Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 149

Văn bản gốc(Tây Tạng)

Trang 4 / 17 (50.000 ký tự/trang)
་པའི་སྒྲ་ནི་བྱིས་པ་ཡིན་ཏེ། ཁ་དོག་དང་གཟུགས་ཁྱད་པར་ཅན་དང་ལྡན་པ་ཡིན་ཡང་ངོ་། །མ་ཐོས་བར་དུ་ཤེས་མི་འགྱུར། །ཞེས་བྱ་བ་ནི་མ་མཉན་ཅིང་མ་བརྟགས་པར་ནི་རྟོགས་པར་མི་འགྱུར་རོ།
གང་ཞིག་ཅེ་ན། ཆོས་ཞེས་བྱ་བ་ཡིན་ཏེ། དངོས་པོའི་དོན་གྱི་ངོ་བོའོ། །དགེ་བ་དང་ནི་སྡིག་པ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པ་དང་མ་བསྔགས་པའོ། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །ཞེས་བྱ་བས་ནི་ཡང་དཔེར་ན་མིག་དང་ལྡན་པས་ཁང་

པ་ལེགས་པར་གཡོགས་པའི་ནང་དུ་ཞུགས་པ་ན་གཟུགས་ལ་སོགས་པ་མེ་སྒྲོན་གྱི་ཐབས་ཀྱིས་མཐོང་བར་བྱེད་དོ། །དེ་བཞིན་དུ་རིགས་ལ་སོགས་པ་དམན་པའི་སྐྱེས་བུ་ཡང་ཆོས་མཉན་པས་དེ་བཞིན་ཉིད་ཀྱི་དངོས་པོ་ལ་ཡིད་ཆེས་པར་འགྱུར་རོ། །ཁྱད་པར་གྱི་ཆོས་ཐམས་ཅད་ནི་ཐོས་པ་
ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་གསོལ་པ། །ཆོས་རྣམས་གང་གིས་ཤེས་འགྱུར་ཞིང་། །སྡིག་ལས་གང་གིས་ལྡོག་པར་འགྱུར། །དོན་མེད་གང་གིས་སྤོང་བ་དང་། གང་གིས་
མྱ་ངན་འདས་ཐོབ་འགྱུར། །ཞེས་ཞུས་པ་དང་། དེས་ན་འདི་གསུངས་སོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་གཏད་པས་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །ཆོས་རྣམས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་བསྟན་པའོ། འདི་ཐོས་ནས་ཅི་ཞིག་རྣམ་པར་ཤེས་པར་
འགྱུར་ཞིང་ངེས་པར་བྱེད་ཅེ་ན། དངོས་པོའི་དེ་བཞིན་ཉིད་དེ། དེ་བས་ན་གནས་སྐབས་ཀྱིས་བསྒྲུབ་པ་ཡིན་ཏེ། དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་དངོས་པོའི་དེ་བཞིན་ཉིད་ལ་བརྗོད་དོ། །ཇི་ལྟར་ཡང་འདི་ན་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་
ཐོས་ནས་རྣམ་པར་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ་ཆོས་འདི་ཉིད་ནི་གང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཡོངས་སུ་སྟོན་པ་ཡིན་གྱི། ཕྱི་རོལ་མུ་སྟེགས་པའི་མེ་དང་ཆུ་ལ་འཇུག་པ་དང་། ཟས་གཅོད་པ་ལ་སོགས་པ་སྟོན་པ་ནི་མ་ཡིན་ནོ། །ཐོས་པས་སྡིག་ལས་ལྡོག་
པར་འགྱུར། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་ལས་ལྡོག་པ་སྟེ། ཇི་ལྟར་ཡང་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ཤིང་དེ་བསྒྲུབས་པས་ངན་པར་སྤྱོད་པ་རྣམ་པ་བཅུ་ལས་ལྡོག་པ་ཡིན་ནོ། །ཐོས་པས་དོན་མེད་སྤོང་
བར་བྱེད། །ཅེས་བྱ་བ་ནི་ཇི་ལྟར་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ནས་དོན་མེད་པར་གྱུར་པའི་འདོད་པ་སྤོང་བ་ཡིན་ནོ། །གང་བྱིས་པ་དག་ནི་དོན་ཡོད་པའི་འདུ་ཤེས་བྱེད་དོ། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་

བྱ་བ་ནི་ཇི་ལྟར་ཡང་འདི་ན་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ལྷག་པའི་ཤེས་རབ་ཀྱི་བསྟན་པ་ཐོས་ཤིང་དེ་ལ་བརྟེན་པས་ཉོན་མོངས་པ་འགོག་པ་ཐོབ་པ་ཡིན་ནོ། །ཡང་ན་ཆོས་ཐོས་པས་ནི་གོ་རིམས་བཞིན་དུ་ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་
མོངས་པ་སྤངས་པ་ཐོབ་པར་འགྱུར་བའོ། །ཡང་ན། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཞེས་བྱ་བ་ནི་དགེ་བར་བྱེད་པའོ། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་མི་བྱེད་པའོ། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཞེས་བྱ་བ་ནི་སྡིག་པ་ཅན་གྱི་སྐྱེ་བོ་
མི་བསྟེན་པའོ། །གསུམ་པོ་འདི་ལ་བརྟེན་ཅིང་ལམ་བསྒོམས་པས་ནི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ཡང་ན་དགེ་བ་དང་མི་དགེ་བའི་ཆོས་ཀྱི་དངོས་པོ་རྟོགས་པར་འགྱུར་ཞིང་དེ་ནས་སྡིག་པ་ལས་ལྡོག་པར་འགྱུར་རོ། །དགེ་བ་ལྷག་པར་སྤྱོད་པས་མི་འདོད་པའི་འགྲོ་བ་
སྤོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །ཐོས་པ་དང་ཚུལ་ཁྲིམས་ཀྱིས་ནི་མཛེས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་ཐོས་པ་མང་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔའོ། །གང་ཟག་བཞི་ཡོད་དེ་དེ་ལ་གང་ཟག་
ཐོས་པ་མང་བ་གང་ཞེ་ན། ཐོས་པ་དང་ལྡན་པར་བརྗོད་པ་ནི་འདི་ནི་ཐོས་པ་མང་བ་མ་ཡིན་ཏེ། །ཐོས་པ་ནི་གཞི་ཡིན་ཏེ། ཐོས་པས་བསགས་ཤིང་ཞེས་དེ་ལ་ཆོས་ཀྱི་དོན་མི་ཤེས་པ་དང་ཆོས་མི་ཤེས་པས་ཆོས་ལ་ཆོས་ཀྱི་རྗེས་སུ་ཞུགས་པ་དང་མཐུན་པར་ཞེས་བྱ་བ་ནས་ཇི་སྲིད་མུ་བཞིའི་
བར་དུ་སྟེ། དེས་ན་འདི་དག་གསུངས་སོ། །འདི་ལ་མང་དུ་ཐོས་པ་དེ་ཉིད་ནི་མང་པོ་ཐོས་པ་དང་། ལན་མང་དུ་ཐོས་པ་དང་མང་དུ་མཉན་པས་མང་དུ་ཐོས་པ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་དེས་བྱེ་བྲག་ཏུ་སྨྲས་པ་ལ་སོགས་པའི་རྟོགས་པ་སྟེ། སྡེ་སྣོད་གསུམ་
གྱི་དོན་དང་ཚིག་འབྲུ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། །ཞེས་བྱ་བ་ནི་བདུན་ལས་ལྡོག་པ་དང་ཆང་འཐུང་བ་སྤོང་བ་དང་། ཡང་དག་པའི་འཚོ་བ་སྟེ། བསླབ་པ་རྣམ་པ་དགུ་ལ་གུས་པར་མི་བྱེད་པའོ། །ལེགས་པར་སྡོམ་པ་ནི་ལེགས་

པར་མཉམ་པར་བཞག་པའོ། །དེ་ལས་བཟློག་པ་ནི་ལེགས་པར་མི་སྡོམ་པའོ། །ཆོས་མི་སྒྲུབ་པ་ཡིན་ཏེ། ཆོས་ཀྱི་རྗེས་སུ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །ཞེས་བྱ་བ་ནི་བསླབ་པ་ཡོངས་སུ་མི་སྲུང་བའི་སྒོ་ནས་དེ་མང་དུ་ཐོས་ཤིང་ཁོང་དུ་ཆུད་ཀྱང་ཁྱད་པར་དུ་
སྨད་པ་ཡིན་ཏེ། འཇིག་རྟེན་ན་ལམ་མཉམ་པོ་ན་མིག་དང་ལྡན་པའི་སྐྱེས་བུ་ཡང་ནས་ཡང་དུ་འགྱེལ་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ཡི་ཐོས་པ་ཕུན་སུམ་མིན། །ཞེས་བྱ་བ་སྟེ། གང་ཟག་འདི་ནི་ཚུལ་བཟང་པོ་དང་བྲལ་བ་ཡིན་པའི་ཕྱིར་ཐོས་པ་ཙམ་གྱིས་ནི་རང་གི་ཕུན་སུམ་
ཆགས་པ་མེད་དོ། །ཐོས་པའི་རྒྱན་ནི་སྒྲུབ་པ་ཡིན་ལ་བཞིན་གྱི་རྒྱན་ནི་མིག་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ཏེ། གལ་ཏེ་ཐོས་པ་མང་བར་གྱུར་ཀྱང་འབྲས་བུ་དང་བཅས་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་། །ཞེས་བྱ་བ་ནི་གང་གི་ཕྱིར་ཐོས་པ་ཇི་ལྟར་ཆུང་
བར་གྱུར་ཀྱང་ཐོས་པ་བསྒྲུབ་པར་བྱས་ན་དམ་པ་རྣམས་ཀྱིས་བསྔགས་པ་ཡིན་ཞིང་དེའི་ཐོས་པ་དོན་ཆེན་པོར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱའོ། །གང་ཞིག་ཐོས་པ་ཉུང་བ་དང་། །ཞེས་བྱ་བ་ནི་གང་ཞིག་ཐོས་པ་ཡང་ཉུང་ལ་བསླབ་པ་ལ་ཡང་མ་གུས་
ན་དེ་ཉིད་གཉིས་ཀྱི་ཕྱིར་དམ་པ་རྣམས་ཀྱིས་སྨད་པ་ཡིན་ཏེ། ཐོས་པ་ཉུང་བ་དང་ཚུལ་ཁྲིམས་འཆལ་པ་གཉིས་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །ཞེས་བྱ་བ་དེའི་རབ་ཏུ་བྱུང་བ་ནི་འབྲས་བུ་དང་བཅས་པ་མ་ཡིན་ཏེ། ཡན་ལག་མ་ཚང་བའི་ཕྱིར་རོ། །ཐོས་པ་
མང་བ་དང་ཚུལ་ཁྲིམས་དང་ལྡན་པས་ནི་རབ་ཏུ་བྱུང་བ་རྫོགས་པར་འགྱུར་ཞིང་ངང་ཚུལ་བཟང་པོ་ཕུན་སུམ་ཚོགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཐོས་པ་མང་བར་འགྱུར་བ་ཡང་དཔེར་ན་མིག་གཡས་པ་དང་ལྡན་པར་གྱུར་ཀྱང་ཅིག་ཤོས་མེད་ན་བཞིན་མཛེས་པ་མ་ཡིན་ནོ། །དེ་བཞིན་
དུ་ཅིག་ཤོས་ཀྱང་བརྗོད་པར་བྱའོ། །གང་ཞིག་གི་མིག་གཉི་ག་སྐྱོན་མེད་པ་དེ་ནི་ཤིན་ཏུ་མཛེས་པའི་མིག་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ཤིན་ཏུ་བསྔགས་པ་ཡིན་པ་དེ་བཞིན་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་ནི་རབ་ཏུ་མཛེས་པ་ཡིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ཉིད་

ཉིད་གསལ་བར་བྱེད་དེ་ཐོས་པ་མང་བ་ནི་གསུང་རབ་ཐམས་ཅད་ཀྱི་དོན་དང་ཚིག་འབྲུ་རྟོགས་པའི་ཕྱིར་རོ། །ཆོས་འཛིན་པ་དང་ཞེས་བྱ་བ་ནི་དྲན་པའི་ཁྱད་པར་དང་ལྡན་པའི་ཕྱིར་ཏེ། དེ་ཡོངས་སུ་ཉམས་པ་མེད་པར་བསྟན་པའོ། །ཤེས་རབ་ལྡན་ཞིང་ཞེས་བྱ་བ་ནི་དེ་ལ་
བརྟེན་པས་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་འཐོབ་པའི་ཕྱིར་རོ། །མཉམ་པར་གཞག་པ་ནི་བསླབ་པ་ལ་གུས་པ་སྟེ། མདོ་ལས་དེའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་དག་སུས་ཀྱང་སྨད་འོས་མིན། །ཞེས་བྱ་བ་ནི་ལྷ་དང་མི་དང་དེ་ལས་གཞན་པ་དག་གིས་ཀྱང་དེ་དག་ལ་ནམ་
ཡང་སྨོད་པ་ལ་འཇུག་པར་མི་འགྱུར་ཏེ། གང་ཞེ་ན། འཛམ་བུའི་ཀླུང་གི་གསེར་རྒྱན་བཞིན། །ཞེས་བྱ་བ་སྨོས་ཏེ། རྒྱན་ནི་དགེ་བའི་མགར་བས་བྱས་པའི་རྒྱན་ནོ། འཛམ་བུའི་ཀླུང་གི་གསེར་ཞེས་བྱ་བ་ནི་གསེར་ཤིན་ཏུ་བཟང་པོ་རྣམ་པར་བསྒྱུར་བའོ། །རྣམ་པ་གཉིས་ནི་སྨད་པ་ཡིན་
ཏེ། བཟོ་མ་བྱས་པ་དང་། རྫས་ངན་པ་སྟེ། དེ་ལ་ནི་གཉི་ག་མེད་དོ། །ཤིང་འཛམ་བུ་ནང་ཉེ་བར་གནས་པ་གང་ཡིན་པ་དེ་ནི་འཛམ་བུ་ཆུ་བོའི་གསེར་ཏེ་འཛམ་བུ་ཆུ་བོའི་གསེར་ནི་ཤིན་ཏུ་བཟང་པོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་མང་པོ་ལ་སོགས་པ་མེད་པ་དང་ཡོད་པའི་ཉེས་དམིགས་དང་།
ཕན་ཡོན་བསྟན་པའི་ཕྱིར། གང་ཞིག་གཟུགས་ཀྱིས་རྗེས་དཔོག་ཅིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་པ་ལན་ཚྭ་བཟང་པོའི་སྒྲས་རྒྱལ་པོ་གསལ་རྒྱལ་ཡོངས་སུ་དགའ་སྟེ། དེ་མཆོད་པའི་ཕྱིར་ཀུན་དགའ་བོ་དང་ལྷན་ཅིག་ཏུ་དེའི་དྲུང་དུ་འོངས་པ་དང་། དེ་གཟུགས་ཤིན་ཏུ་མི་
སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། མཆོད་པའི་ཡོ་བྱད་མདུན་དུ་བཞག་ནས་སླར་ལོག་གོ། །དེ་ནས་དེས་སྔོན་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་ལྔ་པོ་འདི་སྨྲས་སོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ཏེ་གསལ་རྒྱལ་ལ་སོགས་པའོ། །ཐོས་པ་མང་པོ་
མེད་ཅིང་སེམས་མ་བསྒོམས་པའི་ཕྱིར་དང་ཡེ་ཤེས་ཀྱི་མེ་མ་སྦར་བའི་ཕྱིར་རོ། །གཟུགས་ཀྱི་རྗེས་དཔོག་ཅིང་ཞེས་བྱ་བ་ནི་ཕ་རོལ་མཐོང་བས་ཁ་དོག་དང་དབྱིབས་ཙམ་གྱིས་ཡོངས་སུ་གཅོད་ཅིང་གཞན་གྱིས་ཚད་ལེན་པར་བྱེད་དེ་གཟུགས་སྡུག་པ་དང་གཟུགས་མི་སྡུག་པ་གཉིས་

