དྲུག་པ་འབྲེལ་བ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། འདོད་པ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་འདོད་པས་སྐོམ་པ་ཞི་བར་མ་གྱུར་པའི་སེམས་ཅན་ནོ། །འཆི་བདག་ནི་མཐར་བྱེད་ པའོ། །དབང་དུ་བྱེད་ཅེས་བྱ་བ་ནི་རག་ལུས་པར་བྱེད་པ་སྟེ། རང་གི་དྲུང་དུ་ཁྱེར་བར་བྱེད་ཅེས་བྱ་བའི་དོན་ཏོ། ཐོབ་པའི་ཉེ་བར་ལོངས་སྤྱོད་པ་ཅུང་ཟད་ཙམ་གྱིས་ཀྱང་མ་ངོམས་ཤིང་འཆི་བ་ཡིན་ནོ། །འདོད་པའི་ལོངས་སྤྱོད་ལ་རེ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་དོན་དུ་བརྩོན་པར་བྱེད་པ་དེས་ཀྱང་ མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ལོངས་སྤྱོད་སྐྱེ་བར་མི་འགྱུར་ཞིང་། །ཞེས་བྱ་བ་སྨོས་ཏེ། ཡུལ་དག་ལ་རེ་བ་ནི་འདོད་པའི་ཡོ་བྱད་མ་སྐྱེས་པ་དང་། མ་བྱུང་བ་དག་ལ་ལྷག་པར་ཞེན་པར་སྟོན་ཏོ། །བྱ་བ་མཐར་ནི་མ་ཕྱིན་པར། །ཞེས་བྱ་བ་ནི་ཡིད་ལ་རེ་བའི་འབྲས་བུ་མཐའ་དག་མ་ རྫོགས་པར་རོ། གང་གི་ཕྱིར་འཆི་བདག་ནི་ལྡོག་པ་མེད་པར་འཇུག་པ་ཡིན་ཏེ། དེས་ན་དེ་ལས་འདི་ལྟར་འདའ་བར་བྱ་བ་ལ་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར། ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་འདི་ནི་བུམ་པ་ལྟ་བུར་ཁོང་སྟོང་ པ་དང་། སྨིག་རྒྱུ་དང་འདྲ་བར་སྙིང་པོ་མེད་པ་དང་། དབུ་བའི་གོང་བུ་དང་འདྲ་བར་ཡུན་རིང་པོར་མི་གནས་པ་ཡིན་ནོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་བཞི་གསུངས་སོ། བུམ་པ་ནི་སའི་སྣོད་ཀྱི་རྣམ་པའོ། །འདྲ་བ་ནི་ལུས་དང་འདྲ་བའོ། །ལུས་ཀྱང་དེ་དང་འདྲ་བར་རྟོགས་བྱས་ ཤིང་། །ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པས་ཤེས་པ་སྟེ། འཇིག་རྟེན་ལས་འདས་པ་ནི་འདི་ལྟ་བུ་མེད་པའི་ཕྱིར་རོ། །དཔེར་ན་ཆུ་ལ་སོགས་པའི་རྫས་ཀྱི་སྣོད་ནི་བུམ་པ་ཡིན་པ་བཞིན་དུ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་སྣོད་ཀྱང་ལུས་ཡིན་ནོ་ཞེས་སྟོན་ཏོ། །དེ་བཞིན་ཆོས་རྣམས་ སྨིག་རྒྱུ་འདྲར་ཤེས་ནས། །ཞེས་བྱ་བ་ལ་སྨིག་རྒྱུ་ནི་རི་དགས་སྐོམ་པ་ལ་སོགས་པའོ། །ཆོས་ཀྱི་རང་བཞིན་ནི་ལུས་འདི་སྟེ། ཡུན་ཤིན་ཏུ་ཐུང་བར་གནས་པའི་ཕྱིར་རེ་ཞིག་པ་དང་། སླུ་བ་ཡིན་པའི་ཕྱིར་རོ། ཡང་ན་བུམ་པ་ལྟ་བུའི་དཔེས་ནི་མཐར་འཇིག་པར་བསྟན་པ་སྟེ། འདིས་ ནི་མྱུར་དུ་འཇིག་པའོ། །མི་རྟག་པ་ཡང་རྣམ་པ་གཉིས་ཏེ། རྒྱུན་གྱིས་མི་རྟག་པ་དང་། སྐད་ཅིག་གིས་མི་རྟག་པ་སྟེ། འདོད་པ་ན་སྤྱོད་པའི་ལུས་ཉེ་བར་བསྟན་པའི་ཕྱིར་རོ། །གཉིས་སུ་ཤེས་ནས་ཞེས་བྱ་བ་ནི་རྟོགས་པའོ། །ལམ་གྱི་ཚོགས་ཀྱི་དབང་ལས་སྐྱེས་པའི་ལམ་ གྱི་མཚོན་གྱིས་བཅད་པ་ནི་སྤངས་པའོ། །འདི་ན་ཞེས་བྱ་བ་ནི་འགྲོ་བ་འདིར་རོ། །ཅི་ཞིག་གཅོད་པ་ཡིན་ཞེ་ན། །བདུད་ཀྱི་མེ་ཏོག་མཆོག་ཅེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་བདུད་ཀྱི་ཡོ་བྱད་དུ་གྱུར་པ་ནི་མེ་ཏོག་སར་པ་ལྟ་བུ་སྟེ། བྱིས་པའི་གཟུགས་ལ་སོགས་པ་སྟེ། དེ་ལ་དམིགས་ ནས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། ཡང་ན་མཐོང་བས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བ་ནི་དང་པོ་སྤང་བར་བྱ་བ་ཡིན་པའི་ཕྱིར་མེ་ཏོག་མཆོག་གོ། །དེ་སྤངས་པས་ནི་ངེས་པར་རིང་པོར་མི་ཐོགས་པར་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཏེ། དེ་ཉིད་བསྟན་པའི་ཕྱིར། འཆི་བདག་ རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ཞེས་བྱ་བ་སྟེ། འཆི་བདག་གི་མིང་ཅན་དེའི་དབང་ཕྱུག་གིས་བལྟར་མི་སྣང་བ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཉིད་དུ་འགྲོ་བའོ། །དབུ་བ་འདྲ་བར་ཞེས་བྱ་བ་ནི་བློ་སྔོན་དུ་བྱས་པའི་ལས་ཀྱིས་བྱས་པ་ནི་ལུས་འདི་ཡིན་ཏེ། བུམ་པའི་དཔེས་བསྒྲུབས་ནས་འདིར་ཡང་རྐྱེན་ལས་སྐྱེས་པ་ཉིད་དོ་ཞེས་བསྟན་ཏོ། །རླུང་དང་འདྲེས་པའི་རླུང་གི་ཡན་ལག་ཅན་ནི་དབུ་བ་སྟེ། ཇི་ལྟར་དབུ་བ་དེ་ལྟར་ལུས་ཀྱང་རླུང་གིས་གནས་པ་ཡིན་ཏེ། དེ་མེད་ན་ལུས་ཀྱང་འཇིག་པར་འགྱུར་རོ། །དབུ་བའི་གོང་བུ་དང་འདྲ་བར་སྙིང་པོ་ མེད་པའི་ཕྱིར་བརྟག་མི་བཟོད་པ་ཉིད་དོ། །ལུས་འབའ་ཞིག་དེ་ལྟ་བུ་ཡིན་པར་མ་ཟད་དེ། ཕུང་པོ་ལྔ་ཡང་བསྟན་པའི་ཕྱིར། དབུ་བ་འདྲ་བར་འཇིག་རྟེན་ཞེས་བྱ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འཇིག་རྟེན་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་ དེ་དག་ཡིན། །ཞེས་འབྱུང་བའི་ཕྱིར་རོ། དེ་ལྟར་དབུ་བ་དང་འདྲ་བའི་ཕྱིར་ལུས་དང་འཇིག་རྟེན་གཉིས་བཟུང་བས་འཇུག་པ་གཉིས་བསྟན་པ་ཡིན་ཏེ། དེའི་ཕྱིར་ཕུང་པོའི་ཕྱོགས་གཅིག་ཡོངས་སུ་བརྟག་པའི་ཚུལ་གྱིས་ནི་འཕགས་པའི་ལམ་ལ་མི་གཙང་བ་ལ་སོགས་པས་འཇུག་ པ་ཡིན་ནོ། །འཇིག་རྟེན་ནི་ཕུང་པོ་ཐམས་ཅད་ཡོངས་སུ་བརྟགས་པས་འཇུག་པ་ཡིན་ནོ། །གང་གི་ཕྱིར་ལུས་དང་འཇིག་རྟེན་གཉིས་ཀ་སྙིང་པོ་མེད་པས་དེས་ན་དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། སྲིད་པ་ཨུ་དུམ་བཱ་ར་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ན་པདྨའི་ གདན་ལ་བཞུགས་ཏེ། དེ་དང་ཉེ་བ་ན་ཨུ་དུམ་བཱ་རའི་ནགས་ལ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། འདི་ལྟ་སྟེ་ཨུ་དུམ་བཱ་རའི་མེ་ཏོག་ནི་རྙེད་པར་དཀའ་སྟེ། དེ་བཞིན་དུ་འཁོར་བ་དག་ལ་སྙིང་པོ་མེད་པར་མཐོང་བ་དེ་ནི་སྐྱེ་བ་དང་རྒ་བ་ལས་གྲོལ་བར་འགྱུར་རོ་ཞེས་པ་ལ་ སོགས་པ་སྟེ། ཚིགས་སུ་བཅད་པ་འདི་གསུངས་སོ། གང་སྙིང་པོ་མེད་པ་ཞེས་བྱ་བ་ལ་གང་ཟག་མཁས་པ་སྟེ། དེས་ཀྱང་རྟོགས་པ་མ་ཡིན་ཏེ། གང་དུ་ཞེ་ན་སྲིད་པ་ལ་སྙིང་པོའོ། །འགྲོ་བ་རྣམས་ནི་འཇིག་པ་ཡིན་ཏེ། མངོན་པར་འདོད་ཅིང་ཉེ་བར་ལེན་པའི་དངོས་པོ་ བཙལ་བར་གྱུར་ཅིང་མི་དམིགས་པའི་ཕྱིར་རོ། །ཇི་ལྟར་ལོང་བས་ཅི་ཡང་མི་མཐོང་བ་ལྟ་བུ་ཡིན་ནམ་ཞེ་ན་སྨྲས་པ། ཨུ་དུམ་བཱ་རའི་མེ་ཏོག་ལྟར་སེམས་པ། །ཞེས་བྱ་བ་སྟེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ལྟར་ནི་སངས་རྒྱས་དང་། འཁོར་ལོས་སྒྱུར་བ་བྱུང་བ་མ་གཏོགས་ པར་ཉོན་མོངས་པ་ཆེན་པོས་བཙལ་བར་གྱུར་ཀྱང་མེ་ཏོག་དེ་མི་རྙེད་པ་བཞིན་དུ་རྣམ་པར་བསམས་ཤིང་བཙལ་བར་གྱུར་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་སྦྱར་བར་བྱའོ། །དགེ་སློང་དེ་ནི་སྤོང་སྟེ་ཞེས་བྱ་བ་ནི་གཡེང་བ་ལ་སོགས་པ་སྤངས་པའི་རབ་ཏུ་བྱུང་བ་དེ་ཉིད་ཀྱིས་འཁོར་བ་མཐའ་ དག་ལ་སྙིང་པོ་མེད་པར་མཐོང་བར་བྱས་ནས་ལམ་གྱི་ཚོགས་ལ་འཇུག་པས་ཡོངས་སུ་སྤོང་བ་ཡིན་ནོ། །གང་ཡིན་ཞེ་ན། ཕ་རོལ་མིན་པའི་ཕ་རོལ་པོ། །ཞེས་བྱ་བ་ཚུ་རོལ་གྱི་འགྲམ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བའི་དོན་ཏོ། །ལམ་ཞེས་བྱ་བས་བསྐང་བར་བྱ་ སྟེ། གང་གི་ཕྱིར་ལམ་མེད་པར་སྲིད་པ་སྤོང་བའི་ཐབས་མེད་དོ། །འདིར་དཔེ་བསྟན་པའི་ཕྱིར། སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན། །ཞེས་བྱ་བས་བསྟན་ཏེ། དཔེར་ན་སྦྲུལ་ནི་དཔྱིད་ཀྱི་དུས་སུ་པགས་པ་རྙིང་པར་གྱུར་ཅིང་བུ་ག་དུ་མ་སྐྱེ་བ་དང་ཡུན་རིང་པོར་ཉེ་ བར་ལོངས་སྤྱོད་པས་སྙིང་པོ་མེད་པའི་ཕྱིར་པགས་པ་ཡོངས་སུ་འདོར་བར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམ་པར་འགྱུར་བ་ལ་སོགས་པའི་གནོད་པས་གཙེས་པའི་ཕྱིར་དང་། ཕ་རོལ་མ་ཡིན་པའི་ཕ་རོལ་པོ་ཐོག་མ་མེད་པས་རྙིང་ཞིང་རྒས་པའི་ཕྱིར་འདོར་བ་ཡིན་ ནོ། །འཁོར་བར་སྙིང་པོ་མེད་པར་ཡོངས་སུ་བརྟག་པ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེས་ན་དེས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆུ་སྐྱེས་རྩ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། གན་ ད་ཀ་ཞེས་བྱ་བའི་ཀུན་དགའ་ར་བ་པ་འདམ་དུ་ཞུགས་ནས་མྱུར་དུ་པདྨ་དག་འབྱིན་པར་བྱེད་པ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་དུས་དེའི་གདུལ་བྱ་རྣམས་ཀྱི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་དྲུག་གསུངས་སོ། །གང་ཞེས་བྱ་བ་ནི་དགེ་སློང་གི་བྱེ་བྲག་གོ། །འདོད་ཆགས་མ་ ལུས་གཅོད་བྱེད་ཅེས་བྱ་བ་ནི་སྲེད་པ་ཡང་དག་པར་འབྱིན་པར་བྱེད་པ་ཡིན་ཏེ། ཁམས་གསུམ་གྱི་རྣམ་པ་བཅོ་ལྔའོ། ཇི་ལྟར་ཞེ་ན། རྩ་བའི་མེ་ཏོག་ལྟའི་ཞེས་བྱ་བ་པདྨའི་རྩ་བ་ལས་བྱུང་བ་ནི་པདྨ་སྟེ། དཔེར་ན་མེ་ཏོག་ཕྲེང་རྒྱུད་མཁན་གྱིས་ཕྱུང་བའོ། །ཐང་ལ་ཡང་འདི་ལྟར་ འབྱུང་ངམ་ཞེ་ན། ཆུ་སྐྱེས་ཞེས་བྱ་བ་སྨོས་ཏེ། ཆུ་ལས་སྐྱེས་པ་ཡིན་པས་ཆུ་སྐྱེས་ཏེ། དེ་ནི་ཐང་ལས་སྐྱེས་པ་ལས་ཁྱད་པར་དུ་བྱེད་དོ། །ཆུ་གནས་ཞེས་བྱ་བ་ནི་པདྨའི་མཚོ་ལ་འཇུག་པ་སྟེ། གནས་སྐབས་ཀྱིས་གྲུབ་པ་ཡིན་ནོ། །དཔེར་ན་གང་ཞིག་པདྨའི་ནགས་སུ་ཞུགས་ ཏེ་ཡིད་དུ་འོང་ཞིང་མངོན་པར་འདོད་པའི་པདྨ་འདོན་པར་བྱེད་པ་དེ་བཞིན་དུ། འཕགས་པའི་ལམ་གྱིས་རང་གི་རྒྱུད་ལ་ཞུགས་ཏེ་རྨོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་མངོན་པར་འདོད་པ་བཞིན་དུ་བྱེད་ཅིང་འདོད་ཆགས་ལ་སོགས་པ་དང་། དེའི་ཐོབ་པ་བཅད་པ་དང་། རྩ་ནས་ འདོན་པ་ཡིན་ཏེ། དེ་ཉིད་ཀྱིས་འཁོར་བ་དྲུངས་འབྱིན་ཅིང་སྲིད་པ་ཐམས་ཅད་སྤོང་བ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །ཞེ་སྡང་ནི་གཞན་ལ་གནོད་སེམས་ཀྱི་རྒྱུ་དང་ཁོང་ཁྲོ་བ་སྟེ། སྟག་ཅེས་བྱ་བའི་སྒྲས་བསྟན་པའི་ཕྱིར་རོ། །རྣམ་པ་ལྔ་པོ་མཐའ་དག་ནི་སྡུག་བསྔལ་ ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླའོ། མེ་ཏོག་གི་ཚོམས་ཏེ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པ་རྫོགས་སྟོ།། །།པདྨའི་ནགས་ནས་པདྨ་བཞིན་དུ་ཡང་གང་དག་ གིས་འདོད་ཆགས་ལ་སོགས་པ་མ་ལུས་པ་དེ་དག་སྤོང་བར་ནུས་ཤེ་ན། སྨྲས་པ། དཔེར་ན་གང་ཞིག་གིས་པདྨའི་ནགས་སུ་ཞུགས་པ་སྟེ། ཡིད་དུ་འོང་ཞིང་མངོན་པར་འདོད་པའི་པདྨ་འབྱིན་པར་བྱེད་པ་དེ་བཞིན་དུ་འཕགས་པའི་ལམ་གྱིས་རྒྱུད་ལ་ཞུགས་ཏེ་རྨོངས་པ་དང་། ཉེ་ བའི་ཉོན་མོངས་པ་ལ་མངོན་པར་འདོད་པ་བཞིན་དུ་བྱེད་ཅིང་འདོད་ཆགས་ལ་སོགས་པ་དེའི་ཐོབ་པ་བཅད་དེ་རྩ་ནས་འབྱིན་པར་བྱེད་པ་ནི་དེ་ཉིད་ཀྱིས་འཁོར་བའི་རྩ་བ་མཐའ་དག་དྲུངས་ནས་འབྱིན་པར་བྱེད་ཀྱི། གཞན་གྱིས་ནི་མ་ཡིན་ནོ། །གང་དག་འཁོར་བས་སྐྱོ་བ་དང་། གང་ཡང་དད་པ་ལ་སོགས་ པའི་ཡོན་ཏན་གྱིས་ཡིད་དག་པར་བྱས་པ་ནི་རྟ་བཟང་པོ་བཞིན་དུ་བཟང་བའི་རང་བཞིན་ཅན་དུལ་བའི་བདག་ཉིད་དུ་འདི་ཉིད་ཀྱིས་བསྟན་པའི་ཕྱིར་དེའི་འོག་ཏུ་རྟའི་ཚོམས་ལས་བརྩམས་ནས་རྟ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་སེམས་ཀྱི་ཡོ་བྱད་ནི་རྣམ་པ་གཉིས་ཏེ། སེམས་ཅན་མ་ཡིན་པ་དང་སེམས་ཅན་ནོ། །དེ་ལ་སེམས་ཅན་མ་ཡིན་པ་ནི་མེ་ཏོག་ལ་སོགས་པའོ། །ཅིག་ཤོས་ནི་རྟ་ལ་སོགས་པའོ། །མེ་ཏོག་ལྟ་བུར་རྗེས་སུ་ཆགས་པ་མེད་པའི་སྡེ་ཚོམས་བསྟན་ནས། དེའི་འོག་ཏུ་རྟ་དང་འདྲ་བར་ཆགས་པ་མེད་པའི་སྡེ་ཚོམས་དགོད་པ་ཡིན་ པའི་ཕྱིར། རྟ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཤོས་ན་ཞེས་བྱ་བའི་ཕ་རོལ་གྱི་འགྲམ་ན་དགེ་སློང་དག་རྩོད་པ་བྱུང་ནས་དེ་ཉིད་ན་གནས་སོ། །དེར་ཡང་གང་པོ་ལ་སོགས་པའི་བདག་ཉིད་ཆེན་པོ་དག་ནི་བདག་ཉིད་རྩོད་པར་མི་བྱེད་ལ། གཞན་དག་ཀྱང་དེ་ལས་ ཟློག་པར་བྱེད་དོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་རྟ་འདུལ་བར་བྱེད་པ་རྟའི་མཆོག་ལ་ཞོན་ཏེ། ཕྱོགས་དེར་འོངས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་དཔེས་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་ ཏོ། །བཟང་བ་ནི་བྱ་བ་ཤེས་ལ་རིགས་ཀྱིས་ལེགས་པར་དུལ་བ་ཡིན་གྱི། རྟ་ཕྱི་ལང་ཅན་ངན་པ་ནི་དུལ་བར་འགྱུར་བའམ། བཟང་པོའི་མིང་འཐོབ་པར་མི་འགྱུར་རོ། །ཞག་གཅིག་གིས་དུལ་བའི་གནས་སུ་འགྱུར་བ་ཡིན་ནོ་ཞེས་རྟ་རིན་པོ་ཆེ་ལས་བཤད་ དེ། མགྱོས་པར་འགྲོ་བའི་ཕྱིར་རྟའོ། ལྕག་གིས་གཞུས་པ་ན་ཞེས་བྱ་བ་ནི་གཟུགས་པའི་ཤིང་ལ་སོགས་པས་བསྣུན་པའོ། །ཤུགས་དྲག་ཅེས་བྱ་བ་ནི་བརྟུན་པ་ཡང་དག་པར་སྐྱེ་བ་དང་སྤྲོ་བ་ཡང་དག་པར་སྐྱེ་བ་སྟེ། མེ་ཏོག་ཁ་འབུས་ཤིང་འཕྲོས་པའི་ཤིང་བཞིན་ནོ། །བཟང་ བའི་ཕྱིར་ལྕག་ལ་སོགས་པས་བསྡིགས་པ་ཙམ་གྱིས་ཅིར་འགྱུར་ཞེ་ན། སྐྲག་ཅིང་ཞེས་བྱ་བ་སྟེ་སྐྱོ་བ་ཡང་དག་པར་སྐྱེ་ཞིང་བསྔགས་ཏེ། ཡང་བག་མེད་པས་ལྕག་གིས་གཞུས་པ་ཐོབ་པར་མི་བྱའོ་ཞེས་རྣ་བ་གཉིས་འདེགས་པར་བྱེད་དོ། །དཔེ་བསྟན་ནས་དེས་བསྒྲུབ་པར་བྱ་བ་ བསྟན་པའི་ཕྱིར། དད་དང་ཞེས་བྱ་བ་སྨོས་ཏེ། དད་པའི་དབང་པོ་དང་ལྡན་པའོ། །ཇི་བཞིན་དུ་ཞེས་བྱ་བ་དེ་བཞིན་དུ་འདིས་བརྩོན་འགྲུས་དང་ལྡན་པར་སྟོན་ཏེ། དེའི་ཕྱིར་དད་པ་དམ་པ་རྣམས་ཀྱིས་བསྟན་དག་གི་ལྕག་གིས་བསྐུལ་ཏེ་སྡིག་པ་ལས་འཇིགས་པས་དགེ་བའི་བྱ་བ་དག་ ལ་མྱུར་དུ་འཇུག་པར་འགྱུར་རོ། །ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་། །ཞེས་བྱ་བ་ནི་དམ་པ་རྣམས་ཀྱི་སྤྱོད་པ་དང་ཞི་གནས་གཉིས་དང་ལྡན་པའོ། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་། །ཞེས་བྱ་བ་ནི་རིགས་པས་ཤེས་པར་བྱ་བའི་དེ་བཞིན་ཉིད་རྟོགས་པས་སོ། དེ་ ཞེས་བྱ་བ་ནི་དེ་ལྟ་བུའི་སེམས་ཅན་ནོ། །བཟོད་པ་དང་འགྲོགས་ན་བདེ་བ་གཉིས་ཀྱིས་མཉམ་པར་གཞག་ཅིང་ལྡན་པ་དང་། དབང་པོ་དུལ་བ་གང་ཡིན་པའི་བཟོད་པ་དང་འགྲོགས་ན་བདེ་བ་ནི་དེ་ཉིད་དོ། །བཟོད་པ་ནི་གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་ལ་སོགས་པའོ། །འགྲོགས་ ན་བདེ་བ་ནི་དེས་པ་སྟེ། གཞན་དང་མི་མཐུན་པ་ཆེན་པོ་ཡོད་ཀྱང་བདག་དང་གཞན་ལ་གནོད་པ་མི་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་གཞན་ལ་གནོད་པ་བྱེད་པ་ལས་ལྡོག་པ་དང་། གཞན་མངོན་པར་དགའ་བ་བསྐྱེད་པའོ། །སྲིད་པ་མ་ལུས་སྤོང་ཞེས་བྱ་བ་ནི་ཁམས་གསུམ་ པོ་སྤོང་ཞིང་ཡོངས་སུ་འདོར་བ་སྟེ། དེའི་རྩ་བ་ཉོན་མོངས་པ་དྲུངས་ནས་འབྱིན་པའི་ཚུལ་གྱིས་སོ། །འདི་ན་ཞེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་དམ་ཡང་ན་སངས་རྒྱས་ཀྱི་བསྟན་པ་འདི་ལའོ། །སྐྱོབ་པ་ནི་ཆོས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་ཉག་གཅིག་ནི་ཆོས་རྣམས་ལ་སྐྱོབ་པ་ཡིན་ ནོ་ཞེས་བྱེ་བྲག་ཏུ་སྨྲ་བའི་ཚིག་གིས་སོ། ཡང་ན་ཕྱིན་ཅི་མ་ལོག་པར་སྟོན་ཅིང་གཞན་ལ་ཕན་འདོགས་པ་ཡིན་པས་སྐྱོབ་པ་སྟེ། ཕུང་པོ་ལྷག་མ་དང་བཅས་པར་བཞུགས་ཤིང་གཞན་གྱི་དོན་མཛད་པ་ཞེས་བྱ་བའི་དོན་ཏོ། །སྲིད་པ་མ་ལུས་སྤོང་ཞེས་བྱ་བས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་ འདས་པར་ཞུགས་པ་སྟེ། སྡུག་བསྔལ་གྱི་ལྷག་མ་སྤོང་བར་འདོད་པ་རྣམས་ཀྱི་ཐབས་སུ་བསྟན་ནོ། །རིག་དང་རྐང་པར་ལྡན་ཞིང་ཞེས་བྱ་བ་ལ། རིག་པ་ནི་སྔོན་གྱི་གནས་ཤེས་པ་ལ་སོགས་པ་གསུམ་མོ། །རྐང་པར་ལྡན་པ་ནི་ཚུལ་ཁྲིམས་སོ། །དེ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ དེ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །ལྡན་པ་ནི་རིག་པ་དང་རྐང་པ་མ་ཉམས་པ་གང་ཡིན་པའོ། །དྲན་ལྡན་པའི་ཞེས་བྱ་བ་ནི་ལུས་ལ་སོགས་པའི་དྲན་པ་མངོན་དུ་བྱས་པ་སྟེ། དེའི་དབང་གིས་རིག་པ་དང་རྐང་པར་ལྡན་པའོ། དེས་ནི་ཟག་པ་མེད་པ་ལ་དམིགས་པས་འཁོར་བ་ སྤོང་བར་བྱེད་དེ། སྡུག་བསྔལ་མ་ལུས་པ་ནི་འདུས་བྱས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དབང་པོ་དུལ་བ་སྔོན་དུ་འགྲོ་བས་ནི་ཕྲ་རྒྱས་ཐམས་ཅད་སྤོང་བ་ཡིན་ལ། དེའི་སྔོན་དུ་འགྲོ་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་ཡོན་བསྟན་པའི་ཕྱིར། འདུལ་སྦྱོང་བྱེད་པའི་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་དུ་དགྲ་བཅོམ་པ་ཞིག་བསོད་སྙོམས་ཀྱི་ཕྱིར་ཞུགས་པར་གྱུར་ཏོ། །བྲམ་ཟེ་མ་དད་པ་ཞིག་ཀྱང་གྲོང་དུ་ཆས་པ་ལས། དེ་མཐོང་ནས་འཁྲུགས་ཏེ་ཁུ་ཚུར་གྱིས་དེ་ལ་བསྣུན་ཏོ། དེ་འདོད་ཆགས་དང་བྲལ་བའི་ཕྱིར་ཁྲོ་བའི་སེམས་ནི་མ་སྐྱེས་སོ། ཇི་ཙམ་ན་དེ་དད་ནས་དད་པ་དེའི་དབང་དུ་མཛད་དེ་འདི་གསུངས་སོ། །གང་ཞིག་ནི་བདག་ཉིད་ཆེན་པོའོ། །དབང་པོ་ནི་མིག་ལ་སོགས་པའོ། །ལེགས་པར་སྡོམ་པ་ནི་མི་སྙོམས་པ་སྤངས་པས་ལེགས་པར་ཞུགས་པ་སྟེ་དུལ་བ་ཞེས་བྱ་བའི་དོན་ཏོ། །འདུལ་སྦྱོང་བྱེད་པས་ལེགས་ བཏུལ་རྟ་ལྟ་བུར། །ཞེས་བྱ་བ་ནི་ཇི་ལྟར་འདུལ་སྦྱོང་མཁས་པས་བྱས་པའི་རྒྱུས་ཇི་ལྟར་དུལ་བ་དེ་བཞིན་དུ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་སྤངས་པས་དབང་པོ་དུལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་གཉི་ག་བརྗོད་པའི་ཕྱིར། ཁྲོ་བ་སྤོང་བ་ཟག་མེད་དང་། །ཞེས་བྱ་བ་ སྨོས་ཏེ། ཁོང་ཁྲོ་བ་ཐམས་ཅད་སྤངས་པ་དང་། རྗེས་སུ་ཆགས་པ་ལ་སོགས་པའི་ཕྲ་རྒྱས་ཐམས་ཅད་སྤངས་པ་སྟེ། མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པའི་ཁམས་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལྷ་ཡི་བར་དུ་ཞེས་བྱ་བ་སྨོས་ཏེ། གང་ཡང་བདེ་བ་ལ་ལོངས་སྤྱོད་པས་བློ་གཡེངས་པའི་ལྷ་དེས་ཀྱང་མཆོད་པ་ཡིན་ན། བློ་གསལ་བར་གནས་པའི་མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ལྟར་བྱས་པ་སྟེ། དབང་པོ་དུལ་བ་ ལའོ། མི་ཞེས་བྱ་བ་ནི་ནམ་ཞིག་བདག་གིས་འདི་མཐོང་ཞིང་མཆོད་པར་འགྱུར་ཞེས་བྱ་བ་དང་། ནམ་ཞིག་བདག་གིས་འདི་ལྟར་ཐོབ་པར་འགྱུར་ཞེས་མངོན་པར་འདོད་པ་སྐྱེ་བར་འགྱུར་རོ། དེ་ཇི་ལྟ་བུ་ཞེ་ན། ཐུབ་པ་ཞེས་བྱ་བ་སྨོས་པ་ལ་འདིར་སྐྱོབ་པ་ཞེས་ཟེར་ཏེ། ཆོས་ བསྟན་པ་ལ་སོགས་པ་གཞན་ལ་ཕན་པ་འཇུག་པའི་ཡིད་དང་ལྡན་པ་སྟེ། དབང་པོ་ཉེ་བར་མ་དུལ་བས་ནི་གཞན་ལ་ཕན་པར་བྱེད་པར་མི་ནུས་ཏེ། གང་གི་ཕྱིར་བདག་མ་དུལ་བར་གཞན་གདུལ་བར་བྱེད་པ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་མདོ་ལས་གསུངས་སོ། །དབང་པོ་དུལ་བ་ན་ནི་བག་ ཡོད་པ་དང་། བརྩོན་འགྲུས་དང་ཤེས་པ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ལྟ་སྟེ་རྟ་བཟང་པོ་དང་རྟ་རྒོད་སྟོབས་ཆུང་བ་གཉིས་འབྲོག་དགོན་པ་ཆེན་པོར་ཞུགས་ན་དེས་སྟོབས་ཆུང་བ་བོར་ཏེ་མྱུར་དུ་འབྲོག་དགོན་པ་དེ་ལས་རྒལ་བར་བྱེད་པ་དེ་བཞིན་དུ་བག་ཡོད་པས་ བག་མེད་པ་འདི་ཉིད་དུ་བོར་ནས་འཁོར་བ་ལས་རྒལ་བར་བྱེད་དོ་ཞེས་པ་ནས་དེས་ན་ཚིགས་སུ་བཅད་པ་འདི་གསུངས་སོ། །བག་ཡོད་པ་ནི་དགེ་བའི་བྱ་བ་དག་ལ་འབད་པ་དང་ལྡན་པའི་ཕྱིར་རོ། །བག་མེད་པ་ཞེས་བྱ་བ་ནི་སེམས་ཅན་བག་མེད་པ་དག་ཡོད་ན་མཁས་པ་དེ་ལས་ འདས་པར་འགྲོ་བ་ཡིན་ནོ། །གཉིད་ལོག་ཅེས་བྱ་བ་ནི་ལ་ལོ་དང་གཉིད་ཀྱི་དབང་དུ་སོང་བའི་སེམས་ཅན་ཏེ། བརྩོན་པ་མི་བྱེད་པའོ། །མི་ཉལ་མང་པོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་སྟེ། རྣམ་པ་དུ་མས་མི་ཉལ་ཞིང་རྟུལ་ཕོད་པ་ནི་མི་ཉལ་མང་པོ་སྟེ། ལེགས་པར་སྤྱོད་པའི་ རྩོམ་པ་ལས་བརྩོན་འགྲུས་ཞེས་མཚོན་པ་ཡིན་ནོ། །དགེ་བ་མི་རྩོམ་པ་དག་རྣམ་པར་གཅད་པ་སྟེ། བདེན་པ་ཡིན་ཡང་མི་མཐུན་པའི་རྐྱེན་ཡིན་ནོ། དེ་ལྟ་བས་ན་བག་ཡོད་པ་དང་བརྩོན་འགྲུས་ནི་སྣ་ཚོགས་པ་ཉིད་དུ་བརྗོད་དོ། །འདིར་དཔེར་བརྗོད་པའི་ཕྱིར་རྟ་བཟང་ཞེས་བྱ་ བ་སྨོས་ཏེ། བཟང་བ་ནི་རིགས་བཟང་བ་གང་ཡིན་པ་དེ་ཉིད་དེ། རིགས་མཐོ་བའི་རྟ་ཞོན་པས་སོ། །རྟ་རྒོད་ནི་ཉམ་ཆུང་ཞིང་སྟོབས་མེད་པའི་རྟ་སྟེ། དེ་ནི་རྟ་ངན་པ་ཞོན་པའོ། །སྤངས་པ་ནི་དགོན་པར་སྤངས་པ་སྟེ། དཔེར་ན་རྟ་བཟང་པོས་རྟ་རྒོད་སྟོབས་དང་མི་ལྡན་པ་དགོན་པའི་ ནང་དུ་སྤངས་ནས། བདེ་བར་མངོན་པར་འདོད་པའི་གནས་སུ་འགྲོ་བར་བྱེད་པ་དེ་བཞིན་དུ་ཤེས་རབ་དང་བག་ཡོད་པ་དང་བརྩོན་འགྲུས་ཀྱི་ཐེག་པ་ལ་ཞོན་ནས། བག་ཡོད་པ་ལ་སོགས་པས་འཁོར་བ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། འགྲོ་བ་ནི་ཞུགས་པའོ། ཤིན་ཏུ་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་རྟོགས་པར་གྱུར་པའོ། །དེའི་ཕྱིར་ཐོས་པ་མཉན་ཡོད་ན་ཅེ་སྤྱང་ཟུགས་པའི་སྒྲ་ཞིག་གསན་ཏེ། འདི་ནི་སྔོན་ང་ཉིད་ཀྱི་གྲོགས་པོར་གྱུར་པ་སྟེ། སངས་རྒྱས་ཉིད་ཀྱིས་འཇིགས་པ་ཡིན་ལ། ང་ནི་བག་ཡོད་པས་སངས་རྒྱས་སུ་གྱུར་ཏེ། འདི་ནི་ ད་དུང་ཡང་ལོག་པར་ལྟུང་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །བག་ཡོད་པ་དང་བརྩོན་འགྲུས་དང་དབང་པོ་དུལ་བ་ལ་སོགས་པ་གཅིག་ཏུ་མ་ཟད་དེ། ངོ་ཚ་ཡང་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ལེགས་སྤྱོད་ཅེས་ བྱ་བའི་རྟ་འདུལ་པར་བྱེད་པ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། བཙུན་པ་ཇི་ལྟ་བུས་སྡིག་པ་སེལ་བར་འགྱུར་ཞེས་ཞུས་པ་དང་། དེས་ན་གསུངས་ཏེ། གང་ཞིག་ངོ་ཚ་སྟེན་བྱེད་མི། །མི་ཡི་ནང་དུ་སྐྱེས་གྱུར་ཏེ། །གང་དག་སྡིག་པ་སེལ་བ་ནི། །རྟ་བཟང་ལྕག་གིས་ གཞུས་པ་བཞིན། །ཞེས་སོ། །གཞན་དག་ནི་ལྷ་ཞིག་གིས་ཞུས་པ་ཡིན་ཞེས་ཟེར་རོ། །ཁ་ཅིག་ནི་གནས་བརྟན་པོ་ཏི་ཀ་ཞེས་བྱ་བ་ལས་བརྩམས་སོ་ཞེས་ཟེར་རོ། །གང་ཞིག་ངོ་ཚ་ཤེས་བསྟེན་ཅིང་། །ཞེས་བྱ་བ་ལ། བསྟེན་པ་ནི་གོམས་པར་བྱེད་པ་དེའོ། །ངོ་ ཚ་ཤེས་པ་ནི་འཛེམ་པ་དང་ལྡན་པ་སྟེ། ངོ་ཚ་ཅན་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་མི་གང་ཞིག་ངོ་ཚ་དང་ལྡན་པ་དེ་ཉིད་སྡིག་པ་སེལ་བར་འགྱུར་ཏེ། འདིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྟན་ཏོ། །ངོ་ཚ་དང་ལྡན་པ་ཉིད་ལས་ནི་ཚུལ་ཁྲིམས་དང་ལྡན་པར་འགྱུར་ཏེ། དེ་སྐད་དུ་འདི་ ན་གཅིག་ཏུ་ངོ་ཚ་བ་མེད་པ་ནི་སྡིག་པ་རྣམ་པ་སྣ་ཚོགས་ཀྱི་ལས་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་ལེགས་པར་མཉམ་གཞག་པ། །ཞེས་བྱ་བ་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ། གསུམ་པོ་འདིས་ནི་འཕགས་པའི་ལམ་བསྟན་ཏེ། འདི་ནི་ཕུང་པོ་གསུམ་གྱི་བདག་ ཉིད་ཡིན་པའི་ཕྱིར་རོ། །དེ་བསྒོམས་པས་ཕན་པ་མ་ཡིན་པའི་དབང་པོ་དུལ་བར་འགྱུར་ནའོ། །སེལ་བར་བྱེད་པ་ནི་སྤོང་བར་བྱེད་པ་སྟེ། མི་དེས་སྡིག་པའམ་ངན་པ་སྤྱོད་པའོ། །རྟ་བཟང་ལ་ནི་ལྕག་བཞིན་དུ། །ཞེས་བྱ་བ་ནི་དཔེར་ན་རྟ་དུལ་བ་ནི་རྟ་དེ་ལྕག་གིས་གཞུ་མི་དགོས་པ་དེ་བཞིན་ དུའོ། །ནི་ཞེས་བྱ་བ་ནི་ཉིད་དེ་རྟ་བཟང་པོ་ཉིད་ཡིན་གྱི། རྟ་ངན་པ་ནི་མ་ཡིན་ནོ་ཞེས་སོ། །དུལ་བའི་ཕན་ཡོན་བསྟན་པའི་ཕྱིར། དུལ་བ་འདུན་སར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་གི་དབང་དུ་མཛད་པ་སྟེ། འདི་ལྟ་སྟེ། གང་རྒྱལ་པོ་ཆེན་པོ་ནི་དུལ་ཞིང་ཅང་ ཤེས་པའི་རྟ་ལ་ལྷག་པར་ཞོན་ཞིང་གཡུལ་དུ་འགྲོ་བ་ཡིན་གྱི། རྟ་ངན་པ་ལ་ནི་མ་ཡིན་ནོ་ཞེས་པ་ནས་འདི་གསུངས་སོ། །དུལ་བ་ནི་དུལ་ཞིང་མི་སྲུན་པ་སྤངས་པ་ཉིད་དོ། །འདུན་ས་ནི་རྟས་རྩེ་ཞིང་ཚོགས་པའི་སའོ། །ཡང་ན་འདུན་ས་ནི་གཡུལ་བཀྱེ་བའི་སའོ། །འགྲོ་བྱེད་ཅིང་ཞེས་ བྱ་བ་ནི་འཇུག་པར་བྱེད་པའོ། །དུལ་ལ་རྒྱལ་པོ་ལྷག་པར་ཞོན། །ཞེས་བྱ་བ་ནི། ཡང་དག་པར་ན་ཕན་ཞིང་དུལ་བའི་རྟ་ལ་ན། རྒྱལ་པོ་དོགས་པ་མེད་པར་ལྷག་པར་ཞོན་པ། ཇི་ལྟ་བ་དེ་བཞིན་དུ། དུལ་བ་མི་ཡི་ནང་ན་མཆོག །ཅེས་བྱ་བ་སྨོས་ཏེ། མི་ཐམས་ཅད་དུ་ཡོངས་སུ་ བརྟགས་པའི་ནང་ན་ནི་དུལ་བ་ཉིད་མི་རྣམས་ཀྱི་མཆོག་ཡིན་ཏེ། བསྔགས་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཚིག་གི་ཕྲ་རྒྱས་ཀྱིས་འཐབ་མོའི་སར་སྤངས་ནས་འགྲོ་བ་ལ་དམ་པ་རྣམས་དམིགས་ཤིང་སྟེན་པར་བྱེད་པ་ནི་དུལ་བའོ། །ཇི་ལྟར་དེ་དང་དེའི་མཚན་ཉིད་ཤེས་པར་བྱ་ཞེ་ན། གང་ ཞིག་ཚིག་ངན་བཟོད་བྱེད་པ། །ཞེས་བྱ་བ་སྨོས་ཏེ། ཚིག་ངན་ནི་བརྗོད་པར་བྱ་བ་ལས་བཟློག་པ་སྟེ། བརྫུན་དང་ཚིག་རྩུབ་པོ་ལ་སོགས་པ་གཞན་ལས་ཐོས་ཀྱང་བཟོད་པར་བྱེད་ཅིང་མི་འགྱུར་བ་དེ་ནི་དུལ་བའོ། །ཡང་ན་ཚིག་ངན་པ་ནི་ལྷག་པར་བསྟོད་པའམ་སྨད་པ་སྟེ། དེ་སྨྲས་པས་ ནི་རྗེས་སུ་ཆགས་པ་དང་ཞེ་སྡང་སྐྱེད་པའི་དོན་ཏོ། །འདིར་ཚིག་ནི་མཚོན་པ་ཙམ་དུ་ཟད་དེ། བརྡིག་པ་ལ་སོགས་པ་ཡང་བཟོད་པའོ། །འདི་ལྟར་འདིར་ཚིག་ཉི་ཚེ་སྨོས་པ་ཡང་ཐམས་ཅད་དུ་ཕལ་ཆེར་ཚིག་འབྱུང་བའི་ཕྱིར་རོ། །གང་ཞིག་བདག་ཉིད་དུལ་བ་ནི་ཐམས་ཅད་འདུལ་བ་ ལས་མཆོག་ཡིན་ནོ་ཞེས་བསྟན་པའི་ཕྱིར། གླང་པོའི་ནང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུར་ཁྲོད་བསིལ་བའི་ཚལ་ན་ཤྲོ་ན་ཀོ་ནི་ཞེས་བྱ་བའི་མི་ཉི་ཤུ་ཙམ་ཞིག་བདག་ཉིད་དུལ་བའི་གནས་ལ་རྗེས་སུ་བརྩོན་པར་ལྡན་ཞིང་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་དགེ་སློང་ རབ་ཏུ་མང་པོ་དང་། ཐབས་ཅིག་ཏུ་བཞུགས་པས་ལྷའི་སྤྱན་གྱིས་དེ་གཟིགས་ཏེ། ཇི་ཙམ་ན་དེར་གཤེགས་སོ། །དེའི་ཚེ་ཕྱོགས་དེ་ན་རྒྱལ་པོའི་དྲེའུ་དང་གླང་པོ་ཆེ་འདུལ་བར་བྱེད་དེ། དེ་དཔེར་མཛད་ནས་ཚིགས་སུ་བཅད་པ་བཅུ་བཞི་གསུངས་སོ། གང་ཡིན་པ་ཞེས་བྱ་བ་ནི་གང་ ཡང་རུང་བ་ལ་སྟེ། འཇིག་རྟེན་འདི་ལའོ། །དྲེའུ་འདུལ་བར་བྱེད་པ་ནི་དྲེའུ་སློབ་པར་བྱེད་པ་སྟེ། བཞོན་པ་ལ་སོགས་པ་རུང་བར་བྱེད་པའི་ཕྱིར་ཅང་ཤེས་རྟ་དང་ནི་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་ཞིང་རིགས་མཐོ་བ་མཆོག་ཏུ་བསྔགས་པའོ། །སིན་དུའི་ཞེས་བྱ་བ་ནི་ཡུལ་སིན་དུ་ནས་ སྐྱེས་པའམ། ཡུལ་བཟང་པོ་ལས་སྐྱེས་པའི་རྟ་ཞེས་བྱ་བའི་དོན་ཏོ། །གླང་པོའི་ནང་ན་གླང་ཆེན་དང་། །ཞེས་བྱ་བ་ནི་མཚན་དང་ལྡན་པའི་གླང་པོའི་ནང་ན་གླང་པོ་ཆེན་པོའོ། །དེ་བས་བདག་ཉིད་དུལ་བ་མཆོག །ཅེས་བྱ་བ་ནི་བདག་དུལ་བ་གང་ཡིན་པ་དེ་ནི་བདག་ཉིད་དུལ་བ་སྟེ། གང་ བདག་དུལ་བར་བྱས་པ་དེས་ནི་དྲེའུ་ལ་སོགས་པ་དུལ་བར་བྱས་པ་དེ་དག་པས་མཆོག་སྟེ། གཙོ་བོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཞོན་པ་དེ་དག་རྣམས་ཀྱིས་ནི། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དྲེའུ་ལ་སོགས་པ་དུལ་བར་བྱེད་པ་དེ་དག་གི་རྒྱུར་གྱུར་པའི་དུལ་བ་དེ་དག་ གིས་ནི། ས་དེ་མངོན་པར་འཐོབ་མི་སྲིད། །ཅེས་བྱ་བ་ཡིན་ཏེ། དེ་ནི་ཕྱོགས་དེ་དང་དེའི་བྱེ་བྲག་ཕྱིན་པར་བྱེད་པ་ཡིན་ནོ། །བདག་ཉིད་ལེགས་འདུལ་གང་ཡིན་པའི། །ཞེས་བྱ་བ་ནི་ས་གང་ལ་ལེགས་པར་ཡོངས་སུ་སྦྱངས་པའི་ཡིད་ཀྱིས་ནི་མཁས་པ་དེས་ཐོབ་འགྱུར་ཞེས་བྱ་བ་སྟེ། མཁས་པས་རྟོགས་པར་འགྱུར་བའོ། །སའི་རང་བཞིན་བསྟན་པའི་ཕྱིར། །ཞི་བ་ཞེས་བྱ་བ་སྨོས་ཏེ། སྡིག་པ་དང་བྲལ་ཞིང་ཉེ་བར་ཞི་བ་སྟེ། གང་གི་ཕྱིར་དབང་པོ་དུལ་བར་གྱུར་ན་ནི་བྱ་བ་མ་ཡིན་པའི་ངན་པར་སྤྱོད་པ་ཉེ་བར་ཞི་བར་ཡིན་ནོ། །སྡུག་བསྔལ་གྱི་རྩ་བ་ནི་སྡིག་པ་ཡིན་ཏེ་ དེ་མེད་ན་སྡུག་བསྔལ་མེད་དོ་ཞེས་བསྒྲུབ་པའི་ཕྱིར། སྡུག་བསྔལ་མཐར་ཕྱིན་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་མི་འདོད་པའི་འབྲས་བུ་ལ་སོགས་པ་མེད་པས་མཐར་འགྲོ་བར་འགྱུར་རོ། །གདུང་བས་ཟིལ་གྱིས་ནོན་པར་མ་གྱུར་ན་ནི་ལུས་ལ་སོགས་པ་དྲན་པ་བསྒོམ་པ་ལ་ནན་ ཏན་དུ་བྱེད་པར་ནུས་ཀྱི། སྡུག་བསྔལ་གྱིས་མངོན་པར་གཙེས་པའི་བདག་ཉིད་ལ་ནི་མ་ཡིན་ནོ་ཞེས་བསྒྲུབ་པར་འདོད་པའི་ཕྱིར། དྲན་ལྡན་ཞེས་བྱ་བ་ཡིན་ཏེ། ལུས་སུ་གཏོགས་པའི་དྲན་པ་དང་ལྡན་པའི་ཕྱིར། དྲན་པ་ཉམས་པ་ལས་ནི་འདི་ལྟར་ངན་སོང་གི་འགྲོ་བ་ཡིན་ཏེ། དྲན་པ་མ་བསྒོམས་པས་སོ། །ཇི་སྐད་དུ་བཤད་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར། སྤོང་འགྱུར་གྱི་ཞེས་བྱ་བ་སྨོས་ཏེ། རབ་ཏུ་སྤངས་པའོ། །གང་ཡིན་ཞེ་ན། འགྲོ་བ་སྟེ་ངན་ འགྲོ་གསུམ་ཞེས་བྱ་བའི་དོན་ཏོ། །དེ་ནས་བདེ་འགྲོར་སྐྱེ་ཞིང་དྲན་པ་བསྒོམས་པས་སྣོད་དུ་གྱུར་ནས། མཐོང་བའི་ལམ་མངོན་དུ་བྱས་པས་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པའི་འཆིང་བ་སྤོང་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འཆིང་བ་བཅད་ནས་ཞེས་བྱ་བ་ སྨོས་ཏེ། དེའི་འཆིང་བ་བཅད་ནས་སོ་སོའི་སྐྱེ་བོ་འདི་ནས་འདས་ཏེ་འཕགས་པ་དང་སྐལ་པ་མཉམ་པའི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། དེ་ནས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་ ལས་འདས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་ཀུན་ལས་རབ་གྲོལ་གྱི། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ་སྡུག་བསྔལ་ཡང་ཡིན་ཏེ། ལས་འཛིན་པའི་བསྡུ་བའོ། །དེ་ལས་ངེས་པར་གྲོལ་བར་འགྱུར་ཏེ། དེ་ནས་མཉམ་པར་བཞག་པའི་ས་པའི་ཀུན་དུ་སྦྱོར་ བ་སྤངས་ནས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཀུན་སྦྱོར་མ་ལུས་སྤོང་འགྱུར་གྱི། །ཞེས་བྱ་བ་སྨོས་ཏེ། ཀུན་དུ་སྦྱོར་བ་དགུའི་ཐོབ་པ་བཅད་པས་སོ། །དེ་ནས་དུས་ཅུང་ཟད་གདུལ་བྱ་ཇི་ལྟ་བ་བཞིན་དུ་ཕན་འདོགས་ཤིང་ གནས་ཏེ། དུས་གཞན་ཞིག་ཏུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཚུལ་ཉིད་ཐོབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར། མྱ་ངན་འདས་ཉིད་ཅེས་བྱ་བ་སྨོས་ཏེ། སྐྱེ་བའི་སྒྲིབ་གཡོགས་ལས་འདས་པ་ནི་མྱ་ངན་ལས་འདས་པའོ། དེ་ཉིད་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་ བའི་མཚན་ཉིད་དོ། །ནང་གནས་པ་ཞེས་བྱ་བ་ནི་དཀྱིལ་ཏེ། དེའི་བདག་ཉིད་དུ་གནས་བ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་འདུལ་བ་ལ་བརྗོད་དོ། །གདུལ་བའི་བསམ་པའི་མཚན་ཉིད་ནི་རྣམ་པ་མང་སྟེ། དེར་འདུས་པའི་གདུལ་བྱ་དེ་དག་ལས་ཁ་ཅིག་ནི་ཞི་བ་དོན་དུ་གཉེར་རོ། །ཁ་ ཅིག་ནི་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་རོ། །ཁ་ཅིག་ནི་འགྲོ་བ་གཏོང་བ་དོན་དུ་གཉེར་རོ། །ཁ་ཅིག་ནི་འཆིང་བ་ལས་གྲོལ་བ་དོན་དུ་གཉེར་བ་ལ་སོགས་པ་སྟེ། ཉེ་བར་མ་ཞི་བ་ལ་སོགས་པས་ཀུན་དུ་གཙེས་པའི་ཕྱིར་ཉེ་བར་ཞི་བ་ལ་སོགས་པའི་ཁྱད་པར་འདོད་པ་ ཡིན་ནོ། དེ་བས་ན་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་འདི་གསུངས་སོ། །སྡུག་བསྔལ་གྱི་མཐར་ཕྱིན་པ་ནི་བདག་ཉིད་དུལ་བ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདུལ་སྦྱོང་ཞེས་བྱ་བ་ལ་སོགས་པའོ། །གཅེར་བུ་པའི་ལྟ་བ་ཅན་ཞིག་གིས་བཙུན་པ་ ཇི་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་ཞུས་པ་དང་འདི་གསུངས་སོ། །བདག་ཉིད་ཁོ་ན་གདུལ་བར་བྱ། །ཞེས་བྱ་བ་ནི་རང་གི་སེམས་ཉིད་བྱ་བ་དང་ལས་དག་ལ་དབང་དུ་གྱིས་ཤིག་པའོ། །འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར། །ཞེས་བྱ་བ་ནི་དཔེར་ ན། རིགས་བཟང་པོའི་རྟ་འདུལ་སྦྱོང་མཁན་གྱིས་འདུལ་བར་བྱེད་པ་ལྟར་རོ། །ཅིའི་ཕྱིར་ཞེ་ན། ཕན་ཡོན་བསྟན་པའི་ཕྱིར། བདག་ཉིད་ལེགས་པར་དུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །ཞེས་བྱ་བ་སྡུག་བསྔལ་གྱི་ཐ་མར་འགྲོ་བ་སྟེ། ཐར་པ་ཐོབ་པར་འགྱུར་བའོ། བདག་ཉིད་ དུལ་བའི་ཕན་ཡོན་བསྟན་པའི་ཕྱིར། །བདག་ཉིད་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བེ་ར་ཏྱ་ན་ཚོང་དཔོན་རྒན་པོ་ཞིག་བུ་ལ་སོགས་པས་བརྙས་པར་གྱུར་ཏེ། མགོན་སུ་ལ་བྱ་ཞེས་ཞུས་པ་ལས་བརྩམས་ཏེ། བདག་ཉིད་ཀྱི་མགོན་དང་བདག་ཉིད་ཀྱི་སྐྱབས་ལ་གནས་པར་བྱའི། གཞན་ནི་གླིང་དང་ སྐྱབས་མ་ཡིན་ནོ་ཞེས་བཀའ་སྩལ་ཏེ་འདི་གསུངས་སོ། བདག་ཉིད་ཁོ་ན་ཞེས་བྱ་བ་ནི་སེམས་ཁོ་ནའོ། །བདག་གི་ཞེས་བྱ་བ་ནི་བདག་གི་དངོས་པོ་ཐམས་ཅད་དེ། གང་གི་ཕྱིར་བདག་གི་དངོས་པོ་འདི་ལ་ནི་རང་གི་སེམས་ཉིད་དུལ་བར་བྱ་བའོ། །མགོན་ནི་སེམས་འདི་དབང་སྒྱུར་བར་བྱེད་ཅིང་ འཇིག་རྟེན་གཞན་དུ་འདྲེན་པར་བྱེད་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བ་སྟེ། འདྲེན་པར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དུལ་ན་ནི་བདག་ཉིད་བདེ་འགྲོ་དག་ཏུ་འདྲེན་པར་བྱེད་དེ། འདིས་ནི་ཁྱད་པར་དུ་ལེན་པའི་རྒྱུ་རྟོགས་པར་བྱེད་དོ། །བདག་ཉིད་བདག་གི་སྐྱབས་ཡིན་པས། །ཞེས་བྱ་ བ་ནི་སྐྱབས་ཀྱི་དོན་དང་སྐྱོབ་པའི་ཕྱིར་ཏེ། རང་གི་སེམས་ཉིད་དུལ་བས་ནི་བདག་གི་སྐྱབས་ཏེ། དེའི་མཐུས་ཉེ་བར་སྤྱོད་པ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་རོ། །ཡང་ན་མགོན་ནི་མངོན་པར་མཐོ་བའི་བདེ་བ་སྐྱེད་པའི་ཕྱིར་རོ། །སྐྱབས་ནི་ངེས་པར་ལེགས་པའི་བདེ་བ་ཐོབ་པར་བྱེད་པ་སྟེ། དེས་ན་དེ་ཉིད་ཀྱི་ཕྱིར། བདག་ཉིད་གདུལ་བར་བྱ་ཞེས་བྱ་བ་ལ་སོགས་པའི་དཔེ་དང་བཅས་པ་ནི་རྟོགས་པར་སླའོ། །རྟའི་ཚོམས་ཏེ་བཅུ་དགུ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།བདག་གི་སེམས་དུལ་བར་བྱས་ན་ནི་ཁྲོ་བ་ལ་སོགས་པ་སེལ་བར་འགྱུར་ཏེ། དཔེར་ན་བྱི་ལའི་རྐྱལ་པ་ལེགས་པར་མཉེས་ན་སིལ་ཀྲོལ་གྱི་སྒྲ་འབྱིན་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པའི་ཕྱིར་དེའི་འོག་ཏུ་ཁྲོ་བའི་ཚོམས་བསྟན་ཏོ། །གང་གི་ཕྱིར་མ་དུལ་བར་ནི་ཁྲོ་བ་ལ་སོགས་པ་སེལ་བར་ནུས་པ་མེད་དོ། དེས་ན་དེ་ཉིད་བསྟན་པ་དང་བདག་ཉིད་དུལ་བར་བྱས་ནས་ ཁྲོ་བ་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པ་མེད་ལ་དགའ་བའི་གཅེར་བུ་བ་ཞིག་གིས་བཅོམ་ལྡན་འདས་ལ་གསོལ་པ། ཅིས་ནི་སྤངས་དང་ཅི་ཡིས་རྣམ་སྤངས་འགྱུར། །གང་གིས་ཐམས་ཅད་ལས་ནི་འདའ་འགྱུར་ཞིང་། །གང་ལ་མ་ཆགས་པར་ནི་བྱས་པ་དག ། ཆགས་པའི་རྗེས་སུ་ལྟུང་བར་མི་འགྱུར་ལགས། །ཞེས་པ་དང་དེས་ན་འདི་གསུངས་སོ། །གཞན་དག་ནི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་རྒྱལ་རིགས་ཀྱི་བུ་མོ་སྣར་མ་ཞེས་བྱ་བ་ལས་བརྩམས་པའོ་ཞེས་ཟེར་རོ། །ཁྲོ་བ་ནི་བདག་གིས་མཛའ་བཤེས་དང་དགྲ་བོ་རྣམས་ལ་གནོད་པ་དང་དོན་བྱེད་པ་ ལས་བྱུང་བའི་ཁོང་ཁྲོ་བ་སྔོན་དུ་འགྲོ་བའི་སེམས་ཀུན་དུ་འཁྲུགས་པ་ནི་ཁྲོ་བའོ། །གཞན་དག་ནི་གནས་དང་གནས་མ་ཡིན་པ་ལ་རྗེས་སུ་མི་མཐུན་པ་ལས་སྐྱེས་པའི་རིགས་པ་ཡོངས་སུ་སྤངས་པ་སྟེ། བུ་ལ་སོགས་པ་ལ་ཡང་སེམས་རབ་ཏུ་འཁྲུགས་པ་ནི་ཁྲོ་བ་ལའོ་ཞེས་ཟེར་རོ། ། གཞན་དག་ནི་འདིར་ཁོང་ཁྲོ་བ་ཉིད་ལ་འཇིག་རྟེན་གྱི་རབ་ཏུ་གྲགས་པས་ཁྲོ་བ་ཞེས་བརྗོད་དོ། །སྤངས་ཞེས་བྱ་བ་ནི་ཁྲོ་བ་ཡོངས་སུ་དོར་བ་སྟེ། གཞན་ལ་གནོད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ང་རྒྱལ་རྣམ་སྤངས་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པའི་ཁྱད་པར་དུ་ཡང་ང་རྒྱལ་རྒྱུད་ལ་སྤང་བར་བྱ་ བའོ། །འདིར་ང་རྒྱལ་ནི་ངའོ་སྙམ་པ་ལ་དགོངས་ཏེ། ཕྲ་རྒྱས་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་དང་། ཡོན་ཏན་ལ་སོགས་པའི་བགེགས་སུ་གྱུར་པའི་ཕྱིར་རོ། །ཀུན་སྦྱོར་ཀུན་ལས་ཤིན་ཏུ་འདའ་འགྱུར་ཞིང་། །ཞེས་བྱ་བ་ནི་རང་དབང་མེད་པར་སྐྱེད་པར་བྱེད་པའི་ཕྱིར་ཀུན་དུ་སྦྱོར་ བ་རྣམ་པ་དགུ་པོ་འདི་ཡང་རྣམ་པར་སྤོང་བ་སྟེ། འདིས་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་སྦྱོར་བ་ཡིན་ནོ། །སྔར་བསྟན་པའི་བྱ་བའི་ཕན་ཡོན་བསྟན་པའི་ཕྱིར། མིང་དང་གཟུགས་ལ་ཆགས་པ་མེད་དེ་དག །ཅེས་བྱ་བ་སྨོས་ཏེ། དེ་དག་ནི་གང་ཟག་གོ། །མིང་དང་གཟུགས་ ཞེས་བྱ་བ་ལ། མིང་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །ཆགས་པ་མེད་པ་ནི་ཡིད་དེ་ལ་ཆགས་པར་མི་བྱེད་པ་སྟེ། །དེ་ལ་སྲེད་པ་དང་བྲལ་བའི་ཕྱིར་རོ། །ཅི་ཡང་མེད་པས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མེད་པ་ སྟེ། ཡང་སྲེད་པའི་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་སྤྲོས་པ་དང་བྲལ་བའོ། །རྗེས་སུ་མི་ལྟུང་ཞེས་བྱ་བ་ནི་རྗེས་སུ་མི་འགྲོ་བ་དང་། རྗེས་སུ་མི་འཆིང་བ་དང་། གདུང་བར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་འདུ་འཛི་སྟེ་དེས་བྱས་པའི་གཡེང་བའོ། །ཡང་ན་སྐྱེ་བ་ལ་སོགས་ པ་སྲིད་པའི་སྐྱོན་ནོ། །ཁྲོ་བ་ལ་སོགས་པ་སྤངས་པ་ནི་བདེ་བ་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་གསོལ་པ། སྐྱེས་མ་ཐག་ཏུ་ཅི་ཞིག་སྤང་། །ཅི་ཞིག་སྐྱེས་ནས་བཟློག་པར་བགྱི། །བསྟན་པས་ཅི་ཞིག་རབ་ཏུ་སྤོང་། གང་ཞིག་རྟོགས་ན་བདེ་པར་འགྱུར། །ཞེས་པ་དང་། དེ་ལ་འདི་གསུངས་སོ། །སྐྱེས་མ་ཐག་ཏུ་ཞེས་བྱ་བ་ནི་ཡིད་ལ་སྐྱེས་པ་ཙམ་ཉིད་ལའོ། །སྤངས་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །གང་གི་ཕྱིར་ཁྲོ་བ་བྱུང་ནས་ཡལ་བར་འདོར་ན་ནི་ཕུང་ཁྲོལ་སྟོང་བྱེད་དེ། ཕྱུགས་ལྷས་སུ་སྤྱང་ཀི་ཞུགས་ པ་བཞིན་ནོ། །སྐྱེས་ནས་འདོད་ཆགས་སྤང་པར་གྱིས། །ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཡང་སྐྱེས་མ་ཐག་ཉིད་དུ་རང་གི་གཉེན་པོས་བཟློག་པར་བྱ་སྟེ་ཐག་རིང་པོར་སྤང་ཞིང་རྒྱུན་གཅད་པས་རྩ་བ་དང་བཅས་པར་དབྱུང་སྟེ། ཁ་ནས་འཇམ་པོར་སྨྲ་ཞིང་ནང་དུ་འཁོན་བྱེད་པ་ལྟ་ བུའོ། བརྟན་པས་མ་རིག་རབ་ཏུ་སྤང་། །ཞེས་བྱ་བ་ནི་མཁས་པས་གཏི་མུག་ཡོངས་སུ་སྤངས་པ་སྟེ། ཤེས་པ་དང་ལྡན་པའི་ཕྱིར་སྐྱོན་སྤོང་བ་ནི་བརྟན་པའོ། །སྡུག་བསྔལ་མཐོང་བས་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ རིག་པ་སྤོང་བའི་རྒྱུ་བསྟན་ཏོ། །བདེ་བ་ནི་སྲིན་པོ་གསུམ་སྤངས་པ་བཞིན་དུ་འཇིགས་པ་མེད་པས་བདེ་བར་འགྱུར་བ་སྟེ། སྲེད་པ་ཟད་ན་བདེ་བ་འཐོབ་པར་འགྱུར་རོ། །གཞན་དག་ཏུ་ནི་བདེན་པ་རྟོགས་ན་ཞེས་བརྗོད་དོ། །འཕགས་པའི་བདེན་པ་བཞི་མཐོང་ན་ཞེས་བྱ་བའི་དོན་ཏོ། །ཁྲོ་བ་ སྤངས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་ཡོན་གཞན་ཡང་བསྟན་པའི་ཕྱིར། ཁྲོ་བ་སྤངས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་སྤངས་ན་བདེ་བར་ཉལ། །གང་ཞིག་སྤངས་ན་མྱ་ངན་མེད། །གང་གིས་འདིར་ནི་ཆོས་གཅིག་ཉིད། །བཅོམ་ན་གཽ་ཏམ་བསྔགས་ པ་མཛད། །ཅེས་བརྒྱ་བྱིན་གྱིས་ཞུས་པ་དང་འདི་གསུངས་སོ། །ཁྲོ་བ་སྤངས་པ་ནི་དོར་བའོ། །བདེ་བར་ཉལ་ཞེས་བྱ་བ་ནི་གདུང་བ་མེད་པར་གཉིད་ལོག་པར་འགྱུར་བའོ། །ཡང་ན་འཚེ་བ་མེད་པར་གནས་པ་སྟེ། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། །ཉལ་བ་ན་ཡང་ལྷ་རྣམས་བསྲུང་ འགྱུར་རོ། །ཞེས་བྱམས་པ་ཐོབ་པ་དག་ལ་བཤད་པས་སོ། །ཁྲོ་བ་སྤངས་ན་གདུང་མི་འགྱུར། །ཞེས་བྱ་བ་ནི་གདུང་བར་མི་འགྱུར་བ་སྟེ། ནང་དུ་གདུང་བ་མེད་ཅིང་མྱ་ངན་རྗེས་སུ་མྱོང་བར་མི་འགྱུར་བ་སྟེ། དེ་སྤངས་པས་ནི་བསམ་པ་གྲུབ་ལ་བྱེ་མ་ལ་སོགས་པ་མཐོང་བ་དང་བྲལ་བའི་ཕྱིར་རོ། ། ཁྲོ་བ་ཞེས་བྱ་བ་དང་ཆོམས་ཤིག་ཅེས་བྱ་བ་འདིར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་གྱི་ཚུལ་གྱི་རྒྱུ་བསྟན་པའི་ཕྱིར། དུག་གི་རྩ་བ་ཞེས་སྨོས་ཏེ། ཕུང་ཁྲོལ་གྱི་རྒྱུ་ཡིན་པས་མྱུར་དུ་འདོད་ཆགས་དང་བྲལ་བར་བྱས་ཏེ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །བདེ་འཇོམས་ ཞེས་བྱ་བ་ལ། བདེ་བ་ནི་ཡིད་དུ་འོང་བ་སྟེ། ལེགས་པར་སྤྱོད་པ་དང་ཡིད་དང་འཐད་པ་ལ་སོགས་པ་དེས་འཇིག་པ་ནི་བདེ་བ་འཇོམས་པ་སྟེ། དེ་ནི་ལེགས་པར་སྤྱོད་པ་དང་ཡིད་དུ་འོང་བ་གཅོད་པར་བྱེད་པ་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་བོད་པ་སྟེ། དེའི་ཕྱིར་བདེ་བ་འཇོམས་པ་ནི་བག་ ཆགས་ཡིན་ནོ་ཞེས་བསྟན་ནས་ཐོ་རངས་དང་མཚན་མོ་ཉིད་ལ་ཡང་གདུལ་བའི་དགེ་སློང་དག་ལ་བསྟན་ཞིང་ཡང་བརྗོད་པ་ཡིན་ཏེ། ཁྲོ་བ་ནི་ཁྱིམ་ན་གནས་ཀྱང་ཡོངས་སུ་སྤང་བར་བྱ་བ་ཡིན་ལ། ཁྱད་པར་དུ་ནི་ཁྱིམ་སྤངས་པས་སྤང་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །ཆོམས་ཤིག་དང་། ། འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང་། །ཞེས་བྱ་བ་ནི་འདི་སྤངས་པས་ནི་སངས་རྒྱས་དང་། དེའི་ཉན་ཐོས་དགྱེས་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་བཅོམ་པ་ཡིས་མྱ་ངན་མེད། །ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཁྲོ་བ་སྤངས་ ན་ནི་གང་གིས་ཇི་ལྟར་ཡང་ཡིད་ལྷག་པར་གདུང་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་ཞིག་དེའི་རྗེས་སུ་འཇུག་པ་དེ་ནི་དུས་རིང་པོར་མྱ་ངན་བྱེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཁྲོས་བདག་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་དག་སྔོན་ བྱུང་བའི་དུས་ན་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་ཉེ་བར་གནས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་རྩོམ་པའི་དུས་སུ་གལ་ཏེ་ལྷ་རྣམས་རྒྱལ་བར་འགྱུར་ཞིང་ལྷ་མ་ཡིན་རྣམས་ ཕམ་པར་འགྱུར་ན་ནི། གྲོགས་པོ་དག་དེ་ལ་ངས་ཀྱང་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་གསོན་བཞིན་དུ་བཟུང་ལ་མགུལ་པ་བཅིང་བ་ལྔས་བཅིངས་ཏེ། ལྷའི་གྲོང་ཁྱེར་དུ་གཞུག་པར་བྱའོ་ཞེས་སྨྲས་སོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱིས་ཀྱང་ལྷ་མ་ཡིན་རྣམས་ལ་དེ་ ལྟར་སྨྲས་སོ། ཇི་ཙམ་ན་ཐགས་བཟངས་རིས་ལྷའི་གྲོང་ཁྱེར་དུ་བཅུག་སྟེ། ལྷའི་འདུན་ས་ཆོས་བཟང་གི་སྒོ་དྲུང་དུ་མགུལ་པ་བཅིང་བ་ལྔས་བཅིངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དེ་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ན་དེས་སྡིག་པ་ཅན་གྱི་ཚིག་ཚོགས་པར་མི་དབྱུང་བས་གཤེ་བར་ བྱེད་དོ། །མ་ཏ་ལིས་སྨྲས་པ། །བརྒྱ་བྱིན་ལྷ་དབང་འཇིགས་པ་འམ། །ཡང་ན་སྟོབས་མེད་བཟོད་པར་བྱེད། །ཐགས་བཟངས་རིས་ཀྱི་ཚིག་གཏུམ་དག །མངོན་སུམ་ཐོས་བཞིན་འདུག་བྱེད་དམ། །ཞེས་སོ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ནི་དེ་ལྟར་མཐོང་མོད་ཀྱི། །བྱིས་པ་ཡི་ ནི་དགག་པ་ཡིན། །ཕ་རོལ་གང་ཞིག་ཁྲོས་ཤེས་ན། །རང་ཉིད་དེ་ལ་ཞི་བར་བྱ། །ཞེས་སྨྲས་ཏེ། དེ་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བཅུ་གཉིས་བཀའ་སྩལ་ཏོ། རབ་སྨྲ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པ་དང་ཡང་དག་པར་ཤེས་པ་སྟེ། མེད་ པ་ལ་ཡོད་པར་ཡོངས་སུ་གཅོད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། གང་ཁྲོས་ཞེས་བྱ་བ་སྨོས་ཏེ། འཁྲུགས་པའོ། །ཇི་ལྟར་སྨྲས་པ་ཡིན་ཞེ་ན། བདག་གིས་ལེགས་བྱས་ཀྱི། མ་ལེགས་མིན་ཞེས་བྱ་བ་སྟེ། ལེགས་པར་བྱས་པ་ཉིད་ཡིན་གྱི། །དེ་ཉིད་ཀྱིས་ཉེས་པར་བྱས་པ་ ནི་མ་ཡིན་ནོ་ཞེས་མངོན་པར་སེམས་པ་ཡིན་ནོ། །ཁྲོ་བ་ནི་ཕྱིན་ཅི་ལོག་གི་རྒྱུ་ཡིན་པའི་ཕྱིར་རོ། །འོག་ཏུ་ཞེས་བྱ་བ་ནི་ཡང་དུས་གཞན་ནའོ། །འདི་ཉིད་གསལ་བར་སྟོན་པ་ཡིན་ཏེ། ཁྲོ་བ་ཞི་བ་ཞེས་བྱ་བ་ནི་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་ནའོ། །མེ་ཡིས་བསྲེགས་བཞིན་གདུང་ བར་འགྱུར། །ཞེས་བྱ་བ་ལ། བསྲེགས་པས་ཉེ་བར་གདུང་བ་བཞིན་དུ་དེ་ཁྲོ་བས་གདུང་བ་མྱོང་བར་འགྱུར་ཏེ། ཇི་ལྟར་བདག་གིས་འདི་ལྟར་མ་རབས་དང་མཐུན་པར་བྱས་ཞེས་ཡིད་ལ་གཅགས་པ་སྐྱེ་བའི་ཕྱིར་རོ། །གང་ཁྲོ་བ་དང་ལྡན་པ་དེ་ནི་ངོ་ཚ་མེད་ཅིང་ཁྲེལ་མེད་པར་འགྱུར་བ་སྟེ། ངོ་ཚ་དང་ཁྲེལ་མེད་པ་དང་བྲལ་བར་གྱུར་ན་ནི་ཁྲོ་བ་མེད་པར་འགྱུར་བའོ། །ངོ་ཚ་གང་ལ་ཡོད་པ་དེ་ནི་ངོ་ཚ་དང་ལྡན་པའོ། །ངོ་ཚ་དང་མི་ལྡན་པ་ནི་ངོ་ཚ་མེད་པའོ། །ཁྲེལ་ཡོད་པའི་ཚུལ་གང་ལ་ཡོད་པ་དེ་ནི་ཁྲེལ་ཡོད་པ་སྟེ། ཁྲེལ་ཡོད་པ་མ་ཡིན་པ་དེ་ནི་ཁྲེལ་མེད་པའོ། །དེ་ལ་ཡོན་ཏན་དང་ཡོ