Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 149
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
རྟག་ཏུ་གདུལ་བར་བྱ་བའི་ཕྱིར། །ཞེས་བྱ་བ་སེམས་འདི་ལ་སྟོན་པ་སྟེ། བདག་ཉིད་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྤྱོད་ཡུལ་དང་རྗེས་སུ་མཐུན་པ་དུས་ཐམས་ཅད་དུ་མཚུངས་པ་མེད་པ་སྟེ་ གཟུགས་ལ་སོགས་པ་ལྔའོ། །ཡང་ན་ཡུལ་མ་ཡིན་པ་དག་ལས་བཟློག་པའོ། །ཅིའི་ཕྱིར་ཞེ་ན། ང་ལ་དོན་མེད་ཅེས་བྱ་བ་སྨོས་ཏེ། བདག་ལ་གནོད་པའི་ཕྱིར་འདི་དང་གཞན་དུའོ། །སྤྱོད་པ་དང་ཞེས་བྱ་བ་ནི་འཇུག་པའོ། །ཡང་བྱ་བ་ཡིན་པ་ལ་ངས་འདི་ཉིད་ཡོངས་སུ་གཏང་ བར་མི་བྱ་སྟེ། དེ་བས་ན་དེ་ཉིད་བཤད་པ། སེམས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཞེས་བྱ་བ་ནི་སེམས་སོ། །སྔོན་ཆད་ནི་གཞན་དུ་སྟེ་བླུན་པའི་གནས་སྐབས་སོ། །སྤྱོད་ཅིང་ཞེས་བྱ་བ་ནི་སྤྱད་པར་བྱས་པ་སྟེ་རབ་ཏུ་འཇུག་པར་གྱུར་པའོ། །རྒྱུ་བར་བྱེད་པ་དག་ ཅེས་བྱ་བ་ནི་འགྲོ་ཞིང་འཇུག་པ་སྟེ་གཟུགས་དང་སྤྱོད་ཡུལ་དག་ལའོ། །ཇི་ལྟ་བུར་ཞེ་ན། ཇི་ལྟར་འདོད་པར་ཞེས་བྱ་བ་ཡིན་ཏེ། གང་གིས་འདོད་པ་བཞིན་དུ་འཇུག་པ་ཆོས་དང་ཆོས་མ་ཡིན་པ་དེ་བཞིན་དུ་སྤྱོད་པའོ། །འདི་ནི་བྱ་བའི་ཁྱད་པར་རོ། །གང་དུ་འདོད་པར་ ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པའི་ཡུལ་དག་ལ་འདོད་ཅིང་མངོན་པར་དགའ་བ་སྟེ་ལྷག་པར་ཞེན་ཅིང་སྤྱོད་པ་དེ་ནི་བྱ་བའོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་རྣམ་པ་གང་གིས་གུས་པ་དང་མགུས་པ་འམ་རྣམ་པ་ཐམས་ཅད་གང་གིས་སམ། འདོད་ཆགས་དང་ཞེ་སྡང་ དང་གཏི་མུག་གིས་བཏང་བའམ། གོ་རིམས་བཞིན་དུ་གཟུགས་མེད་པ་དང་གཟུགས་དང་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ཀྱི་དབང་གིས་སོ། །ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །དེ་གཟུང་ངོ་ཞེས་བྱ་བ་ནི་སེམས་སོ། །ཚུལ་བཞིན་བྱས་པས་ཞེས་བྱ་བ་ནི་རྗེས་ སུ་མཐུན་པའི་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ་བཤད་པ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་མི་གཙང་བ་ལ་སོགས་པ་ལ་འདྲིས་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚུལ་ནི་ཐབས་ཏེ། དེ་ཡང་རབ་ཏུ་བསྔགས་ཤིང་ རྗེས་སུ་མཐུན་པ་ནི་ཚུལ་བཞིན་ཞེས་བརྗོད་དེ། འདི་ལྟར་གང་ཇི་ལྟ་བུ་ཞེ་ན། གླང་ཆེན་མྱོས་ལྟར་ཞེས་བྱ་བ་སྨོས་ཏེ་གླང་པོ་ཆེ་མྱོས་པ་ཇི་ལྟར་འགའ་ཞིག་གིས་ལྕགས་ཀྱུས་ལམ་ལོག་པ་ལས་བཟློག་ཅིང་ལམ་དུ་འཛུད་པ་དེ་བཞིན་ནོ། །སེམས་ཀྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ ཡོངས་སུ་གཅོད་པས་ནི་དེ་འདུལ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། དེ་ལྟ་བས་ན་རབ་ཏུ་བརྟག་པའི་ཕྱིར་ཁང་ཁྱིམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་ཡོངས་སུ་སྤངས་པའི་རབ་ཏུ་བྱུང་བ་ཞིག་སྔོན་གོམས་པའི་དབང་གིས་དགོན་པར་ཁྱིམ་བྱེད་པ་ལ་བརྩོན་ཞིང་འབད་ པར་གྱུར་ཏེ་ཇི་ཙམ་ན་ཡིད་བྱུང་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བས་རང་གི་སེམས་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྡིགས་པར་བྱེད་པའོ། །གཞན་དག་ནི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་ན་བདུད་ཀྱི་ཕོ་ཉ་ལ་སོགས་པས་སེམས་རྣམ་པར་དཀྲུགས་པའི་ཕྱིར་ འོངས་པ་ན་བྱང་ཆུབ་སེམས་དཔས་གསུངས་སོ་ཞེས་ཟེར་རོ། །དུ་མ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་འགྲོ་བ་དག་ཏུ་འཁོར་བའི་སྐྱེ་བའི་རྒྱུན་ནོ། །ཁྱོད་ཀྱིས་ཕྱུང་ཞེས་བྱ་བ་ནི་ཡང་དག་པ་ཐོབ་པར་བྱས་པ་སྟེ། ཡང་དང་ཡང་དུ་འགྲོ་བ་ཞེས་བྱ་བའི་དོན་ ཏོ། །ཡང་ན་དོན་སྣ་ཚོགས་པར་མངོན་པར་སྦྱར་བར་བྱའོ། །གང་གི་ཚེ་ཞེ་ན། ད་ལྟར་ཕན་ཆད་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ཐ་མ་འདི་ལས་སྔོན་གྱི་སྐྱེ་བ་དག་ཏུའོ། །དེ་ཅི་ལྟ་བུ་ཞེ་ན། ཁང་ཁྱིམ་བྱེད་པས་ཞེས་བྱ་བ་ནི་ཁང་ཁྱིམ་བྱེད་པ་སྟེ། གནས་སྒྲུབ་པར་བྱེད་པའམ་ལུས་སྒྲུབ་པར་བྱེད་ པའོ། །ཇི་སེམས་ཀྱི་བདག་ཉིད་ཀྱིས་དེ་ལྟར་ཡིན་ནམ་ཞེ་ན། ཚོལ་བ་ཞེས་སྨོས་ཏེ་སྲེད་པས་བསྐུལ་ནས་རྗེས་སུ་ཚོལ་བའོ། །གང་ཡིན་ཞེ་ན། ཡང་ཡང་སྐྱེ་བའི་སྡུག་སྔལ་ཅན། །ཞེས་བྱ་བ་ཡིན་ཏེ། བདག་རྒྱལ་པོ་དང་། དབང་པོ་དང་། ཚངས་པ་དང་། གཟུགས་བཟང་བ་ ལ་སོགས་པ་ཐོབ་པར་གྱུར་ཅིག་ཅེས་དོན་དུ་གཉེར་བའི་སྡུག་བསྔལ་གྱི་ངོ་བོ་སྐྱེ་བ་ལན་དུ་མར་ཆོལ་བ་ཡིན་ནོ། །ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས། །ཞེས་བྱ་བ་ནི་ངས་ཁྱོད་དེ་ཁོ་ན་ཉིད་ཀྱི་ཤེས་པས་ཇི་ལྟ་བ་བཞིན་དུ་དམིགས་ཏེ། ཕྱིས་ཀྱང་འདི་ལྟར་ངས་ཁྱོད་མཐོང་ཞིང་རྟོགས་ པས་ཕྱིན་ཆད་ཁྱིམ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་སོ་སོར་མ་བརྟགས་པའི་འགོག་པས་ཡང་སྐྱེ་བ་སྤངས་པ་ཡིན་ཏེ། ཡང་ལུས་ཀྱི་ཁང་ཁྱིམ་བྱེད་དུ་མི་གཞུག་པའོ། །ཅིའི་རྒྱུས་ཁྱིམ་ཕྱིན་ཆད་བྱེད་དུ་མི་གཞུག་ཅེ་ན། དེ་སྐྱེད་པར་བྱེད་པའི་ཆུའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་ སྨྲས་པ། ཕྱམ་རྣམས་ཐམས་ཅད་བཅག་ནས་སུ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་འགའ་ཞིག་ཁྱིམ་བྱེད་པར་འདོད་པའི་ཤིང་ལ་སོགས་པ་སྟེ་ཕྱམ་དང་རྩིག་པ་ལ་སོགས་པ་བཤིག་སྟེ་བྱེད་དུ་མི་གཞུག་པ་དེ་བཞིན་དུ་བདག་གིས་སེམས་ཀྱི་ངོ་བོའི་ཁྱིམ་བྱེད་པར་འདོད་པའི་ ལས་ཀྱི་ཕྱམ་རྣམས་དང་ཉོན་མོངས་པའི་སོ་ཕག་གི་ཕུང་པོ་མི་བྱེད་ཅིང་བདག་གིས་ཀྱང་ཕྱམ་ཐམས་ཅད་བཅག་ནས་ཡང་སྲིད་པའི་འབྲས་བུའི་ལས་སྤངས་པའོ། །ཁྱིམ་གྱི་གདུང་ཆེན་རྣམ་བཅོམ་ལ། །ཞེས་བྱ་བ་ནི་རྣམ་པར་བྱས་པ་རྒུད་པ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གཞན་དག་ ནི་སྲེད་པ་ལ་སོགས་པའི་ཉོན་མོངས་པ་ནི་ཕྱམ་ཡིན་ལ། མ་རིག་པ་ལ་སོགས་པ་ནི་ཁྱིམ་གྱི་གདུང་ཆེན་པོ་ཡིན་ནོ་ཞེས་ཟེར་རོ། །འདུ་བྱེད་དང་བྲལ་ནས་ཞེས་བྱ་བ་ནི་འདིར་འདུ་བྱེད་ཀྱི་རྣམ་པ་དང་བྲལ་བ་སྟེ། ཐར་པ་མྱ་ངན་ལས་འདས་པ་ལ་གཞོལ་བའི་ཕྱིར་རོ། །འདི་ཉིད་ལ་ནི་ ཞེས་བྱ་བ་ནི་སྐྱེ་བའོ། །ཟག་པར་འདོད་ཅེས་བྱ་བ་ནི་འགྲོ་བར་ཡོངས་སུ་འཁོར་བའི་ཐ་མ་སྒྲུབ་པར་འདོད་པ་ཡིན་ནོ། །མཁས་པ་ཉིད་ཀྱིས་སེམས་དུལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ནི་གཡོ་ཞིང་འགུལ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ལ་སོགས་ པའི་རྣམ་པར་རྟོག་པས་སེམས་གཡེན་སྤྱོ་བས་བརྩམས་སོ། །གཡོ་བ་ནི་ལན་དུ་མར་གཡོ་བར་བྱེད་པ་ན་གཞན་དག་སྐྱེད་པའི་ཕྱིར་རོ། །ཡང་ན་གཡོ་བར་བྱེད་པ་ཡིན་པས་གཡོ་བ་སྟེ། ལས་སྐྱེད་པའི་ཕྱིར་རོ། །འགུལ་བ་ཞེས་བྱ་བ་ནི་གནས་སྐབས་གཅིག་ཏུ་མི་གནས་པའི་ ཕྱིར་ཏེ། སྤྲེའུ་བཞིན་དུ་རྟག་ཏུ་གཡེང་བ་ཉིད་དོ། །སེམས་ནི་ཡིད་དོ། །རིང་དུ་འགྲོ་བ་ནི་བསྲུངས་དཀའ་བ་སྟེ། དགེ་བའི་བྱ་བ་དག་ལ་དཀའ་བས་འཇུག་པའི་ཕྱིར་རོ། །བཟློག་དཀའ་བ་ཞེས་བྱ་བ་ནི་ལམ་ལོག་པ་ལ་དཀའ་བས་བཟློག་པའི་ཕྱིར་རོ། ། ཡང་ན་འདི་ལ་གཡོ་བ་ལ་སོགས་པ་གསུམ་གྱིས་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གསུམ་དང་མཚུངས་པར་ལྡན་པ་སྟེ། གོ་རིམས་བཞིན་དུ་འདིས་ཡུལ་དག་ལ་འཇུག་པ་ལས་བཟློག་པར་མི་ནུས་པར་བསྟན་ཏོ། །བསྲང་བར་བྱ་ཞེས་བྱ་བ་ནི་དྲང་བ་དང་ཡོ་པ་མེད་ པའི་སེམས་སུ་བསྒྲུབ་པར་བྱའོ། །འོ་ན་དངོས་པོའི་རང་གི་རང་བཞིན་དེ་ནི་རྟག་ཏུ་དེའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་མེ་ཚ་བའི་མཚན་ཉིད་བཞིན་ན་ཇི་ལྟར་ཡོད་པའི་སེམས་དེ་བསྲང་བར་ནུས་ཤེ་ན། མདའ་མཁན་མེ་ཡིས་སྲོང་བ་ལྟར། །ཞེས་བྱ་བ་སྨོས་ཏེ། མདའ་ཞེས་བྱ་བ་ནི་ ལྷག་མའོ། །དཔེར་ན་མདའ་མཁན་གྱིས་ཡོ་བ་ཡིན་ན་ཡང་མེའི་བྱེད་པས་མདའ་དྲང་པོར་བྱེད་པ་དེ་བཞིན་དུ། རང་གི་སེམས་ཀྱང་ལམ་བསྒོམས་པའི་ཤེས་རབ་ཀྱིས་སོ། །སེམས་དུལ་བའི་ཕན་ཡོན་སྨྲས་པ། གང་ཞིག་ལུས་མེད་ཅེས་བྱ་བ་ལ་སོགས་པའོ། །ཡུལ་ ཞིག་གི་དགོན་པའི་གནས་ན་མིག་བཟངས་ཞེས་བྱ་བའི་གནོད་སྦྱིན་རྫུ་འཕྲུལ་ཆེ་བ་ཞིག་གནས་ཏེ། དེས་བཅོམ་ལྡན་འདས་ཤིང་ཞིག་གི་རྩ་ན་བཞུགས་པ་མཐོང་སྟེ་གན་དུ་ལྷགས་ནས། མངོན་པར་མཆོད་དེ་ཐལ་མོ་སྦྱར་ནས་གསོལ་པ། གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ། ལུས་མེད་ཕུག་ན་གནས་བྱེད་པ། །གང་དག་བཏུལ་བར་གྱུར་ན་ནི། །འཇིགས་པ་ཆེ་ལས་ཐར་འགྱུར་བ། །ཞེས་པ་དང་། དེས་ན་འདི་གསུངས་སོ། །རིང་དུ་འགྲོ་བར་བྱེད་པ་ཡིན་པས་རིང་དུ་འགྲོ་བ་སྟེ། སེམས་འདི་འགྲོ་ཞིང་འཇུག་པ་ཡིན་ཏེ་རིང་དུ་འགྲོ་བ་དེ་ནི་ཡིད་ཀྱི་རྣམ་པར་ ཤེས་པས་བསྟན་ཏོ། །འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ནི། །རིང་དུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱང་རྣམ་པ་གསུམ་དུ་བརྟག་པའི་ཕྱིར་ཏེ་དངོས་པོ་མཐའ་དག་གི་སྤྱོད་ཡུལ་བ་དེས་རིང་དུ་འགྲོ་བ་ཡིན་ནོ། །གཅིག་པུ་རྒྱུ་བ་ནི་གཅིག་པུ་ཉིད་རྒྱུ་བར་བྱེད་པ་ སྟེ། ཅིག་ཅར་རྣམ་པར་ཤེས་པ་གཉིས་འབྱུང་བ་མེད་ཅིང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་རེ་རེ་འབྱུང་བ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ལུས་མེད་པ་ནི་གཟུགས་མེད་པའོ། །ཕུག་ན་གནས་པ་ནི་མིང་དང་གཟུགས་ལ་བརྟེན་པའི་ཕྱིར་རོ། །གང་ཡང་ གནས་གཅིག་པ་དེ་ནི་རྟོགས་པར་སླ་བ་ཡིན་གྱི་གནས་དུ་མ་པ་ནི་མ་ཡིན་ནོ། །ཕུག་གི་གནས་དང་གཞི་གང་ཡིན་པ་དེ་ནི་དེ་ཉིད་དོ། །དེ་བཞིན་དུ་གཞན་དང་འགྲོ་བ་ནི་འཕྲལ་ལ་གདུལ་བར་ནུས་ཀྱི་གང་འཕྱན་པའི་བདག་ཉིད་དེ་ནི་འཕྲལ་གདུལ་བར་མི་ནུས་སོ། །གང་ཡང་གྲོང་གི་ནང་ན་ འདུག་པ་གསལ་བ་ནི་གཟུང་བར་ནུས་ལ། ནགས་ཚང་ཚིང་དང་ཕུག་ན་གནས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཚུལ་གྱིས་ནི་གདུལ་བར་ནུས་པ་ཉིད་དུ་བསྟན་པའི་ཕྱིར། གང་དེ་ལྟ་བུའི་ཚུལ་གྱིས་སེམས་དུལ་བར་བྱེད་པ་ནི་དུལ་བར་འགྱུར་རོ། །ཐར་བར་ འགྱུར་ཞེས་བྱ་བ་ནི་ངེས་པར་གྲོལ་བར་འགྱུར་བའོ། །འཇིགས་པ་ཆེ་ལས་ཞེས་བྱ་བ་ནི་གང་དུ་འཇིགས་པ་ཆེན་པོ་ལས་ཏེ་འཁོར་བ་ལས་ཞེས་བྱ་བའི་དོན་ཏོ། །སེམས་མ་དུལ་བའི་སྐྱོན་བསྟན་པ། ལོག་པའི་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་ནད་ པ་ཞིག་ལ་སྨན་པ་གསོ་བ་བྱེད་དོ། །ཅི་ཙམ་ན་དེའི་ཆུང་མ་གཞོན་ནུ་མ་ཞིག་བླངས་པ་དེ་བྲོས་ཏེ་སོང་ངོ་། །ནད་པས་གཏམ་དེ་ཐོས་ནས་ལངས་ཏེ་ཤིན་ཏུ་མགྱོགས་པར་བརྒྱུགས་ནས་སྨན་པ་དེ་བདག་གིས་མ་འཚལ་ལམ་ཞེས་བྱས་ནས་རྒྱལ་པོ་ལ་ཕུལ་ལོ། །གནས་སྐབས་འདི་ ལས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་ཡུལ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་རིན་པོ་ཆེའི་ལྷུང་བཟེད་ཕུན་སུམ་ཚོགས་པ་དེ་ལ་རིན་པོ་ཆེ་ལ་སོགས་པས་ཁ་བརྒྱན་པ་བྱས་ཏེ། ཨ་ཀ་རུ་ལ་སོགས་པའི་ཕྱེ་མ་དྲི་ཞིམ་པོ་རྣམས་ཀྱིས་བཀང་ནས་ བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ནི་ལེན་པ་མི་མཛད་དེ། སངས་རྒྱས་ནི་རིན་པོ་ཆེའི་ལྷུང་བཟེད་དུ་མི་བཞེས་སོ་ཞེས་པ་དང་། དེས་གཞན་གཅེར་བུ་པ་དག་ལ་བྱིན་པ་དང་། ཅི་འདི་གཞན་ལ་སྔར་བྱིན་ནམ་ཞེས་པ་དང་། དེ་དག་གིས་ཇི་ལྟ་བ་བཞིན་དུ་ སྨྲས་སོ། །ཇི་ལྟར་ང་ལ་སྟོང་པར་བྱིན་ཏེ་དེ་ཉིད་བཀང་ན་ནི་བླང་བར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་པ་དང་། ལིཙྪ་བཱི་དག་ཁྲོས་ཏེ་དེ་ལ་མ་དད་པར་གྱུར་པ་ལས་དེས་ན་འདིའོ་ཞེས་ཟེར་རོ། །ཞེ་འགྲས་པའི་ངང་ཚུལ་ནི་འདིར་དགྲའོ། །ཡང་ན་གང་ལ་ཞེ་སྡང་ཡོད་ པ་ནི་མི་མཐུན་པ་སྟེ། དགྲ་ཞེས་བྱ་བའི་དོན་ཏོ། །དགྲ་ལ་ཞེས་བྱ་བ་ནི་རྣམ་པར་སྡང་བའི་ཕས་ཀྱི་དགྲ་སྟེ། ཕྱིར་རྒོལ་བའི་དགྲ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱེད་མི་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུའི་སྡུག་བསྔལ་མི་བྱེད་པའི་ཕྱིར་རོ། །མངོན་སུམ་དུ་གནོད་པ་བྱེད་པ་བསྟན་ནས་ བརྒྱུད་པས་གནོད་པ་བྱེད་པ་སྟེ། ཕ་དང་མ་ལ་སོགས་པ་ལ་གནོད་པ་བྱེད་པ་ཐོས་པའི་དབང་གིས་ཏེ་བཤད་པ། ཁོན་གྱིས་ཁོན་ཅན་ཞེས་བྱ་བ་ལ་སོགས་པའོ། །ལོག་པའི་སྨོན་ལམ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ དོན་ཏོ། །གང་གིས་བདག་ཉིད་སྡུག་བསྔལ་བྱེད་འགྱུར་བ། །ཞེས་བྱ་བ་ནི་གང་བདག་ཉིད་ཀྱིས་སྡུག་བསྔལ་སྐྱེད་པའོ། །དགྲ་བོས་ནི་འདི་ཙམ་ཞིག་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ། ལོངས་སྤྱོད་ལས་ཉམས་པར་བྱེད་པའམ་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་ཙམ་ཞིག་ འཕྲོག་པར་ཟད་དོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །མ་དུལ་བའི་སེམས་ཀྱིས་ནི་ངན་སོང་དག་ཏུ་ཡང་ལྟུང་བར་བྱེད་དོ། །དེས་ན་འདི་ལྟར་འདི་ལ་ནི་འཇིགས་པ་ཆེན་པོར་བྱའི་དགྲ་ལ་ནི་མ་ཡིན་ནོ། །སེམས་དུལ་བའི་ཕན་ཡོན་བསྟན་པའི་ཕྱིར། ཡང་དག་སྨོན་ ལམ་ཞེས་བྱ་བ་ལ་སོགས་པའོ། །ཕ་དང་མ་ལ་སོགས་པས་ཀྱང་དེ་ལྟར་བདེ་བར་བྱེད་པར་མི་ནུས་ལ། དེ་ལས་གཞན་པ་ཞང་པོ་ལ་སོགས་པའི་ཉེ་དུས་ཀྱང་མི་ནུས་སོ། །གང་ཡང་དག་པར་སེམས་དུལ་བས་ནི་བདག་ཉིད་བདེ་བ་ཡིན་ཏེ་སྲེད་པ་ཟད་པས་བདག་ཉིད་བདེ་བ་ཕུན་ སུམ་ཚོགས་པར་བྱེད་དོ། །སེམས་ལེགས་པར་མ་བསྒོམས་པས་ལུས་ལ་ཉེ་བར་གནོད་པའི་སྐྱོན་བསྟན་ནས། ཡིད་ཀྱི་སྐྱོན་གཞན་ཡང་བསྟན་པའི་ཕྱིར། ཇི་ལྟར་ཁང་སྟེང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་ལ་བུ་གཉིས་ཡོད་དེ་ནག་ པོ་དང་། གཙུག་ཕུད་ནག་པོ་ཞེས་བྱ་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་གཉིས་རབ་ཏུ་ཕྱུང་ངོ་། །དེ་ལ་ནག་པོ་ནི་རྐྱེན་གྱི་སྟོབས་ཅན་ཡིན་པས་མུ་གེ་ལ་སོགས་པས་སྡུག་བསྔལ་བའི་ཡུལ་དག་མཐོང་ནས་ཉམས་པར་གྱུར་ཏོ། །གཙུག་ཕུད་ནག་པོ་ནི་རྒྱུའི་ སྟོབས་ཅན་ཡིན་པས་དགྲ་བཅོམ་པར་གྱུར་ཏོ། །དེས་ན་ཚིགས་སུ་བཅད་པ་བཅུ་གཉིས་གསུངས་ཏེ། ནག་པོ་དང་གཞན་ཡང་མང་པོ་དག་ཁྱད་པར་ཐོབ་པར་གྱུར་ཏོ། །ཇི་ལྟར་ཁང་སྟེང་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་རླུང་ལ་སོགས་པས་འདིར་གནོད་པར་གྱུར་ཏོ། །གཡོགས་ ཉེས་ན་ཞེས་བྱ་བ་ནི་གཡོགས་མ་རྩིང་ཞིང་བར་མཚམས་ཡོད་པའི་ཕྱིར་རོ། །ཆར་པ་ནི་སྤྲིན་ལས་བྱུང་བའི་ཆུའི་རྒྱུན་ནོ། །ཡོངས་སུ་འཛག་པ་ཞེས་བྱ་བ་ནི། གཡོགས་མ་ཐམས་ཅད་ལས་འདས་ཤིང་འབིགས་པ་དང་། བུག་རྡོལ་དུ་གྱུར་པས་རབ་ཏུ་འཇུག་པའོ། །དེ་བཞིན་ སེམས་ནི་མ་བསྒོམས་པ། །ཞེས་བྱ་བ་ནི་མི་གཙང་བ་ལ་སོགས་པའི་ལམ་ལ་གནས་པའི་ཕྱིར་དང་དེ་བཞིན་དུ་མ་དུལ་བའོ། །འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ། །ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་སེམས་ཟིལ་གྱིས་གནོན་ཅིང་དམིགས་པའོ། །གཡོགས་ ལེགས་ན་ལས་བྱ་བ་ནི་མཐུན་ཅིང་བར་མཚམས་མེད་པར་གཡོགས་པའོ། །འདོད་ཆགས་ལ་སོགས་པས་ཀྱང་དེའི་རྒྱུད་དང་སེམས་ལ་འཁོར་བའི་སྡུག་བསྔལ་མེད་པ་ཡིན་ནོ་ཞེས་དེ་བསྟན་ཏོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་བསྟན་པ་ཡང་ཀུན་འབྱུང་གི་བདེན་པས་གཙོ་ བོ་ཡིན་པའི་ཕྱིར། མཉམ་པར་བཞག་པ་དང་མཉམ་པར་མ་གཞག་པའི་ས་པའི་དབྱེ་བས་རྣམ་པ་གཉིས་སུ་བྱེད་པ་ཡིན་ཏེ་ལྷག་མ་ནི་རྟོགས་པར་སླའོ། །དུལ་བ་དང་མ་དུལ་བ་གཉིས་ཀྱིས་ནི་གང་ཅུང་ཟད་དགེ་བ་དང་མི་དགེ་བ་བྱེད་པ་དེ་ཐམས་ཅད་ངེས་པར་འདོད་ པ་དང་མི་འདོད་པའི་འབྲས་བུར་འགྱུར་རོ་ཞེས་བསྟན་པ། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀོ་ཊ་མ་ལ་ཀའི་དགེ་སློང་གིས་བསོད་སྙོམས་སྔོན་དུ་གཞན་ལ་བྱིན་ཏེ། ཕྱི་ནས་རང་ཉིད་ཟ་བར་བྱེད་པ་ལ་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་བར་བྱེད་ པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བདག་ཉིད་དང་པོ་བཟའ་བར་བྱ་སྟེ་ལྷག་མ་གཞན་ལ་སྦྱིན་པར་བྱའོ་ཞེས་བཀའ་སྩལ་པ་དང་། རྒྱལ་རིགས་ཀྱི་ཁྱེའུ་ཞིག་དང་བྲམ་ཟེ་རིགས་ཀྱི་ཁྱེའུ་གཉིས་ཞིག་ཤིན་ཏུ་ལྟོགས་པས་ཟས་ཀྱི་བཀད་སར་ ཞུགས་ཏེ། གནས་པ་ལས་དེ་ལས་དུས་ཤེས་པར་བྱས་ནས་བྲམ་ཟེའི་ཁྱེའུ་དེས་ཐོག་མར་བསླངས་པ་དང་། དེས་ཅི་ཡང་མ་ཐོབ་པས་ཁྲོས་ཏེ་གལ་ཏེ་ང་ལ་དབང་ཡོད་ན་ནི་འདི་དག་གི་མགོ་དྲུངས་ནས་བཅད་དེ་སའི་སྟེང་དུ་བོར་བར་བྱ་ན་ཞེས་སྨྲས་སོ། །རྒྱལ་རིགས་ཀྱི་ ཁྱེའུས་ནི་ཕྱིས་བསླངས་པས་ཟས་མང་པོ་ཐོབ་སྟེ་སྨྲས་པ། དེ་སྐད་མ་སྨྲ་ཤིག །གལ་ཏེ་བདག་ལ་དབང་ཡོད་ན་ནི་བདག་གིས་ཉིན་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འདི་དག་ལ་ཁ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱའོ་ཞེས་སྨྲས་སོ། །ཅི་ཙམ་ན་ བྲམ་ཟེའི་ཁྱེའུ་ཤིང་ཞིག་གི་དྲུང་དུ་ཉལ་བ་ལས། ཤིང་རྟ་ལམ་འདྲུལ་བའི་འཁོར་ལོས་སྐེ་བཅད་དེ་དེ་ལས་བརྩམས་སོ། །གཞན་དག་ནི་ཡང་དེའི་ཚེ་ཚོང་དཔོན་ཆེན་པོ་ཞིག་གི་བུ་དུས་ལས་འདས་སོ། །དེས་བསོད་ནམས་ཆེ་བར་གྲགས་པའི་སེམས་ཅན་ཞིག་ཚོང་དཔོན་དུ་ དབང་བསྐུར་བར་བྱའོ་ཞེས་འབད་པས་མཉན་ཡོད་ཀྱི་ཁྱིམ་བདག་ལ་སོགས་པ་ལས་རྗེས་སུ་བཙལ་བ་ལས་རྒྱལ་རིགས་ཀྱི་ཁྱེའུ་ཤིང་ཞིག་གི་དྲུང་ན་ཉལ་བ་མཐོང་སྟེ། ཤིང་གཞན་ཞིག་གི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ་ལ། ཤིང་དེའི་གྲིབ་མ་ནི་དེའི་ལུས་ཡོངས་ སུ་མི་འདོར་བ་མཐོང་ནས་དེ་དག་གིས་དེ་བསླངས་ཏེ་ཚོང་དཔོན་དུ་དབང་བསྐུར་བ་ལས་དེ་ལས་བརྩམས་སོ་ཞེས་ཟེར་རོ། །སྔོན་དུ་ཡིད་འགྲོ་བ་ཞེས་བྱ་བ་ལ། སྔོན་དུ་འགྲོ་བ་ནི་སྔོན་དུ་འདྲེན་པའི་གཙོ་བོ་གང་ཡིན་པ་སྟེ། ཆོས་རྣམས་ཀྱི་དགེ་བ་དང་མི་དགེ་བ་སྒོམ་པ་དེ་ཉིད་ ཀྱིས་སོ། །ལྷན་ཅིག་ཏུ་འབྱུང་བར་གྱུར་པའི་ཕྱིར་ཚོར་བ་ལ་སོགས་པ་ཡང་སྔོན་དུ་འགྲོ་བ་ཞེས་བརྗོད་པར་བྱའོ་ཞེ་ན། བཤད་པ། ཡིད་ནི་གཙོ་བོ་ཞེས་སྨོས་ཏེ་འདི་ནི་ཡིད་ཉིད་ཀྱི་གཙོ་བོ་ལ་བརྟེན་ནས་སོ། །གལ་ཏེ་དེ་ལྟ་ན་ཡང་སེམས་པས་བསམས་ནས་བྱས་པས་འཁོར་ གྱིས་བྱས་པ་བཞིན་དུ་རྒྱལ་པོ་སེམས་པས་བྱས་ཤིང་ཡིད་ཀྱིས་སྤྱོད་པ་ཡིན་ནོ་ཞེ་ན། བཤད་པ། ཡིད་མགྱོགས་ཞེས་སྨོས་པས་ཡིད་ནི་མགྱོགས་པར་འགྲོ་བ་སྟེ་འདི་དག་དེ་ལ་བརྟེན་ནས་ལས་ཀྱི་འབྲས་བུ་འཛིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཁོང་ཁྲོ་ དང་ལྡན་པའི་ཡིད་ཀྱིས་གལ་ཏེ་སྨྲས་པའམ་བྱེད་པ་ཞེས་སྨོས་ཏེ་སྨྲ་བ་དང་བྱེད་པ་དེ་ནི་ཚིག་ངན་པ་སྨྲ་བ་དང་ཉེས་པར་སྤྱོད་པའི་གང་ཟག་གོ། །སྡུག་བསྔལ་འཐོབ་ཅེས་བྱ་བ་ནི་ཡིད་ཀྱི་གདུང་བ་དྲག་པོའི་གནོད་པ་རྗེས་སུ་འཐོབ་པའོ། །ཇི་ལྟ་བུ་ཞེ་ན། འཁོར་ལོས་མགོ་ བོ་བཅད་པ་བཞིན། །ཞེས་སྨོས་ཏེ། དཔེར་ན་ཤིང་རྟའི་འཁོར་ལོ་ནུབ་མོ་རྗེས་སུ་རྒྱུ་བས་བྲམ་ཟེའི་ཁྱེའུ་བཞིན་ནོ། །ཇི་ལྟ་བུ་ཞེ་ན། བཅད་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཚིག་གིས་མཚོན་ཆ་རྣམ་པར་འཁྱལ་བའམ་ཚིག་རྩུབ་པོ་སྨྲས་པ་སྟེ་ངག་གིས་ཉེས་པར་སྤྱོད་པས་ བཅོམ་པ་ཞེས་བྱ་བའི་དོན་ཏོ། །གྲིབ་མ་བཞིན་ཞེས་བྱ་བ་ནི་དཔེར་ན་ཤིང་གི་གྲིབ་མ་རྒྱལ་རིགས་ཀྱི་ཁྱེའུའི་ལུས་དང་འབྲེལ་པ་དེ་བཞིན་དུ་རྗེས་སུ་འབྲང་བ་ནི་རྗེས་སུ་འགྲོ་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བ་ནི་ལེགས་པར་བཤད་པ་ཡིན་ལ། མ་དུལ་བའི་ སེམས་ཀྱིས་ནི་ཐོས་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་རྩོད་པ་ཆེད་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བྲམ་ཟེ་པི་པྲ་ལི་ཀ་པཱ་རི་ཞེས་བྱ་བ་བྲམ་ཟེ་ཐམས་ཅད་ཀྱི་སྨྲས་པ་ལས་ཕྱིན་ཅི་ལོག་ཏུ་བྱེད་དེ། དེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་ཀྱེ་ གཽ་ཏ་མ་བདག་ལ་ཆོས་ཤོད་ཅིག་དང་བདག་གིས་མཉན་པར་བགྱིའོ་ཞེས་གསོལ་པ་ལས། དེ་ནས་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། དེ་ཐོས་པས་མངོན་པར་དད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ་ཞེའོ། །གཞན་དག་ནི་ཙཎྜ་ཤྲི་ཞེས་བྱ་བ་མ་སྐྱེས་དགྲའི་བློན་པོ་ གསོད་ཅིང་རབ་ཏུ་གསོད་པ་ལ་འཇུག་པ་སྙིང་རྗེ་མེད་པ་ཞིག་ཡོད་དོ། །ཇི་ཙམ་ན་དེ་ལྷ་སྦྱིན་གྱིས་དོན་དུ་གཉེར་ཏེ་གལ་ཏེ་ཤཱཀྱ་ཐུབ་པ་སྲོག་དང་ཕྲལ་བར་ནུས་ན་ཁྱོད་ལ་གྲོང་སུམ་བརྒྱ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། དེས་ཀྱང་དེ་ལྟར་མཉན་ཏོ། །དེ་ནས་དེ་གོ་བགོས་ཏེ་ མཚོན་རྣོན་པོ་བླངས་ནས་བྱ་རྒོད་ཕུང་པོའི་རི་ལ་འཛེགས་པ་ལས་ཇི་ཙམ་ན་འཁོར་དུ་མའི་ནང་དུ་བཅོམ་ལྡན་འདས་ལ་ཆོས་སྟོན་ཅིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །ལན་གཉིས་ལན་གསུམ་གྱི་བར་དུ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཅོམ་ལྡན་འདས་ཀྱི་གསུང་ཡན་ལག་ལྔ་དང་ལྡན་པ་ཐོས་པ་དང་གཟུགས་ཕུན་སུམ་ཚོགས་པ་མཐོང་ནས་མངོན་པར་དད་དེ། མཚོན་དང་གོ་ཆ་ རྣམས་བོར་ནས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དེ་གདུལ་བ་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་གྱི་ཚིག་ཕྱིན་ཅི་ལོག་ཏུ་བྱེད་པ་ནི་བརྩད་པའོ། །དེ་ཉིད་ཆེད་ཆེར་འཛིན་ཅིང་སྙིང་པོར་བྱེད་པ་གང་ཡིན་པ་དེ་ནི་མཆོག་ཏུ་བྱེད་པའོ། །གང་ཟག་དེས་ནི་ ལེགས་བཤད་ལེགས་པར་མི་ཤེས་ཏེ་གླགས་ཚོལ་བ་ལ་འཇུག་པའི་བློ་ཡོད་པའི་ཕྱིར་རོ། །ཡང་ན་བརྩད་པ་ནི་དགྲ་སྟེ་མཆོག་དང་གཙོ་བོར་བྱེད་པའི་དགྲ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུའི་སེམས་ཀྱིས་ལེགས་པར་མི་ཤེས་ཤེ་ན། སེམས་ནི་ཉོན་མོངས་གྱུར་པའི་ ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཡིད་བསླད་པ་སྟེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དབང་དུ་འགྲོ་ཞིང་མ་དུལ་བ་ཞེས་བྱ་བའི་དོན་ཏོ། །དེའི་རྟགས་སྨྲས་པ། གླགས་སྐབས་ཚོལ་བར་བྱེད་པ་ཞེས་བྱ་བ་སྟེ། གཞན་གྱི་སྐྱོན་གྱིས་གླགས་ གསལ་བར་བྱེད་ཅིང་ཚོལ་བའི་ངང་ཚུལ་གྱི་སེམས་འདི་ལ་ཡོད་པའོ། །འདིས་ནི་སེམས་ཉོན་མོངས་པར་རྗེས་སུ་དཔག་པ་ཡིན་ནོ། །ཅི་དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་གྱུར་པའི་སེམས་དེ་གང་ཡིན་ཞེ་ན། དད་པ་མེད་པའི་ཞེས་སྨོས་ཏེ། མ་ དད་པས་ཡོངས་སུ་བཟུང་བས་སོ། །སྡང་བ་ཞེས་བྱ་བ་ནི་ཞེ་སྡང་དང་མཚུངས་པར་ལྡན་པའོ། །འཁྲུགས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་ཕྲ་རྒྱས་རྣམ་པར་འཁྲུགས་པར་བྱེད་པས་གཡེང་བ་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །ཡང་ན་དམ་པའི་ཆོས་ལ་ གུས་པ་མ་བསྐྱེད་པས་སོ། །དམ་ཆོས་ཀུན་ཤེས་མི་ནུས་སོ། །ཞེས་བྱ་བ་ནི་ཆོས་བསྟན་པ་ཤེས་པར་མི་ནུས་པའོ། །དམ་པའི་ཆོས་དེ་ཇི་ལྟ་བུ་ཞེ་ན། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པས་གསུངས་པའོ། །ཁྲོ་བ་ རྣམ་པར་བཏུལ་བ་དང་། །ཞེས་བྱ་བ་ནི་ཉན་པ་པོས་ཕྲག་དོག་ལ་སོགས་པའི་ཉེ་བའི་ཉོན་མོངས་པས་བྱས་པའི་ཡིད་ཀུན་དུ་འཁྲུག་པ་རྣམ་པར་སྤངས་པའོ། །གང་གིས་མ་དད་སེམས་དང་ནི། །ཞེས་བྱ་བ་ནི་སེམས་དང་འབྲེལ་པའི་མ་དད་པ་དང་། །མ་དད་པ་རྣམ་པར་ སྤངས་པའོ། །གནོད་སེམས་རབ་སྤངས་པ་ཞེས་བྱ་བ་ནི་གང་ཞེ་སྡང་དང་རྗེས་སུ་འབྲེལ་པ་སྤངས་པའོ། །དེས་ནི་ལེགས་པར་བཤད་པ་ཤེས། །ཞེས་བྱ་བ་ནི་དེ་ཉིད་ལེགས་པར་བཤད་པ་ཐོས་པར་རིགས་པ་ཡིན་ཏེ། སྣོད་ཡིན་པའི་ཕྱིར་རོ། །གང་དེ་ཉིད་ནི་ཤེས་ རབ་ཡོངས་སུ་རྫོགས་པ་ཡིན་ཞིང་དེ་ཉིད་དུལ་བའི་སེམས་ཡིན་ནོ། །དེ་ལྟར་ན་གང་ཤེས་རབ་ཡོངས་སུ་རྫོགས་པར་མི་འགྱུར་ཞེ་ན། སེམས་ཀྱི་བརྟན་པ་མེད་པ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །བཙུན་པ་སེམས་པའམ་བརྟན་པ་གང་གིས་ཤེས་རབ་ཡོངས་ སུ་རྫོགས་པར་འགྱུར་ཞེས་ཞུས་པ་ལས་བརྩམས་སོ། །བརྟན་པ་མེད་པ་ནི་གནས་པ་མེད་པའི་སེམས་འདི་ལ་ཡོད་པའོ། །དམ་ཆོས་རྣམ་པར་ཤེས་མི་ནུས། །ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དང་དོན་ལ་མཁས་པར་རོ། །དད་པ་འགྱུར་ ལྡོག་བྱེད་པའི་ཞེས་བྱ་བ་ནི་ཀུན་ནས་འགྱུར་ཞིང་ལྡོག་པ་སྟེ་མྱུར་དུ་འགྲོ་ཞིང་འཁོར་བའི་ཆུ་བོ་ལྟར་དེ་ལ་འགྱུར་ཞིང་ལྡོག་པའོ། །དེའི་དད་པ་ནི་གུས་པ་མི་བརྟན་པའོ། །ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་སྐྱེ་བ་མེད་པའི་ཕྱིར་རོ། །རྒྱུ་ གསུམ་གྱིས་ཤེས་རབ་ཡོངས་སུ་རྫོགས་པར་འདོད་དེ། དམ་པའི་ཆོས་ཉན་པ་ལ་ཞུགས་པ་དང་། བརྟན་པ་དང་སྐྱེ་མཆེད་ཀྱི་རྣམ་པ་དང་བས་སོ། །དེ་མེད་ན་ནི་ཇི་ལྟར་དེ་ཡོངས་སུ་རྫོགས་པར་འགྱུར། དེ་ཡང་བཤད་པ། ཤེས་པ་མི་གཡོ་སྤུན་ཟླ་སྟེ། དམ་ཆོས་ཉན་པ་བླ་མ་ ཡིན། །དད་པ་དྲི་མེད་མཛའ་བཤེས་ཏེ། །གང་དེ་ཡིས་ནི་རྣམ་འཕེལ་འགྱུར། །ཞེས་སོ། །ཡང་ན་མ་དུལ་བས་ནི་ལེགས་པར་གསུངས་པ་མཉན་པ་ཡང་མེད་ན་ཤེས་རབ་ཡོངས་སུ་རྫོགས་པར་ལྟ་ག་ལ་ཡོད་ཅེས་བསྟན་པའི་ཕྱིར། སེམས་ཀྱི་བརྟན་པ་ མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་དུལ་བ་དེ་ལ་ནི་དམ་པའི་ཆོས་མི་མཉན་པའི་ཕྱིར་དང་། དེ་མེད་པའི་ཕྱིར་སྐྱེ་མཆེད་ཀྱི་རྣམ་པས་དད་པ་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡིད་མ་དུལ་བ་ལས་ནི་སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟ་བུའི་གྲགས་པ་ཡང་ ཉམས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཀུན་རྟོག་ལ་ཆུམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོའི་བུ་སུ་མུ་ཁ་ཞེས་བྱ་བས་བཅོམ་ལྡན་འདས་ལ་བཙུན་པ་གང་གིས་གྲགས་པ་ཉམས་པར་འགྱུར་ཞེས་ཞུས་པ་ལས་དེ་ནས་ཚིགས་སུ་བཅད་པ་གཉིས་གསུངས་ སོ། །གང་ཟག་གང་གིས་སུམ་ཅུ་རྩ་དྲུག་གི་ཆུ་བོའི་རྒྱུན་འཇུག་པ་གང་ཡིན་པ་སྟེ་དེ་ནི་ཞེས་བྱ་བ་ནི་ཉིད་ཀྱི་དོན་ཏེ་དེ་ཉིད་གྲགས་པ་ཉམས་པར་འགྱུར་བའོ། །ཡང་ན་དང་གི་སྒྲས་ནི་རིམ་པ་གཞན་དུ་སྦྱར་རོ། །ལྟ་ངན་ཀུན་རྟོག་ཅེས་བྱ་བ་འདི་ལྟར་ཤེས་པར་བྱ་སྟེ། འདིས་སྲེད་པ་ སུམ་ཅུ་རྩ་དྲུག་ལ་སྤྱོད་པར་བསྟན་ཏོ། །དེ་ཡང་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་གཞན་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཆུ་བོའི་རྒྱུན་སུམ་ཅུ་རྩ་དྲུག་གོ་ཞེས་ཟེར་རོ། །ཡིད་ཀྱི་རྒྱུན་ཞེས་བྱ་བ་ནི་རབ་ཏུ་འཛག་པ་ཡིན་པས་རྒྱུན་ཏེ་གང་ལ་རྒྱུན་རབ་ཏུ་འབབ་པ་ ཞེས་བྱ་བའི་དོན་ཏོ། །ཡིད་ནི་སེམས་ཏེ་དེའི་རྒྱུན་ནི་གང་དག་རབ་ཏུ་འཛག་པ་སྟེ། སེམས་ལ་གནས་པའི་ཕྱིར་རོ། །བརྒྱ་ལ་འདི་ཉིད་རབ་ཏུ་འབབ་པ་ཡིན་ནམ་མ་ཡིན་ཞེས་རྟོག་པ་ལས་རབ་ཏུ་འབབ་ཅེས་བྱ་བ་སྨོས་ཏེ། ཤིན་ཏུ་འབབ་ཅིང་རྒྱུན་མི་འཆད་པས་སོ། ། ཡང་ན་རབ་ཏུ་ནི་ཤིན་ཏུ་སྟེ། རྒྱུན་གྱི་ཤུགས་ཡང་དང་ཡང་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ལྟ་ངན་ཀུན་རྟོག་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྟེ་ལྟ་བ་ངན་པ་ལ་འཇུག་པ། རྣམ་པར་རྟོག་པ་སྣ་ཚོགས་པ་རབ་ཏུ་སྐྱེ་ཞིང་ལྟ་བ་ངན་པ་ལ་ འཇུག་པའི་ཀུན་དུ་རྟོག་པ་ནི་ལྟ་ངན་ཀུན་རྟོག་ཅེས་བྱ་བ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པ་པི་ལིང་བཏུང་བ་བཞིན་ནོ། །ཡང་ན་དང་གི་སྒྲ་ནི་འདིར་ལྷག་མ་ཡིན་ཏེ་ཆུ་བོའི་རྒྱུན་བྱེད་པའི་རྣམ་པར་རྟོག་པ་གཅིག་པུར་མ་ཟད་དེ་ཇི་ལྟ་བུ་ཞེ་ན། ཆུམས་ལ་རྟེན་པའི་ཞེས་བྱ་བ་སྟེ། སྲེད་པ་ལ་བརྟེན་པའི་ཟང་ཟིང་དང་བཅས་པའི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྐྱེས་བུའི་གྲགས་པ་ཉམས་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། དགའ་སེམས་ཞེས་སྨོས་ཏེ་སྲེད་པའི་རྗེས་སུ་འགྲོ་བའི་འདོད་ཆགས་དང་ཡང་དག་ པར་ལྡན་པ་སྟེ། ཡིད་བདེ་བ་འདོད་ཅིང་འདོད་པའི་རོ་མྱང་བས་རྗེས་སུ་ཆགས་པའི་སེམས་སོ། །དབང་པོ་ཕལ་པ་དང་ཞེས་བྱ་བ་ནི་དབང་པོ་ཞན་པའམ་དབང་པོ་མ་དུལ་བའོ། །འདིས་ནི་དགའ་བའི་སེམས་ཀྱི་རྒྱུ་བསྟན་ཏེ་བློ་ཞན་པ་ཡིན་ན་ནི་དགའ་བ་ཉམས་པར་འགྱུར་ཏེ། མ་དུལ་ བའི་དབང་པོ་ལ་ནི་དབང་པོ་ཐ་མལ་པར་འགྱུར་རོ་ཞེས་བསྟན་ཏོ། །སེམས་ཀྱི་རྗེས་འབྲང་ཞེས་བྱ་བ་ནི་སེམས་ཀྱི་དབང་སྟེ་འདོད་པའི་རྒྱུ་ལ་སྤྱོད་པ་གང་མ་དུལ་བའི་སེམས་ཞེས་བྱ་བའི་དོན་ཏོ། །འགྲིབ་པ་ནི་ཡོངས་སུ་ཉམས་པའོ། །གྲགས་པ་ནི་སྙན་པའོ། །གཞན་ཡང་འདིར་ སྐྱེས་བུའི་ཁྱད་པར་སྨྲས་པ། ཞན་པའི་མཐུས་ཞེས་བྱ་བ་སྨོས་ཏེ་མཐུ་དང་སྨྲ་བ་དམན་པར་གྱུར་པའོ། །མཐུན་པའི་ཆོས་ཀྱི་དཔེ་བསྟན་པ། ལྗོན་ཤིང་ཞེས་བྱ་བ་སྟེ་དེ་ཉིད་དོ། །འབྲས་བུ་ལྷགས་པ་ཡིན་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་ལྷུང་བ་ཡིན་པའི་ཕྱིར་མངོན་པར་མི་ བསྔགས་པའོ། བྱ་བཞིན་ནོ་ཞེས་བྱ་བ་ནི་འདབ་ཆགས་ཇི་ལྟ་བ་བཞིན་ཏེ། དེ་ནི་འབྲས་བུ་ལ་བརྐམ་པས་ཤིང་ལ་རྒྱུ་སྟེ་དེ་མེད་པར་གྱུར་ན་ནི་ཡོངས་སུ་སྤོང་བ་ཡིན་ནོ། །དེ་བཞིན་དུ་མ་འོངས་པའི་ཡོན་ཏན་དང་སྐྱོན་གྱི་གནས་པའི་རྒྱུད་ཀྱི་སེམས་ཅན་གྱི་གྲགས་པ་མེད་པའོ། ། སེམས་མ་དུལ་བ་ཉིད་ཀྱིས་འདིས་ཉེས་དམིགས་བསྟན་ནས། འཇིག་རྟེན་ཕྱི་མའི་སྨྲས་པ། སེམས་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །ནགས་དགོན་པ་ཞིག་ན་ལེ་ལོ་ཆེ་ཞིང་བག་མེད་ལ་འདོད་པའི་རྣམ་པར་རྟོག་པས་རྣམ་པར་གཙེས་པའི་དགེ་སློང་ཞིག་ལས་བརྩམས་སོ། ། བརྩོན་ལ་གནས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །མ་བསགས་པའི་དགེ་བ་བསགས་པའི་རྒྱུ་བསྟན་ནས་བསགས་པའི་དགེ་བ་བསྲུང་བའི་ཐབས་བསྟན་པ། བག་ཡོད་སེམས་ཞེས་བྱ་བ་སྨོས་ཏེ། བག་ཡོད་པའི་ཁྱད་པར་ གྱི་ཡོན་ཏན་དང་ལྡན་པའོ། །ཡོན་ཏན་ཉམས་པ་དང་སྐྱོན་སྐྱེ་བའི་རྒྱུ་ལས་བཟློག་པའི་ཕྱིར། སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད། །ཅེས་བྱ་བ་སྨོས་ཏེ། ཡིད་ཁྱོད་འདོད་པའི་སྲེད་པ་དང་ཕུང་ཁྲོལ་མ་བྱེད་ཅིག་པའོ། །དེ་ནི་མི་འདོད་པའི་འབྲས་བུ་བསྟན་པས་བཟློག་ པ་ཡིན་ཏེ། བག་མེད་ལྕགས་གོང་མིད་པས་ཞེས་བྱ་བ་བག་མེད་པའི་རྒྱུས་ལྕགས་ཀྱི་ཐུ་ལུམ་རབ་ཏུ་འབར་བ་ཟ་བར་མ་བྱེད་ཅིག་པའོ། །དམྱལ་བར་བཙོས་པ་ན་ཞེས་བྱ་བ་ནི་དམྱལ་བར་སྐྱེས་ནས་དམྱལ་བའི་མེས་བསྲེགས་པར་གྱུར་པ་ན། ཁྱོད་མ་ངུ་ཞིག་པ་ནི་ཁྱོད་ཆོ་ ངེས་མ་འདེབས་ཤིག་ཅེས་པའོ། །བརྩོན་འགྲུས་ལ་སོགས་པ་མ་ཡིན་པར་ནི་སེམས་དུལ་བའི་ཐབས་མི་རྙེད་དོ་ཞེས་བསྟན་པའི་ཕྱིར། ལྡང་བའི་དུས་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་བྱེད་ཀྱི་ཚལ་ན་རྒྱལ་ཞེས་བྱ་བ། ལས་ཐ་མལ་པ་གཞན་ལ་མངོན་པར་བརྩོན་པ་ཞིག་ ལས་བརྩམས་སོ། །ལྡང་བ་ནི་སྤྲོ་བ་སྟེ་དེ་སྒྲུབ་པའི་དུས་སུ་ཉེ་བར་གནས་པ། སངས་རྒྱས་འབྱུང་བ་དང་མིའི་ནུས་པ་ལ་སོགས་པའི་ཁྱད་པར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །འདུག་པར་བྱེད་པ་དང་ཞེས་བྱ་བ་ནི་ཉེ་བར་མི་སྦྱོར་བ་སྟེ། སྦྱོར་བ་མི་བྱེད་པས་དགེ་བའི་བྱ་ བ་དག་ལ་མི་འཇུག་པའོ། །ལྡང་བའི་དུས་ཉིད་སྨྲས་པ། ལང་ཚོ་ཞེས་བྱ་བ་སྨོས་ཏེ་བྱ་བ་ཐམས་ཅད་བྱ་བར་བཟོད་པའི་དུས་སུ་ཉེ་བར་གནས་པ་ནི་ལང་ཚོ་ཡིན་ནོ། །སྟོབས་ལྡན་ཞེས་བྱ་བ་ནི་བླ་མས་བསྟན་པ་དང་། གྲོགས་དང་། རྐྱེན་དང་། ནད་མེད་པ་དང་། སྟོབས་ལྔ་དང་ལྡན་པ་ སྟེ། སངས་རྒྱས་འབྱུང་བ་དང་། བསྟན་པ་གནས་པ་དང་། དེའི་ལམ་ལ་ཞུགས་པའི་སྐྱེ་བོ་ཡོད་པའི་ཕྱིར་དང་། ཆོས་གོས་ལ་སོགས་པས་གནོད་པ་མེད་པའི་ཕྱིར་དང་། ནད་ཀྱི་གནོད་པ་མེད་པའི་ཕྱིར་སྟོབས་དང་ལྡན་པའོ། །དེ་ལྟར་ཡོད་ཀྱང་སུ་ཞིག་སྦྱོར་བར་བྱེད་པ་མ་ ཡིན་ཞེ་ན། མི་འབད་ཅེས་སྨོས་ཏེ་ལེ་ལོ་ཅན་ཉིད་ནི་དགེ་བའི་བྱ་བ་དག་ལ་རོ་མྱོང་བར་མི་བྱེད་ཅིང་འདུན་པ་མེད་པའི་ཕྱིར་ཏེ། མདོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་ནི་འདུན་པའོ་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་སེམས་མི་དབེན་པར་བསྟན་ནས་ལུས་མི་དབེན་པར་བསྟན་པ། ཁྱིམ་འདུག་ ཅེས་བྱ་བ་ཁྱིམ་དང་ཉེ་བ་ན་འདུག་པ་སྟེ། འདི་ལ་ཁྱིམ་ནི་ཡོངས་སུ་གཟུང་བ་དང་བཅས་པའི་ཕྱིར་རོ། །གཉི་གའི་ཉེས་དམིགས་སྨྲས་པ། རྫོགས་ཚེ་ཞེས་བྱ་བ་རྫོགས་པ་ཐོབ་པ་སྟེ། ཡིད་ཀུན་དུ་རྟོག་པའི་ཡུལ་གཟུགས་ལ་སོགས་པ་གང་ཡིན་པ་ལའོ། །རྫོགས་པ་ནི་ཐོབ་པ་ལ་ འཇུག་སྟེ་བདག་གི་སློང་མོ་ནི་རྫོགས་ཏེ་ཐོབ་པོ་ཞེས་བྱ་བ་ལྟ་བུའོ། །སེམས་དབེན་པ་མེད་ན་ནི་འདོད་པ་ལ་སོགས་པ་ལས་ཀུན་དུ་རྟོག་ཅིང་དཔྱོད་པར་འགྱུར་རོ། །དབེན་པ་མེད་པས་ནི་ལེ་ལོ་བྱེད་པར་འགྱུར་སྟེ། བྱ་བ་ངན་པ་བྱེད་པའི་ཕྱིར་སྡིག་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ དོན་ཏོ། །མི་ཡིས་ཤེས་རབ་ལམ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་ཀྱི་ལམ་གྱིས་སེམས་དུལ་བའོ། །རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ནམ་ཡང་འཐོབ་པར་མི་འགྱུར་བའོ། །རང་བཞིན་གྱིས་རྣམ་པར་རྟོག་པ་ཞི་ན་ནི་སེམས་ཡོངས་སུ་རྫོགས་པར་དུལ་བར་འགྱུར་རོ་ཞེས་བསྟན་པ། ཕྲན་ཚེགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་རྟོག་པ་མང་བའི་ཚོང་དཔོན་ཞིག་སྐྱོ་ནས་དེ་སྤང་བའི་གཉེན་པོ་བཙལ་བ་ལས་མ་རྙེད་དེ། བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་ཅི་ཙམ་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཕྲན་ཚེགས་ནི་མི་འདོད་པའི་འབྲས་བུ་ཡིན་ པའི་ཕྱིར་མངོན་པར་མི་འདོད་པ་སྟེ། འདོད་པ་ན་སྤྱོད་པའོ། །རྣམ་པར་རྟོག་པ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རྟོག་པའོ། །ཡང་ན་ཞིབ་མོ་ནི་རགས་པ་མ་ཡིན་པ་སྟེ། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་རོ། །གཡེན་ཡང་སྤྱོ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་འདྲེན་པའི་ཕྱིར་ ཏེ། སེམས་རྣམ་པར་གཡེངས་པའི་ཕྱིར་རོ། །ནང་ན་གནས་པའི་ཡིད་ནི་ཞེས་བྱ་བ་ནི་སེམས་དང་ལྷན་ཅིག་མཚུངས་པར་ལྡན་པའི་རྣམ་པར་གནས་པའོ། །དེ་དག་ཅེས་བྱ་བ་ནི་དེའི་ས་པའི་རྣམ་པར་རྟོག་པའོ། །མ་ཤེས་ན་ཞེས་བྱ་བ་ནི་མ་རིག་པའོ། །གང་གི་མ་རིག་པ་ཡིན་ཞེ་ན། ཡིད་ཀྱི་ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཉིད་ཤེས་པས་སོ། །འདི་ནི་གནས་ཀྱིས་གནས་པ་བསྟན་ཏེ། གྲོང་ཐམས་ཅད་འོངས་སོ་ཞེས་བྱ་བ་ལྟ་བུའོ། །རྣམ་རྟོག་ནི་རྣམ་པ་སྣ་ཚོགས་པའི་སྒོ་ནས་དཔྱོད་པ་རྣམ་པར་རྟོག་པ་སྟེ། དེ་ནི་ངེས་པའི་ཚིག་གོ། །དེ་ ཡོངས་སུ་མ་ཤེས་པའི་སྐྱོན་བསྟན་པ། ཡང་དང་ཡང་དུ་རྒྱུག་པར་བྱེད། །ཅེས་སྨོས་ཏེ་འཁོར་བར་ལན་དུ་མར་འཁོར་བའོ། །གང་ཞེ་ན། འཁྲུལ་སེམས་ཞེས་བྱ་བ་བློ་ཕྱིན་ཅི་ལོག་པའི་ཕྱིར་ཏེ། མ་དུལ་བའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་གང་ཡང་རྣམ་པར་རྟོག་པ་ འདི་ཤེས་པའོ། །ཇི་ལྟར་ཤེས་པ་ཞེས་བརྗོད་ཅེ་ན། མཁས་པས་ཞེས་སྨོས་ཏེ། གསུང་རབ་ཀྱི་དོན་གྱི་དེ་ཁོ་ན་ཉིད་ལ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་ལ་མཁས་པའི་ཕྱིར་རོ། །བརྩོན་པ་ནི་བརྟུན་པ་དང་ལྡན་པ་ཉིད་དོ། །རྣམ་འབྱེད་ཅེས་བྱ་བ་ནི་ཡང་དག་པར་གཡོགས་ པ་དང་བཀབ་པར་གྱུར་པའོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་མངོན་པར་བརྩོན་པ་སྟེ། དེ་ལས་དྲན་པ་དང་། ཤེས་བཞིན་གཉིས་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷ་དྲན་པ་དང་ཤེས་བཞིན་གྱིས་བཀབ་པར་བྱའོ་ཞེས་མདོ་ལས་གསུངས་སོ། ། ཐམས་ཅད་ཅེས་བྱ་བ་ནི་ས་ཇི་སྙེད་པའོ། །མ་ལུས་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའོ། །ཇི་ཐམས་ཅད་ཉིད་རྣམ་པར་འབྱེད་དམ་ཞེ་ན་མ་ཡིན་ཏེ། སྨྲས་པ། བློ་ཡིས་ཞེས་བྱ་བའོ། །སེམས་དུལ་བ་ལ་ནི་མྱ་ངན་ལས་འདས་པ་ཡང་རག་ལས་པ་ཡིན་ནོ་ཞེས་བསྟན་པ་ནི་ ལུས་འདིས་བུམ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་ཞིག་བདག་ཉིད་བལྟ་ན་སྡུག་པའི་ཁྱད་པར་དང་དབྱིབས་དང་གཟུགས་ཀྱིས་དྲེགས་ཏེ་སྲེད་པ་ལས་སྤྱོད་ཅིང་གང་འདི་ལྟ་བུའི་ལུས་ནི་སུ་ཞིག་གིས་མ་རུང་བར་བྱེད་ནུས་ཞེས་མི་གཙང་བ་སྒོམ་པར་མི་བྱེད་དེ། དེ་ ཡང་རྫ་མཁན་གྱི་ཁྱིམ་དང་ཉེ་བ་ཞིག་ན་གནས་ཤིང་སྤྱོད་པ་ཞིག་ལས་དེའི་དབང་དུ་མཛད་ནས་འདི་ལྟ་སྟེ། དགེ་སློང་རྫ་མ་སོ་མ་བཏང་བ་ནི་སྙིང་པོ་མེད་པ་ཡིན་ཞིང་ཡུན་རིང་དུ་མི་གནས་ཏེ་གནོད་པ་མི་བཟོད་ལ་ཆར་ཡང་མི་བཟོད་པ་བཞིན་དུ་ལུས་འདི་ཡང་དེ་ལྟ་བུའོ། །དཔེར་ ན་གྲོང་ན་གནས་པས་ནི་རྒྱལ་པོ་སྤྱོད་དོ། །དེ་བཞིན་དུ་ལུས་ལ་བརྟེན་ནས་ཀྱང་སེམས་ཏེ་འཇིག་རྟེན་ན་ནི་དེ་ལྟ་བུའོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ལུས་ནི་བུམ་པ་དང་འདྲ་བ་སྟེ་དཔེར་ན་རྫ་མ་ནི་སྐྱེ་བའི་ཆོས་ཅན་དང་། མཐར་འཇིག་པ་ཡིན་ཞིང་ཆུའི་ སྣོད་ཡིན་པ་དེ་བཞིན་དུ། ལུས་འདི་ཡང་མི་གཙང་བ་རྣམ་པ་སྣ་ཚོགས་པའི་སྣོད་དང་མི་རྟག་པའི་ཕྱིར་རོ། །འདི་ནི་ཟིན་པའོ། །རྟོགས་བྱས་ཤིང་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཤེས་པས་ངེས་པར་བྱས་པའོ། །གྲོང་ཁྱེར་འདྲ་བ་ཞེས་བྱ་བ་ནི་གྲོང་ཁྱེར་དང་འདྲ་བར་རིགས་མི་འདྲ་བའི་ རྫས་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །སྲན་བཙུགས་ནས་ཞེས་བྱ་བ་ནི་ལུས་དེ་ཉིད་ལ་བརྟེན་ནས་སེམས་ལེགས་པར་གནས་པ་དང་། དེ་ཡང་རྟོགས་པར་བྱས་པའོ། །གྲོང་ཁྱེར་དང་འདྲ་བ་འདི་ནི་གྲོང་ཁྱེར་རུས་པའི་ར་བ་ཅན་ཞེས་བྱ་བས་གནས་པ་ཡིན་ནོ། །ལུས་དང་སེམས་ ཡོངས་སུ་བརྟགས་པའི་གོ་བགོས་ཏེ། བདུད་དང་གཡུལ་སྤྲད་དེ་ཞེས་བྱ་བ་སྤངས་པར་བྱ་ཞིང་ཉོན་མོངས་པའི་བདུད་དཀྲུག་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན། ཤེས་རབ་མཚོན་གྱིས་ཞེས་བྱ་བ་ཡིན་ཏེ། འཕགས་པ་ཉན་ཐོས་ཀྱིས་ནི་ཤེས་རབ་མཚོན་གྱིས་ཀུན་དུ་ སྦྱོར་བ་གཅོད་པར་འགྱུར་རོ་ཞེས་མདོ་ལས་བསྟན་ཏོ། །བཏུལ་ནས་བསྲུང་བར་བྱ་ཞེས་བྱ་བ་ཉོན་མོངས་པའི་བདུད་སྤངས་ནས་དེ་བཞིན་དུ་ཡང་མི་སྐྱེ་བར་བྱ་བའི་ཕྱིར་བསྲུང་བར་བྱ་བ་སྟེ་མ་བཏུལ་བ་ནི་བཏུལ་བར་བྱ་ལ་བཏུལ་བ་ནི་བསྲུང་བར་བྱ་སྟེ། ཕྱི་ནས་ཡང་ཉམས་པ་མེད་ པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གནས་མེད་པར་ནི་ཞེས་བྱ་བ་ནི་ཡང་འཇུག་པ་མེད་ཅིང་འཁོར་བར་ཡང་སྲིད་པ་མེད་པ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ། །ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་འདི་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་ཐམས་ཅད་དེ་འཇིག་རྟེན་ནི་ཉེ་བར་ལེན་པའི་ ཕུང་པོ་ལྔ་ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་ནམ་ཞིག་ལ་ཕྱོགས་གཅིག་བལྟས་ནས་འཇུག་པ་ཡིན་ཏེ་ནམ་ཞིག་ན་འཇིག་རྟེན་ཐམས་ཅད་ལ་བལྟས་ནས་སོ། །དབྱིབས་ཀྱི་འདོད་ཆགས་ལ་འཇུག་པ་བསྟན་ནས་ཁ་དོག་གི་འདོད་ཆགས་སྨྲས་པ། ལུས་འདི་དབུ་བ་འདྲ་བར་ ཞེས་སྨྲས་ཏེ། དགེ་སློང་ཁ་དོག་གི་འདོད་ཆགས་ཅན་ཞིག་གང་གཱའི་ངོགས་ན་གནས་ལ་ཕ་རོལ་དུ་རྒལ་བར་མི་བྱེད་པ་དེ་ལས་བརྩམས་ཏེ། འདི་ལྟ་སྟེ་དགེ་སློང་དབུ་བའི་གོང་བུ་ནི་ཆེར་ཟིན་ཀྱང་སྙིང་པོ་མེད་པ་ཡིན་ཏེ། རེག་པར་མི་བཟོད་པ་བཞིན་དུ་ལུས་ འདི་ཡང་དེ་ལྟ་བུའོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གཉིས་ཀྱི་བར་དུ་གསུངས་སོ། །ཆུའི་ཡན་ལག་འདྲེས་ཏེ་རླུང་གིས་གྲུབ་པ་ནི་དབུ་བ་སྟེ། ངེས་པའི་ཚིག་ལས་སྐྱེ་བའོ། །ཞེས་བྱ་བའི་དོན་ཏོ། །གང་དེ་ཇི་ལྟར་གནས་མེད་པར་འདོད་པ་ཡིན་ཞེ་ན། གཉིས་ཀྱིས་རྣམ་པར་ འབྲེལ་པ་སྨྲས་པ། གང་གིས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་མྱ་ངན་ལས་འདས་པ་ནི་གང་ཡིན་ཇི་ལྟར་མྱ་ངན་ལས་འདས་པ་ཞེས་བྱ་ཞེས་སྨྲས་པ་དང་། དེས་དེ་ཁྱེར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས་དེ་ལ་འདི་གསུངས་སོ། ། གང་གིས་ཞེས་བྱ་བ་ནི་བསམ་པ་བཟང་པོ་གང་གིས་ཏེ། ཐར་པའི་ས་བོན་དང་ལྡན་པའི་བདག་ཉིད་ཆེན་པོའོ། །སེམས་ཀྱིས་ལེགས་པར་བསྒོམས་པ་དང་། །ཞེས་བྱ་བ་ནི་མི་གཙང་བ་ལ་སོགས་པ་ལེགས་པར་བསྟེན་པའོ། །དེས་ན་དུས་ཕྱི་ནས་བྱང་ཆུབ་ཡན་ལག་བདུན་ཞེས་ བྱ་བ་ལེགས་པར་བསྒོམས་པ་ཞེས་འདིར་རྗེས་སུ་འབྲང་ངོ་། །གང་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་ལེགས་པར་བསྒོམས་པར་འགྱུར་ཞེ་ན། བཤད་པ། གང་འཁོར་བ་ལས་བདག་གིར་མི་བྱེད་པ་དང་། ཐར་པ་འདོད་པའོ། །དེ་གཉི་ག་སྨྲས་པ། ལེན་པ་རབ་ཏུ་སྤངས་པ་དང་། ཞེས་བྱ་བ་སྨོས་ཏེ། སྐྱེ་བ་གཞན་དག་ཡོངས་སུ་འཛིན་པར་འདོད་པ་སྤངས་པའི་ཕྱིར་རོ། །གང་ཞིག་ལེན་ལ་མི་དགའ་ཞིང་། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བའི་ཕྱིར་ཏེ། དེས་ན་བསམ་པ་དང་སྦྱོར་བ་གཉིས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཁྱད་པར་བསྟན་པ། ཟག་ ཟད་ཅེས་བྱ་བ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཏེ། སྐྱོན་བསལ་ཞིང་ངན་པར་སྤྱོད་པ་སྤངས་པས་མྱ་ངན་ལས་འདས་པ་སྟེ། ལས་དང་ཉོན་མོངས་པའི་རྒྱུད་བསྩལ་བ་གང་ཡིན་པའོ། །འཇིག་རྟེན་དག་ན་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདས་ པ་ཞེས་བྱ་བར་བརྗོད་དེ་མྱ་ངན་ལས་འདས་པ་འཐོབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་མི་ཉམས་ཞེས་བྱ་བར་བརྗོད་ཅེ་ན། །དུལ་བའི་སེམས་ཉིད་དེ། དེ་བཤད་པ། གང་ཞིག་གཡག་རྔའི་ཞེས་བྱ་བ་ལ་སོགས་པའོ། །བསྟི་གནས་ཀྱི་ཁང་པ་དག་ཏུ་དགེ་སློང་རབ་ཏུ་མང་པོ་དག་གཏམ་ བརྗོད་པར་གྱུར་ཏེ། ཚེ་དང་ལྡན་པ་དག་འཕགས་པའི་ཉན་ཐོས་ཀྱིས་གང་ཞིག་བསྲུང་བར་བྱ་ཞེས་སྨྲས་པ་ན། ཁ་ཅིག་ནི་ལུས་དང་ངག་གོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དང་། དེའི་ཚེ་བཅོམ་ལྡན་འདས་དེར་གཤེགས་ནས་དགེ་སློང་དག་སྲོག་ཆགས་གཡག་རྔའི་རྩེ་མོ་བཞིན་དུ་ སེམས་ཡོངས་སུ་བསྲུངས་པ་ལ་སྲུངས་ཤིག་ཅེས་བྱ་བ་ནས་ཇི་སྲིད་དུ་འདི་གསུངས་སོ། །རང་གི་སེམས་ནི་བདག་ཉིད་ཀྱི་རྣམ་པར་ཤེས་པའོ། །རྗེས་སུ་བསྲུང་ཞིང་ཞེས་བྱ་བ་ནི་ཡུལ་དག་ལས་བཟློག་ཅིང་གདུལ་བར་བྱའོ། །གཡག་རྔའི་རྩེ་མོ་ལྟར་ཞེས་བྱ་བ་ནི་དཔེར་ན་རི་དགས་གཡག་ནི་ རྔ་མའི་རྩེ་མོ་གཙོར་སྲུང་སྟེ། བདག་ཉིད་ཤི་བར་གྱུར་ཀྱང་དེ་སྲུང་བ་བཞིན་ནོ། །སེམས་ཡུལ་ལས་བཟློག་པར་འདིས་བསྟན་ནས། ཡུལ་གྱི་ཁྱད་པར་ལ་གཟུད་པར་བསྟན་པ། འབྱུང་པོ་རྣམས་ལ་བརྩེར་ལྡན་པ། །ཞེས་བྱ་བ་ནི་བརྩེ་བ་ལ་འཇུག་ཅིང་འཐོབ་པ་ཞེས་བྱ་བའི་དོན་ཏོ། །སེམས་ ཅན་ལ་འཚེ་བ་མེད་པའི་བསམ་པ་ཡོད་པའི་ཕྱིར་རོ། །དེ་ཡི་བདེ་བ་ཡོང་མི་ཉམས། །ཞེས་བྱ་བ་ནི་འཇིག་རྟེན་པ་དང་མཐར་ཐུག་པའི་བདེ་བ་མི་ཉམས་པའོ། །སེམས་ཀྱིས་ནི་དུད་འགྲོ་དང་ཐུབ་པ་མཆོག་གི་མཉན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་གླང་པོ་ཞེས་བྱ་བ་ལ་ སོགས་པའོ། །ཡུལ་ཡངས་པ་ཅན་ན་འཐབ་ཁྲོལ་བྱེད་པའི་དགེ་སློང་དག་སྤངས་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་ན། ནགས་ཚལ་ཞིག་ཏུ་གླང་པོ་ཆེ་བཟང་པོ་ཞིག་གིས་རྩོད་པ་ཅན་གྱི་ཁྱུ་སྤངས་ཏེ། མངོན་པར་དགའ་ཞིང་གནས་པ་གཟིགས་པ་དང་། བཅོམ་ ལྡན་འདས་ཀྱིས་འདི་གསུངས་སོ། །གང་ཕྱིར་ནི་སེམས་སོ། །གླང་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་གསུས་པོ་ཆེའི་མདོ་ལས་བཤད་དོ། །ཡང་ན་གནོད་པ་མེད་པའི་ཕྱིར་བཅོམ་ལྡན་འདས་ནི་གླང་པོ་སྟེ་སྐྱོན་ཐམས་ཅད་དང་ བྲལ་བའི་ཕྱིར་རོ། །དེའི་སེམས་ཇི་ལྟ་བུས་ཤེ་ན། གླང་པོ་ཆེ་སྟེ། དགའ་བ་ཆེན་པོ་ཐོབ་པའི་ཕྱིར་དང་། སྐྱོན་མེད་པ་དེའི་དབང་གིས་འདི་ལྟར་གླང་པོ་ཆེ་ཞེས་བསྟན་ཏོ། །གླང་ཆེན་ནི་གླང་པོ་ཆེའི་སེམས་སོ། །མཉམ་པས་ན་ཞེས་བྱ་བ་ནི་ཆ་འདྲ་བར་བསྒྲུབ་པ་ཡིན་ནོ། ། གླང་པོ་ཆེ་ཇི་ལྟ་བུ་ཡིན་ཞེ་ན། མཆེ་བ་བཟང་བ་ཞེས་སྨོས་ཏེ། འོབས་དང་འདྲ་བའི་སོའམ། ཀ་བ་ལྟ་བུའི་སྟེ། རིགས་བསྔགས་པར་སྐྱེས་པའི་ཕྱིར་ན། མཆེ་བ་བཟང་པོ་ནི་གླང་པོ་ཆེའོ་ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་མཆེ་བ་བཟང་བའི་གླང་པོ་ཆེ་དང་། གླང་པོའི་གླང་པོ་ཆེ་ འདི་སྟེ། དེ་བཞིན་གཤེགས་པའི་ཐུགས་ནི་ཆ་འདྲ་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན་གླང་པོ་ཆེ་ཞེས་བྱ་བ་འདི་སྟེ། ཡོངས་སུ་མ་ཉམས་པའི་བདག་ཉིད་རྩོད་པ་ལ་སོགས་པས་ཡོངས་སུ་ཉམས་པ་མེད་ཅིང་སྐྱོ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ཕྱིར་གཅིག་པུ་ནགས་སུ་ དགྱེས། །ཞེས་བྱ་བ་ཡིན་ཏེ། འདི་ལྟར་འདི་གཅིག་པུས་རྩོད་ཅིང་མ་རུངས་པའི་གླང་པོ་ཆེ་དག་རྣམ་པར་སྤངས་ཏེ་རྣམ་པར་དབེན་པའི་ནགས་སུ་མངོན་པར་དགའ་བ་བཞིན་དུ། ང་ཡང་འཐབ་ཁྲོལ་ཅན་དག་རྣམ་པར་སྤངས་ཏེ་ནགས་སུ་མངོན་པར་དགའོ་ཞེས་པའོ། །དགའོ་ཞེས་དེ་ མ་ཐག་ཏུ་བསྟན་ན་ཇི་ལྟར་ནགས་སུ་དགྱེས་པ་ཡིན་ཞེ་ན། བཤད་པ། བྱམས་པ་ལ་སོགས་པ་བསྒོམས་པས་ཏེ། འདི་ཉིད་ཀྱི་ཡོན་ཏན་དང་བཅས་པར་སྨྲས་པ། །གང་གིས་ཡིད་ལ་གནོད་མེད་ཅིང་། །ཞེས་བྱ་བ་ལ་སོགས་པའོ། །དགེ་སློང་དག་བྱམས་པ་བསྒོམ་པ་བྱས་ཤིང་ བྱམས་པ་ཀུན་དུ་བསྟེན་པ་བྱས་ན་ཕན་ཡོན་མང་པོ་འདོད་པར་བྱའོ། །སྙིང་རྗེ་ཡང་དེ་བཞིན་ནོ་ཞེས་བྱས་ནས་ཚིགས་སུ་བཅད་པ་ལྔའི་བར་དུ་གསུངས་སོ། །ལ་ཞེས་བྱ་བ་ནི་གང་ལ་གནོད་པ་དང་འཚེ་བ་མེད་པའོ། །གང་གི་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་སྟེ་རྣལ་འབྱོར་པའོ། །ཡིད་ ཆེས་ཞེས་བྱ་བ་ནི་ཡིད་དགའ་བ་དང་ལྡན་པའི་ཕྱིར་རོ། །དགའ་བ་ལ་སོགས་པས་ནི་གཞན་བདེ་བ་མཐོང་ན་དགའ་བར་འགྱུར་ཞིང་གནོད་པ་མི་བྱེད་དོ། །འབྱུང་པོ་ཀུན་ལ་བརྩེ་བ་དང་། །ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ལ་རྗེས་སུ་བརྩེ་བ་སྟེ། གང་ལ་སྙིང་རྗེ་ཡོད་པའོ། ། འབྱུང་པོ་ཀུན་ལ་བྱམས་བྱེད་པ། །ཞེས་བྱ་བ་ནི་གཞན་གྱི་བདེ་བ་བསྐྱེད་པ་མཆོག་ཏུ་སེམས་པའི་ཕྱིར་རོ། །ཐོག་མ་ནི་བྱམས་པ། དེའི་འོག་ཏུ་ནི་སྙིང་རྗེ། དེའི་འོག་ཏུ་ནི་དགའ་བ་ཡིན་ནོ་ཞེ་ན། འདི་ནི་བཟློག་པ་ལ་བརྟེན་ནས་བསྟན་ཏོ། །གཞན་ལ་ཕན་འདོགས་པ་དང་། འབྲེལ་ པར་བསྟན་པའི་ཕྱིར་ཚད་མེད་པ་འདི་དག་ཉིད་འདིར་བསྟན་གྱི་བཏང་སྙོམས་ནི་མ་ཡིན་ནོ། །འདི་ཉིད་ཀྱི་ཕན་ཡོན་བསྟན་པ། ཁོན་མི་འབྱུང་ཞེས་བྱ་བ་སྨོས་ཏེ། ཁོན་ནི་ཁོན་དུ་འཛིན་པའོ། །དེ་ལ་ནམས་ཀྱང་མི་འབྱུང་ཞིང་། །ཞེས་བྱ་བ་ནི་གང་ཟག་དང་ལྷན་ཅིག་འབྱུང་བ་ མེད་པ་ཉིད་དོ། །ཡང་ན་འདིས་ནི་བཏང་སྙོམས་བསྟན་ཏེ། དེས་ན་ཚད་མེད་པ་བཞིའོ། །གང་ཟག་གང་ནགས་ཚལ་ལ་དགའ་བའོ་ཞེས་བསྟན་པ། སྲོག་ཆགས་ཀུན་ལ་ཞེས་བྱ་བ་ནི་གདུལ་བྱའི་དབང་གིས་འདི་ལྟར་བརྗོད་དེ་འབྱུང་པོ་དང་། སྲོག་ཆགས་དང་། སེམས་ཅན་ཞེས་བྱ་བ་ནི་ རྣམ་གྲངས་ཡིན་པའི་ཕྱིར་རོ། །ནམས་ཀྱང་ཞེས་བྱ་བ་ནི་གང་ཞིག་སྒྲུབ་པ་ཡིན་ནོ། །ཡང་ན་དགྲ་བོ་དང་། ཐ་མལ་པ་དང་། མཛའ་བོའི་ཕྱོགས་ལ་འབྱུང་པོ་ལ་སོགས་པའི་སྒྲ་འཇུག་པར་སྦྱར་རོ། །གང་བྱམས་པ་ལ་སོགས་པ་བསྒོམ་པ་དེ་ནི་ཁྱད་པར་དུ་བདེ་བ་འཐོབ་པ་ཡིན་ནོ་ཞེས་བསྟན་ པ་ནི་མཛའ་བཤེས་ཀུན་དང་ཞེས་བྱ་བ་སྨོས་ཏེ། གང་ལ་ཐམས་ཅད་མཛའ་བ་ཡོད་པའོ། །བྱམས་པའི་སྟོབས་ཀྱིས་ཐ་མལ་པ་དང་། དགྲ་བོའི་ཕྱོགས་སྤངས་ཏེ་ཐམས་ཅད་མཛའ་བོའི་ཕྱོགས་ལ་བཞག་པའི་ཕྱིར་རོ། །གྲོགས་ཀུན་དང་ཞེས་བྱ་བ་ནི་ཐམས་ཅད་ཀྱི་གྲོགས་ཡིན་པས་ གྲོགས་ཀུན་ཏེ། དེ་ཡང་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཅིང་མཛའ་བོར་གྱུར་པ་ཉིད་དེ། བཤད་པ། བྱམས་པ་ལ་གནས་ན་ནི་འབྱུང་པོ་ཐམས་ཅད་ལ་མངོན་པར་དགའ་བ་སྐྱེད་ཅིང་ཕན་པ་ལ་ཞུགས་པ་ཡིན་པས་ལྷ་དང་བཅས་པས་ཀྱང་མཆོད་པར་བྱ་བ་ཡིན་ན། དགའ་བའི་གཉེན་ གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འབྱུང་པོ་ཀུན་ལ་བརྩེ་བ་དང་། །ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ལ་རྗེས་སུ་བརྩེ་བ་སྟེ་དེའི་སྡུག་བསྔལ་མཐོང་བས་དེའི་རྗེས་སུ་མྱ་ངན་བྱེད་ཅིང་ཅི་རིགས་པར་ཕན་འདོགས་པ་དང་རྗེས་སུ་བརྩེ་བའོ། །བྱམས་པ་བསྒོམས་པས་ནི་སྙིང་རྗེ་ ཡང་འདྲེན་པ་ཡིན་ནོ། །ཇི་ཞིག་བྱས་ནས་དེ་ལྟར་གྱུར་པ་ཡིན་ཞེ་ན། བྱམས་པ་ཞེས་བྱ་བས་བསྟན་ཏེ་བྱམས་པ་ཡོངས་སུ་བཟུང་བའོ། །སེམས་ནི་བསྒོམ་བྱས་ན་ཞེས་བྱ་བ་ནི་གོམས་པར་བྱས་པའོ། །འདིའི་ཕན་ཡོན་བསྟན་ནས། གཞན་གྱི་ཕན་ཡོན་བསྟན་པ། བདེ་བ་ཤིན་ཏུ་འཕེལ་བར་འགྱུར། །ཞེས་བྱ་བ་ལ་ཚངས་པའི་འཇིག་རྟེན་ལ་སོགས་པར་སྐྱེས་ཤིང་གནོད་པ་མེད་པའི་བདེ་བའམ། མཐར་ཐུག་པའི་བདེ་བའོ། །ཅིའི་ཕྱིར་བྱམས་པའི་སེམས་ཀྱིས་དེ་ལྟར་བདེ་བར་འགྱུར་ཞེ་ན། བཤད་པ། དཔག་ཏུ་མེད་པའི་བསོད་ནམས་བསགས་ པ་དེ་དང་འབྲེལ་པས་ཐམས་ཅད་ལ་བདེ་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །གལ་ཏེ་འགའ་ལ་ཡང་ཞེས་བྱ་བ་ནི་སེམས་ཅན་གཅིག་ལ་ཡང་བྱམས་པར་བྱེད་ན་ཞེས་བྱ་བ་འདི་སྦྱར་བར་བྱའོ། །སྡང་མེད་སེམས་ཞེས་བྱ་བ་ནི་བྱམས་པ་སྟེ། བྱམས་པ་ནི་སྡང་བ་མེད་པའི་ངོ་བོ་ཡིན་ པའི་ཕྱིར་རོ། །བྱམས་བྱེད་ན་ཞེས་བྱ་བ་ནི་བྱམས་པས་ཡོངས་སུ་བཟུང་ཞིང་དམིགས་པའོ། །དེ་ནི་ཞེས་བྱ་བ་ནི་བྱམས་པ་ལ་གནས་པའི་རྣལ་འབྱོར་པའོ། །དགེ་བ་ཡིན་ཞེས་བྱ་བ་ནི་གང་གིས་ཁྱད་པར་དུ་དགེ་བར་གྱུར་པ་སྟེ། དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་ པའི་ཕྱིར་རོ། །གང་གིས་དགེ་བ་ཡིན་ཞེ་ན། དེ་ཡིས་ཞེས་བྱ་བ་སྟེ། སེམས་ཅན་གཅིག་ལ་བྱམས་པར་དམིགས་པས་སོ། །ཇི་སྐད་དུ་བཤད་པ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་ཉིན་རེ་ཞིང་བང་བ་སུམ་བརྒྱ་བྱིན་པར་བྱེད་པ་པས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ རོ། །སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་སྲོག་ཆགས་ཐམས་ཅད་དོ། །ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། གང་སེམས་ཅན་གཅིག་ལ་བྱམས་པར་བྱེད་པ་དེ་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པར་གྱུར་ན། གང་ཡང་སེམས་ཅན་ཐམས་ཅད་ལ་ཡིད་ཀྱིས་བརྩེ་ བ་བྱས་ཤིང་བྱམས་པས་འཇུག་ལ་སྙིང་རྗེ་བར་བྱེད་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ནོ། །ཕལ་ཆེན་ཞེས་བྱ་བ་ནི་བསོད་ནམས་དཔག་ཏུ་མེད་པ་ཞེས་བྱ་བ་དང་སྦྱར་རོ། །འཕགས་པ་ནི་སྐྱེ་བོ་དམ་པ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་འགྱུར་ཞེས་བྱ་བ་ནི་སྤེལ་བར་འགྱུར་བ་དང་ ཐོབ་པར་འགྱུར་བའོ། །བསོད་ནམས་ནི་ལེགས་པར་སྤྱད་པའི་ཚོགས་ཏེ། ཆོས་ཆེན་པོ་དེ་ལྟར་བྱེད་ན་ཇི་ལྟར་བདེ་བ་ཁྱད་པར་ཅན་མི་འཐོབ། །བསོད་ནམས་དེ་ལས་བྱུང་བ་ཉིད་ཀྱིས་ནི་ཟང་ཟིང་མེད་པའི་དགའ་བ་སྐྱེ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མི་གང་དགའ་བའི་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་མ་སྐྱེས་དགྲས་བཙུན་མོའི་འཁོར་དང་ཤིན་ཏུ་བརྩེ་བ་དེ་རྒྱལ་པོའི་ཁབ་ན་གནས་པའི་མི་རྣམས་ཀྱིས་མཐོང་ནས་ཀྱེ་མའོ་བདེའོ་ཀྱེ་མའོ་དགའོ་ཞེས་རྗོད་པར་བྱེད་དེ། དེ་ལྟར་དགེ་སློང་དག་ལས་གསན་ནས་ཚིགས་སུ་བཅད་པ་གསུམ་ གསུངས་སོ། །གཞན་དག་ནི་གནས་བརྟན་དགེ་སྦྱོང་རྒྱལ་སེམས་ཤིན་ཏུ་གཡེང་བ་ཆེ་བ་ལས་བརྩམས་སོ་ཞེས་ཟེར་རོ། །གང་ཞེས་བྱ་བ་ནི་སེམས་ཅན་ནོ། །དགའ་བའི་སེམས་དང་ནི་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྒོམས་པས་ཡིད་དགའ་ཞིང་དགེ་བ་འབྱུང་ བར་བསྟན་ཏོ། །མི་ནི་རྣལ་འབྱོར་པའོ། །ཞུམ་པ་མེད་པའི་ཡིད་ཀྱིས་སུ། །ཞེས་བྱ་བ་ནི་ཞུམ་པ་མེད་ཅིང་མ་བསྡུས་ལ་དགེ་བའི་བྱ་བ་དག་ལ་མི་དམན་ཞིང་སྡིག་པ་དག་ལ་མི་སེམས་པ་དང་། བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །དགེ་བའི་ཆོས་ལ་སྒོམ་བྱེད་པ། ། ཞེས་བྱ་བ་ནི་འདོད་པའི་འབྲས་བུ་ལ་གོམས་པར་བྱ་བ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ལའོ། །ཅིའི་ཕྱིར་ཞེ་ན། གྲུབ་དང་བདེ་བ་ཐོབ་བྱའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཟུང་ནི་གྲུབ་པའོ། །དེས་ཐོབ་པ་ནི་བདེ་བ་སྟེ། །མི་འཇིགས་ པའི་གོ་འཕང་ཐར་པ་འཐོབ་པའི་ཕྱིར་རོ། །གང་དེ་ལྟར་དགེ་བ་ལ་འདུན་ཅིང་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་དེ་ནི་ཁྱད་པར་ཆེན་པོ་འཐོབ་པོ་ཞེས་བསྟན་པའི་ཕྱིར། ཡིད་ནི་ཞིར་གྱུར་ཅིང་ཞེས་བྱ་བ་སྨོས་ཏེ། རྒོད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །ལུས་དང་ངག་གི་ལས་ ཀྱང་ཞི། །ཞེས་བྱ་བ་ནི་ཞི་ཞིང་ཡང་དག་པར་སྡོམ་པ་ཞེས་བྱ་བའི་དོན་ཏེ་སེམས་ཉེ་བར་ཞི་བས་སོ། །ལམ་གྱི་ཚོགས་བསྟན་ནས་དེའི་འབྲས་བུ་བཤད་པ། ཡང་དག་ཤེས་པས་རྣམ་གྲོལ་ཞིང་། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པ་གང་གིས་རྣམ་པར་གྲོལ་བ་སྟེ། རང་དབང་དུ་ གྱུར་ཅིང་འཕགས་པའི་ལམ་བསྒོམས་པས་འདོད་ཆགས་ལ་སོགས་པའི་འཆིང་བ་དང་བྲལ་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་པ་ནི་ཉེ་བར་ཞི་འགྱུར་བ་ཞེས་བྱ་བ་ཡིན་ཏེ། དེ་ཉིད་ཉེ་བར་ཞི་བ་ལས་གྱུར་པའི་དགའ་བ་ཞེས་སྦྱར་བར་བྱའོ། ། ཉེ་བར་ཞི་བ་ནི་ཉོན་མོངས་པས་བྱས་པའི་ཀུན་དུ་འཁྲུག་པ་སྐྱེས་པ་དང་བྲལ་བའི་ཕྱིར་རོ། །སྐྱོ་བ་སྐྱེས་ཞེས་བྱ་བ་ནི་གཞན་གྱི་དོན་དུ་བྱེད་པ་ཁོ་ན་ཉིད་སྟོན་པར་བྱེད་པའི་ངང་ཚུལ་ཅན་ཏེ་བསྟན་པའི་སྒོ་ནས་གཞན་གྱི་དོན་ལ་བརྩོན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟ་བུའི་དགའ་བ་ཡོད་པ་ ཡིན་ཞེ་ན། ཡན་ལག་ལྔ་པས་ཀྱང་ཞེས་བྱ་བ་སྨོས་ཏེ། དཀྲོལ་བ་དང་། རྒྱུད་མངས་དང་། ཁོང་སྟོང་ལ་སོགས་པ་གང་ཇི་སྙེད་པའི་སིལ་སྙན་དང་རོལ་མོའི་ཁྱད་པར་རོ། །ཡང་ན་རྔ་དང་། པུ་ར་བ་དང་། གླིང་བུ་ལ་སོགས་པའི་རོལ་མོ་འདུས་པ་ལའོ། །དེ་ལྟར་དགའ་བར་བྱེད་མི་འགྱུར། ། ཞེས་བྱ་བ་ནི་དེ་ལྟ་བུར་འདོད་པ་ཅན་དབང་པོ་ལ་སོགས་པའི་དགའ་བ་ནི་མེད་པ་ཉིད་དོ། །ཇི་ལྟར་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་དགའ་བ་དང་རྣམ་པར་ལྡན་པར་གྱུར་པའོ། །ཁྱད་པར་གྱི་ཚུལ་གྱིས་འདིར་རྒྱུ་བསྟན་པ། རྩེ་གཅིག་སེམས་ཀྱིས་ནི་ཞེས་བྱ་བ་ནི་རྣམ་པར་གཡེང་བ་དང་བྲལ་ བའོ། །ཆོས་རྣམས་ལེགས་པར་མཐོང་བ་དང་། །ཞེས་བྱ་བ་ནི་ཤེས་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །སེམས་རྩེ་གཅིག་པས་ནི་དགའ་བ་ཁྱད་པར་ཅན་དང་ལྡན་པར་མ་ཟད་དེ། འདིར་འཇིག་རྟེན་པའི་སེམས་བདེ་བ་ཡང་འཐོབ་པ་ཡིན་ནོ་ཞེས་བསྟན་ཏེ། གང་ཡིད་ཏིང་འཛིན་ ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགའ་བོ་སུན་ད་རི་ཀ་དང་བྲལ་བས་སྡུག་བསྔལ་ཞིང་མཚན་མོ་ཤིན་ཏུ་ངུ་བར་བྱེད་ལ། དེ་བཞིན་དུ་མྱ་ངན་དང་ཡོངས་སུ་མི་བདེ་བར་ཡང་བྱེད་དོ། །དེ་ཉིད་ཀྱི་དགོན་པ་ན་སྤོང་བ་པ་མང་དུ་གནས་ཏེ་དེ་དག་གིས་དེ་མཐོང་ནས་སངས་རྒྱས་ཀྱིས་གསུངས་ པའི་ཚིགས་སུ་བཅད་པ་གཉིས་བཤད་དོ། །བདེ་བར་ཉལ་བར་འགྱུར་ཞེས་བྱ་བ་ནི་མཚན་མོ་གཉིད་ཀྱི་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ། གདུང་བ་མེད་པའི་ཕྱིར་རོ། །འདོད་པ་ཅན་དག་ནི་རྨི་ལམ་ན་ཡང་སྡུག་པ་དང་བྲལ་བས་ཡོངས་སུ་གདུང་བར་བྱེད་པ་ཉིད་དོ། །བརྟན་པ་ནི་ འདི་ལྟ་བུར་སྐྱོབ་པ་ཞེས་བྱ་བ་སྟེ་ཡིད་བརྟན་པར་གནས་པའོ། །ཡང་ན་མཁས་པས་སོ། །དེ་ཡང་གང་ཡིན་ཞེ་ན། གང་ཞིག་ཅུང་ཟད་གདུང་མེད་པའི། །ཞེས་སྨོས་ཏེ། འཁོར་བའི་དངོས་པོ་ལ་བརྟེན་ནས་ཅུང་ཟད་ཀྱང་ཉམས་སུ་མྱོང་བར་མི་བྱེད་དོ། །དེ་དག་འདོད་པས་རྩེན་མི་བྱེད། ། ཅེས་བྱ་བ་ལ་གང་དག་མི་བརྟན་པའི་སེམས་ཅན་དེ་དག་ནི་དྲན་པས་དགའ་བར་བྱེད་ཅིང་དེ་ཉིད་ལ་གནས་པས་ནི་མྱ་ངན་བྱེད་དོ། །བརྟན་པ་ནི་འདོད་པའི་འདོད་ཆགས་ཀྱིས་ཆགས་པའམ་ཉམས་པར་མི་བྱེད་དོ། །དེའི་སྐྱོན་དེ་ཡང་མི་དབེན་པ་བཞིན་དུ་སྐྱོན་དང་ལྡན་པའོ། །ཡང་ན་ བརྟན་པ་དེ་དང་ལྷན་ཅིག་མི་གནས་པའོ། །བརྟན་པ་བསྐྱེད་པའི་རྒྱུ་སྨྲས་པ། གང་ཡིད་ཏིང་ངེ་འཛིན་ལ་དགའ་བ་ཞེས་སྨོས་ཏེ། གང་དག་ཏིང་ངེ་འཛིན་རྣམ་པ་བཞི་ལ་མངོན་པར་དགའ་བའི་སེམས་སོ། །འདོད་པ་ནི་མི་བརྟན་པ་སྐྱེད་པར་བྱེད་དོ། །ཡང་ན་གཉིད་མ་ལོག་ པའི་གནས་སྐབས་ན་ཡང་དེ་དག་དགའ་བའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དགའ་བར་འགྱུར་ཞེས་བྱ་བ་སྟེ། རབ་ཏུ་མགུ་བའོ། །ཀྱེ་མའོ་ཞེས་བྱ་བ་ནི་མགུ་བའོ། །གང་ཡིན་ཞེ་ན། ཐུབ་པ་ཞེས་སྨོས་ཏེ་མི་སློབ་པའོ། །དེ་གང་ཡིན་ཞེ་ན། གང་ཞིག་ཅུང་ཟད་གདུང་ མེད་པའི། །ཞེས་བྱ་བ་ཡིན་ནོ། །གང་གི་ཕྱིར་དེ་ཡང་སྡུག་བསྔལ་བར་ཉལ་བར་མི་བྱེད་ཅིང་སྐྱོ་བར་མི་བྱེད་ཅེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བུམ་པ་དང་ཉེ་བའི་བུམ་པ་ཞེས་བྱ་བའི་གནོད་སྦྱིན་གཉིས་གཡུལ་སྤྲད་པ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་ འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ཡུན་མི་རིང་བར་བྱ་རྒོད་ཀྱི་ཕུང་པོའི་མངོན་པར་སྐབས་ཡོད་པ་ཞིག་ན་འདུག་པར་གྱུར་ཏོ། །འདི་ལ་ཁུ་ཚུར་གྱིས་མ་བརྒྱབ་ཅིག་ཅེས་བཟློག་པ་དང་། གནོད་སྦྱིན་བུམ་པ་དེས་དེའི་མགོ་ལ་མཚོན་བསྣུན་པར་གྱུར་ཏོ་ཞེས་པ་ནས་ཇི་ཙམ་ན་རང་ གི་ལུས་ཀྱིས་དམྱལ་བ་ཆེན་པོར་སྐྱེས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རེ་ཞིག་དེའི་ཕྱིར་མི་དགའ་བར་གྱུར་ཏེ་དེ་ལས་བརྩམས་ནས་འདི་གསུངས་སོ། །གང་གི་སེམས་ནི་བྲག་ལྟ་བུར། །ཞེས་བྱ་བ་ནི་རི་དང་འདྲ་བའི་སེམས་སོ། །གང་ཞིག་རི་དང་འདྲ་བ་ཡིན་ཞེ་ན། རབ་ཏུ་གཡོ་བ་ མེད་པའི་ཕྱིར་ཏེ། གང་དེ་དང་དེའི་རྣམ་པར་འགྱུར་བའི་རྒྱུས་སོ། །དེ་ཉིད་སྨྲས་པ། འདུག་པ་ཞེས་བྱ་བ་ཡིན་ཏེ་རྣམ་པར་གཡེངས་པ་མེད་པས་སོ། །རབ་ཏུ་གཡོ་བ་མེད་པ་ཞེས་བྱ་བ་ནི་འགྱུར་བ་མེད་ཅིང་བབ་ཅོལ་དུ་མི་གཡོས་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཆགས་ པའི་གནས་ལ་མི་ཆགས་ཏེ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ལོངས་སྤྱོད་དང་རྗེས་སུ་མཐུན་པའི་དོན་རྒྱབ་ཀྱིས་བལྟས་པའོ། །ཁྲོ་བའི་གནས་ལ་ཞེས་བྱ་བ་ནི་ཞེ་སྡང་སྐྱེ་བའི་ཡུལ་ལའོ། །འཁྲུག་མེད་པར་ཞེས་བྱ་བ་ནི་རབ་ཏུ་ཁྲོ་བ་མེད་པ་སྟེ། འདིས་ནི་འདོད་པ་ལས་འདོད་ཆགས་དང་བྲལ་ བར་བསྟན་ཏེ། དེ་སྔོན་དུ་འགྲོ་བས་ཁམས་གོང་མ་ལས་འདོད་ཆགས་དང་བྲལ་བའོ། །གང་ཡིད་དེ་ལྟར་གྱུར་པ་དེ། །ཞེས་བྱ་བ་ནི་སྔར་བསྟན་པར་འགྱུར་བ་སྟེ། མི་སྲིད་པའི་ཕྱིར་རོ། །སེམས་གདུལ་བའི་རིམ་པ་བསྟན་པའི་ཕྱིར་སྨྲས་པ། སྐུར་པ་མི་གདབ་གནོད་མི་བྱ། །ཞེས་བྱ་ བ་ལ་སོགས་པ་སྨོས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་ཉན་ཐོས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་ཅིང་རབ་ཏུ་ཞུགས་པ་སྤངས་པ་དང་། རྟག་ཏུ་ཡིད་ཀྱིས་སྐུར་པ་འདེབས་ཤིང་དེ་དག་ལ་གནོད་པར་གྱུར་ཏེ་དེའི་ཕྱིར་སོ་སོར་ཐར་པ་ཐོག་མར་འདི་ བསྟན་ཏོ། །གཞན་དག་ནི་མཉན་ཡོད་ན་དགེ་སློང་རབ་ཏུ་མང་པོའི་འཁོར་དག་གིས་ཁྱི་ཞིག་ཤི་བ་མཐོང་སྟེ། དེས་སྣའི་སྒོས་དྲི་མི་ཞིམ་པ་ཚོར་ཏེ། ཁ་ཅིག་ནི་ཚིག་ངན་པ་སྨྲ་བར་བྱེད་དེ། སུ་ཞིག་གིས་རྒྱལ་པོའི་ལམ་སྲང་ཆེན་པོ་འདིར་པོར་ཞེས་ཟེར་རོ། །ཚེ་དང་ལྡན་པ་ཀུན་ དགའ་བོ་ནི་བསྔགས་པ་བརྗོད་དེ། འདིའི་སོ་ནི་དུང་ལྟར་དཀར་རོ་ཞེས་པ་དང་འདི་གསན་ནས་གསུངས་སོ་ཞེས་ཟེར་རོ། །སྐུར་པ་ནི་འཕྱ་བ་སྟེ་གཞན་གྱི་སྐྱོན་སྒྲོགས་པའོ། །དེ་དགག་པ་ནི་སྐུར་པ་མི་གདབ་པའོ། །གནོད་མི་བྱ་ཞེས་བྱ་བ་ནི་གང་སེམས་ཀྱིས་ཀྱང་གཞན་ལ་འཚེ་བ་མི་ བྱ་ཞིང་མི་བསམ་ན་ལུས་ཀྱིས་ལྟ་ག་ལ་བྱེད་པའོ། །ལེགས་པར་སྤྱོད་པ་གཞན་བསྟན་ནས་ཡང་དག་པར་བླངས་པའི་བདག་ཉིད་ཀྱི་སྡོམ་པ་དང་འབྲེལ་པ་སྨྲས་པ། སོ་སོར་ཐར་པས་བསྡམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། སྡོམ་པ་མ་ཡིན་པ་ནི་སོ་སོར་ཐར་པའི་མཚན་མ་མེད་ པའོ། །སྡོམ་པ་ནི་ངེས་པར་འདོད་པ་ནི་སྤྱོད་པ་སྟེ་སྤོང་བ་བདུན་གྱི་ངོ་བོའོ། །ཚོད་ཀྱང་ཤེས་པར་བྱ་ཞེས་བྱ་བ་ནི་ཚད་ཤེས་པའོ། །ཟས་ནི་བཟའ་བ་དང་བཏུང་བ་སྟེ་ཇི་སྐད་དུ་བཤད་པ་དེའི་ཕྱིར་རང་གི་ནུས་པ་ལ་རྗེས་སུ་བལྟ་ཞིང་བཟའ་བར་བྱ་སྟེ། ཧ་ཅང་མི་ཆེ་བ་དང་མི་ཆུང་བ་འདིའི་ ཚད་བཞིན་དུའོ། །དེ་བཞིན་དུ་གང་ལས་ཇི་ཙམ་བླངས་པ་དང་། གང་ཙམ་པ་ལེན་པས་སོ། །འདི་ཞེས་བྱ་བ་ནི་ཁམ་གྱི་ཟས་ཀྱི་བདག་ཉིད་དེ་འདིས་ནི་འཚོ་བ་ཀུན་དུ་དག་པར་བསྟན་ཏོ། །བས་མཐའ་ཞེས་བྱ་བ་ནི་ཡུལ་ལས་ཐག་རིང་བའི་ཕྱོགས་སུ་གྱུར་པ་ནི་བས་མཐའ་སྟེ། དགོན་ པ་ཞེས་བྱ་བའི་དོན་ཏོ། །གནས་བྱ་ཞིང་ཞེས་བྱ་བ་ནི་གནས་མལ་བྱ་བའོ། །འདིར་ཡིད་ཀྱི་མཚོན་པར་བྱས་ནས་གནས་མལ་ཞེས་བྱ་བར་བསྟན་ཏོ། །ལ་ལ་ངལ་བསོ་བས་ནི་གནས་ཙམ་ནི་གཟུང་ངོ་། །ལུས་ཀྱི་དབེན་པ་བསྟན་ནས། སེམས་དབེན་པ་སྨྲས་པ། ལྷག་པའི་ སེམས་ལ་རྣལ་འབྱོར་བྱ། །ཞེས་བྱ་བ་སྨོས་ཏེ། བསམ་གཏན་བཞི་བསྒོམ་པ་དང་མི་འབྲལ་བའི་ཕྱིར་རོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་ཏེ། །གང་ཡང་ཇི་སྐད་གསུངས་པའི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་གྱུར་ན་ནི་ ཟང་ཟིང་མེད་པའི་བདེ་བའང་འཐོབ་པར་འགྱུར་ཏེ། དེ་ཇི་ལྟ་བུ་ཞེ་ན། སེམས་ཀྱི་རྟགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟགས་ཀྱི་རྣམ་པ་སྟེ། གཙང་མའི་མཚན་མ་ཡིད་ལ་བྱེད་ཅིང་ཤིན་ཏུ་ཡིད་དུ་འོང་བའི་རྣམ་ པ་ཞེས་བྱ་བའི་དོན་ཏོ། །ཆུང་བ་ལ་སོགས་པའི་རྣམ་པ་ཡོད་པའི་ཕྱིར་སེམས་འདི་ནི་ཉོན་མོངས་པ་ཡིན་ལ་ཡིད་ཀྱི་རྣམ་པར་ཤེས་པས་འདི་ནི་ཉོན་མོངས་པ་མ་ཡིན་ནོ་ཞེས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡོངས་སུ་གཅོད་པ་དེ་ནི་རྟགས་ལ་མཁས་པ་ཞེས་བརྗོད་དོ། ། ཡང་ན་སེམས་ཀྱི་རྟགས་སམ་འབྲེལ་པ་སྟེ། ཇི་སྐད་དུ་བཤད་པ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་རྒྱ་ཆེར་རོ། །དེ་ལ་མཁས་པ་ནི་རྟོགས་པ་སྟེ། ཁོང་དུ་ཆུད་པའོ། །འདིས་ནི་གསུང་རབ་ཀྱི་དོན་ལ་མཁས་ཤིང་མང་དུ་ ཐོས་པར་བསྟན་ཏོ། །དེ་བས་ན་གཉེན་པོ་དང་གཉེན་པོ་མ་ཡིན་པ་ལ་མཁས་པ་ཡིན་ནོ། །མང་དུ་ཐོས་ཀྱང་གཡེང་བར་གྱུར་ན་ནི་ཇི་ལྟ་བ་བཞིན་དུ་ནུས་པར་མི་འགྱུར་ཏེ། དེས་ན་རབ་ཏུ་དབེན་པ་ནི་རྣམ་པ་གཉིས་སུ་བཤད་དེ་ལུས་དང་སེམས་སོ། །རབ་ཏུ་དབེན་པའི་རོ་ ནི་མི་གཙང་བ་ལ་སོགས་པ་ཡིད་ལ་བྱེད་ཅིང་མངོན་དུ་བྱེད་པའོ། །དེ་རྙེད་པ་ནི་རྟོགས་པའོ། །མི་གཙང་བ་ལ་སོགས་པ་གྲུབ་ན་ནི་ཞི་གནས་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་པ་ཞེས་སྨོས་ཏེ། སེམས་པ་ནི་བསྒོམ་པའོ། །ཡང་ན་སྒོམ་པའི་ངང་ཚུལ་འདི་ལ་ཡོད་པ་དེ་ནི་ སེམས་པའོ། །འགྲུས་སྐྱོང་ཅན་ཞེས་བྱ་བ་ནི་ངེས་པར་ཡོངས་སུ་སྐྱོང་བར་བྱེད་པ་སྟེ་སྐྱེ་བོ་དམ་པའི་ཡོན་ཏན་སྡུག་བསྔལ་ཞེས་བྱ་བ་ནི་ངེས་པའི་ཚིག་སྟེ། བག་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བག་ཡོད་པ་གྲུབ་ནས་ནི་ཞི་གནས་སུ་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ ཡིན་ནོ་ཞེས་བསྟན་པའི་ཕྱིར་རབ་དྲན་ཞེས་བྱ་བ་སྨོས་ཏེ་ལུས་ལ་སོགས་པའི་ཡུལ་རེ་རེའི་རྣམ་པར་དྲན་པས་ཡོངས་སུ་བཟུང་ཞིང་རྒྱུད་མངོན་དུ་བྱས་པ་སྟེ། ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དོན་ཏོ། །ཚོགས་ཀྱི་ལམ་དུ་གྱུར་པ་དྲན་པ་ཉེ་བར་གཞག་པ་ལ་ བརྟེན་ནས་མཐོང་བའི་ལམ་གྱི་བདག་ཉིད་འཐོབ་པར་འགྱུར་གྱི་གཞན་ལ་བརྟེན་པས་ནི་མ་ཡིན་ཏེ་དེ་ལ་བརྟེན་ནས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་འཐོབ་པ་ཡིན་ནོ། །འཐོབ་པ་ནི་ཟག་པ་མེད་པའི་བདེ་བ་སྲེད་པ་ཟད་པའོ། །སེམས་དུལ་བས་ནི་བདེ་བ་འཐོབ་པ་ཡིན་གྱི་སྡུག་ བསྔལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཡིད་གཞུངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་འཕགས་པ་ཀུན་དགའ་བོས་རིགས་ཀྱི་བུ་གཉིས་རབ་ཏུ་བྱུང་བ་ལས་སྔ་མས་ནི་དགེ་བའི་ཕྱོགས་ལ་བརྩོམ་པར་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ གྱུར་ཏེ། དེ་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ཅིག་ཤོས་ནི་མང་དུ་ཟ་ཞིང་ཉལ་ལ་སྡིག་པ་ཅན་གྱི་ལྟ་བ་སྐྱེད་པར་བྱེད་དེ་དེ་གཉིས་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཡིད་སྲུང་བར་བྱེད་པ་ནི་བརྣབ་སེམས་དང་གནོད་སེམས་ལ་ སོགས་པ་ཉེ་བའི་ཉོན་མོངས་པའམ་ཡུལ་ལས་ཟློག་པར་བྱེད་ཅིང་དགེ་བ་ལ་འཇུག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྨྲ་དང་ཞེས་བྱ་བ་ནི་བརྗོད་པ་སྟེ། བརྫུན་ལ་སོགས་པ་དག་ལས་སྲུང་ཞིང་ཕན་པ་དང་བདེ་བ་དང་གནོད་པ་མེད་པའི་ཚིག་བརྗོད་པ་ལ་སྦྱོར་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། ། རང་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །ལུས་ཀྱིས་ཞེས་བྱ་བ་ནི་གཟུགས་ཕུང་གིའོ། །དང་གི་སྒྲས་ནི་གསུམ་འདུས་པ་ཉིད་ལ་ལམ་གྱི་ཚོགས་སུ་འགྱུར་བ་ཡིན་ཏེ་གཅིག་གིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུ་སྟེ། སྲུང་བ་ཞེས་བྱ་བ་དང་སྦྱར་རོ། ། ཉེས་པར་སྤྱོད་པ་བཅུ་སྤངས་པའི་ཕྱིར་འདིའི་ཕན་ཡོན་བཤད་པ། སྤོང་བ་ནི་ཡོངས་སུ་འདོར་བའོ། །མྱ་ངན་ནི་ཡིད་ལ་གཅགས་པ་ལ་སོགས་པའི་ངོ་བོ་ནང་གི་གདུང་བའོ། །སྡུག་བསྔལ་འཐོབ་མི་འགྱུར་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པས་ངན་སོང་གི་སྡུག་བསྔལ་འཐོབ་པར་མི་ འགྱུར་རོ། །ཉོན་མོངས་པ་མེད་ན་ཡང་སྲིད་པའི་སྡུག་བསྔལ་ལྟ་ག་ལ་འཐོབ་ཅེས་བསྟན་ཏེ། འདི་ལྟར་བདེན་གནས་པས་ཞེས་བྱ་བ་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པའི་ཕྱིར་རོ། །བདེན་དགའ་ཞེས་བྱ་བ་ནི་བདེན་པ་ལ་ལྟ་ཞིང་གུས་པར་བྱེད་པའི་ཕྱིར་ཏེ་འདིས་ནི་ བསྒོམ་པའི་ལམ་བསྟན་ཏོ། །ཡིད་གཞུངས་ཞེས་བྱ་བ་ནི་སྐྱོན་མེད་པའི་ཤེས་པ་ཐོབ་པ་སྟེ། མི་སློབ་པའི་ལམ་བསྟན་ཏོ། །མ་བསྲུངས་པའི་སེམས་དང་ནི་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ལ་བག་ཡངས་སུ་འཇུག་པའི་ཕྱིར་རོ། །དེ་ལ་སྒྲིབ་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་ བྱ་བའི་ཉོན་མོངས་པའི་དངོས་པོ་སྟེ། དེ་ལ་མཐོང་བས་སྤང་བར་བྱ་བ་བསྟན་པའི་ཕྱིར། ལོག་པར་ལྟ་བས་བཅོམ་པ་དང་། །ཞེས་བྱ་བ་སྨོས་ཏེ་ཆད་པར་ལྟ་བ་ལ་སོགས་པ་ཉིད་ཉེ་བར་བཅོམ་པའོ། །བསྒོམ་པས་སྤང་བར་བྱ་བ་སྨྲས་པ། གཉིད་དང་རྨུགས་པ་ཟིལ་ནོན་པ། ། ཞེས་བྱ་བ་སྨོས་ཏེ་གཉིད་དང་རྨུགས་པ་གཉིས་ཀྱིས་རྟག་ཏུ་བསྒྲིབས་པའི་ཕྱིར་རོ། །བདུད་ཀྱི་དབང་དུ་འགྲོ་བར་འགྱུར། །ཞེས་བྱ་བ་ནི་ཉོན་མོངས་པའི་བདུད་ཀྱིས་འཁོལ་བའོ། །དེ་བས་ན་འདིར་བསྟན་པ། དེ་བས་སེམས་ནི་བསྲུང་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། རྒྱུ་དེས་ན་སེམས་ ཉེས་པར་སྤྱོད་པ་དག་ལས་བཟློག་པར་བྱའོ། །ཡང་དག་ཀུན་རྟོག་སྤྱོད་ཡུལ་ཅན། །ཞེས་བྱ་བ་ནི་ངེས་པར་འབྱུང་བ་ལ་སོགས་པའི་ཀུན་དུ་རྟོག་པ་ལ་གནས་པ་སྟེ། གང་གི་ཕྱིར་ཡང་དག་པའི་ཀུན་དུ་རྟོག་པ་ནི་ངེས་པར་འབྱུང་བ་ལ་སོགས་པའི་ཚུལ་ གྱི་སྤྱོད་ཡུལ་ལ་འདི་མངོན་པར་དགའ་བའི་གནས་ཡིན་ནོ། །འདིའི་སྟོབས་ཀྱིས་ནི་སེམས་ཡོངས་སུ་བསྲུང་བར་འགྱུར་བའི་ཕྱིར་རོ། །ཡང་དག་པའི་ཀུན་དུ་རྟོག་པའི་རྒྱུ་ནི། ཡང་དག་ལྟ་བས་མདུན་བདར་ཅིང་། །ཞེས་བྱ་བ་འདི་སྟེ་དེ་ཁོ་ན་ཉིད་ཀྱི་ལྟ་བས་མདུན་དུ་བདར་ཅིང་ སྔོན་དུ་བཏང་བ་གང་ཡིན་པའོ། །དེའི་དབང་གིས་འཇུག་པའི་འབྲས་བུ་བསྟན་པ། ཡང་དག་སྐྱེ་དང་འཇིག་པ་ཤེས། །ཞེས་བྱ་བ་སྟེ། ཀུན་དུ་འགྲོ་བ་དང་རྣམ་པར་འཇིག་པ་ཟག་པ་མེད་པའི་ཤེས་པས་རྟོགས་པར་བྱེད་དོ། །དེ་དག་ཐམས་ཅད་ནི་སྒྲིབ་པ་ཡོངས་སུ་སྤོང་བ་ལ་གཟུད་པ་ཡིན་ ནོ་ཞེས་བསྟན་ཏེ། གཉིད་དང་རྨུགས་པ་ཟིལ་གྱིས་གནོན་པ་ནི་སྤོང་བའོ། །གཉིད་དང་རྨུགས་པ་ཟིལ་གྱིས་གནོན་པའི་དགེ་སློང་ནི་སྒྲིབ་པ་བཅོམ་པའི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པར་བསྟན་ཏོ། །སྡུག་བསྔལ་ཟད་པ་འཐོབ་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་ པའི་མྱ་ངན་ལས་འདས་པ་འཐོབ་པས་སོ། །ཡང་ན་སེམས་དུལ་བས་ནི་གནོད་པ་མང་པོ་དག་ཞི་བའོ་སྟེ་སེམས་དུལ་བའི་ཕན་ཡོན་བསྟན་པ། སེམས་དུལ་ཡང་དག་སྡོམ་པ་བདེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་སྐྱེས་པོས་ཤཱཀྱ་རབ་ཏུ་མང་པོ་བསད་དེ། གསོད་པ་པོ་ནི་ དམྱལ་བ་ལ་སོགས་པ་དག་ཏུ་སྐྱེས་ལ། བསད་པའི་ཤཱཀྱ་དེ་དག་ནི་བདེ་འགྲོ་དང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ནས་ཚིགས་སུ་བཅད་པ་དྲུག་གསུངས་སོ། །སེམས་དུལ་བ་ནི་ཉེ་བར་ཞི་བའི་ལམ་ཁྱད་པར་ཅན་གྱིས་དེའི་སྐྱོན་དང་བྲལ་བའི་ཕྱིར་རོ། །སེམས་ཡང་དག་པར་སྡོམ་ པ་ནི་སོ་སོར་ཐར་པའི་སྡོམ་པའི་བདག་ཉིད་དེ། དེས་ན་དེའི་དུས་ཀྱིས་སེམས་དུལ་བའི་བདག་ཉིད་འཐོབ་པ་ཡིན་ལ། ཏིང་ངེ་འཛིན་ལས་སྐྱེས་པ་དང་ཏིང་ངེ་འཛིན་ཤེས་པ་དེ་གཉིས་ཀྱིས་ནི་དོན་དམ་པའི་སེམས་དུལ་བ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་བདེ་བའི་རྣམ་པ་གཉིས་ཏེ་བདེ་བའི་རྒྱུ་ ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་བས་ན་སེམས་ནི་བསྲུང་བ་དང་ཞེས་བྱ་བ་ཡིན་ཏེ། སེམས་ཉེས་པར་སྤྱོད་པ་དག་ལས་ཁྱེད་ཅག་གིས་བཟློག་པ་དང་ལེགས་པར་སྤྱོད་པ་ལ་གཟུད་པར་གྱིས་ཤིག་པའོ། །བག་ཡོད་ཅེས་བྱ་བ་ནི་ཆོས་ལས་ཉམས་པར་མི་བྱེད་པ་དང་། ཉེས་པར་སྤྱོད་པའི་བྱ་ བ་ལ་མི་འཇུག་པའོ། །ཅིའི་ཕྱིར་དེ་ལྟར་བརྗོད་ཅེ་ན། སེམས་ཀྱིས་ཞེས་བྱ་བ་སྨོས་ཏེ་ཡིད་བག་ཡོད་པས་བསྲུངས་པ་ལས། བསླུས་ཞེས་བྱ་བ་རྣམ་པར་རྨོངས་པ་དང་དགེ་བ་རྣམ་པར་འཇིག་པ་ཞེས་བྱ་བའི་དོན་ཏོ། །སྐྱེ་དགུ་ནི་སྲོག་ཆགས་སོ། །གཅིག་ཏུ་ཞེས་བྱ་བ་ནི་བྱིས་པ་ཐ་མལ་ པའི་རང་བཞིན་ཅན་ནོ། །སེམས་ཅན་དམྱལ་བར་འཚེད་ཅེས་བྱ་བ་ནི་ཡང་སོས་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུ་མི་འདོད་པ་དང་སྦྱོར་རོ། །བག་མེད་པ་ཤས་ཆེ་བས་ནི་དམྱལ་བར་སྐྱེ་བར་འགྱུར་ལ། འབྲིང་གིས་ནི་དུད་འགྲོ་དང་ཆུང་ངུས་ནི་ཡིད་དགས་སུ་སྐྱེ་བར་འགྱུར་རོ་ཞེས་ བསྟན་ཏོ། །དུད་འགྲོའི་སྐྱེ་གནས་དག་ཏུ་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་ཡིན་པའི་ཕྱིར་རོ། །ཡི་དགས་སུ་སྐྱེས་པ་ནི་ཆ་ག་པ་དང་། ཕྱེ་མ་ལེབ་དང་། བསྲེག་བླུགས་དང་གཏོར་མ་ཟ་བ་ལ་སོགས་པ་ཡི་དགས་ཀྱི་རིགས་གྲངས་དྲུག་ཅུ་དག་ཏུའོ། །ད་ནི་ཆུང་ངུ་ལ་ སོགས་པའི་རིམ་པས་བག་ཡོད་པའི་སེམས་ཀྱི་འབྲས་བུ་བསྟན་པའི་ཕྱིར། བག་ཡོད་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ནི་བསྲུངས་པ་དག་ཅེས་བྱ་བ་ནི་ལེགས་པར་སྤྱད་པ་དང་ཉེས་པར་སྤྱོད་པ་དག་ལ་འཇུག་པ་དང་ལྡོག་པའི་སེམས་ཏེ་གང་ལས་ལེགས་ པར་བསྲུངས་པར་གྱུར་ན་ནི་དགའ་བ་སྟེ་ཚིམ་པར་འགྱུར་རོ། །མིའི་ནང་དུ་ཞེས་བྱ་བ་ནི་འཛམ་བུའི་གླིང་ལ་སོགས་པ་དག་པའོ། །མཐོ་རིས་ནི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དག་ཏུའོ། །མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ལས་ཐར་པ་འཐོབ་པའོ། །སེམས་ཀྱི་ཚོམས་ཏེ་སུམ་ ཅུ་རྩ་གཅིག་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དུལ་བའི་སེམས་ནི་དོན་དམ་པར་དགེ་སློང་ཉིད་དོ་ཞེས་བསྟན་པའི་ཕྱིར་འདིའི་འོག་ཏུ་དགེ་སློང་གི་ཚོམས་བསྟན་ཏོ། །གཅིག་པུ་མྱ་ངན་འདས་ཞེས་དེ་མ་ཐག་ཏུ་བསྟན་པ་ལ་དེ་གང་ཡིན་ཞེ་ན། གང་དགེ་སློང་ ཞེས་བྱ་བ་སྟེ་དེའི་འོག་ཏུ་འདི་བསྟན་ཏོ། །དགེ་སློང་བསོད་སྙོམས་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྒྱལ་པོའི་ཁབ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཉིན་ཞག་བདུན་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་པ་དེ་ལས་ལངས་ཏེ། བསོད་སྙོམས་ ཀྱི་ཕྱིར་གྲོང་ཁྱེར་དུ་ཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཁྱིམ་བདག་གི་གཟུགས་སུ་བདག་ཉིད་སྤྲུལ་ཏེ་དེ་ལ་སྨྲས་པ། འཕགས་པ་ལེགས་པར་བྱོན་ཏོ་བདག་གི་ཁྱིམ་དུ་བཞུད་ཅེས་བྱས་པ་དང་། དེས་སྨྲས་པ། བདག་ནི་ཕོངས་པ་དག་གི་ནང་དུ་རྒྱུ་བ་ཡིན་ནོ་ཞེས་བྱས་སོ། ། དེ་ཡང་ཐག་པའི་གཟུགས་སུ་བདག་ཉིད་སྤྲུལ་ཏེ་གནས་པ་དང་། བདག་ཉིད་ཆེན་པོ་དེ་ཡང་ཞུགས་སོ། །དེས་རང་གི་ཆུང་མ་ལ་རབ་ཏུ་བྱུང་བ་འདི་ལ་སློང་མོ་བྱིན་ཅིག་ཅེས་སྨྲས་སོ། །དེ་ནས་བདེ་སོགས་ཀྱིས་ལྷུང་བཟེད་བཀང་ནས་བྱིན་ནོ། །དེས་མཉམ་པར་གཞག་སྟེ་སྲིང་མོ་ ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུའི་འཁོར་བརྒྱ་ཕྲག་དུ་མ་དང་བཅས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཀྱེ་མའོ་སྦྱིན་པ་སྦྱིན་པ་ཆེ། །འོད་སྲུངས་ལ་ནི་སྦྱིན་པ་བྱས། །འདི་འདྲ་བ་ཡི་སྦྱིན་པས་ནི། །ལོངས་སྤྱོད་ཆེན་པོའི་འབྲས་བུར་འགྱུར། ། ཞེས་སོ། །བཅོམ་ལྡན་འདས་ཀྱིས་སྐབས་འདི་གསན་ནས་འདི་གསུངས་སོ། །ཟས་ནི་གཞན་གྱི་ཁྱིམ་དག་ལས། དམན་པ་དང་། གྱ་ནོམ་པ་དང་། གྲང་བ་དང་། དྲོ་བ་དང་། ཞག་ལོན་པ་དང་། ཞག་མ་ལོན་པའི་བཟའ་བ་དང་། བཏུང་བ་གཅིག་ཏུ་གྱུར་པ་རྙེད་པ་སྟེ་དེ་གང་ལ་ཡོད་པ་ དེ་ལེན་པ་ནི་བསོད་སྙོམས་བྱེད་པ་སྟེ། དབྱུག་པ་ཅན་བཞིན་ནོ། །ཡང་ན་ཡང་དག་པར་སྐྱོ་བ་ལས་བྱུང་བའི་གཞན་གྱིས་བྱིན་པའི་རྫས་ནི་བསོད་སྙོམས་ཀྱི་སྒྲར་བརྗོད་དོ། །དཔེར་ན་དབང་པོ་ནི་ཟག་པ་ཟད་པར་བྱེད་པའི་སྒྲ་སྟེ། ལྷུང་བ་ན་ཁྲོན་པ་ལ་སའི་གོང་བུ་བཞིན་ཏེ་དགོས་པ་ཞེས་ བྱ་བའི་དོན་ཏོ། །དེ་གང་ལ་ཡོད་པ་ནི་སྔ་མ་བཞིན་ཏེ་དེས་བསླངས་པ་ཙམ་གྱི་ཐབས་ཀྱིས་སོ། །འདིས་ནི་ལོག་པའི་འཚོ་བ་སྤངས་པར་བསྟན་ནོ། །དགེ་སློང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་དབེན་པ་རྣམ་པ་གཉིས་པ་དང་ལྡན་པའི་ཕྱིར་གཡེང་བ་ཐམས་ཅད་བཅོམ་པ་ ཡིན་ཏེ། དེ་བས་ན་འདིས་ནི་གཡེང་བ་རྣམ་པ་གཉིས་མེད་པར་བསྟན་ཏོ། །བདག་རང་འགྲངས་པར་བྱེད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་གསོ་བར་བྱེད་པ་ཡིན་པས་བདག་ཉིད་འགྲངས་པའོ། །རེ་ཞིག་གཞན་ཡང་གསོ་བར་བྱེད་པ་ཡིན་ནམ་ཞེ་ན། གཞན་དག་མི་གསོ་བ་ཞེས་ སྨོས་ཏེ། འདི་ལ་གཞན་གསོ་བའི་ངང་ཚུལ་ཡོད་པ་དེ་དགག་པར་བསྟན་ཏེ། །གཞན་དག་མི་གསོ་བ་ནི་གཞན་དག་མི་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདག་གཅིག་པུ་གསོ་བ་ཡིན་གྱིས་བུ་དང་ཆུང་མ་ལ་སོགས་པ་ནི་མ་ཡིན་ཏེ། དེ་བས་ན་ལུས་ལ་སོགས་པའི་དབེན་ པ་ཡོད་པ་ཉིད་དོ། །གཞན་དག་མི་གསོ་བ་ཞེས་བྱ་བ་ནི་གཞན་ནི་ཕ་རོལ་ཏེ། དགྲ་བོ་དག་གོ། །དེ་ཡང་དོན་དམ་པར་ནི་འདོད་ཆགས་ལ་