ཀྱིས་ཡོན་ཏན་དང་སྐྱོན་ཉིད་དུ་རྟོགས་པར་བྱེད་དོ། །ང་ཞེས་བྱ་བ་ན་འཕགས་པ་ལན་ཚྭ་བཟང་པོ་བདག་ཉིད་བསྟན་ཏོ། །གང་ཞིག་ངའི་གཟུགས་ཤེས་པས་ནི་ཕྱི་རོལ་གྱི་ཤེས་པ་ཡིན་གྱི་ནང་གི་སེམས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཡིས་འཇལ་བར་བྱེད་པ་ཞེས་བྱ་བ་ནི་སྒྲ་སྙན་
པའི་རྗེས་སུ་འཇུག་ཅིང་སྐད་སྙན་པས་ཡོན་ཏན་དུ་ཤེས་པར་བྱེད་དེ། མདོག་ངན་པས་ནི་སྐྱོན་དང་ལྡན་པར་ཡང་རྟོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལོག་པར་རྟོགས་པ་ནི་ཉོན་མོངས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདུན་པའི་འདོད་ཆགས་ལྡན་པ་ཡི། ཞེས་བྱ་བ་སྨོས་
སོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་ནི་གཟུགས་ཀྱི་འདོད་ཆགས་ཀྱི་སྒྲིབ་པར་གྱུར་པ་སྟེ་འདོད་པ་ལ་འདོད་ཆགས་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་ནི་འདོད་པ་བྱེད་པ་ལ་འཇུག་པ་སྟེ། གང་གི་ཕྱིར་དེས་དབང་དུ་བྱས་པས་གཟུགས་སྡུག་པ་ལ་སོགས་པས་ནི་འདོད་པར་
བྱེད་ལ། གཟུགས་མི་སྡུག་པ་ལ་ནི་ཞེ་སྡང་བར་བྱེད་དོ། །སྐྱེ་བོ་དེ་ཡིས་ང་མི་ཤེས། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པ་མེད་པའི་ཕྱིར་མི་ཤེས་པ་སྟེ། མཉམ་པར་གཞག་ན་ནི་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །འདོད་པའི་དབང་
དུ་སོང་བས་ནི་ཡོན་ཏན་ཁྱད་པར་ཅན་མཐོང་བའི་མཐུ་མེད་དེ། དེ་བས་ན་ཇི་ལྟར་དེས་ཡོན་ཏན་ཅན་ཤེས་པར་འགྱུར་ཞེས་པའོ། །གཞན་དག་བརྗོད་པ་ནི་སངས་རྒྱས་མཐོང་བས་ཨ་གར་མི་ཏ་ཞེས་བྱ་བའི་ཀུན་དུ་རྒྱུས་དཔེ་མེད་མ་བླངས་ཏེ་ནགས་སུ་སོང་ནས་བཅོམ་ལྡན་འདས་
ལ་མཆོད་པ་བྱས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་ལྟར་ཡང་འདི་ན་གཅིག་ཏུ་སོ་སོའི་སྐྱེ་བོ་འདུན་པའི་འདོད་ཆགས་སྤངས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་
ལ་འདི་ལྟར་རྟོག་པ་བྱེད་དེ། འདི་ནི་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཡང་སྒྲ་ཤིན་དུ་སྙན་པས་ནི་ངེས་པར་གླིང་བཞི་ལ་རྗེས་སུ་སྟོན་པར་བྱེད་དེ། དེའི་ཁྱད་པར་གྱིས་གཞན་དག་ལ་ཡང་དེ་འདུལ་བར་བྱེད་ཅིང་འདྲེན་པར་བྱེད་པ་ཡིན་ནོ་ཞེས་སོ། །གཞན་

དག་ནི་ཀུན་དུ་རྒྱུ་ཞིག་ཐམས་ཅད་མཁྱེན་པ་འདོད་ཅིང་རྒྱལ་བྱེད་ཀྱི་ཆལ་དུ་ཞུགས་པ་ན་བཅོམ་ལྡན་འདས་ཆོས་སྟོན་ཅིང་བཞུགས་པ་མཐོང་ནས་མངོན་པར་དད་དེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཆོས་འདི་ནི་ལེགས་པར་གསུངས་པ། ཉན་ཐོས་ཀྱི་
དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་ལྟ་བ་བཟང་པོ་རྙེད་དོ། །བཅོམ་ལྡན་འདས་ལ་དགའ་ནས་དེའི་འོག་ཏུ་མཉན་ཡོད་ན་གནས་པའི་ཀུན་དུ་རྒྱུའི་སྐྱེ་བོ་ལ་སྨོད་པར་བྱེད་དོ་ཞེས་པ་དང་། སྐབས་འདི་ལ་འདི་གསུངས་སོ། །དེའི་ཕྱིར་གང་སུ་དག་གིས་གཟུགས་ཕུན་སུམ་ཚོགས་
པར་བཅོམ་ལྡན་འདས་ལ་བལྟས་ཏེ་དད་པ་སྐྱེས་པར་གྱུར་པའམ། སྐྱེས་བུ་དམ་པ་ལ་བརྟེན་པའམ། དམ་པའི་ཆོས་མཉན་པ་ལ་སོགས་པ་ལ་ཡང་ཞེ་སྡང་བར་འགྱུར་ཏེ། ཆོས་ཀྱི་སྐུ་མ་རྟོགས་པ་སྟེ་ཤེས་ནས་དད་པ་མེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་སྔ་མའི། གང་
ཞིག་གཟུགས་ཀྱིས་ཞེས་བྱ་བ་དང་། ང་ལ་སྒྲ་ཡིས་ཞེས་བྱ་བ་གཉིས་ཀྱིས་གཟུགས་དང་། ཆོས་ཀྱི་སྐུའི་ཕྱི་རོལ་དང་ནང་གི་གཟུགས་བསྟན་ཏེ། དེ་གཉིས་ལས་གཞན་པ་ཡོངས་སུ་མི་ཤེས་པའམ་ཐམས་ཅད་མ་ཤེས་པས་ནི་ཅི་རིགས་པར་དྲང་དུ་རུང་ངོ་ཞེས་བསྟན་པའི་ཕྱིར།
གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནང་ཞེས་བྱ་བ་ནི་བདག་ཉིད་དེ་བདག་གི་ནང་དུ་གནས་པའི་ཡོན་ཏན་ནོ། །གལ་ཏེ་ཞེས་བྱ་བ་ནི་བརྒྱ་ལའོ། །ཐམས་ཅད་ཀྱིས་ཀྱང་གཞན་གྱི་རྒྱུད་ལ་གནས་པའི་ཡོན་ཏན་ནི་འགའ་ཞིག་ཀྱང་གཅད་
པར་མི་ནུས་ཏེ། འོན་ཀྱང་གང་གི་ཚེ་རྣམ་པར་ཤེས་ཤིང་ཡོངས་སུ་གཅོད་པར་ནུས་ན་ཞེས་བྱ་བའི་དོན་ཏོ། །དཔེར་ན་གཅིག་པུ་ཡོངས་སུ་མྱ་ངན་ལས་འདས་པའི་བཅོམ་ལྡན་འདས་དང་། དེའི་ཉན་ཐོས་ཀྱི་ཚོགས་དེས་བསྟན་པའི་ལམ་ལ་ཞུགས་ཏེ། གསུང་རབ་ལ་གོམས་
པས་བསྐྱེད་པ་དེའི་ལྷག་པར་མོས་པས་ཐོས་པ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་དག་གིས་སྒྲུབ་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་དོ། །དེའི་གཞི་གཟུགས་ཀྱི་སྐུ་ལྷག་པར་མཐོང་བ་ནི་མ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་

པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དཔེར་ན་གླང་པོ་ཆེ་ཆེན་པོའི་རྗེས་ཀྱིས་ནི་གླང་པོ་ཆེ་ངེས་པར་ཤེས་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐུ་ཤིན་ཏུ་མཛེས་པས་ཆོས་ཀྱི་སྐུ་ཡིན་ནོ་ཞེ་ན། གང་གི་ཚེ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་ཟད་དེ། དེའི་གཞི་ནི་དེ་ལྟ་བུ་མ་ཡིན་ཏེ། །
ནམ་མཁའི་མེ་ཏོག་དྲི་དང་ཁ་དོག་ཕུན་སུམ་ཚོགས་པས་ཡིད་ཆེས་པ་བཞིན་དུ་འདི་ནི་བརྫུན་པ་ཡིན་ནོ་ཞེས་གཞན་གྱི་ཚིག་གིས་ནི་བསྒྱུར་ཞིང་དྲང་དུ་རུང་སྟེ་དེའི་ཕྱིར་བདག་ལ་དབང་བས་ནི་མེད་པའི་དངོས་པོ་ཡང་ཡོད་པར་བྱེད་ལ། ཡོད་པ་ཡང་མེད་པར་སྟོན་ཏེ། སྐྱོན་ཡང་ཡོན་ཏན་
བྱེད་པ་སྟེ། །ཡོན་ཏན་ཡང་སྐྱོན་བྱེད་པར། །ཚིག་དབང་ནུས་ཀྱི་དེ་མིན་ཏེ། །སྐྱོན་ཡང་སྐྱོན་ཉིད་ཡོན་ཏན་ཡང་། །ཞེས་བྱ་བ་ཡིན་ནོ། །ཕྱི་རོལ་ཞེས་བྱ་བ་ནི་གཟུགས་སོ། །མཐོང་བར་མ་གྱུར་པ་ནི་མངོན་སུམ་དུ་མ་དམིགས་པའོ། །ནང་གི་འབྲས་བུ་མཐོང་བ་གང་། །ཞེས་བྱ་བ་ནི་ནང་གི་
འབྲས་བུ་ལུང་གི་ཁྱད་པར་ཐོས་ཤིང་བསམས་པའི་ཚུལ་གྱིས་འབྲས་བུ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །དེས་མཐོང་བའི་ཚུལ་འདི་ལ་ཡོད་པ་ནི་ནང་གི་འབྲས་བུ་མཐོང་བ་སྟེ། འཇིག་རྟེན་པའི་ཤེས་པས་གཞན་གྱི་རྒྱུད་ལ་འགྲོ་བའི་
ཁྱད་པར་གང་ཡོངས་སུ་གཅོད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །སྒྲ་ཡིས་ཞེས་བྱ་བ་ནི་གཞན་གྱི་ཚིག་གིས་སོ། །དྲང་དུ་རུང་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་སྟེ། ལམ་ལོག་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །ནང་གི་ཤེས་པར་མ་གྱུར་པ། །
ཞེས་བྱ་བ་ནི་ལུང་དང་འབྲེལ་པའི་ཐོས་པ་དང་བསམས་པའི་ཤེས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་ཞེས་བྱ་བ་ནི་གཟུགས་ཀྱི་སྐུ་འབའ་ཞིག་མཐོང་བའོ། །གང་གི་ཕྱིར་རྫོགས་བྱེད་ལ་སོགས་པས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་
དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་རྒྱུན་དུ་མཐོང་བ་ཡིན་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནང་གི་བྱེད་པའི་ཡོན་ཏན་ལ་ཡིད་ཆེས་པ་སྐྱེད་པ་ནི་མ་ཡིན་ནོ། །ཕྱི་རོལ་འབྲས་བུ་མཐོང་བ་གང་། །ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དེ་མཐོང་བ་ནི་འབྲས་བུ་

ཡང་དག་པར་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེས་མཐོང་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེ་ཉིད་དེ། དེའི་ཕྱིར་གང་གི་མིག་གིས་མཐོང་བ་ན་བཅོམ་ལྡན་འདས་ཀྱི་སྐུ་མཛེས་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་ཡིད་ཆེས་ཏེ། དེ་ནི་ཤིང་ཀོ་ཤ་ཏ་གི་དོང་
ཀའི་ཤིང་དང་། པ་ལ་ཤའི་ཤིང་གི་མེ་ཏོག་གཟུགས་མཛེས་པ་ཙམ་ཁོ་ནར་ཟད་པ་དེ་བཞིན་དུ་འདི་ཡང་ཡོན་ཏན་དང་བྲལ་བ་སྟེ། ཟླ་བ་གཉིས་མཐོང་བ་ལ་སོགས་པ་བཞིན་དུ་གཞན་ལམ་མ་ཡིན་པ་ལ་འཇུག་པར་བྱེད་དོ། །གང་གི་ཚེ་ཡང་ཇི་སྐད་དུ་བཤད་པ་གཉིས་ཀ་མེད་དེ་གསུང་
རབ་ནུབ་པའི་ཕྱིར་དང་། ཐུབ་པ་མཆོག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ན་ནི་གོ་རིམས་བཞིན་དུ་དེ་བསྟན་པའི་ཕྱིར། ཀུན་ནས་བསྒྲིབས་པ་དག་ཅེས་བྱ་བ་སྨོས་ཏེ། འདི་ལ་ཀུན་ནས་བསྒྲིབས་པ་ཡོད་པ་སྟེ། ཕྱི་དང་ནང་མ་རྟོགས་པའི་ཕྱིར་རོ། །གང་གི་ཚེ་གཉི་ག་ཡོད་
པ་སྟེ། ཟག་པ་མེད་པའི་ཤེས་པ་ཡོད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་རྣམས་འཚོ་ཞིང་བཞུགས་པའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར། །གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྟན་པ་ནི་ལྷག་པའི་བསམ་པ་བརྟན་པ་དང་ལྡན་པའི་ཕྱིར་
རོ། དེ་ཉིད་ཀྱི་ཕྱིར་གཞན་གྱིས་བཀྲིར་མི་རུང་བ་ཡིན་ཏེ། དཔེར་ན་རི་རབ་ལ་དབུགས་ཀྱིས་མི་སྒུལ་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་ནི་ཡེ་ཤེས་ལ་ཤས་ཆེ་བའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར། ངེས་འབྱུང་ཤེས་རབ་ཅན་ཞེས་བྱ་བ་མྱ་ངན་ལས་འདས་པའི་འབྲས་
བུ་རྟོགས་པར་ནུས་པ་ཞེས་བྱ་བའི་དོན་ཏེ། འཕགས་པའི་ལམ་གྱི་སྟོབས་ཀྱིས་དད་པ་མི་བྱེད་པས་བཀྲིར་མི་ནུས་པ་ཉིད་དུ་བསྟན་ཏོ། །གང་གི་ཕྱིར་གཞན་གྱི་དྲིང་ལ་འཇོག་པ་ནི་བཀྲིར་རུང་སྟེ། ཟག་པ་མེད་པའི་ཤེས་རབ་དང་ལྡན་པ་ནི་གཞན་ལ་རག་མ་ལས་ཤིང་བཀྲིར་
མི་ཚུགས་པ་ཉིད་དོ། །དེ་བས་ན་དེའི་ཕྱིར་ཡིད་དུ་འོང་བ་དང་མི་འོང་བ་ཐམས་ཅད་མཐོང་བ་དེ་བཞིན་དུ་བསྒྲུབ་པར་བྱ་བ་དང་ཐོས་པ་ཐམས་ཅད་ནི་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣ་བས་ཕལ་ཆེར་ཐོས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་དུ་རྒྱུས་མཛེས་དགའ་མོ་

བསད་དེ་ལན་ལྔའི་བར་དུ་སྨྲས་ནས་ཀུན་དུ་རྒྱུ་དག་གིས་མཉན་ཡོད་ཀྱི་སྲང་དུ་བསྟན་པ་ལས་སྐྱེ་བོ་ཐམས་ཅད་འཁྲུགས་པར་གྱུར་ཏོ། །སྐབས་དེ་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་གསུངས་སོ། །ཐོས་པ་ནི་དམིགས་པའོ། །ཕལ་ཆེར་ཞེས་བྱ་བ་ནི་དེ་བདེན་པ་དང་བརྫུན་པའི་ཚིག་
དང་སྙན་པ་དང་མི་སྙན་པ་ལ་སོགས་པ་དུ་མའོ། །རྣ་བས་ཞེས་བྱ་བ་ནི་རྣ་བའི་དབང་པོའམ་དེའི་རྣམ་པར་ཤེས་པས་ཏེ། ཐོས་པ་ནི་འདི་ལ་རག་ལས་པའི་ཕྱིར་རོ། །མིག་གིས་མང་པོ་མཐོང་ན་ཡང་། །ཞེས་པ་ནི་རྣམ་པ་མང་པོ་མཐོང་བ་སྟེ། སྡུག་པ་དང་མི་སྡུག་པ་ལ་སོགས་པའི་གཟུགས་ཀྱི་
ཡུལ་གྱིས་བྱས་པའོ། །བརྟན་པ་མཐོང་ཐོས་དེ་ཀུན་གྱིས། །ཡིད་ཆེས་བྱ་བའི་མི་རིགས་སོ། །ཞེས་བྱ་བ་ནི་གང་ཅུང་ཟད་མཐོང་བ་དང་ཐོས་པ་དེ་ཐམས་ཅད་ནི་མཁས་པས་དེ་བཞིན་དུ་ཡིད་ཆེས་པས་འཇུག་པར་མི་བྱ་སྟེ། རྨོངས་པ་དང་སླུ་བའི་དངོས་པོ་ཡིན་ཏེ། སྨིག་རྒྱུ་དང་སྒྲ་བརྙན་
ལ་སོགས་པ་བཞིན་ནོ། །ཐོས་པའི་འབྲས་བུ་ནི་དོན་རྟོགས་པ་དང་དེའི་རྗེས་སུ་མཐུན་པ་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་དགའ་སྡེ་སྣོད་གསུམ་པ་ཡིན་ཡང་བརྐམ་ཞིང་སེར་སྣ་ཆེ་བས་
ཁྱིམ་བདག་གི་ཁྱིམ་ལ་སོགས་པ་དག་ཏུ་བབ་ཅོལ་དུ་བྱེད་དེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཤེས་པ་ནི་རྟོགས་པའི་དོན་ལེགས་པར་གསུངས་པའི་སྙིང་པོ་གང་ཡིན་པ་དེ་ཉིད་དོ། །འདིར་དོན་གྱི་སྒྲ་ནི་ཕྱི་ནས་བསྟན་པ་ཡིན་པར་ཤེས་
པར་བྱའོ། །ཡང་ན་ཤེས་པ་ནི་དེ་ཉིད་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པ་གང་ཡིན་པའི་སྙིང་པོའོ། །གང་དག་ལས་དེ་ཁོ་ན་ཉིད་ཀྱི་བློ་མ་སྐྱེས་པ་དེ་ནི་སྙིང་པོ་དང་ལྡན་ཞིང་ལེགས་པར་གསུངས་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་ལེགས་པར་གསུངས་པའི་
དོན་མ་རྟོགས་ཤིང་མི་དྲན་པ་དང་དེས་བསྟན་པའི་ཐོས་པ་ནི་དགོས་པ་མེད་དེ་བྲམ་ཟེ་ཀཽ་ཤི་ཀའི་ཁྱིམ་དུ་བྲམ་ཟེ་བ་ར་དྭ་ཛ་མགྲོན་དུ་གྱུར་པས་འོངས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་གླེགས་བམ་ལས་བཀླགས་པ་ཙམ་གྱིས་ཁྱད་པར་ཐོས་པར་མ་གྱུར་པ་འདིར་དཔེར་བརྗོད་པར་བྱའོ། །

ཐོས་བ་དང་ཞེས་བྱ་བ་ལ་དང་གི་སྒྲ་ནི་སྙིང་པོའོ། །ཤེས་པ་དང་ཞེས་བྱ་བ་འདྲེན་པའི་དོན་ཏོ། །གཞན་ལས་འོངས་པ་ནི་ཐོས་པ་སྟེ་དེ་བས་ཀྱང་དོན་ཤེས་པ་སྙིང་པོ་ཉིད་དོ། །སྔར་བཤད་པ་ཉི་ཚེར་མ་ཟད་དེ་ལེགས་པར་གསུངས་པ་རང་ཉིད་ཀྱིས་རྟོགས་པར་
བྱ་བ་དེ་གལ་ཏེ་མ་རྟོགས་པའོ། །ཡང་ན་གཞན་ལས་ཐོས་ན་ནི་དེའི་ཚེ་བྱའི་སྐད་བཞིན་དུ་དོན་མེད་པར་བལྟ་བར་བྱའོ། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་། །ཞེས་བྱ་བ་ནི་ཤེས་པ་དབེན་པའི་ཁྱད་པར་ཅན་འཇིག་རྟེན་པའི་ཤེས་པ་འཕགས་པའི་ལམ་གྱི་ཚོགས་སུ་གྱུར་པ་དང་།
འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དག་ཅེས་བྱ་བ་ནི་དགེ་བ་ལ་སེམས་རྩེ་གཅིག་པ་ལ་སོགས་པའོ། །སྙིང་པོ་དང་འབྲས་བུ་གང་ཡིན་པ་དེ་ནི་དེ་ཉིད་དོ། །དེ་གང་ཞེ་ན། གཞན་ལས་མ་ཐོས་པ་དང་། འདི་ཐོས་པ་དང་། ལྡན་པ་དེ་གཉིས་ཀ་ཡང་འདིར་
སྦྱར་བར་བྱ་སྟེ། འདི་ལྟ་སྟེ། རང་ཉིད་ཀྱིས་ལེགས་པར་བཤད་པ་མཐོང་བའམ་གཞན་ལས་སོ། །ཇི་ལྟར་རང་གིས་ལེགས་པར་བཤད་པའི་དོན་རྟོགས་པའམ། གཞན་ལས་ཐོས་པས་དོན་རྟོགས་པ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེས་པ་
ཡིན་པས་ཞི་གནས་ཀྱང་དེའི་ཚེ་ལེགས་པར་བཤད་པའི་དོན་རྟོགས་པའི་འབྲས་བུ་ཡོངས་སུ་རྫོགས་པར་འཐོབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་འདིར་བསྟན་པའི་ཕྱིར། གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །
ཞེས་བྱ་བ་སྟེ་གང་ཞིག་བརླང་པོར་བྱེད་པ་ཞེས་བྱ་བ་ནི་གཏི་མུག་གིས་བབ་ཅོལ་དུ་བྱེད་པ་སྟེ། ངེས་པར་བརྟག་པ་མེད་ཅིང་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་མ་བརྟགས་པར་ཞེས་བྱ་བའི་དོན་ཏོ། །བག་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྒོམ་པ་ལ་སྦྱོར་བ་ལྷོད་པའོ། དེ་དག་ནི་གོ་རིམས་
བཞིན་དུ་ཤེས་པ་ཁྱད་པར་ཅན་དུ་གྱུར་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་མ་ཚང་བ་སྟེ་བདག་ཉིད་ལེགས་པར་གསུངས་པ་ཡོངས་སུ་མ་ཤེས་པའམ་མི་བཟོད་པས་ཕན་ཡོན་ལ་རབ་ཏུ་མི་སྤྱོད་དོ། །དེ་གྲུབ་ན་ནི་སྔར་བསྟན་པའི་མངོན་པར་འདོད་པའི་འབྲས་བུ་འགྲུབ་པོ། །དཀར་པོའི་ཕྱོགས་བསྟེན་

པའི་ཕྱིར་སྨྲས་པ། གང་ཞིག་འཕགས་པས་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆོས་ཏེ། །ལེགས་པར་གསུངས་སོ་པ་ཞེས་བྱ་བའི་དོན་ཏོ། གང་གིས་བསྟན་པ་ཡིན་ཞེ་ན། གང་ཞིག་འཕགས་པས་བསྟན་པ་ཞེས་བྱ་བ་ཡིན་ཏེ། འཕགས་པ་ནི་ཁམས་གསུམ་གྱི་འདོད་ཆགས་དང་
བྲལ་བའི་སྐྱེ་བའི་གནས་སྤངས་ཤིང་འདས་པའི་ཕྱིར་ཏེ། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་དེ་བསྟན་ཅིང་བཤད་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ལ་སེམས་ཅན་དགའ་བ་ཞེས་བྱ་བ་ནི་ཆོས་ཉིད་ལ་མངོན་པར་དགའ་བ་ཙམ་གྱིས་ལེགས་པར་སྤྱོད་པ་མ་ཡིན་ནོ་ཞེས་
བསྟན་པའི་ཕྱིར་དེ་བཞིན་གྱི་སྒྲའོ། །དགའ་བ་ཐོབ་པ་ནི་མངོན་པར་དགའ་བའི་མཚན་ཉིད་དད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དད་པས་ནི་ཆོས་ལ་དགའ་བར་འགྱུར་ལ། ཆོས་ཀྱིས་ཀྱང་དད་པ་སྟེ་ཆོས་མཉན་པ་ཡོངས་སུ་རྫོགས་ན་ནི་དད་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་
མདོ་ལས་བསྟན་པའི་ཕྱིར་རོ། །དད་པའི་རྟགས་ནི་དམ་པའི་ཆོས་མཉན་པ་ལ་དགའ་བ་ཞེས་བྱ་བའི་ཚིག་གིས་སོ། །དེའི་འོག་ཏུ། ངག་གིས་སྤྱོད་བྱེད་པ་ཞེས་བྱ་བ་ནི་ཀློག་པ་དང་འདོན་པ་དང་བསྟན་པ་དང་འཆད་པ་ལ་སོགས་པས་དེ་ལ་འཇུག་པའོ། །ལུས་དང་ཞེས་བྱ་བ་ནི་དེས་
བྱས་པའི་བྱ་བ་དང་། རྗེས་སུ་མཐུན་པ་སྟེ་ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པ་ཉིད་དོ་ཞེས་བྱ་བའི་ཚིག་གིས་སོ། །འདི་གཉིས་ཀྱིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྟན་ཏོ། །དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཞེས་བྱ་བ་ནི་གང་ཐོས་པ་དང་དད་པ་ལ་བརྟེན་ནས་
ཚུལ་ཁྲིམས་ཀྱི་སྡོམ་པ་ལ་བཅུག་པས་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཚུལ་ལམ་ངེས་པར་འབྱེད་པའི་ཆའི་ཚུལ་གྱིས་སོ། །འགྲོགས་དགའ་ཞེས་བྱ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པའི་བདག་ཉིད་ཀྱི་སེམས་མཐོང་བའི་ལམ་གྱི་བདག་ཉིད་ཀྱིས་སོ། །དབང་པོ་
བསྡམས་པ་ནི་མཉམ་པར་གཞག་ཅིང་མིག་ལ་སོགས་པའི་དབང་པོ་དུལ་བ་གང་ཡིན་པའོ། །དེ་ལྟར་གྱུར་པ་ལ་ནི་ཐོས་པ་ཞེས་བྱ་བ་ལེགས་པར་མཉན་པ་དང་ཤེས་པ་ཞེས་བྱ་བའི་དོན་རྟོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐོབ་ཅེས་བྱ་བ་ནི་ཤིན་ཏུ་ཕ་མཐར་གྱུར་ཅིང་མྱ་ངན་ལས་

འདས་པ་ཐོབ་པ་སྟེ། འདི་ལྟ་སྟེ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་སོ། །ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དོན་དམ་པར་ཐོས་པའི་འབྲས་བུ་ནི་བདག་ཉིད་གདུལ་བ་ཡིན་ནོ་ཞེས་བསྟན་
པའི་ཕྱིར་དེའི་འོག་ཏུ་བདག་གི་ཚོམས་བསྟན་ཏེ། ལེགས་པར་གསུངས་ལ་བསླབ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་བཞིན་གྱིས་བཟང་བའི་རང་བཞིན་ཅན་གྱིས་རིགས་ཀྱི་བུ་དེ་ནི་དགེ་བའི་གཤེས་གཉེན་ཉེ་བར་སྟེན་པར་བྱེད་ཅིང་དགེ་སློང་མང་པོ་སྡུད་པར་
བྱེད་པའི་བདག་ཉིད་ཅན་ཡིན་ཏེ། དེས་དེ་དག་ལ་ཆོས་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཇི་སྙེད་པ་དེ་ལེགས་པར་ཤིན་ཏུ་ཉན་པར་བྱེད་ཅིང་ཁྱིམ་དུ་བདག་ཉིད་གཅིག་པུས་བསམས་ཤིང་བསྒོམས་ཏེ་དེ་ཉིད་ཀྱི་ཚུལ་གྱིས་སེམས་དུལ་བ་ཐོབ་པར་བྱས་
ནས་སེམས་དང་མཉམ་དུ་སེམས་ཉེ་བར་ཞི་བར་གྱུར་ཏེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །རང་གི་དོན་དུ་གསུངས་པ་ནི་ལེགས་པར་གསུངས་པའོ། །ལེགས་པར་གསུངས་པ་ལ་བསླབ་པར་བྱ་བ་ནི་མཉན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་
ལེགས་པར་གསུངས་པ་དེ་དང་འབྲེལ་པ་སྟེ། ཡོད་པ་དང་མེད་པའི་ཤེས་པ་ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པས་དེ་ལ་བསླབ་ཅིང་བརྟེན་པ་དང་རྗེས་སུ་འཇུག་པར་བྱའོ་ཞེས་པའོ། །ལེགས་པར་གསུངས་པ་ནི་ཕལ་ཆེར་བདེ་བར་གཤེགས་པ་དང་། བདེ་བར་གཤེགས་
པའི་སྲས་དག་ལས་མཉན་པ་ཡིན་ཏེ་དེས་ན་དེ་ཉིད་བསྟན་པའི་ཕྱིར་ཏེ་སྨྲས་པ། །དགེ་སྦྱོང་ལ་ནི་བསྙེན་བཀུར་དང་། །ཞེས་བྱ་བ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཡང་ན་འཕགས་པའི་གང་ཟག་ལ་བརྟེན་པས་འབྲེལ་ཅིང་བསླབ་པར་བྱ་སྟེ། གུས་པས་ཡོངས་སུ་བསླབ་པ་དང་།
བསོད་སྙོམས་ལ་སོགས་པ་སྦྱིན་པའི་ཆེད་དུ་དགེ་བ་བསྩགས་པ་དང་། ཡོན་ཏན་ལ་གུས་པར་བྱ་བའོ། ཚིག་རྐང་སྔ་མས་ཡེ་ཤེས་ཀྱི་ཚོགས་བསྟན་ནས། འདིས་ནི་བསོད་ནམས་ཀྱི་ཚོགས་བསྟན་ཏོ། །དེའི་འབྲས་བུ་བསྟན་པའི་ཕྱིར་སྨྲས་པ། དབེན་པ་དང་ནི་སྟན་གཅིག་

དང་། །ཞེས་བྱ་བ་གཅིག་པུའི་གནས་སྐབས་ཀྱིས་དགོན་པ་ལ་སོགས་པ་ལ་དེ་དང་འབྲེལ་བར་བསླབ་པ་སྟེ། འདི་ལྟ་སྟེ། གཡེང་བ་མེད་པས་ཕྲ་རྒྱས་དགག་པ་ཡིན་ནོ། །འདིས་ནི་ལུས་དང་སེམས་དབེན་པར་བསྟན་ཏོ། །སེམས་ནི་ཉེ་བར་ཞི་བར་བྱ། །ཞེས་བྱ་བ་ནི་ཁམས་
གསུམ་གྱི་ཉོན་མོངས་པ་འཁྲུགས་པ་སྤངས་པས་སེམས་མངོན་པར་འབྱུང་བ་ནི་ཉེ་བར་ཞི་བ་སྟེ་དེ་ལ་གཡེང་བ་དང་རྒོད་པར་བྱེད་པ་ཐམས་ཅད་དང་བྲལ་བས་སོ། །དེ་དང་དེར་འབྲེལ་པའི་གཞན་གྱི་དོན་བྱེད་པར་གྱུར་ན་གདུལ་བྱ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །
དམ་པའི་ཆོས་ཉན་པ་དང་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །ཆོས་ལ་ཆོས་ཀྱི་རྗེས་སུ་ཞུགས་པས་རིམ་གྱིས་འདིར་བསྟན་པ་ཡིན་ནོ། །ཡང་ན་དང་པོའི་ཕྱེད་ཀྱིས་གཞན་གྱི་སྒྲ་བསྟན་ཏོ། །ཚིག་རྐང་གསུམ་པས་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ།
ལྷག་མས་ནི་དེའི་འབྲས་བུ་བསྟན་ཏོ། །གང་གི་ཕྱིར་དབེན་པའི་གནས་ཉིད་ནི་མངོན་པ་འདོད་པ་སྟེ། །དེ་ཉིད་ལ་གཟུད་པའི་ཕྱིར། སྟན་གཅིག་པ་དང་གཅིག་སྤྱོད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་པུ་གྲོགས་མེད་པའི་གནས་སྐབས་དེ་གདུག་པའི་གནས་ན་
སྤྱོད་ལམ་རྣམ་པ་གཉིས་འདིས་བསྟན་ཏེ། གཉིས་པའི་ཅིག་ཤོས་ནི་འོག་ནས་སྟོན་པའི་ཕྱིར་རོ། །དེ་ལ་དགའ་བར་བྱ་བ་ནི་དེ་ལ་རྗེས་སུ་བསམ་པའོ། །མལ་སྟན་གཅིག་ཅེས་བྱ་བ་ནི་བདག་ཉིད་གཅིག་པུ་གནས་པའི་མལ་སྟན་ལ་དགའ་བར་བྱ་བའོ། །གང་དུ་འདུག་ནས་ངལ་
བ་ཞི་བར་བྱེད་པ་ནི་མལ་སྟན་ནོ། །གཅིག་པུ་སྤྱོད་པ་ནི་གཅིག་པུ་གནས་ན་བསོད་སྙོམས་ལ་སོགས་པར་རྒྱུ་བ་སྟེ། སྤྱོད་པ་རྣམ་པ་བཞི་ལ་གོས་པ་མེད་པའོ། །དེ་དག་ལ་སྤྱོ་བ་མེད་ཅིང་བརྩོན་འགྲུས་ཀྱི་རྒྱུ་བསྟན་པའི་ཕྱིར། སྙོམ་ལས་མེད་ཅིང་ཞེས་བྱ་བ་སྨོས་ཏེ།
ལེ་ལོ་མི་སྐྱེད་ཅིང་བརྩོན་འགྲུས་ཕུན་སུམ་ཚོགས་པས་སོ། །དགའ་བར་བྱ་ཞེས་བྱ་བ་ནི་སྟན་གཅིག་ལ་སོགས་པས་མངོན་པར་དགའ་བར་བྱ་བ་སྟེ། །དེའི་རྗེས་སུ་འཇུག་ཅིང་བསམ་པར་བྱ་བའོ། །དང་ནི་བསྡུ་བའི་དོན་ཏེ་བདག་ཉིད་གཅིག་པུ་ཡང་དགའ་བར་བྱ་བའོ། །

འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་གྲོགས་མེད་པའི་སེམས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཤད་པ་བདག་ཉིད་ཆེན་པོ་རྣམས་ནི་གྲོང་གི་ནང་དུ་ཡང་བདག་ཉིད་གཅིག་པུར་འགྱུར་རམ་ཞེས་དེ་ལྟར་རྟོག་པ་ལ། ནགས་ཚལ་
གནས་པ་དང་ཞེས་བྱ་བ་སྨོས་ཏེ། གྲོགས་དམ་པ་མེད་པར་གྱུར་ན་ནི་ནགས་སུ་བདག་ཉིད་གཅིག་པུ་གནས་པར་བྱ་སྟེ། སྐྱེ་བོ་དམ་པ་མ་ཡིན་པ་དང་བསྟེན་པ་ནི་ངན་པར་སྤྱོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་དང་། ནགས་ན་གནས་པའི་དབེན་པ་ལ་སོགས་པའི་ཁྱད་པར་ཐོབ་
པར་བྱེད་པའི་ཕྱིར་རོ། །བདག་ཉིད་ལས་རྒྱལ་བ་ནི་འབྲས་བུ་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །གང་ཞིག་སྟོང་ཕྲག་སྟོང་དག་གི །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་མོ། །རྒྱལ་པོ་གསལ་རྒྱལ་གྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་འཐབ་མོས་འཚོ་བ་ཡོད་པ་དེ་
བརྒྱ་དང་སྤྲད་ཀྱང་གཡུལ་ལས་རྒྱལ་བྱེད་དེ། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་གསུངས་སོ། །འཐབ་མོས་འཚོ་བ་ཐོས་ཏེ་འདི་བསམ་པ་ལས་ཇི་ལྟར་བདག་ཉིད་གདུལ་བར་མི་བྱ་ཞིང་འདི་ལས་རྒྱལ་བ་ལ་མི་སྦྱོར་ཞེས་བསམས་ཏེ་རྒྱལ་པོ་ལ་ཞུས་ནས་རྟག་ཏུ་
སྡོམ་པ་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་དོན་རྟོགས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གང་ལ་ལ་ཞིག་གྲངས་སྟོང་ཕྲག་སྟོང་དག་གི་མི་དང་འཐབ་པ་སྟེ་སྟོང་ཕྲག་སྟོང་དང་འཐབ་པའི་འཐབ་མོའི་སར་རོ། །རྒྱལ་བ་ནི་གཞན་ཕམ་
པར་བྱས་པ་སྟེ་འབུམ་ཕྲག་བཅུ་ལས་རྒྱལ་བ་ཞེས་བྱ་བའི་དོན་ཏོ། །གང་ཞིག་བདག་ལས་རྒྱལ་བྱེད་པ། །ཞེས་བྱ་བ་ནི་གང་བདག་གི་སེམས་གཅིག་པུ་དུལ་བར་བྱེད་པའོ། །དེ་ནི་དེ་ཉིད་དེ་བདག་ཉིད་དུལ་བ་ཉིད་དོ། གཡུལ་དེ་གཉིས་ལས་བདག་ཉིད་དུལ་བ་ནི་རྒྱལ་བའི་
མཆོག་ཡིན་ནོ། །གཞན་གྱི་སྟོབས་མཆོག་ཏུ་འཇོམས་པར་བྱེད་པའི་གཡུལ་ཏེ། གཞན་གྱི་སྟོབས་ལས་རྒྱལ་བར་བྱེད་ཅིང་སེལ་བ་ནི་གཡུལ་ལས་རྒྱལ་བའོ། །དེ་གཉིས་ལས་ཀྱང་ཁྱད་པར་དུ་གཡུལ་ལས་རྒྱལ་བ་ནི་སྤང་བར་དཀའ་བའི་ཉོན་མོངས་པའི་དགྲ་སེལ་བར་བྱེད་

པའི་ཕྱིར་བདག་ཉིད་ལས་རྒྱལ་བ་ཉིད་མཆོག་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། །བདག་ཉིད་ཅེས་བྱ་བ་སྨོས་ཏེ། །བདག་གི་སེམས་ལས་སོ། །གང་གི་ཕྱིར་འབུམ་ཕྲག་བཅུ་དང་འཐབ་པའི་སྐྱེས་བུ་ལས་ཀྱང་བདག་ཉིད་དུལ་བ་གཡུལ་ལས་རྒྱལ་པའི་མཆོག་ཡིན་ཏེ། དེ་བས་ན་བདག་
ཉིད་རྒྱལ་བ་དང་དུལ་པར་བྱས་པ་ནི་མཆོག་ཏུ་བསྔགས་པ་ཡིན་ནོ། །གཞན་ནི་ཞེས་བྱ་བ་ནི་སྐྱེ་དགུ་གཞན་ནི་མ་ཡིན་ཏེ། སེམས་ཅན་རྣམས་ནི་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་དང་། སྐྱེ་དགུ་ནི་ང་རྒྱལ་ཡོད་པའི་ཕྱིར་རོ། །ཕལ་པ་ཞེས་བྱ་བ་ལ་ཕལ་པའི་སྒྲ་ནི་ངན་པའི་རྣམ་གྲངས་
ཡིན་པའི་ཕྱིར་ཏེ། ཉོན་མོངས་པས་རྒྱུད་གཞན་གྱི་དབང་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་ཡང་སེང་གེ་ཟིལ་གྱིས་གནོན་པ་ནི་མཆོག་ཡིན་གྱི་གང་བ་ནི་མ་ཡིན་པ་དེ་བཞིན་དུ་སྟོན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། མི་ཡིས་བདག་གདུལ་གཅིག་པུ་ཡིས། །
ཞེས་བྱ་བ་ལ། གདུལ་བ་ནི་འདི་ལྟར་སེམས་ཅན་གྱི་རང་གི་སེམས་སོ། །ལྷ་ཡིས་མ་ཡིན་ཏེ། གཞན་གྱིས་ཕམ་པར་མི་ནུས་ཞེས་བྱ་བ་འདི་དང་སྦྱར་རོ། །བདག་གདུལ་བ་ནི་སོ་སོར་ཐར་པའི་སྡོམ་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་བཤད་པ། རྟག་ཏུ་སྡོམ་པ་སྤྱོད་པ་ཞེས་བྱ་བ་
རྟག་ཏུ་ཡང་དག་པར་སྡོམ་པས་ཉེ་བར་མཚོན་ཅིང་སྤྱོད་ལ་རབ་ཏུ་འཇུག་པའོ། །རྣམ་པ་གཉིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རྟག་ཏུ་འཇུག་པ་ཡིན་ཏེ། སྔ་མས་ནི་དབང་པོ་སྡོམ་པར་བསྟན་ལ། འདིས་ནི་ལུས་དང་ངག་གི་སྡོམ་པ་བསྟན་ཏེ། རྣམ་པ་གསུམ་གྱིས་ཚོགས་ཀྱི་
སྦྱོར་བ་བསྟན་པ་ཡིན་ནོ། །ལྷ་ཡིས་མ་ཡིན་ཞེས་བྱ་བ་ནི་དེ་ལས་འདས་པ་སྟེ། འདོད་པ་ན་སྤྱོད་པའི་ལྷའིའོ། །དྲི་ཟས་མིན་ཞེས་བྱ་བ་ནི་ལེགས་དགའ་ཞེས་བྱ་བ་ལ་སོགས་པའི་རོལ་མོ་བྱེད་པའི་དབང་དུ་བྱས་པའོ། །བདུད་ཅེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་གོ། །ཚངས་པར་བཅས་པ་ཞེས་བྱ་བ་ནི་སྟོང་སྤྱི་ཕུད་
ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་སྟེ། །དེ་དང་བཅས་པས་སོ། །ཕམ་མི་ནུས་ཞེས་བྱ་བ་ནི་གང་ཟད་ཅིང་སེལ་བར་མི་ནུས་པའོ། །དབང་པོ་དང་ཚུལ་ཁྲིམས་ཇི་ལྟ་བུ་དང་ལྡན་པ་ལ་ཕམ་པར་མི་ནུས་ཤེ་ན། །དགེ་སློང་ཞེས་བྱ་བ་སྟེ། །ཉོན་མོངས་པ་བཅོམ་པའི་ཕྱིར་རོ། །ཤེས་

རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པ་བཅོམ་པར་སྟོན་པའི་ཕྱིར། ཤེས་རབ་ཀྱིས་གནས་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ནི་ཟག་པ་མེད་པའི་ཤེས་པས་སོ། །གནས་པ་ནི་འཇུག་པ་སྟེ་དེས་ཚུལ་དམ་པ་ལ་གནས་པའོ། །ཟག་པ་མེད་པའི་ཤེས་རབ་ཀྱི་དབང་གིས་
ཕྲ་རྒྱས་སྤངས་པ་ཡིན་ཏེ། གང་ཡང་མི་ཟད་པར་བྱེད་ནུས་པ་ནི་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་གང་གི་ཚེ་འཕགས་པའི་ཤེས་རབ་ཀྱིས་སྤངས་པར་གྱུར་པའོ་ཞེས་མདོ་ལས་གསུངས་སོ། །ང་འཇིག་པའི་བསྐལ་པས་བསྲེག་པར་བྱ་བ་གང་ཡིན་པ་དེ་གཞན་གང་གིས་
ཀྱང་མི་ནུས་པ་བཞིན་དུ་འདི་ལྟར་འབུམ་ཕྲག་བཅུ་ལས་གང་རྒྱལ་བ་དེ་ཉིད་ཀྱིས་ནི་འདི་ཕམ་པར་མི་ནུས་ཏེ། །དེ་ལྟར་བདག་ཉིད་ལས་རྒྱལ་བར་ནུས་པ་ནི་དེས་ཐུབ་པ་མ་ཡིན་པའི་ཕྱིར་བདག་ཉིད་ལས་རྒྱལ་བ་ནི་མཆོག་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བདག་ཉིད་སྦྱང་བ་བྱས་པ་དེས་ནི་
གཞན་ལ་ཕན་པ་བྱེད་པར་ཡང་ནུས་སོ་ཞེས་བསྟན་པའི་ཕྱིར། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒན་པོ་ཞིག་མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་འོངས་པ་དང་འགྲོ་བ་དག་ལ་གཡེང་ཞིང་རྒོད་ལ་མུ་ཅོར་སྨྲ་བ་དང་སྤྱི་
བརྟོལ་ཆེ་བས་ཆོས་སྟོན་པར་བྱེད་པ་ལས་བྲམ་ཟེ་དང་ཁྱིམ་བདག་འཕྱ་བར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །བདག་ཉིད་དང་པོར་ཞེས་བྱ་བ་ནི་བདག་ཉིད་ཀྱི་སེམས་ཀྱི་བདག་ཉིད་ཐོག་མར་རོ། །རིགས་པར་བྱས་ནས་ཞེས་བྱ་བས་ནི་
སྐྱེ་བོ་དམ་པ་དང་རྗེས་སུ་མཐུན་པར་ཕན་འདོགས་པར་བྱེད་པ་སྟེ། རྣམ་པ་བཞིའི་བདག་ཉིད་ཀྱིས་དབང་པོ་ལ་སོགས་པ་དུལ་བའི་བདག་ཉིད་དུ་ངེས་པར་གཞག་པར་བྱའོ། །ཕྱི་ནས་གཞན་ནི་གདུལ་བར་བྱ། །ཞེས་བྱ་བ་ནི་དེ་ནས་དུས་གཞན་ན་གཞན་བསླབ་ཅིང་དེ་ཉིད་ལ་གནས་པར་
བྱའོ། །ཇི་ལྟར་ཞེ་ན་བདག་བཞིན་ཞེས་བྱ་བས་བསྟན་ཏེ། བདག་ཉིད་ཞི་བར་བྱས་པས་དེ་བཞིན་དུ་ཁྱོད་ཀྱིས་གྱིས་ཤིག་པ་སྟེ། །ཇི་ལྟར་བདག་བཞིན་ནོ། །གཞན་དུ་ན་གཞན་དུལ་བར་བྱེད་པ་ནི་ངེས་པར་དམིགས་པ་མེད་པའི་ཕྱིར་རོ། །དཔེར་ན་གནས་དམ་པ་ལ་གོ་སྐབས་མེད་པ་སྟེ། གང་

བདག་མ་དུལ་ན་ནི་གཞན་གདུལ་བར་མི་ནུས་སོ། །བདག་ཉིད་དུལ་བ་སྔོན་དུ་འགྲོ་བས་ནི་གཞན་དུལ་བ་ལས་ཀུན་དུ་ཉོན་མོངས་པའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར། བདག་ཉིད་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་བདག་ཉིད་དུལ་བའི་རིམ་པའི་ཚུལ་དུ་གནས་ན་ཀུན་དུ་
ཉོན་མོངས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། བདག་ཉིད་མཁས་པ་ལམ་བཟང་པོ་ལ་གནས་པར་བྱས་ནས་དུས་གཞན་ན་སེམས་ཅན་གཞན་ལ་འདོམས་ཤིང་འདུལ་བར་བྱེད་པ་ཡིན་ཏེ། །ལམ་བཟང་པོ་དེ་ལ་འཛུད་པར་བྱེད་དོ། །ཉོན་མི་མོངས་ཞེས་བྱ་བ་ནི་གདུང་བར་མི་འགྱུར་བས་ཏེ།
བདག་དང་གཞན་མི་ཉམས་པའོ། །གཞན་དག་ཏུ་ནི་ཀུན་ནས་ཉོན་མི་མོངས། །ཞེས་བརྗོད་དེ། གདུང་བ་སྲེལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཉོན་མོངས་པར་མི་འགྱུར་ཞེ་ན། །བདག་ལ་ཞེས་བྱ་བ་ནི་རང་ཉིད་དོ། །དེ་བས་ན་འདི་ལྟར་གང་དང་གང་གཞན་གདུལ་བར་འདོད་ན་
ནི་དེ་དང་དེར་དང་པོར་བདག་ཉིད་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བྱ་ཞེས་བྱ་བ་ནི་དེ་ལྟ་བུའི་ལས་ལ་འབད་པ་དང་ཡོན་ཏན་དེ་ལྟ་བུ་བསགས་པར་བྱ་པའོ། །ཇི་ལྟར་བྱས་བཞིན་གཞན་དག་ལ། །ཞེས་བྱ་བ་ནི་རྣམ་པ་གང་གིས་ལས་གང་གཞན་ལ་སློབ་པ་དེ་ཡང་བདག་ཉིད་
དང་པོར་བྱེད་པ་ཉིད་ཀྱིས་སོ། །འདིར་རྒྱུ་བསྟན་པའི་ཕྱིར། ཇི་ལྟར་ཉེ་བར་ཞི་བ་ཞེས་བྱ་བ་ནི་དབང་པོ་རྣམས་དུལ་བའི་ཕྱིར་ཏེ། བདག་ཉིད་མ་དུལ་བའི་སེམས་འདུལ་བའི་ཕྱིར་རོ། །སྔ་མས་ནི་ཉོན་མོངས་པ་དགག་པའི་ཐབས་བསྟན་པའོ། །འདིས་ནི་རྩ་བ་ནས་སྤོང་བའི་ཐབས་བསྟན་ཏོ། །
གདུལ་བར་བྱ་ཞེས་བྱ་བ་ནི་སེམས་ཅན་དག་བསྟན་པ་ལ་གཟུད་པ་གཞན་དག་བདེ་བར་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་སྟེ། ཚིག་གཟུང་བར་འོས་པ་ཡིན་ནོ་ཞེས་དགོངས་སོ། །གང་ལ་དབང་པོ་དུལ་བ་དང་སེམས་དུལ་བ་དང་ཡོད་པ་དེ་ནི་ལྷ་རྣམས་ཀྱིས་ཀྱང་གཟུང་བས་འོས་པའི་ཚིག་
ཏུ་འགྱུར་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཇི་ལྟར་བདེ་བར་དུལ་བ་ཡིན་ཞེ་ན། བདག་ལ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདག་གིས་མྱོང་བ་བསྟེན་ཅིང་བྱས་པའི་སྒྲས་སོ། །གང་གིས་གཞན་བདེ་བར་འགྱུར་ཞེ་ན། །ཀྱེ་མ་བདག་རང་ལེགས་དུལ་བ། །ཞེས་བྱ་བ་ཇི་ལྟར་

བདག་གིས་གཉེན་པོའི་ཁྱད་པར་ལ་བསྒོམས་པས་བདག་ཉིད་དུལ་བར་གྱུར་ནས། ཀྱེ་མའོ་ཁྱེད་ཅག་གིས་ཀྱང་དེ་བཞིན་དུ་གཉེན་པོ་བསྒོམས་ན་ནི་རིང་པོ་མི་ཐོགས་པར་ལེགས་པར་དུལ་བར་འགྱུར་བའི་ཕྱིར་རོ། །ངེས་པར་བདག་དུལ་བར་བྱ་བ། ཅིའི་ཕྱིར་ཞེ་ན།
བདག་ཉིད་དུལ་བས་མཁས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མཁས་པ་ནི་བདག་ཉིད་དུལ་བ་ཡིན་ཏེ། དེ་མ་ཡིན་ན་ནི་མཁས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་གཞན་མང་པོ་ལ་ཡང་ཕན་གདགས་པར་བྱ་བ་ཡང་ཡིན་ལ་བདག་ལ་ཡང་ཕན་གདགས་པར་བྱ་དགོས་པ་ཡིན་
ན། དེའི་ཚེ་མཁས་པས་དང་པོར་གང་ཞིག་ལ་འབད་པར་བྱ་བ་ཡིན་ཞེ་ན་སྨྲས་པ། བདག་གི་དོན་ཕྱིར་གཞན་དོན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་དགེ་སློང་ཞིག་འགའ་ཞིག་ལས་ཆོས་ཀྱི་ཚིག་ཉུང་ཟད་ཐོས་ཏེ། གྲོང་དུ་འཇུག་ཅིང་ཉུང་ངུ་ཉུང་ངུས་བྲམ་
ཟེ་དང་ཁྱིམ་བདག་རྣམས་ལ་སྟོན་པར་བྱེད་དེ། བྱ་བ་གཞན་མི་བྱེད་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གཞན་གྱི་དོན་སྤངས་ནས་བདག་ཉིད་ཀྱི་དོན་བྱ་སྟེ། དེའི་དོན་དུ་དབང་པོ་དུལ་བ་ལ་སོགས་པའི་མཚན་ཉིད་ཕན་པར་བྱེད་པ་ནི་གཏང་བར་མི་བྱ་ཞིང་དོར་བར་མི་
བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཞེ་ན། གཞན་དོན་ནི། མང་པོ་དག་ཀྱང་ཞེས་བྱ་བ་གཞན་གྱི་དགོས་པ་ནི་དཔག་ཏུ་མེད་པ་ཡོད་ཀྱང་ངོ་། །འོ་ན་བཅོམ་ལྡན་འདས་ནི་གཞན་གྱི་དོན་མཆོག་ཏུ་མཛད་དེ། ཉིད་ཀྱི་དོན་ཡལ་བར་འདོར་བ་ཡིན་ན་འདི་ཇི་ལྟར་བསྟན་པ་ཡིན་ཞེ་ན།
བདག་དོན་ཆེད་ཆེར་ཤེས་གྱུར་ན། །ཞེས་བྱ་བས་བསྟན་ཏེ། བདག་གི་དོན་ནི་ཐམས་ཅད་བས་གཙོ་བོ་ཡིན་པར་ཤེས་པར་བྱ་སྟེ། དེ་སྔོན་དུ་འགྲོ་བས་གཞན་གྱི་དོན་ཐམས་ཅད་བྱ་བ་ཡིན་ནོ། །བདག་ཉིད་ཡོངས་སུ་མ་སྦྱངས་པར་ནི་གཞན་གྱི་དོན་བྱིད་པར་མི་ནུས་པ་ཡིན་ཏེ།
བདག་ཉིད་ཀྱིས་ལམ་མ་མཐོང་བར་གཞན་ལ་ལམ་སྟོན་པ་བཞིན་ནོ། །ད་ལྟར་སེམས་ཅན་གྱི་དོན་དུས་ཕྱི་ནས་བྱ་བར་བསྟན་ནས། རང་གི་དོན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་བདག་གི་དོན་ནི་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏེ་བདག་གི་དོན་གྲུབ་ན་དེའི་རྗེས་སུ་གཞན་

གྱི་དོན་གྲུབ་པར་རིགས་པའི་ཕྱིར་རོ། །དམ་པ་དག་དུལ་བ་ཉིད་ཀྱིས་ནི་བདག་ཉིད་ཀྱི་རྟེན་ཡིན་ཏེ། ཆུ་བོས་ཁྱེར་བ་དག་ལ་གླིང་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ཉིད་བདག་གི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་བཞིའོ། །བཅོམ་ལྡན་འདས་གཙུག་ལག་
ཁང་གཤེགས་པ་ན་དགེ་སློང་ནད་པ་ནད་གཡོག་སུས་ཀྱང་མ་བྱས་ཤིང་ཞག་བདུན་གྱི་བར་དུ་ཟས་ཆད་ལ་བཤང་གཅིའི་ནང་དུ་ནུབ་པ་ཞིག་གཟིགས་སོ། །དེ་ཡང་ཤིན་ཏུ་ཁྲོ་བའི་རང་བཞིན་ཅན་ཞིག་ཡོད་པས་མངོན་སུམ་དུ་ཚིག་རྩུབ་པོ་སྨྲ་ཞིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་
ལ་མི་གུས་པ་ཞིག་སྟེ། དེས་ན་དགེ་སློང་རྣམས་ཀྱིས་སྤངས་པ་དེའི་གན་དུ་གཤེགས་ཏེ་བཀའ་སྩལ་པ། དགེ་སློང་ཁྱོད་ལ་མཁན་པོ་ནད་གཡོག་མི་བྱེད་དམ། སློབ་དཔོན་དང་ལྷན་ཅིག་སློབ་པ་དག་ནད་གཡོག་མི་བྱེད་དམ། གཞན་ཡང་མཁན་པོ་གཅིག་པ་ཞེས་བྱ་བ་
ནས། ཇི་སྲིད་དུ་ཁྱོད་ལ་མེད་དམ་ཞེས་བཀའ་སྩལ་པ་དང་། བདག་ལ་ནི་མགོན་མ་མཆིས་སོ་ཞེས་གསོལ་ཏེ། དེས་ན་འདི་དག་གསུངས་སོ། བདག་ཉིད་དེ་རང་གི་སེམས་ཉིད་དུལ་བ་ནི་དགོས་པ་ཡིན་གྱི། །མ་དུལ་བ་ནི་དགོས་པ་ཉིད་དུ་མི་འཐད་པ་ཡིན་ནོ་ཞེས་
སྒྲུབ་པའི་ཕྱིར་ཉིད་ཀྱི་སྒྲའོ། །བདག་གི་མགོན་ཡིན་གྱི་ཞེས་བྱ་བ་ནི་བདག་ཉིད་ནི་རང་གི་དངོས་པོ་སྟེ། ཕུང་པོ་ལྔའི་བདག་ཉིད་རྟེན་དང་དགོས་པ་དང་སྲུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སེམས་གཅིག་བཏུལ་བས་ནི་དབང་པོའི་ཚོགས་མཐའ་དག་
བསྲུངས་བར་འགྱུར་རོ། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་བྱ་བ་ནི་སེམས་དུལ་བ་ལས་གཞན་པ་གང་ཞིག་སྟེ། གཟུགས་ལ་སོགས་པ་དང་། མུ་སྟེགས་བྱེད་ལ་སོགས་པས་ཡོངས་སུ་བརྟགས་པའི་ནང་གི་སྐྱེས་བུ་བྱེད་པ་པོ་ལ་མགོན་ཞེས་བྱ་བར་ནི་
ཇི་ལྟར་ཡང་འཐད་པ་མ་ཡིན་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། གཞན་ཁྱོད་ཀྱི་མཁན་པོ་ལ་སོགས་པ་སུ་ཞིག་ཇི་ལྟར་མགོན་དུ་འགྱུར་ཏེ། འཇིག་རྟེན་ནི་རང་གི་ལས་ལ་སྤྱོད་པའོ་ཞེས་བསྟན་པའི་ཕྱིར་རོ། །བདག་ཉིད་དུལ་བ་ནི་མགོན་དུ་འགྱུར་རོ་

ཞེས་བྱ་བ་ཅིའི་ཕྱིར་དེ་ལྟར་ངེས་པར་བྱ་ཞེ་ན། །དེའི་འབྲས་བུ་མཐོང་བ་ལས་ཏེ། དུ་བས་མེ་ངེས་པར་ཤེས་པ་བཞིན་དུ་སྟེ། སྨྲས་པ། ཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །མཁས་པ་ནི་ཤེས་རབ་ཀྱིས་བདག་ཉིད་དུལ་བ་ལ་མངོན་པར་བརྩོན་
པའི་ཕྱིར་རོ། །དོན་རྣམས་ཞེས་བྱ་བ་ནི་དབྱིག་ལ་སོགས་པའི་ནོར་ཏེ། བདག་ཉིད་གསོ་བའི་འཚོག་ཆས་ཞེས་བྱ་བའི་དོན་ཏོ། །ཐབས་གཅིག་གིས་ཐོབ་པ་ཉིད་དེ། དེ་ཉིད་སྨྲས་པ། བདག་གི་མགོན་ཡིན་གྱི་ཞེས་བྱ་བ་སྟེ། སེམས་དུལ་བར་གྱུར་པ་ནི་འདྲེན་པ་སྟེ།
བདག་ཉིད་ཀྱི་ཡོ་བྱད་ཙམ་ཡང་བསགས་པར་མི་ནུས་ན། གཞན་ལྟ་ག་ལ་འགྱུར་བདག་ཉིད་ནི་རང་ཉིད་དེ་སེམས་ཅན་གྱི་རྒྱུད་དོ། །དེའི་ཕྱིར་ནད་པ་དེ་ལ་ནི་འདི་ལྟ་བུའི་རྣམ་པར་རྟོག་པ་བྱུང་བར་གྱུར་ཏེ། གང་བདག་ད་ལྟར་ཉམས་ཤིང་འདི་ལྟར་འབྱོར་པ་ཟད་པ་ནི་སྔོན་བསོད་ནམས་མ་བསྩགས་
པའི་ཕྱིར་རོ། །གྲགས་པ་ལ་སོགས་པ་ཡང་མེད་དེ། གང་གི་ཕྱིར་དེ་ནི་ནོར་གྱི་ཆོས་དང་གྲགས་པ་དང་བདེ་བ་དང་མཐོ་རིས་ཏེ། དེ་དག་བདག་ལ་མེད་དོ། །ཡུན་རིང་དུ་གནས་པ་དང་། །འཁོར་གྱི་ནང་ན་མཛེས་པ་དང་། །ཉེ་བར་མི་གདུང་བར་གྱུར་པ་དང་། འཆིང་བ་ཐམས་ཅད་
བཅད་པ་དང་། ངན་འགྲོ་ཐམས་ཅད་སྤོང་བར་གྱུར་པ་དང་། སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་བ་དང་། སྒྲིབ་པ་མེད་པའི་ལམ་ཐོབ་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བར་གྱུར་པ་དག་ཀྱང་བདག་ལ་མེད་དོ་ཞེས་བསམས་སོ། །
དེ་ཡང་སེམས་མ་དུལ་བ་ཡིན་ནོ་ཞེས་ཐུབ་པ་མཆོག་གིས་དེ་མཁྱེན་ཏེ། དེ་དང་མཐུན་པར་དེ་ལ་ཆོས་བསྟན་ཏོ། །གལ་ཏེ་ནོར་ལ་སོགས་པ་འདོད་པ་ཡིན་ན། དེས་ན་བདག་ཉིད་དུལ་བར་གྱིས་ཤིག་དང་མངོན་པར་འདོད་པའི་དོན་དེས་འཐོབ་པར་འགྱུར་རོ་སྙམ་མོ་ཞེས་སོ། །
གཞན་དག་ནི་བཅུ་བཞི་སྡེ་ཞེས་བྱ་བའི་ཀུན་དུ་རྒྱུ་དག་ནོར་ལ་སོགས་པ་འདོད་ནས་དེ་སྒྲུབ་པའི་ཐབས་འཁྲུལ་པ་མེད་པ་མ་ཤེས་ཏེ་ཡ་མཚན་ཅན་མཐའ་དག་ལ་དྲི་བ་གཏན་ལ་དབབ་པའི་ཕྱིར་སོང་བ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། རེ་རེའི་དབང་དུ་མཛད་ནས་

ཚིགས་སུ་བཅད་པ་རེ་རེ་གསུངས་སོ་ཞེས་ཟེར་རོ། །ཆོས་རྣམས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་སླར་ལྡོག་པའི་མཚན་ཉིད་ལེགས་པར་སྤྱོད་པའོ། །དགེ་སློང་དག་ཁྱེད་ལ་ཆོས་བསྟན་པར་བྱ་སྟེ། ཆོས་དེ་དག་གང་ཞེ་ན། སྲོག་གཅོད་པ་སྤང་བའོ་ཞེས་བྱ་བ་
ལ་སོགས་པ་མདོ་ལས་གསུངས་སོ། །ཡང་ན་གང་ལས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་འགྲུབ་པ་ནི་དམ་པའི་ཆོས་ཏེ། ཆོས་དེ་ཐོས་པའོ། །ཆོས་ཀྱི་ཚེ་འདིའི་ཕན་ཡོན་བསྟན་པའི་ཕྱིར། གྲགས་པ་ཞེས་བྱ་བ་སྨོས་ཏེ། སྙན་པ་དང་ཡོན་ཏན་གྱི་གཏམ་མོ། །
བདེ་བ་ནི་མྱོང་བའི་བདེ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་འདི་དང་ཕ་རོལ་གྱིའོ། །དེ་ལ་འཇིག་རྟེན་འདིའི་བདེ་བ་ནི་བཤད་པ་ལ་སོགས་པ་དང་བྲལ་བའི་མཚན་ཉིད་ལ་འདིར་དགོངས་སོ། །གཞན་ནི་འོག་ནས་བརྗོད་དོ། །ཡང་ན་མི་རྣམས་ཀྱི་བདེ་བའོ། །ཕ་རོལ་གྱི་ཕན་ཡོན་
བསྟན་པའི་དབང་དུ་བྱས་ནས་མཐོ་རིས་སུ་སྐྱེ་བའི་བདེ་བ་དེ་བསྟན་པའི་ཕྱིར་བདེ་འགྲོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ཀྱི་འདོད་པའི་ཁྱད་པར་གྱི་བདེ་བ་ཉམས་སུ་མྱོང་བའི་གནས་ནི་བདེ་བ་ཞེས་འདིར་བཤད་དོ། །ཡུན་རིང་མཐོ་རིས་དགའ་བར་འགྱུར། །ཞེས་བྱ་བ་ནི་
གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་བདག་ཉིད་དགའ་བ་དང་བདེ་བ་གཉིས་ཀྱིས་ཅི་རིགས་པར་དུལ་བའི་བདག་ཉིད་ཡུན་རིང་པོར་བདག་ཉིད་སིམ་པར་འགྱུར་བའོ། །ཡུན་རིང་མཐོ་རིས་གནས་པར་འགྱུར། །ཞེས་བྱ་བ་ནི་གཟུགས་མེད་པའི་བདག་ཉིད་ཀྱི་མཐོ་རིས་
དག་ཏུ་ཡང་བདག་ཉིད་ཆེན་པོ་ཤིན་ཏུ་ཡུན་རིང་པོར་གནས་པར་འགྱུར་ཏེ། དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཞི་བཅུའོ། །ཅི་ཡང་མེད་པའི་
སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཅུའོ། །སྲིད་པའི་རྩེ་མོའི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུའོ། །དེས་ན་དེ་ལྟར་གཟུགས་མེད་པ་ནང་གི་ཡིད་དག་པའི་ཕུང་པོའི་འཇིག་རྟེན་མཐོ་བ་རྣམ་པ་བཞི་པོ་དེ་ཡང་ཐར་པ་མ་ཡིན་ཏེ། འཇིག་རྟེན་པ་

ཞེས་བཤད་དོ། །གཉེན་གྱི་ནང་ན་ལམ་མེར་འབར། །ཞེས་བྱ་བ་ནི་ཉེ་དུ་རྣམས་ཀྱི་ནང་ན་དངོས་པོ་ཐམས་ཅད་ཕུན་སུམ་ཚོགས་པས་ཤིན་ཏུ་མཛེས་པའོ། །མཉམ་པར་གཞག་པའི་ཁམས་ལས་ཤི་འཕོས་ནས་འདིར་སྐྱེས་པ་ནི་ཁྱད་པར་དུ་བདག་ཉིད་དུལ་བ་
ཡིན་ནོ་ཞེས་འདིས་བསྟན་ཏེ། འཕགས་པ་འོད་སྲུངས་ཆེན་པོའི་སྤྱོད་པ་དག་ཀྱང་འདིར་བརྗོད་དོ། །མྱ་ངན་ནང་དུ་གདུང་མི་འགྱུར། །ཞེས་བྱ་བ་ནི། གདུང་བའི་བདག་ཉིད་འདོད་པའི་ཁམས་ཀྱི་ནང་ནའམ་དབུས་ན་གནས་པ་ནགས་སྟུག་པོའི་ནང་ན་གནས་པ་དང་འདྲ་བ་སྟེ།
གདུང་བར་བྱེད་པའི་བདག་ཉིད་དོ། །མ་དུལ་བ་ཉིད་ནི་གདུང་བ་ལ་སོགས་པའི་གནོད་པ་དང་ལྡན་ཏེ། མ་དུལ་བའི་བདག་ཉིད་ཅན་ནི་ཡོངས་སུ་བརྟགས་པས་རྐྱེན་ཇི་ལྟ་བ་བཞིན་དུ་བདེ་བ་དང་སྡུག་བསྔལ་འབྱུང་བར་མི་ཤེས་ཏེ། མཚན་མོ་དང་ཉིན་པར་བཞིན་ནོ། །འཆིང་བ་
ཐམས་ཅད་གཅོད་པར་འགྱུར། །ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་རྗེས་སུ་ཆགས་པའི་ཞགས་པ་ཐམས་ཅད་བཅད་པ་དང་སྤངས་པ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དུ་དེའི་འབྲས་བུ་འབྱུང་བས་འདིར་སྲིད་ལ་དེ་མཐར་ཐུག་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་
རོ། །ངན་འགྲོ་ཐམས་ཅད་སྤོང་བར་འགྱུར། །ཞེས་བྱ་བས་ནི་མཐོང་བའི་ལམ་གྱི་ཕན་ཡོན་བསྟན་ཏེ། དེ་ཐོབ་པས་ནི་ངན་སོང་ཐམས་ཅད་སེལ་བར་བྱེད་དེ་དེས་སོ་སོར་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་བྱ་བ་ནི་ཁམས་
གསུམ་གྱི་བསྒོམས་པས་སྤང་བར་བྱ་བའི་སྡུག་བསྔལ་ལ་དམིགས་པ་སྟེ། ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་ཕྱིར་རོ། །མཁས་པ་མགོན་དུ་འགྱུར་བ་འཐོབ། །ཅེས་བྱ་བ་ནི་མི་སློབ་པའི་ལམ་བསྟན་པ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྒྱུས་ཕན་འདོགས་པར་
བྱེད་པའི་ཕྱིར་ཏེ། ཕན་འདོགས་པར་བྱེད་པ་ནི་མགོན་ཡིན་ནོ། །ཡང་ན་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ལས་གཞན་མཐོང་བའི་ལམ་ལ་སོགས་པ་སྟོན་པ་མེད་པའི་ཕྱིར་ཏེ། དེ་ནི་དུལ་བའི་བདག་ཉིད་ཀྱིས་མཁས་པ་སྒྲུབ་པར་བྱེད་

པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དཀྵི་ན་ཞེས་བྱ་བའི་དགེ་སློང་གཉིས་ཀྱང་འདིར་དཔེར་བརྗོད་པར་བྱའོ། །མྱ་ངན་འདས་ཉིད་ཉེ་བར་འགྱུར། །ཞེས་བྱ་བ་ནི་དེ་ཉིད་དང་ཉེ་བ་ཡིན་གྱི། འཁོར་བ་དང་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་ཀྱི་ནང་དུ་གནས་ཤིང་དེའི་བདག་ཉིད་དུ་ཞུགས་པར་བལྟ་བར་བྱ་སྟེ། དེ་ལ་གཞོལ་བའི་ཕྱིར་རོ། །བདག་གི་ཚོམས་ཏེ་ཉི་ཤུ་རྩ་གསུམ་པའི་རྣམ་པར་འགྲེལ་པ་རྫོགས་སྟོ།། །།དུལ་བའི་བདག་ཉིད་ཁོ་ན་ལེགས་པར་གསུངས་པ་བཤད་པ་ལ་ནན་ཏན་དུ་
བྱེད་ཅིང་ཡོན་ཏན་ཅན་ལ་མཆོད་པར་བྱེད་ལ་དཀོན་མཆོག་ལ་རྗེས་སུ་འབྲང་བ་ལ་སོགས་པ་དམ་པའི་ཚུལ་གྱིས་ངོམས་པ་མེད་དེ་སྐོམ་པས་གདུངས་བ་ཉིད་ཆུ་བཟང་པོ་འཐུང་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་བསྒྲེ་བའི་ཚོམས་བསྟན་ཏོ། །ཡང་
ན་དུལ་བའི་བདག་ཉིད་ཅན་ཁོ་ནས་བསྒོ་བར་གསུངས་པ་རྟོགས་པར་ནུས་ཀྱི། འཁྲུལ་པའི་བློ་ཅན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་ཉིད་བསྟན་པ་ཡིན་ཏེ། གང་དག་དོན་དང་མི་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་བཅོམ་ལྡན་འདས་སྐྱེ་
བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་བཞུགས་པ་ན་མདུན་དུ་འདུག་སྟེ། བཅོམ་ལྡན་འདས་མཉེས་པར་བྱའོ་ཞེས་སྐྱེ་བོའི་ཚོགས་ཆེན་པོའི་མངོན་དུ་ངེས་བརྗོད་ཀྱི་རིག་བྱེད་མང་དུ་སྨྲས་པར་གྱུར་པ་ལས་དེའི་དབང་དུ་མཛད་ནས་ཚིགས་བཅད་འདི་ལ་སོགས་པ་གསུངས་
སོ། །བྲམ་ཟེ་དེ་ཡང་འཇིག་རྟེན་པའི་ཆོས་ཀྱི་ཚིག་གི་དོན་འདོད་ཅིང་ངང་ཚུལ་ངན་པ་ཡིན་ནོ། །གང་དག །ཚིགས་བཅད་བརྒྱ་དག་སྨྲ་བ་པས། །ཞེས་བྱ་བ་ནི་གང་ཚིགས་སུ་བཅད་པ་བརྒྱའི་ཚིག་གི་དོན་གང་ཞིག་སྨྲ་ཞིང་ཚིག་སྣ་ཚོགས་དང་ལྡན་པ་བརྗོད་པའོ། །ཇི་ལྟ་
བུ་ཞེ་ན། དོན་དང་མི་ལྡན་ཚིག་ཅེས་བྱ་བ་སྨོས་ཏེ། དམ་པས་གསུངས་པའི་དངོས་པོའི་ཚིག་གམ་ངག་དང་མངོན་པར་འགྲེལ་པ་སྟེ། འཁོར་བ་དང་རྗེས་སུ་མཐུན་པའི་སྒྲའམ། འཁོར་བ་དང་རྗེས་སུ་འབྲེལ་ཅིང་མཐུན་པའི་དོན་དང་སྒྲའོ། ཡང་ན་བདག་དང་གཞན་

གྱི་དོན་གྱིས་སྟོང་པའོ། །ཡང་ན་དགོས་པ་དང་མི་ལྡན་པའོ། །གང་ཚིགས་བཅད་བརྒྱ་སྨྲས་པ་དང་། གང་ཚིགས་བཅད་གཅིག་ཅེས་བྱ་བ་བསྡུ་བའི་དོན་དུ་དང་གི་སྒྲའོ། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། །ཞེས་བྱ་བ་ནི་གཅིག་ཉིད་དོན་དང་
འབྲེལ་པ་ནི་ཉེ་བར་ཞི་བ་དང་འབྲེལ་པའི་ཚིག་འདིར་མཆོག་ཡིན་ཏེ། གང་ལ་ལ་ཞིག་དོན་མེད་པའི་ཚིག་བརྒྱ་བཏོན་པ་བས་གང་ཞིག་དོན་དང་ལྡན་པའི་ཚིག་གཅིག་སྟོན་པ་ཉིད་རུང་གི་ཚིགས་བཅད་བརྒྱ་སྟོང་འདོན་པ་ནི་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དོན་དང་ལྡན་
པའི་མཚན་ཉིད་བསྟན་པའི་ཕྱིར། ཐོས་ནས་ཉེ་བར་ཞི་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཚིག་གང་སྨོས་པས་ཉོན་མོངས་པ་སྤངས་ཤིང་ཉེ་བར་ཞི་བ་ཐོབ་པར་བྱེད་པ་སྟེ། དཔེར་ན་ལམ་ཕྲན་བསྟན་གྱིས་རྡུལ་བསྩལ་ལོ། །དྲི་མ་བསྩལ་ལོ་ཞེས་བྱ་བ་ཐོས་པས་
དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱས་པ་ལྟ་བུའོ། །གང་དག་དོན་དང་མི་ལྡན་ཚིག །ཅེས་བྱ་བ་ནི་སྡིག་པའི་དོན་ཡོངས་སུ་སྟོན་པ་དང་འབྲེལ་བའམ། རིགས་པས་སྟོང་པའོ། །ཡང་ན་ཆོས་མ་ཡིན་པ་རྟོགས་པར་བྱེད་པ་དང་ལྡན་པའོ། །ཡང་ན་ཐར་པ་དང་རྗེས་སུ་
མི་མཐུན་པའོ། །བྲམ་ཟེ་དག་འདི་སྐད་སྨྲ་སྟེ། མཆོད་སྦྱིན་གྱི་དོན་དུ་ཕྱུགས་རྣམས་བསྐྱེད་པ་ཡིན་ཏེ། དེ་དེར་བསད་པ་ནི་བསོད་ནམས་ཆེན་པོ་འཐོབ་པར་བྱེད་པ་ཡིན་ནོ། །ནོར་འདི་དག་ཐམས་ཅད་ནི་བྲམ་ཟེའི་ཡིན་ཏེ། དེ་སྟོབས་ཆུང་བས་སྡིག་པ་ཅན་དག་
ཡོངས་སུ་སྤྱོད་དོ་ཞེས་བྱ་བ་དང་། བུད་མེད་ནི་མེ་ཏོག་དང་འབྲས་བུ་དང་འདྲ་བར་ཐམས་ཅད་ཀྱིས་ལོངས་སྤྱད་པར་བྱ་བ་ཡིན་ནོ་ཞེས་པ་དང་། བཞད་གད་ཀྱི་དུས་ན་ནི་བརྫུན་ལ་ཉེས་པ་མེད་དོ་ཞེས་བྱ་བ་དང་། མཆོད་སྦྱིན་གྱི་དུས་སུ་ཆང་འཐུང་བ་ལ་ཉེས་པ་མེད་དོ་
ཞེས་བྱ་བ་སྟེ། དོན་མེད་པ་དང་ཆོས་མ་ཡིན་པའོ། །ཆོས་དང་ལྡན་པའི་ཚིག་གིས་ཏེ། ཡོན་ཏན་གྱིས་ཁྱེད་ཀྱི་དེ་ནི་སྡིག་པ་ཅན་དུ་སྨད་པ་ཡིན་ཏེ། །འཇིག་རྟེན་འདི་དང་ཕ་རོལ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། བདག་དང་གཞན་གྱི་དོན་དང་།

འཇིག་རྟེན་པའི་གཙུག་ལག་གི་སྦྱོར་བའི་འབྲས་བུ་ལ་གནོད་པ་ཡིན་ཏེ། བསྟན་པ་ཐ་དད་པའི་དོན་ཉིད་དོ། །དོན་མེད་པ་དང་ཆོས་མ་ཡིན་པའི་ཚིག་དང་འབྲེལ་པའི་ཚུལ་ཁྲིམས་འཆལ་པ་དང་། དོན་བཟང་པོ་དང་ཆོས་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་བྱ་བ་དག་
བསྟན་པའི་ཕྱིར། ཚུལ་འཆལ་མཉམ་པར་མ་བཞག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཞེས་བྱ་བ་ནི་གང་ལ་ལ་ཞིག་དུས་ཚིགས་བརྒྱར་རིས་མཐུན་པར་འཛིན་པར་བྱེད་པའོ། །ཚུལ་འཆལ་ཞེས་བྱ་བ་ནི་ངང་ཚུལ་ངན་པ་ཉིད་དོ། །
མཉམ་པར་མ་བཞག་པ་ནི་ཡུལ་དག་ལ་རྣམ་པར་གཡེངས་པའི་སེམས་སོ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཞེས་བྱ་བ་ནི་ཉིན་ཞག་གཅིག་འཚོ་བའི་དབང་པོ་འཛིན་པ་ནི་ཆེས་མཆོག་ཡིན་ནོ། །གང་གིས་ཤེ་ན། ཚུལ་ཁྲིམས་ལྡན་ཞིང་ཞེས་བྱ་བ་སྟེ་ངང་ཚུལ་བཟང་
པོ་དང་ལྡན་པའོ། །མཉམ་བཞག་པ་ཞེས་བྱ་བ་ནི་ཡུལ་དག་ལས་སེམས་ཀུན་དུ་བསྡུས་པའོ། །བརྩོན་མེད་ཅེས་བྱ་བ་ནི་ངན་པར་སྤྱོད་པ་ལ་མངོན་པར་བརྩོན་པ་སྟེ། ངན་པའི་དངོས་པོ་ལ་གནས་པའི་ཕྱིར་རོ། །ལེ་ལོ་ལྡན་པ་དག་ཅེས་བྱ་བ་ནི་དགེ་བ་དག་ལ་བརྩོན་པ་ལྷོད་
པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་བརྩོན་འགྲུས་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བརྩོན་འགྲུས་བརྩམས་པ་དག་ཅེས་བྱ་བ་སྨོས་ཏེ། དགེ་བའི་རྩ་བ་དག་ལ་མངོན་པར་བརྩོན་པར་བྱས་པའོ། བརྟན་པ་ནི་གཡོ་བ་མེད་པ་སྟེ་འདིས་ནི་ངན་པར་སྤྱོད་པ་
ལས་གཅིག་ཏུ་ལྡོག་པར་བསྟན་ཏོ། །བརྩོན་འགྲུས་དང་ལྡན་པ་ཉིད་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཤེས་རབ་འཆལ་པ་ཞེས་བྱ་བ་ནི་བློ་ངན་པ་སྟེ། རྨོངས་པས་བློ་བསླད་པའི་ཕྱིར་རོ། །ཤེས་རབ་འཆལ་བས་ནི་སེམས་གཡེང་བར་
འགྱུར་རོ་ཞེས་བསྟན་པའི་ཕྱིར་གང་གི་ཕྱིར་གྱི་སྒྲའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ནི་གང་དུ་བསམ་གཏན་མེད་པ་ནི་ཤེས་རབ་མེད་དོ་ཞེས་བྱ་བའི་ཚིག་གིས་སོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ལ་ཤེས་རབ་ནི་བློ་ཤིན་ཏུ་གསལ་བའོ། །འདིར་བསྔགས་པའི་དོན་ནི་

ཆེན་པོའི་སྒྲའོ། །མཉམ་བཞག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ་བྱས་པའོ། །འདིས་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་ལ་སོགས་པས་ཚོགས་ཀྱི་ལམ་བསྟན་ནས་མཐོང་བའི་ལམ་བསྟན་པའི་ཕྱིར། སྐྱེ་དང་འཇིག་པ་ཞེས་བྱ་བ་སྨོས་ཏེ། འོངས་པ་
དང་བྲལ་བ་སྟེ་འདུས་བྱས་ཀྱི་རྣམ་པ་ཉིད་ནི་སྐྱེ་བ་དང་འཇིག་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་གང་གི་ཕྱིར་གྱི་སྒྲའོ། །ཚོར་བ་ཟད་པ་ཞེས་བྱ་བ་ནི་གཟུགས་ཅན་གྱི་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བར་སྟོན་ཏེ། དེའི་ཕྱིར་འདོད་པ་ལས་འདོད་ཆགས་དང་བྲལ་ན་ནི་
སྡུག་བསྔལ་དང་ཡིད་མི་བདེ་བ་སྤངས་པར་འགྱུར་རོ། །གཟུགས་ལས་འདོད་ཆགས་དང་བྲལ་ན་ནི་བདེ་བ་དང་ཡིད་བདེ་བ་སྤངས་ཏེ། རྗེས་སུ་བསྟན་པ་མང་བ་ཉིད་ཡིན་པས་སྤྱིར་ཚོར་བ་ཟད་པ་ཞེས་འདིར་བསྟན་ཏོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་གཟུགས་མེད་པའི་
ཁམས་ལས་འདོད་ཆགས་དང་བྲལ་བ་བསྟན་པ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །འདིས་ནི་ཕུང་པོ་ལྷག་མ་དང་བཅས་པ་བསྟན་ནས། ཕུང་པོ་ལྷག་མ་མེད་པ་བསྟན་པའི་ཕྱིར་གོ་འཕང་མི་གཡོ་བ་ཞེས་བྱ་བ་སྨོས་ཏེ། རྟག་པའི་དངོས་པོ་ནི་
མྱ་ངན་ལས་འདས་པའོ། །བལྟ་དཀའ་ཞེས་བྱ་བ་ནི་དཀའ་བས་བལྟ་བར་ནུས་པ་སྟེ། དབང་པོ་ལས་འདས་ཤིང་རྣལ་འབྱོར་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །མཐོན་པོ་ནི་དམའ་བ་མ་ཡིན་ཞིང་མཐོ་བ་མ་ཡིན་ཏེ། དགེ་བའི་རྩ་བ་རྟག་པའི་ཕྱིར་རོ། །མ་བྱས་ཞེས་
བྱ་བ་ནི་རྒྱུ་དང་རྐྱེན་ལས་མ་གྲུབ་པའོ། །དམ་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་དོན་དུ་གཉེར་བར་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འཆི་མེད་ཅེས་བྱ་བ་ནི་དེ་ལས་ཉམས་པ་མེད་པའི་ཕྱིར་རོ། །བདུད་རྩི་ནི་མི་འཆི་བ་སྟེ་འཇིག་པ་མེད་པའི་ཕྱིར་རོ། །
རྡུལ་མེད་ཅེས་བྱ་བ་མ་རིག་པ་དང་ང་རྒྱལ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བ་སྟེ། རྡུལ་ནི་འདོད་ཆགས་རྡུལ་གྱི་ས་རྡུལ་མིན། །ཞེས་མདོ་ལས་གསུངས་སོ། །རྡུལ་བྲལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་ཡུལ་གྱི་རྡུལ་དང་

བྲལ་བ་སྟེ། དེ་སྐྱེད་པར་བྱེད་པ་ལ་སོགས་པའི་རྡུལ་དང་བྲལ་བའོ། །ཚོར་བ་ཟད་པ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་ཉིད་ལ་བརྗོད་པ་ཡིན་ནོ། །དེ་ལྟ་ན་ནི་གཅིག་བརྗོད་པ་མཆོག་སྟེ། གཞན་དགོས་པ་མེད་དོ་ཞེ་ན་བཤད་པ། དེ་ནི་བདེན་མོད་ཀྱི་རྒོལ་བ་དག་ལ་
རིགས་པས་བཤད་པ་ཡིན་ཏེ། དེའི་ཕྱིར་ཁ་ཅིག་ནི་མྱ་ངན་ལས་འདས་པ་ལ་ཚོར་བ་བདེ་བ་ཡིན་ནོ་ཞེས་དེ་ལ་དམིགས་པ་དག་སྣང་སྟེ། བདེ་བ་ནི་ཆགས་པ་ལ་གནས་པ་ཡིན་ནོ། །དེ་བས་ན་ཟག་པ་ཉིད་དོ། །དེ་ལྟར་ཁ་ཅིག་ནི་རྒྱུན་རྟག་པ་ཡིན་ཏེ། སྐད་ཅིག་མ་ནི་མ་
ཡིན་ནོ་ཞེས་པ་སྟེ། དབང་པོ་ལས་སྐྱེས་པའི་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །དབང་པོ་ཞན་པས་དམིགས་པའི་ཚུལ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ཚངས་པས་བྱས་ཤིང་བསྐྱེད་པའི་ཕྱིར་ཏེ། འབྱུང་དང་རབ་རྒྱས་འཇིག་དང་རབ་ཞུམ་པ། །ཡང་དང་ཡང་དུ་
ཉེར་འགྲོ་སྐྱོ་གྱུར་པས། །ཚངས་པས་ཐར་པའི་གྲོང་དུ་བསྟན་པ་སྟེ། །དེར་འགྲོ་ལམ་ནི་འཇིག་པས་རབ་གྲོལ་ཡིན། །ཞེས་སོ། །ཐར་པ་ལ་ནི་འཁོར་བ་མི་འདོད་པ་ཡིན་ཏེ། འདོད་པའི་བདེ་བས་རྒྱས་པ་ཡིན་པའི་ཕྱིར་དེ་ལས་ཀྱང་ཡོངས་སུ་ཉམས་པ་ཡིན་ཏེ།
ཐམས་ཅད་དེ་དང་ལྷན་ཅིག་ཡོངས་སུ་འཇིག་པ་སྲིད་པ་ཡིན་པའི་ཕྱིར་རོ། །འཆི་བ་དང་བཅས་པའི་མྱ་ངན་ལས་འདས་པའི་དགྲ་བཅོམ་པ་ཞེས་བྱ་བའི་ཚིག་གིས་ཏེ། འགྲོ་བ་མེད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདིར་རྡུལ་ནི་ཡོད་དེ། ཉོན་མོངས་པས་དམིགས་པ་
ཡིན་པའི་ཕྱིར་ཟག་པ་དང་བཅས་པས་ན་གཟུགས་ལྟ་བུ་ཡིན་ཏེ། དེ་བས་ན་རྒོལ་བ་དེ་བསྩལ་བར་བྱ་བའི་ཕྱིར་འདི་དག་བརྗོད་པ་ཡིན་ནོ། །བདག་ཉིད་དུལ་བ་ལས་སྐྱེས་པ་ནི་ཡོན་ཏན་དང་ལྡན་པའི་སྐྱེ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་ནི་ལོ་བརྒྱར་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །ལོ་བརྒྱར་ཞེས་བྱ་བ་ནི་དུས་ཚིགས་ཀྱི་ཚད་བརྒྱའོ། །མི་ནི་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་དང་འབྲེལ་པའི་རྒྱུན་ཏེ། འཁོར་བའི་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ནགས་ཚལ་ཞེས་བྱ་བ་ནི་དགོན་པ་སྟེ་གཡེང་བ་མེད་པའི་ཕྱིར་རོ། །མེ་ལ་ཡོངས་བརྟེན་ཞེས་བྱ་

བ་ནི་སྲེག་བླུགས་ཀྱིས་ཚུལ་བཞིན་དུ་སྦྱིན་སྲེག་བྱེད་ཅིང་ཚིམ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གར་ཧ་པ་ཏི་དང་། ཨཱ་ཧ་བ་ནི་དང་། དཀྵ་ཎ་སྟེ་མེ་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་བྷུ་དང་། བྷུ་བྷོ་དང་། སྦས་གཉེན་ཤི་བ་དག་ཚིམ་པར་བྱེད་པ་
ཡིན་ནོ། །སྔ་མ་ལས་ནི་གཞན་གཉིས་པོ་འབྱུང་བ་ཡིན་ནོ་ཞེས་པ་མཆོད་སྦྱིན་པའི་གྲུབ་པའི་མཐའོ། །མེ་གསུམ་འདི་ན་ཚུལ་བཞིན་བསྲེག་བྱས་པས། ཚངས་པའི་འཇིག་རྟེན་དུ་ནི་འགྲོ་བར་འགྱུར། །ཞེས་སོ། །བདག་ཉིད་བསྒོམས་ལ་ཡུད་ཙམ་ཞིག །མཆོད་པ་བྱེད་
པ་གང་ཡིན་པ། །ཞེས་བྱ་བ་ནི་གང་ལ་ལ་ཞིག་ཡོན་ཏན་གྱིས་ཡིད་ལེགས་པར་སྟོབས་དང་ལྡན་ཞིང་རྒྱུད་ཡོངས་སུ་སྦྱངས་པའི་ཡོན་ཏན་ཅན་གྱི་ཞིང་ལ་བསོད་སྙོམས་དབུལ་བ་ལ་སོགས་པས་བསྙེན་བཀུར་བྱས་པ་ཡང་ངོ་། །ཆུ་ཚོད་གཉིས་ཉེ་བར་མཚོན་པའམ། དུས་དེ་ཙམ་ནི་
ཡུད་ཙམ་མོ། །མཆོད་བྱེད་དེ་ཉིད་ཆེས་རུང་གི། ཞེས་བྱ་བ་ནི་གང་བདག་ཉིད་བསྒོམས་པ་ལ་ལན་གཅིག་མཆོད་པ་དེ་ཉིད་ཆེས་མཆོག་ཏུ་བྱ་བ་ཡིན་ནོ། །གཞལ་དུ་མེད་པའི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར། སྟེང་ནས་རྫུ་འཕྲུལ་གྱིས་གཤེགས་པའི་རང་སངས་རྒྱས་དང་
མཆོད་རྟེན་མཆོད་པ་དང་འཕགས་པ་ཡིད་བཟང་ཞེས་བྱ་བ་འདིར་དཔེར་བརྗོད་པར་བྱའོ། །གང་ལོ་བརྒྱར་སྦྱིན་སྲེག་བྱེད་པ་ནི་མ་ཡིན་ཏེ། མེ་ལ་སྦྱིན་སྲེག་གིས་ཚིམ་པར་བྱས་ཤིང་སྲེག་བླུགས་ལ་སོགས་པས་དེ་ལ་བླུགས་པ་ནི་འབྲས་བུ་མེད་པའི་ཕྱིར་རམ། མེ་དང་ཆུ་
ལ་བརྟེན་ཅིང་སྤྱད་པས་ནི་ཡོན་ཏན་གང་ཞིག་ཡོད་དེ། སངས་རྒྱས་ཀུན་ནས་ཉོན་མོངས་པ་སྤངས་པ་ལ་ནི་འདི་ན་སེམས་ཡོངས་སུ་དུལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དཀོན་མཆོག་གསུམ་ལ་དད་པས་བྱང་གྲོལ་གྱི་ལམ་ལ་སོགས་པའི་ཁྱད་པར་དང་འབྲེལ་
པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཟླ་བ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་རེ་རེ་ཞེས་བྱ་བ་ནི་ཟླ་བ་གཅིག་ཅིང་ཞེས་བྱ་བའི་དོན་ཏོ། །ཀུ་ཤའི་རྩེ་ཞེས་བྱ་བ་ལ། ཀུ་ཤ་ནི་དར་བྷ་སྟེ། དེ་ནི་བཀྲ་ཤིས་པར་སྨོས་པའི་རྩྭའི་རྣམ་པའོ། །དེའི་རྩེ་མོ་ནི་མཆོག་མ་སྟེ་ཤིན་ཏུ་ཕྲ་བ་

ཁབ་ཀྱི་རྩེ་མོ་ལྟ་བུ་དེས་སོ། །དེ་ལྟར་ལོ་ཚིགས་གཅིག་གི་དུས་སུ་ཟླ་བ་རེ་རེ་ཞིང་ཉི་མ་ཉི་ཤུར་སྦྱིན་སྲེག་བྱས་ལ་སྦྱིན་སྲེག་བྱས་ནས་ཀུ་ཤའི་རྩེ་མོས་འབྲས་ཆན་ཚོས་པའི་འབྲུ་ཉི་ཤུ་རྩ་གཅིག་ཕྱུང་ནས་ཟ་བ་དང་། དེ་བཞིན་དུ་ཆུའི་ཐིགས་པ་འཐུང་བའི་དཀའ་ཐུབ་ཅན་དེའི་རྒྱུས་ནི་
རྣོ་ཞིང་འབར་བ་སྐྱེ་བར་འགྱུར་རོ་ཞེས་གྲག་གོ། །དེས་མི་ཕོད་དོ་ཞེས་བྱ་བ་ནི་ཀུ་ཤའི་རྩེས་ཁ་ཟས་ཟ་བའོ། །སངས་རྒྱས་ལ་ནི་དད་པ་ཡི། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུལ་ལ་ཡིད་ཆེས་པའི་དད་པའོ། །ཆར་ཡང་ཞེས་བྱ་བ་ནི་ཆ་ཤས་སུ་མི་འགྲོ་བའོ། །གང་ཞེ་ན། བཅུ་
དྲུག་ཅེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱི་ཆ་ཕྲ་བའི་དངོས་པོར་འཇིག་རྟེན་ན་གྲགས་པའོ། །སངས་རྒྱས་ལ་དད་པ་མི་གཡོ་བ་ནི་འབྲས་བུ་མཐའ་ཡས་པའམ་ཡིད་དུ་འོང་བའི་འབྲས་བུ་ཡིན་ནོ། །ཇི་ལྟར་ཀུ་ཤའི་རྩེ་མོས་ཟས་ཟ་བ་དང་མཉམ་པར་འགྱུར། དམ་པའི་
ཆོས་ལ་དད་པ་ཡི། །ཞེས་བྱ་བ་ནི་ཐར་པ་དང་དེའི་ལམ་ལེགས་པར་གསུངས་པའོ། །དགེ་འདུན་ལ་ནི་དད་པ་ཡི། ཞེས་བྱ་བ་ནི་དམ་པའི་ཚོགས་ཏེ་དམ་པའི་རྒྱུའམ། ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་སློབ་པ་དང་མི་སློབ་པའི་ལམ་མོ། །དཀོན་མཆོག་ལ་དད་པ་དང་
ལྡན་པས་བརྟེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་སྙིང་རྗེ་བ། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་ལ་རྗེས་སུ་བརྩེ་བ་ནི་དེའི་སྡུག་བསྔལ་ལས་འདོན་པའི་བསམ་པའི་ཚུལ་ཡིན་ཏེ། དེ་ནི་འཁོར་བའི་རྒྱུད་ལ་བརྗོད་དོ། །དེ་ཉིད་ཀྱི་སྒྲ་
སྤྱིའི་ཚུལ་གནས་པར་བྱས་ནས་དེའི་ཁྱད་པར་བསྟན་པའི་ཕྱིར། སྲོག་ཆགས་རྣམས་ལ་སྙིང་བརྩེ་བ། །ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ནི་སྲོག་དང་ལྡན་པའོ། །འདོད་པའི་སེམས་ཅན་དང་བསམ་གཏན་གསུམ་དུ་སྐྱེས་པ་དེ་རྣམས་ཉིད་ལ་ནི་དབུགས་འབྱུང་བ་
དང་རྔུབ་པ་ཡོད་པའི་ཕྱིར་རོ། །འབྱུང་པོ་རྣམས་ལ་སྙིང་བརྩེ་བ། །ཞེས་བྱ་བ་ནི། དབུགས་འབྱུང་བ་དང་རྔུབ་པ་ཡོད་པའི་ཕྱིར། ཁམས་ལྷག་མ་དག་གིས་བསྟན་པའི་ཕྱིར། སེམས་ཅན་སྲོག་ཆགས་སུ་གྱུར་པ་འདོད་པ་ལ་སོགས་པའི་ཁམས་གསུམ་ན་

གནས་པ་ལ་སེམས་ཅན་ཞེས་བསྟན་ཏོ། །འདིར་བསྟན་པ་ནི་སྙིང་རྗེའི་དབྱེ་བ་ཡིན་ཏེ། བྱམས་པ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། བཤད་པ། གཙོ་བོ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ནི་སྡུག་བསྔལ་ལས་འདོན་པར་བྱེད་པ་ཡིན་ལ། བྱམས་པ་ནི་མ་ཡིན་ནོ། །བྱམས་
པ་ཞེས་བྱ་བ་ནི་གཞན་ལ་ཕན་པའི་སེམས་ཏེ། དེས་ཡོངས་སུ་བཟུང་བའི་སེམས་ནི་བྱམས་པའོ། །འདི་ལྟ་སྟེ། སྐྱེས་བུ་ཞིག་ཉིན་རེ་བཞིན་དོང་ཙེ་སུམ་བརྒྱ་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་འདི་ལས་བལྟ་བར་བྱའོ། །ཚད་མེད་པ་རྣམས་ཀྱི་ནང་ནས་གཉི་ག་
ཁོ་ན་བཟུང་སྟེ། གཞན་གྱི་དོན་བྱ་བའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བྱམས་པ་ནི་གཞན་གྱི་དོན་སེམས་པའོ། །སྙིང་རྗེ་ནི་དེ་བྱེད་པའོ། །དེ་གཉིས་ཀྱི་རྩ་བ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གྲངས་ཀྱི་དམ་ཆོས་ཞེས་སྨོས་ཏེ།
གྲངས་ནི་བསྡུས་པ་ཡོངས་སུ་བཅད་པའོ། །ཟག་པ་མེད་པའི་ཤེས་པས་ཆོས་བསྒོམ་པའི་སེམས་གང་ཡིན་པའི་སེམས་དེས་ཞེས་བྱ་བ་ནི་ཚིགས་བཅད་སྔ་མ་འདིར་རྗེས་སུ་འབྲངས་ཏེ། ཇི་སྐད་དུ་མི་རྟག་པར་རྗེས་སུ་མཐོང་བར་གྱུར་པ་ནི་འདོད་ཆགས་དང་བྲལ་བར་
མཐོང་སྟེ། དེ་བས་ན་དེ་ནི་བསོད་ནམས་ཆེས་མང་པོ་ཞེས་གསུངས་སོ། །ཀུ་ཤའི་རྩེ་མོས་ཟ་བ་སངས་རྒྱས་ལ་དད་པ་ལ་སོགས་པ་ལས་དོན་མེད་པ་འབའ་ཞིག་ཏུ་མ་ཟད་དེ། མཆོད་སྦྱིན་དང་རྗེས་སུ་མཐུན་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཟླ་བ་རེ་རེར་ཞེས་
བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་འདི་ལྟ་བུའི་ཚུལ་གྱིས་མཆོད་སྦྱིན་ཆེན་པོ་བརྩམས་ཏེ་མཆོད་སྦྱིན་སྟོང་ཕྲག་བཅུའི་མཆོད་སྡོང་མཆོད་སྦྱིན་གྱི་ཆེད་དུ་བཙུགས་ཏེ། བཟའ་བ་མང་པོ་དང་བཅའ་བ་མང་པོ་དང་སྦྱིན་པའི་རྫས་མང་པོ་ཡང་སྤུངས་
ཤིང་གཞག་གོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོའི་དུས་སུ་འོངས་པ་དང་། ཇི་ཙམ་ན་ཚིགས་སུ་བཅད་པ་དགུ་གསུངས་སོ། །སྟོང་ཞེས་བྱ་བ་ནི་རི་ཤ་བ་ཞེས་བྱ་བའི་མདོ་ལས་བསྟན་པ་ཡིན་ནོ། །གཞན་དག་ནི་ཀཱར་ཥཱ་པ་ཎ་ཞེས་ཟེར་རོ། །ཁ་ཅིག་ནི་ལན་སྟོང་

ཞེས་ཟེར་རོ། །ལོ་བརྒྱ་ནི་དུས་ཚིགས་བརྒྱའོ། །མཆོད་སྦྱིན་ནི་མཆོད་སྦྱིན་དང་མཆོད་པ་བྱེད་པ་སྟེ། འདིའི་ཚུལ་བཞིན་དུ་བྱས་ན་ལྷའི་ཚོགས་ཀྱི་ནང་དུ་སྐྱེ་ཞིང་གནས་པར་འགྱུར་རོ་ཞེས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་ཅུང་ཟད་ཅེས་བྱ་བ་ནི་དུས་ཐམས་
ཅད་དང་ཐམས་ཅད་དུ་དང་ཐམས་ཅད་ཀྱིས་གང་ཅི་ཡོད་པ་དེ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཆོད་སྦྱིན་ཞེས་བྱ་བ་ནི་འདོད་པའི་ཡུལ་ལས་བྱས་པ་སྟེ། དེ་ཉིད་ནི་མཆོད་པ་སྔོན་དུ་འགྲོ་བའམ་མངོན་པར་འདོད་པའི་བསྙེན་བཀུར་སྔོན་དུ་འགྲོ་བས་བྲམ་ཟེ་དང་དགེ་
སྦྱོང་ལ་སོགས་པ་གང་སྦྱིན་པའི་ཞིང་ལ་སྦྱིན་པ་སྟེ། འདིས་ནི་མཆོད་སྦྱིན་དང་སྦྱིན་སྲེག་གཉིས་བསྟན་ཏོ། །མེ་ལ་སྦྱིན་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གོ། །འཇིག་རྟེན་དུ་ཞེས་བྱ་བ་ནི་འགྲོ་བ་སྟེ་འཁོར་བ་པའི་བདེ་བ་སྒྲུབ་པ་ཞེས་བྱ་བའི་དོན་ཏེ། རྒྱུ་མཚན་ཉིད་བདུན་པའོ། །
ལོ་བརྒྱར་ཞེས་བྱ་བ་ནི་དུས་ཚིགས་བརྒྱའོ། །གང་ཞེ་ན། བསོད་ནམས་འདོད་པ་ཡིན་པའི་མི། །ཞེས་བྱ་བ་སྟེ། བསོད་ནམས་འདོད་པ་ཡིན་པས་བསོད་ནམས་ཏེ། གང་དག་བསོད་ནམས་སོགས་པར་བྱེད་པའི་སེམས་ཅན་ནོ། །སྔ་མས་ནི་ཞིང་དང་བསམ་
པ་བསྟན་ནས་འདིས་ནི་བྱེད་པ་པོ་བརྗོད་དོ། །དེས་ནི་མི་ཕོད་དོ་ཞེས་བྱ་བ་ནི་སྦྱིན་སྲེག་དང་མཆོད་སྦྱིན་ལ་སོགས་པས་སོ། །བཞི་ཆར་ཡང་ཞེས་བྱ་བ་ནི་ཆ་ཤས་བཞི་པའི་ཆ་དང་མཉམ་པ་ཐོབ་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཞེ་ན། ཕྱག་འཚལ་དེའི་ཞེས་བྱ་བ་
སྟེ་ཡོན་ཏན་ལ་མངོན་དུ་ཕྱོགས་པར་བྱེད་པས་དད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པ་ནི་ཕྱག་འཚལ་བའོ། །ཡང་ན་དཀོན་མཆོག་གསུམ་ལ་གུས་པ་བྱེད་པའོ། །གང་ཞིག་གིས་ཕྱག་འཚལ་བ་ཡིན་ཞེ་ན། དྲང་པོའི་སེམས་དང་ལྡན་པར་
འགྱུར། །ཞེས་བྱ་བ་སྨོས་ཏེ། གཡོ་ལ་སོགས་པ་ནི་སེམས་ཀྱི་སྐྱོན་མི་དྲང་བ་སྟེ། དེ་མེད་པ་ནི་དྲང་པོ་ཐོབ་པའོ། །དེ་དང་ལྡན་པ་ནི་གནས་པའོ། །ཇི་སྲིད་སེམས་ཀྱི་སྐྱོན་དང་གཡོ་ཐམས་ཅད་དང་བྲལ་བ་ནི་དྲང་པོའི་རང་བཞིན་ཅན་ཏེ་སྐྱེ་བོ་དགེ་བའམ། དཀོན་མཆོག་

གསུམ་ལ་སྟེ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །མདོ་གཞན་དག་ལས་ཀྱང་བཤད་པ། དགེ་སློང་གང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་རྩ་བའི་ཆོས་ཅན་བསོད་སྙོམས་ཡོངས་སུ་
སྤྱོད་པ་ཚད་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ཏེ་གནས་པ་དེ་ལ་སྦྱིན་པ་བྱིན་པ་ནི་སྦྱིན་བདག་གི་བསོད་ནམས་ཚད་མེད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་སོ། །བསྒྲེ་བའི་ཚོམས་ཏེ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་
པ་རྫོགས་སོ།། །།དམ་པའི་ཆོས་མཉན་ཅིང་བསྟན་པ་ལ་ནན་ཏན་དུ་བྱ་བ་ལ་སོགས་པ་ལ་ནི་སྐྱེ་བོ་དམ་པ་མ་ཡིན་པ་སྤང་བ་དང་། སྐྱེས་བུ་དམ་པ་ལ་བརྟེན་པས་མངོན་པར་འདོད་པའི་དོན་མཐའ་དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་
མཛའ་བཤེས་ཀྱི་ཚོམས་བསྟན་ཏོ། །དེ་ལ་སྡིག་པ་ཅན་གྱི་སྐྱེ་བོ་སྤངས་ཤིང་སྐྱེ་བོ་དམ་པ་བསྟེན་པས་ནི་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དད་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བཅོམ་ལྡན་འདས་ཀྱི་ཕྱོགས་གཅིག་
ཏུ་ལྷ་སྦྱིན་ཀ་ཌ་མོ་ར་ཀ་ཏི་ཥྱ་ལ་སོགས་པས་ཡོངས་སུ་བསྐོར་ཅིང་འདུག་གོ། །ཕྱོགས་གཅིག་ན་ནི་འཕགས་པ་ཤཱ་རིའི་བུ་འདོད་ཆགས་དང་བྲལ་བའི་སྐྱེ་བོས་ཡོངས་སུ་བསྐོར་ཅིང་འདུག་པ་དེ་གཉིས་དེ་ལྟར་མཐོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ལྷ་སྦྱིན་
ལ་ནི་བརྙས་པར་བྱེད་པ། འཕགས་པ་ཤཱ་རིའི་བུ་ལ་ནི་བསྙེན་བཀུར་བྱེད་པ་ལས་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གང་ལ་དད་པ་ཡོད་པ་མ་ཡིན་པ་དེ་ནི་དད་པ་མེད་པ་སྟེ་དེ་དང་བཤེས་པར་མི་བྱའོ། །ཇི་ལྟར་འདི་དད་པ་ཡོད་པ་མ་ཡིན་པར་རིག་པར་
བྱ་ཞེ་ན། རྟགས་ཀྱིས་ཇི་ལྟར་མི་དད་པ་སྟེ། དད་པ་མེད་པའི་རྟགས་བསྟན་པའི་ཕྱིར། འཇུངས་པ་ཞེས་བྱ་བ་བཀྲེན་པ་དང་། སེར་སྣ་ཅན་ཏེ་མི་གཏོང་བའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །ཕྲ་མ་ཅན་ཞེས་བྱ་བ་ནི་གཞན་འབྱེད་པར་བྱེད་པའི་ཚིག་གི་ཕྲ་མ་དེ་

ལ་སྦྱོར་བའོ། །འདིས་ནི་དམ་པའི་ཆོས་མཉན་པར་འདོད་པ་དང་བྲལ་བར་བསྟན་ཏེ། ཕྲ་མ་ཅན་ནི་སྨད་པ་ཡིན་པའི་ཕྱིར་དེ་ལ་འདི་ཉན་པར་མི་འདོད་པའོ། །དབྱེན་བྱེད་པ་ཞེས་བྱ་བ་ནི་སྐྱེ་བོ་ཁྱད་པར་ཅན་འབྱེད་པ་སྟེ། དམ་པ་རྣམས་ཀྱི་གྲོགས་པོ་དང་འབྱེད་པར་བྱེད་པའི་ཚིག་
གང་ལ་ཡོད་པ་དེ་ནི་དབྱེན་བྱེད་པ་ཅན་ཏེ། དམ་པ་རྣམས་འགྲོགས་པ