Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 149
Văn bản gốc(Tây Tạng)
Trang 13 / 17 (50.000 ký tự/trang)
། སྲེད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །འདིར་ རྩ་བ་ནི་ཞེ་སྡང་དུ་བསྟན་ཏོ། །རིམས་ནད་བཅས་པ་ཞེས་བྱ་བ་ནི་ཁོང་ཁྲོ་བ་སྟེ། རྒྱུ་དང་འབྲས་བུའི་དུས་ན་གདུང་བར་བྱེད་པའི་ཕྱིར་རོ། །བག་ལ་ཉལ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྟེ་སྲིད་པའི་འདོད་ཆགས་དང་། ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་དང་། མ་རིག་པ་དང་། འདོད་པའི་འདོད་ཆགས་དང་། ཁོང་ཁྲོ་བའོ། །ཡང་ན་མ་རིག་པའི་རྣམ་པ་སྟེ་མི་དགེ་བ་སྨོས་པས་གཟུང་བའི་ཕྱིར་རོ། དགེ་སློང་ལ་སོགས་པའི་སྒྲ་ནི་འདིར་བསྟན་པ་རྣམས་མདོར་བསྡུས་པའི་དོན་དེ་ཉིད་བཤད་པ། ཁྲིམས་ལྡན་གང་ཡིན་ཞེས་བྱ་བ་ལ་སོགས་པའོ། ། ལྷ་ཞིག་གིས། དགེ་སློང་ཞེས་ནི་བརྗོད་གང་ལགས། །བསམ་གཏན་པ་ཞེས་གང་ལ་བརྗོད། །གང་ལ་རྣལ་འབྱོར་འདོད་པ་ཡིན། འདི་ན་གང་བདེ་བདག་ལ་གསུངས། །ཞེས་ཞུས་པ་ལ་བརྩམས་པའོ། །གང་ཚུལ་ཁྲིམས་དག་ཡོད་པ་དེ་ཉིད་ནི་དགེ་སློང་ཞེས་བརྗོད་པར་འོས་པ་ཡིན་ གྱི་གཞན་ནི་མ་ཡིན་ནོ། །ཚུལ་ཁྲིམས་རྣམ་པར་དག་པ་ཡང་བསམས་བཞིན་དུ་བསླབ་པ་ལས་མི་འདའ་བའི་ཕྱིར་དང་ཉོན་མོངས་པ་འགོག་པའི་ཕྱིར་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྒོམ་པ་ལ་ཉེ་བར་བརྩོན་པའི་ཕྱིར་དང་། མྱ་ངན་ལས་འདས་པར་ཡོངས་ སུ་བསྔོ་བ་ལས་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་ཡན་ལག་རྒྱུ་ཞེས་བྱ་བ་བསྒྲུབ་པའི་ཕྱིར་ཚུལ་ཁྲིམས་དག་ཅེས་བྱ་བར་བསྟན་ཏོ། །ཡང་ན་སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་དང་ལྡན་པས་ནི་ཐ་མ་དང་བར་མ་དང་དམ་པའི་དགེ་སློང་དུ་ འགྱུར་རོ། །སྟོང་ཉིད་ལྡན་གང་བསམ་གཏན་དེ། །ཞེས་བྱ་བ་ནི་གང་དུ་གང་ཟག་གིས་སྟོང་པའི་ཏིང་ངེ་འཛིན་ཡོད་པ་དེ་ནི་ཡོངས་སུ་རྫོགས་པའི་བསམ་གཏན་དུ་འགྱུར་ཏེ། སྟོང་པ་ནི་བདག་གིས་སྟོང་པ་ལ་འཇུག་པའོ་ཞེས་བྱ་བའི་ཚིག་གིས་ཏེ། དངོས་པོའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ བདག་མེད་པར་རྟོགས་པའི་ཕྱིར་རོ། །འདིས་བསམ་གཏན་བྱེད་པ་ཡིན་པས་བསམ་གཏན་ཏེ། མཉམ་པར་གཞག་པའི་སེམས་ཀྱིས་ནི་ཇི་ལྟ་བ་བཞིན་དུ་མཐོང་ངོ་ཞེས་བྱ་བའི་ཚིག་གིས་སོ། །དེ་མངོན་དུ་བྱེད་པའི་ཚུལ་འདི་ལ་ཡོད་པ་ནི་བསམ་གཏན་ནོ། །གཞན་གྱིས་ཡོངས་སུ་བཏགས་པའི་ བདག་མི་གནས་པ་ཉིད་དང་། བདག་ཉིད་ཀྱང་བདག་མེད་པའི་ཚུལ་ནི་མཉམ་པ་ཉིད་དོ། །གང་དུ་བདག་ལ་སོགས་པར་ལྟ་བ་དེ་ནི་བསམ་གཏན་པ་མ་ཡིན་ཏེ་བསམ་གཏན་དེ་ལོག་པའི་རྟོག་པས་བསྐྱེད་པའི་ཕྱིར་རོ། །རྟག་ཏུ་བྱེད་གང་རྣལ་འབྱོར་དེ། །ཞེས་བྱ་བ་ལ་བསྟན་ཟིན་པའི་བསམ་གཏན་ལ་རྟག་ཏུ་ ཞེས་བྱ་བའི་སྒྲ་ཡང་དག་པར་དྲང་བའི་ཕྱིར་རོ། །མྱ་ངན་ལས་འདས་གང་བདེ་ཞེས་བྱ་བ་ནི་གང་དུ་སྡུག་བསྔལ་ཐམས་ཅད་ཞི་བ་ཐོབ་པ་དེ་ནི་དོན་དམ་པའི་བདེ་བ་མྱ་ངན་འདས་པ་ཞེས་བྱ་བའི་དོན་ཏོ། །གཡེང་བ་ཕལ་ཆེར་དང་བྲལ་བའི་མཁས་པས་ཀྱང་འདི་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ཡིན་ན་ གཡེང་བའི་དངོས་པོ་ཐམས་ཅད་དང་བྲལ་བར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། །དགེ་སློང་གི་རང་གི་ངོ་བོ་སྒོ་མང་པོ་ནས་བསྟན་ནས་ད་ནི་དེའི་ཡོན་ཏན་བསགས་པ་ལ་གཟུད་པའི་ཕྱིར། དགེ་སློང་དགའ་དང་མི་དགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དགེ་སློང་དག་འདི་ན་གཅིག་ཏུ་ཕུང་པོ་ལ་གནོད་ པ་ཆུང་ངུ་དང་མང་པོ་ཡང་རུང་སྟེ་སྤངས་པ་དང་། དེ་བཞིན་དུ་ཉེ་དུའི་ཚོགས་སྤངས་ཏེ། དེ་རབ་ཏུ་བྱུང་ནས་ལུས་ལ་གྱོན་པའི་ཆོས་གོས་ཀྱིས་ཆོག་ཤེས་པར་འགྱུར་བ་དང་། ལྟོ་འགྲངས་པ་ཙམ་གྱི་བསོད་སྙོམས་ཀྱིས་ཆོག་ཤེས་པ་དེས་བཟོད་ཅིང་གནས་པའི་རང་བཞིན་ཅན་ཏེ་གྲང་བ་དང་དྲོ་བ་ལ་ ཡང་ངོ་ཞེས་པ་ནས་འདིའི་བར་དུ་གསུངས་སོ། །མི་དགའ་བ་ནི་ཡིད་མི་བདེ་བ་སྟེ། འདིར་ནི་དེ་དང་མཚུངས་པར་ལྡན་པའི་ཁོང་ཁྲོ་བ་ལ་དགོངས་སོ། །དགའ་བ་ནི་ཡིད་བདེ་བ་སྟེ། འདིར་ནི་དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་སོ། །མི་དགའ་བ་དང་དགའ་བ་ཡིན་པས་དགའ་མི་དགའོ། ། མི་འབྱེད་པ་ནི་བསྩལ་པ་དང་། ཟིལ་གྱིས་གནོན་པ་ཉིད་དེ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་བསྩལ་བའི་ཕྱིར་འདིས་ནི་བཟོད་པ་ཁྱད་པར་ཅན་བསྟན། བཟོད་པ་དཀའ་ཐུབ་དམ་པ་ཞེས་བྱ་བའི་ཚིག་གིས་སོ། །དབེན་པའི་མཐུས་ནི་བཟོད་པ་ལ་འཇུག་པར་ནུས་སོ་ཞེས་བསྟན་ཏེ། བས་མཐའི་གནས་ མལ་རྟག་ཏུ་བསྟེན་པ་དང་། །ཞེས་བྱ་བར་ནི་ཤིན་ཏུ་དབེན་པའི་ཕྱོགས་སུ་གནས་ཤིང་བསྟེན་པ་སྟེ། འདིས་ནི་ལུས་དབེན་པ་བསྟན་ཏེ། སེམས་དབེན་པ་སྨྲས་པ། དེ་ཡང་བག་ཡོད་པས་ནི་རྟག་ཏུ་གནས། །ཞེས་བྱ་བ་སྟེ། བས་མཐའི་གནས་མལ་དེར་མི་གཙང་བ་ཡིད་ལ་བྱེད་ཅིང་བསྒོམ་པ་ མཆོག་ཏུ་བྱེད་པས་གནས་པའོ། །བྱ་བའི་སྒོ་ནས་གཞུག་པ་བསྟན་པའི་ཕྱིར། སྲིད་པའི་འདོད་ཆགས་ལེགས་པར་འབྱིན་པར་བྱེད། །ཅེས་བྱ་བ་སྨོས་ཏེ། སྲིད་པ་གསུམ་འགྲུབ་པར་བྱེད་པ་འདོད་པའི་འདོད་ཆགས་ལ་སོགས་པའི་ཕྲ་རྒྱས་མི་སྐྱེ་བར་གཉེན་པོས་རྩ་ནས་འབྱིན་པར་བྱེད་ཅིང་ དེ་ན་གནས་པའོ། །སྲིད་པའི་འདོད་ཆགས་སྤངས་པའི་ཕྲ་རྒྱས་བསྡུ་བ་བྱ་སྟེ། སྤང་བའི་ཚིག་ཕྱིས་པའོ། །ཡང་ན་ཚིགས་བཅད་འདིས་ནི་འཕགས་པའི་རིགས་བཞི་བསྟན་ཏེ། དགེ་སློང་དགའ་དང་མི་དགས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་གོས་དང་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ ཤེས་པ་བསྟན་ཏོ། །བས་མཐའི་གནས་མལ་ཞེས་བྱ་བ་ལ་སོགས་པས་ནི་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་བསྟན་ཏོ། །ལྷག་མས་ནི་སྤོང་བ་ལ་དགའ་བ་བསྟན་ཏོ། །དགེ་སློང་གི་ཚོམས་ཏེ་སུམ་ཅུ་རྩ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།འདིའི་འོག་ཏུ་སྡེ་ ཚོམས་གཞན་མེད་པས་བྲམ་ཟེའི་ཚོམས་དགོད་དོ། །ཡང་ན་དོན་དམ་པའི་དགེ་སློང་ནི་བྲམ་ཟེ་ཁོ་ན་ཡིན་ནོ་ཞེས་བསྟན་ཕྱིར་འདིའི་འོག་ཏུ་བྲམ་ཟེའི་ཚོམས་བསྟན་ཏེ། གང་ཞིག་བརྒྱན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་རིགས་མཐོན་པོའི་བུ་ཡ་ཤ་ཞེས་བྱ་བ་ བཙུན་མོའི་འཁོར་ལ་མཚན་མོ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ་བདག་ནི་མངོན་པར་གཙེས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ནས་ཁྱིམ་ནས་བྱུང་སྟེ། ཀོ་མི་ཏྲ་ཞེས་བྱ་བའི་ཆུ་བོའི་ཚུལ་རོལ་གྱི་འགྲམ་ནས་རྒལ་ཏེ། བཅོམ་ལྡན་འདས་ལ་ཆོས་མཉན་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལས་ བདག་ཉིད་ཁྱིམ་པའི་ཆ་ལུགས་ཀྱི་སྤུད་པ་མཐོང་ནས་ངོ་ཚ་བར་གྱུར་ཏོ། །དེ་ལས་བརྩམས་པའོ། །གང་ཞིག་ནི་གང་ལ་ལ་རིགས་དང་རུས་ལ་སོགས་པ་ལ་ལྟོས་པ་མེད་པར་ཁྱད་པར་ཐོབ་པའོ། །བརྒྱན་པ་ནི་རྒྱན་དང་ལྡན་པ་སྟེ་ཁྱིམ་པའི་ཆ་ལུགས་སྣ་ཚོགས་སྤུད་པ་དང་འབྲེལ་བའོ། །ཡང་གི་སྒྲ་ ནི་སྲིད་པའི་དོན་ཏེ། དེ་ལྟ་ན་ཡང་དམ་པའི་ཆོས་སྤྱོད་པ་སྲིད་པའི་ཕྱིར་རོ། །ཆོས་སྤྱོད་ཅེས་བྱ་བ་ནི་དགེ་བ་བྱེད་པའོ། །ཇི་ལྟ་བུའི་སེམས་ཅན་གྱིས་ཇི་ལྟར་བྱས་ནས་ཆོས་སྤྱོད་པར་ནུས་པ་ཡིན་ཞེ་ན། དུལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་པོ་དུལ་བ་དང་ལྡན་པ་ནི་དུལ་བའོ། །ཞི་བ་ནི་ རྣམ་པར་རྟོག་པ་འབར་བ་ཉེ་བར་ཞི་བའི་ཕྱིར་རོ། །ཡང་དག་པར་སྡོམ་པ་ནི་ཚུལ་ཁྲིམས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །ཚངས་པར་སྤྱོད་པ་ནི་ཡེ་ཤེས་ལ་བརྟེན་པའི་ཕྱིར་ཏེ་ཡེ་ཤེས་སྤྱད་པས་ནི་ཚངས་པ་སྟེ། ཐར་པ་ཐོབ་པ་ཡིན་ནོ་ཞེས་བྱས་ནས་སོ། །དེ་ལ་སྔ་མ་གསུམ་གྱིས་ནི་བསོད་ ནམས་ཀྱི་ཚོགས་བསྟན་ཏོ། །འདིས་ནི་ཡེ་ཤེས་ཀྱི་ཚོགས་བསྟན་ཏོ། །དེ་ལྟར་གྱུར་པས་ནི་ཆོས་སྤྱོད་པ་རྫོགས་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །འབྱུང་པོ་ཀུན་ལ་ཞེས་བྱ་བ་ནི་དགྲ་དང་མཛའ་བོ་དང་བར་མའི་ཕྱོགས་མེད་པར་སེམས་ཅན་དེ་དག་ལའོ། །ཡང་ན་སྲོག་དང་བཅས་པའམ་ སྲོག་མེད་པའི་སེམས་ཅན་ལའོ། །མི་གཅོད་པ་ནི་སྤངས་པའམ་བོར་བའོ། །ཆད་པ་ནི་འཚེ་བ་དང་དེའི་ཆ་བྱད་དོ། །གཞན་ལ་འཚེ་བ་སྤངས་པ་སྔོན་དུ་འགྲོ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་ལེན་པ་འདིས་བསྟན་ཏོ། །ཡང་ན་ཞི་བ་དང་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་ཕྱིར་དེ་ དང་རྗེས་སུ་མཐུན་པ་ཞེས་འདིའི་དོན་གྱིས་བཤད་དོ། །ཡང་ན་འཚེ་བ་མེད་པའི་གནས་ཚོལ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། དེས་ན་ཡང་བསྟན་པ། ཆོས་འདིས་བསྐྱེད་པར་བྱས་ཏེ་ཐར་པ་འདོད་པ་དེ་ནི་ལེགས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེའོ། །དུལ་ བ་ལ་སོགས་པའི་རིམ་པས་ནི་དབང་པོ་དང་ཚུལ་ཁྲིམས་དང་ཡིད་ཡང་དག་པར་སྡོམ་པ་དང་ལྡན་པར་བསྟན་ཏོ། །ཚངས་པར་སྤྱོད་པ་ནི་ལམ་གྱི་སྦྱོར་བ་སྟེ་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ཁྱིམ་པའི་ཆ་ལུགས་སྤངས་ནས་གཞན་ལ་གནོད་པ་བྱེད་པ་མཐའ་དག་སྤངས་པ་དེས་ཉེ་བར་མཚོན་པའི་ ཕྱིར་རོ། །ཡང་ན་ཆོས་འདི་ཉིད་ནི་དགེ་བའི་ཆོས་སྤྱོད་པ་ལ་བརྗོད་དོ། །དེ་ཡང་བདག་གི་ཡོན་ཏན་སྐྱེད་པ་དང་གཞན་གྱི་ཡོན་ཏན་སྐྱེད་པ་རབ་ཏུ་འགོད་པར་བྱེད་པའོ། །དེ་ལ་དུལ་བ་ལ་སོགས་པའི་བདག་གི་ཡོན་ཏན་བསྐྱེད་པ་རྣམ་པ་བཞི་བསྒོམ་པ་རྟོགས་ནས་འདོད་པ་བསྒོམ་པ་ལ་བརྟེན་ཏེ་དབང་ པོའི་སྒོ་བསྲུངས་པས་ཞི་བ་སྟེ། ཚུལ་ཁྲིམས་བསྒོམ་པ་ཁ་ན་མ་ཐོ་བ་མེད་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་ཞི་བ་དང་། སེམས་བསྒོམ་ཞིང་ཉོན་མོངས་པ་ཀུན་དུ་རྒྱུ་བ་བཀག་པས་ཀུན་དུ་སྡོམ་པའོ། །ཤེས་རབ་བསྒོམ་པ་ཀུན་དུ་རྟོགས་པར་བྱས་ནས་འཕགས་པའི་ལམ་ལ་སྦྱོར་བའོ། ། ཚངས་པ་སྤྱོད་པས་ནི་གཞན་གྱི་ཡོན་ཏན་སྐྱེད་པའོ། །འབྱུང་བ་ཀུན་ལས་ཞེས་བྱ་བས་ནི་འདིས་བསྟན་པ་དེ་ཡང་། །འདོད་པ་ལ་སོགས་པ་རྣམ་པ་བཞི་བསྒོམ་པ་མེད་པས་ཡོངས་སུ་འཚེ་བ་མེད་པའི་ཕྱིར་རོ། །བྲམ་ཟེ་དེ་ཡིན་ཞེས་བྱ་བ་ནི་སྡིག་པ་སྤངས་པའི་ཕྱིར་ཏེ། ཡང་སྨྲས་པ། ཡོན་ཏན་སོགས་ པར་བྱེད་པ་དང་། །འདོད་པས་ཡིད་ནི་མི་ཉམས་པ། །བྲམ་ཟེ་ལ་ནི་མཆོག་ཏུ་བྱེད། །ལམ་གནས་པ་ནི་བྲམ་ཟེར་འདོད། །ཅེས་སོ། །དགེ་སྦྱོང་དེ་ཡིན་ཞེས་བྱ་བ་ནི་སྡིག་པ་ཞི་བའམ་དགེ་སྦྱོང་དང་ལྡན་པའི་ཕྱིར་རོ། །དགེ་སློང་དེ་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་རམ་སོ་སོར་ཐར་པའི་སྡོམ་པ་ཡོད་ པའི་ཕྱིར་རོ། །ཡོན་ཏན་གྱིས་བྱས་པ་ནི་བྲམ་ཟེ་ལ་སོགས་པ་ཡིན་གྱི་རིགས་ལ་སོགས་པ་རྟགས་ཀྱིས་བྱས་པ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། ཚིག་རྐང་གསུམ་གྱིས་གོ་རིམས་བཞིན་དུ་བྲམ་ཟེ་ལ་སོགས་པའི་མཚན་ཉིད་བསྟན་ཏོ། །འོ་ན་གཅེར་བུར་སྤྱོད་པ་ལ་སོགས་པ་ཡང་བྲམ་ཟེ་ལ་སོགས་པར་ འཇིག་རྟེན་དུ་གྲགས་པ་ཡིན་ནོ་ཞེ་ན་དེ་དགག་པའི་ཕྱིར་སྨྲས་པ། གཅེར་བུར་སྤྱོད་པས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་གངས་ཅན་གྱི་དཀའ་ཐུབ་ཀྱི་གནས་དབེན་པ་ཞིག་ན་དཀའ་ཐུབ་སྤྱོད་པ་ལ་མངོན་པར་བརྩོན་པའི་དཀའ་ཐུབ་ཅན་མང་པོ་གནས་ཏེ། ཁ་ཅིག་ནི་ གཅེར་བུ་པའོ། །ཁ་ཅིག་ནི་སྐྲའི་རལ་པ་ཅན་ནོ། །ཁ་ཅིག་ནི་བྲེགས་པའོ། །ཅི་ཙམ་ན་དེ་དག་གིས་ལྷ་རྣམས་ནམ་མཁའ་ལ་སྤྱོད་པ་དག་ལ་སངས་རྒྱས་འབྱུང་བའི་གཏམ་ཐོས་ནས་ཡིད་ཡོངས་སུ་དགའ་བར་གྱུར་ཏེ་ཡུལ་བཱ་རཱ་ཎ་སཱིར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་དེ་ལས་བརྩམས་ཏེ་ ཚིགས་སུ་བཅད་པ་དྲུག་གསུངས་སོ། །གཅེར་བུ་སྤྱོད་པ་ཞེས་བྱ་བ་ནི་སྡིག་པ་སྦྱོང་བར་བྱེད་ཅེས་བྱ་བ་དང་སྦྱར་རོ། །གཅེར་བུར་སྤྱོད་པ་ནི་གོས་མེད་པར་སྤྱོད་པ་སྟེ། ལུས་ཀྱི་སྒྲིབ་པ་དང་བྲལ་བར་བྱས་པས་སེམས་ཀྱི་སྒྲིབ་པ་དང་བྲལ་བར་བྱེད་དོ་ཞེས་མུ་སྟེགས་ཀྱི་གཞུང་སྟོན་པར་བྱེད་པས། ཁ་ཅིག་ གཅེར་བུ་དམིགས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ནི་འདི་བཀག་སྟེ། ངོ་ཚ་མེད་པ་ཞེས་སྨད་པའི་ཕྱིར་ཏེ་གང་ལུས་ལ་སྒྲིབ་ཅིང་གཡོགས་པའི་གོས་མེད་པ་དེ་ལ་ནི་སེམས་ལ་ཡང་ངོ་ཚའི་གོས་མེད་པ་ཡིན་ཏེ་ངོ་ཚ་མེད་པ་ནི་ཕྱུགས་དང་འདྲ་བའོ་ཞེས་བསྟན་པའི་ཕྱིར་རོ། །རལ་པས་ མ་ཡིན་ཞེས་བྱ་བ་ནི་རལ་པའི་སྐྲའི་ཚོགས་ཀྱིས་མ་ཡིན་ཏེ། སྐྲ་ཡང་རྐང་པའི་བར་དུ་ནར་ཞིང་སྦྲུལ་ལྟ་བུར་རིང་པོར་འཇོག་པར་བྱེད་དོ། །སྐྲ་རབ་ཏུ་བསྒྲུབས་པས་ནི་ནད་འབྱུང་སྟེ། །དེ་བསྲིངས་པས་ནི་འདོད་ཆགས་དང་བྲལ་བར་ཞུགས་པ་དང་། རྟོགས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། ། བྲེགས་པས་མ་ཡིན་པ་ནི་སྐྲ་དང་ཁ་སྤུ་བྲེགས་པའམ་སྐྲ་དང་ཁ་སྤུ་འབལ་བས་ཀྱང་མ་ཡིན་ཏེ། ཕྱི་རོལ་གྱི་ཐིབས་པོ་བསྩལ་བར་གྱུར་ན་ཡང་ནང་གི་འདོད་ཆགས་ལ་སོགས་པའི་ཐིབས་པོ་དང་བྲལ་བ་མ་ཡིན་ཏེ། འགལ་བས་དེ་དང་བྲལ་བའི་ཕྱིར་འདིའོ། །ཁ་ཟས་མི་ཟ་བ་ཡིས་མ་ཡིན་ ཞེས་བྱ་བ་ནི་ཁ་ཟས་རྣམ་པ་སྣ་ཚོགས་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པས་མ་ཡིན་ཏེ། དཔེར་ན་བཟའ་བ་དང་བཏུང་བ་ཡོངས་སུ་ལོངས་སྤྱོད་པས་བཀྲེས་པ་དང་སྐོམ་པ་སེལ་བར་བྱེད་པ་དེ་བཞིན་དུ། ཕྲ་རྒྱས་སེལ་བར་བྱེད་པ་ཡང་བཟློག་པ་ཡིན་པའི་ཕྱིར་རོ། །ཡང་ན་ཅུང་ཟད་ནི་ཟས་ཏེ་ ཅུང་ཟད་ཁ་ཟས་ཏེ་ཅུང་ཟད་སེར་སྐྱ་བཞིན་ནོ། །དེ་མེད་པས་ནི་ཁ་ཟས་མི་ཟ་བས་ཏེ་བཟའ་བ་དང་བཏུང་བ་ཅུང་ཟད་ཀྱང་ཡོངས་སུ་ལོངས་མི་སྤྱོད་པ་སྟེ་གང་གྲིབ་མ་དང་ཉི་མ་ལ་སོགས་པས་རྗེས་སུ་འཛིན་པར་བྱེད་པ་དེ་ཡང་མི་སྤྱོད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། ཐང་ལ་ཉལ་བའམ་ཞེས་བྱ་བ་ནི་ཡིད་ དམ་སྔོན་དུ་འགྲོ་བས་མཐོང་བའི་ཐང་སྐམ་པོ་དག་ལ་ཉལ་བའོ། །ཡང་ན་སྟན་མེད་པའི་ས་སྐམ་པོའི་སྟེང་དུ་ཉལ་བའོ། །འམ་ཞེས་བྱ་བ་ནི་མ་ཡིན་པར་དྲང་བའི་དོན་ཏོ། །མལ་སྟན་ངན་པ་ལ་གནས་པ་ནི་ཕྲ་རྒྱས་འཕེལ་བར་མི་འགྱུར་རོ་ཞེས་བྱས་ནས་སོ། །རྡུལ་དང་དྲི་མས་མ་ཡིན་ཞེས་བྱ་བ་ལ་རྡུལ་ནི་ ཐལ་བའི་ཕྱེ་མའོ། །དྲི་མ་ནི་རྡུལ་ལ་སོགས་པ་དང་འབྲེལ་པའི་ལུས་ཀྱི་འདམ་མོ། །དྲི་མ་ཡང་རྣམ་པ་གཉིས་ཏེ་དྲི་མ་དེ་ཞི་བ་ནི་ལུས་ཀྱི་དྲི་མ་སེམས་ཀྱིས་འདྲེན་པའོ། །ལུས་ཀྱི་དྲི་མ་འདྲེན་པ་ཡང་སྲང་གི་མཐོ་དམན་བཞིན་དུའོ། །ཙོག་པུར་འདུག་ལ་འབད་པ་ཡིས། །ཞེས་བྱ་བ་ནི་ཙོག་ཙོག་པོར་ འདུག་པ་གང་ཡིན་པ་དེ་ནི་ཙོག་པུར་འདུག་པ་སྟེ། །ཙོག་པུ་ལ་མཆོག་ཏུ་གནས་པའོ། །ཇི་ལྟར་བདག་གིས་ས་ལ་འདུག་པར་བྱེད་པ་དེ་བཞིན་དུ་དམ་པའི་རྒྱུད་ལ་འདོད་ཆགས་ལ་སོགས་པ་ཡང་དེ་ལྟའོ་ཞེས་རྟོགས་པས་སོ། །ཡང་ན་འབད་པ་ནི་བརྩོན་འགྲུས་ཏེ་ཙོག་པུར་འདུག་པའི་གནས་སྐབས་ དེ་ལ་སྲན་ཐུབ་པའོ། །དག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཅེར་བུར་སྤྱོད་པ་ལ་སོགས་པས་དག་པར་མི་འགྱུར་ཞིང་སྡིག་པ་ལ་སོགས་པའི་དྲི་མ་གང་གིས་ཀྱང་སེལ་བར་མི་འགྱུར་རོ། །གང་དག་པར་མི་འགྱུར་བ་ཡིན་ཞེ་ན། བྱིས་པ་ཞེས་བྱ་བ་སྨོས་ཏེ་སོ་སོའི་སྐྱེ་བོའོ། །བྱིས་པའི་མཚན་ཉིད་ནི། སོམ་ ཉི་རྣམས་ལས་རྒལ་མི་འགྱུར། །ཞེས་བྱ་བ་ཡིན་ཏེ། མཐོང་བའི་ལམ་མ་སྐྱེས་པའི་ཕྱིར་སོམ་ཉི་མ་སྤངས་པའོ། །དེ་བས་ན་སོམ་ཉི་མ་སྤངས་པ་ཉིད་ཀྱིས་སོ་སོའི་སྐྱེ་བོ་འཕགས་པའི་ཆོས་མ་ཐོབ་པ་ཞེས་སྟོན་ཏོ། །དེ་ལྟར་འདི་ལྟ་བུས་དེ་ཁོ་ན་ཉིད་ཀྱི་ཤེས་པ་མེད་པའི་ཉེས་དམིགས་སྨྲས་པ་དེ་ དག་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་མ་ཐག་པའི་གཅེར་བུས་སྤྱོད་པ་ལ་སོགས་པའོ། །ཉིད་ཀྱི་སྒྲ་ནི་བདག་མེད་པ་མཐོང་བ་ལ་སོགས་པ་ཡོངས་སུ་སྤངས་པའི་དོན་ཏོ། །ཆགས་བྱེད་པ་ཞེས་བྱ་བ་ནི་ཞེན་པར་བྱེད་ཅིང་འདི་ཉིད་ནི་སྡིག་པ་དག་པར་བྱེད་པ་ཡིན་ནོ་ཞེས་མ་རིག་ པས་མངོན་པར་ཞེན་པའི་དོན་ཏོ། །གང་ཡང་རུང་ཞེས་བྱ་བ་ནི་ཁ་ཅིག་སྟེ། གང་ཞིག་འདི་ལྟར་ཡང་དག་པའི་མཐོང་བ་མེད་པས་སོ། །དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་དང་། མཐུན་པར་ཡོངས་སུ་བཟུང་བ་སྤངས་པའོ། །དམ་པའི་སྤྱོད་པ་ནི་དགེ་སྦྱོང་ངོ་། ། ཡོངས་སུ་བཟུང་བ་དང་བཅས་པ་ནི་བྲམ་ཟེའོ་ཞེས་གཞན་དག་ཟེར་རོ། །ལོག་པ་ལ་མངོན་པར་ཞེན་པའི་འབྲས་བུ་སྨྲས་པ། བར་མ་དོར་ནི་ཞེས་བྱ་བ་སྟེ། འཁོར་བའི་ནང་དུའོ། །ཉེ་བར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རིའི་སྒྲ་ནི་འཁོར་བའི་བར་མ་དོ་ཉིད་དུའོ་ཞེས་པའོ། །རྣམ་པར་ཉམས་པ་ ཞེས་བྱ་བ་ནི་ཁྱད་པར་དུ་ཉམས་ཤིང་ཆགས་པར་བྱེད་པས་ལྟུང་བ་ཞེས་བྱ་བའི་དོན་ཏོ། །གང་དུ་ཇི་ལྟར་ཞེ་ན། ཟག་པ་ཟད་པ་མ་ཐོབ་པར། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་སྤངས་པའོ། །གཅེར་བུར་སྤྱོད་པ་ལ་སོགས་པའི་བརྟུལ་ཞུགས་དང་ལྡན་པ་ནི་རྫོགས་བྱེད་མནར་མེད་པར་སྐྱེས་པར་འདིར་ བརྗོད་པར་བྱའོ། །ཟག་པ་ཟད་པས་ནི་ཚོར་བ་སྤངས་པར་འགྱུར་ལ། ཚོར་བ་འགགས་པས་ནི་སྲེད་པ་འགག་གོ་ཞེས་པའི་ཚིག་གིས་ཚོར་བ་ཟད་པ་ཞེས་སྨོས་སོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ཉིད་དེ་སྲིད་པའི་རྒྱུ་ཚོར་བ་སྤངས་པ་ནི་ལྟ་བ་སྤངས་པ་སྔོན་དུ་འགྲོ་བས་ཚོར་བ་ཐམས་ ཅད་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐའ་གཅིག་ལ་ལྟ་བ་ཞེས་བྱ་བ་སྨོས་སོ། །སྡིག་པ་དག་པར་འདོད་པས་ཉེ་བར་ལོངས་སྤྱོད་ཅིང་མངོན་པར་ཞེན་ཏོ། །དེ་ཡང་ལམ་གྱིས་ནི་མ་ཡིན་གྱི་ལོག་པ་ལ་མངོན་པར་ཞེན་པ་ནི་མི་ཤེས་པ་ཡིན་ནོ་ཞེས་བསྟན་ཏེ། བློ་ངན་རྣམས་ཞེས་བྱ་བ་ནི་ སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བར་རྟོག་པའི་བློ་ངན་པ་གང་དག་ལ་ཡོད་པའོ། །ཟག་པ་མ་སྤངས་ན་ནི་ཁྱད་པར་ལས་ཉམས་པར་བསྟན་ཏེ། གོ་འཕང་དམ་པ་མ་ཐོབ་པར། །ཞེས་བྱ་བ་མྱ་ངན་ལས་འདས་པ་མ་ཐོབ་པར་རོ། །ཟག་པ་ཟད་པ་ལ་སོགས་པ་མ་བྱས་པར་ནི་རལ་པ་ལ་ སོགས་པས་དགོས་པ་མེད་དོ་ཞེས་བསྟན་པའི་ཕྱིར། བློ་ངན་ཁྱོད་ཀྱི་རལ་པ་ཅི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁང་པ་བརྩེགས་པའི་གནས་ཆུ་བོ་བལ་གུ་མ་ཏིའི་འགྲམ་ན་གནས་པའི་བྲམ་ཟེ་གཞོན་ནུ་ཞིག་གིས་སྐྲ་ལ་བ་ལྟ་བུར་བལྟ་བ་སྟེ་རས་ཀྱིས་དཀྲིས་ནས་སྐྱེ་བོ་སླུ་བར་བྱེད་དོ། ། དེ་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཕྱོགས་དེར་གཤེགས་ཏེ་དེས་མཐོང་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ་དེ་ལས་བརྩམས་སོ། །ཁྱོད་ཅི་ཞེས་བྱ་བ་ནི་ཁྱོད་ཀྱི་སྐྲའི་ཚོགས་ཀྱི་གཟུགས་ཏེ་སྦྲུལ་ལྟར་རིང་བའི་རལ་པ་ནི་དགོས་པ་ཅི་ཞིག་ཡོད་དེ། དེས་བྱས་པའི་ཕན་བཏགས་པ་མ་མཐོང་བའི་ཕྱིར་དང་། ཉེ་བར་གདུང་བར་བྱེད་པ་ཐོབ་པར་བྱེད་པའི་ཕྱིར་རོ། །བློ་ངན་ཞེས་བྱ་བ་ནི་བློ་ཕྱིན་ཅི་ལོག་པ་སྟེ། མི་ཤེས་པས་འདི་བྱས་སོ་ཞེས་སྟོན་པ་ཡིན་ནོ། །ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི། །ཞེས་བྱ་བ་ནི་རི་དགས་ཀྱི་པགས་པ་ལས་བྱས་པའི་གོས་ཀྱིས་ཁྱོད་ལ་ཅི་ཞིག་དགོས་པ་སྟེ་དགོས་པ་མེད་པས་སོ། །འདིས་ ནི་ཕྱི་རོལ་མཛེས་ལ་ཁྱོད་ཀྱི་ནང་ནི་ཤིན་ཏུ་མ་རུངས་པའོ་ཞེས་བསྟན་ཏེ། ཁྱོད་ནང་ཐིབས་པོར་འདུག་བཞིན་དུ། །ཞེས་བྱ་བ་ཁྱོད་ཀྱི་སེམས་ཤིན་ཏུ་དྲི་མ་ཅན་དུ་གནས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཉེ་བར་གོས་པའི་ཕྱིར་རོ། །ཕྱི་རོལ་ལེགས་པར་བྱི་དོར་བྱེད། །ཅེས་བྱ་བ་ནི་ལུས་སྦྱོང་ བའམ་བརྒྱན་པར་བྱེད་པ་དེ་ཐུབ་པའི་ཆ་བྱད་ཀྱིས་སོ། །འོ་ན་བྲམ་ཟེ་དེ་དག་རལ་པ་ལ་སོགས་པའི་རྟགས་ཀྱིས་དག་པར་འགྱུར་ཞེས་འདོད་ན་ཅི་རལ་པ་ལ་སོགས་པ་དང་ལྡན་པས་ཡིན་ནམ་ཞེ་ན། དེའི་ཕྱིར་རིགས་ཀྱི་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཀྱི་ཐད་དུ་ རལ་པ་ཅན་ཞིག་ཆུ་བོ་ཛ་ཡ་རྒལ་ཏེ་འོངས་ནས་མདུན་དུ་འདུག་སྟེ། ཀྱེ་གཽ་ཏ་མ་རལ་པ་ཅན་ནི་རིགས་ཀྱི་བྲམ་ཟེ་ལགས་སོ་ཞེས་གསོལ་པ་དང་། དེས་ན་ཚིགས་སུ་བཅད་པ་འདི་གཉིས་གསུངས་ཏེ་ཐོས་པས་མངོན་པར་དད་ཅིང་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །བྲམ་ཟེ་ནི་ཡོན་ཏན་ བསགས་པ་ཉིད་ཀྱིས་ཡང་དག་པར་འགྱུར་གྱི་ལ་བ་འཆང་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ནོ། །རུས་ཀྱིས་ཞེས་བྱ་བ་ནི་བུ་དང་ཚ་བོ་ལ་སོགས་པའི་རྒྱུད་ཀྱི་ཚུལ་གྱི་རིགས་རྒྱུད་ཀྱིས་སོ། །རིགས་ཀྱིས་ཞེས་བྱ་བ་ནི་གཙོ་བོའི་རིགས་དང་ལྡན་པའི་ཕྱིར་རོ། །རིགས་ དང་རུས་ལ་སོགས་པ་འདི་དག་ནི་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་རབ་ཏུ་བསྟན་ཅིང་གཞན་གྱི་གནས་མཐོང་བའི་ཕྱིར་ཚུལ་འདིས་ནི་བྲམ་ཟེ་མ་ཡིན་ཏེ། ཇི་སྐད་དུ་རྒྱས་པར་བཤད་པ། རིགས་ཀྱིས་མ་ཡིན་རུས་ཀྱིས་མ་ཡིན་ཞིང་། །ནོར་དང་གཟི་བརྗིད་ཀྱིས་ཀྱང་ཡོད་མ་ཡིན། ། ཚུལ་ལ་གནས་པ་གདོལ་པ་ཡིན་གྱུར་ཀྱང་། །གཡུལ་ངོར་བརྟན་པ་དེ་ནི་བྲམ་ཟེ་ཡིན། །བཟོད་པ་དུལ་སོགས་སྦྱིན་པ་དང་། །བདེན་གཙང་དྲན་ལྡན་སྙིང་རྗེ་ཅན། །ཡོད་ལྟ་བར་ནི་ཤེས་མཁས་པ། །དེ་འདྲ་བྲམ་ཟེའི་མཚན་ཉིད་ཡིན། །བྲམ་ཟེའི་ལས་ནི་མ་ཡིན་པ། །གཞན་ལ་ འཇུག་པ་ལྟུང་བ་ཡིན། །ཚུལ་འཆོས་ཕལ་ཆེར་ངན་སྤྱོད་ནི། །དམངས་རིགས་གང་ཞིག་ཆོས་དུལ་དང་། །བདེན་དང་རྟག་ཏུ་བརྩོན་འགྲུས་ཅན། །དེ་ནི་བྲམ་ཟེར་ང་འདོད་ཀྱི། །ཚུལ་མིན་བྲམ་ཟེ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ན་གང་ཞིག་བྲམ་ཟེ་ཡིན་ཞེ་ན། གང་ཞིག་ བདེན་དང་ཆོས་ལྡན་པ། །ཞེས་བྱ་བ་སྨོས་ཏེ། བདེན་པ་ནི་ཕྱིན་ཅི་མ་ལོག་པའི་ཚིག་བརྗོད་པའོ། །ཆོས་ནི་མི་འཚེ་བའི་བདག་ཉིད་དེ་སྲོག་ཆགས་ལ་སོགས་པ་གཞན་ལ་གནོད་པ་སྤངས་པའི་ཕྱིར་རོ། །ཇི་སྐད་དུ། རྟ་བསད་མཆོད་སྦྱིན་སྟོང་ཕྲག་དང་། །བདེན་པ་དེ་ནི་མཚུངས་ཚུལ་ཏེ། །གང་ཕྱིར་ རྟ་བསད་སྟོང་དག་པས། །བདེན་པ་ཉིད་ནི་ཁྱད་པར་འཕགས། །འཚེ་མེད་མཚན་ཉིད་ཆོས་ཡིན་ཏེ། །མཆོད་སྦྱིན་སྲོག་ཆགས་གསོད་པའོ། །དེ་བས་ཆོས་ནི་དོན་གཉེར་དེས། །སྲོག་ཆགས་དག་ལ་སྙིང་རྗེ་བྱ། །རིག་བྱེད་མཆོད་སྦྱིན་ཐམས་ཅད་དང་། །སྟེགས་རྣམས་ཀུན་དུ་ཁྲུས་བྱེད་དང་། དེ་ ཀུན་ཐམས་ཅད་མི་བྱ་སྟེ། རྒྱས་པ་སྲོག་ཆགས་བརྩེ་སྨྲ་བྱ། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་བདེན་པ་ནི་འཕགས་པའི་བདེན་པ་བཞི་རྟོགས་པའོ། །ཆོས་དེའི་འབྲས་བུ་ནི་ཐར་པ་སྟེ། །དེ་ཉིད་ནི་གཙང་བ་ཞེས་བྱ་བ་ངན་པར་སྤྱོད་པའི་དྲི་མ་སྤངས་པ་དང་། ལེགས་པ་སྤྱོད་པ་གསུམ་དང་ ལྡན་པའི་ཕྱིར་ཏེ། ཁྲུས་རྣམ་པ་གསུམ་མོ་ཞེས་བྱ་བའི་ཚིག་གིས་སོ། །བདེན་གཙང་དུལ་བ་གཙང་བ་དང་། །དབང་པོ་ཚར་གཅོད་གཙང་བ་དང་། །འབྱུང་པོ་རྣམས་བརྩེ་གཙང་བ་སྟེ། །ཆུ་ཡིས་བཀྲུས་པ་ལྔ་པ་ཡིན། །ཕྱི་ཡི་དྲི་མ་འཁྲུ་བ་དང་། །སྐོམ་པ་སེལ་བ་ཡིན་གྱུར་ཀྱང་། ཆུ་ཡིས་ ནང་གི་དྲི་མ་ནི། །སྤོང་བར་བྱེད་པ་མི་སྲིད་དོ། །འདོད་པའི་འདོད་པས་དྲེགས་མྱོས་ཤིང་། །བུད་མེད་ཀྱི་ནི་དབང་འགྲོ་བས། །སྟེགས་ལ་བརྒྱར་ནི་ཁྲུས་བྱས་ཀྱང་། །དེ་ཡིས་དེ་ནི་དག་མི་འགྱུར། །བྲམ་ཟེ་དེ་ཞེས་བྱ་བ་ནི་སྡིག་པ་སྤངས་པའི་ཕྱིར་རོ། །དེ་ལ་རེ་ཞིག་རིགས་པ་ནི་གང་དེ་ཇི་ལྟར་ གཙང་བར་འགྱུར་བ་ཡིན་ཞེ་ན། །རལ་པས་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྤོང་བར་བྱེད་པ་ཞེས་བྱ་བ་ནི། །གང་གིས་ཕྱི་རོལ་དུ་བྱས་ཤིང་སྤངས་པའོ། །སྡིག་པ་ནི་ཉེས་པར་སྤྱོད་པའོ། །ཆེ་ཆུང་ནི་ཕྲ་རགས་སོ། །ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བ་ལ་སོགས་པའི་རྣམ་པའོ། །སྡིག་པ་རྣམས་ནི་སྤངས་ཕྱིར་ དེ། །ཞེས་བྱ་བ་ནི་ཡོངས་སུ་སྤངས་པ་སྟེ། ཇི་སྐད་དུ་བཤད་པ། ཉིད་ཀྱི་ཚུལ་གྱིས་ནི་དགེ་སྦྱོང་དང་བྲམ་ཟེར་གདགས་པ་ནི་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། མགོ་བྲེགས་ཞེས་བྱ་བ་ལ་སོགས་པའོ། །གཞན་ཞིག་སྐྲ་དང་ཁ་སྤུ་བྲེགས་ནས་བདག་ནི་དགེ་སྦྱོང་ངོ་ཞེས་ཀུན་ ལ་ཤེས་པར་བྱེད་པ་དང་གཞན་ཞིག་ནི་རིག་བྱེད་འདོན་པར་བྱེད་ཅིང་བདག་ནི་བྲམ་ཟེའོ་ཞེས་ཤེས་པར་བྱེད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷོ་ཕྱོགས་ཀྱི་ལམ་ཞེས་འོངས་པ་དང་དེ་གཉིས་ཀྱི་དབང་དུ་མཛད་དེ་འདི་གསུངས་སོ། །མགོ་བྲེགས་ཙམ་ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་མགོ་བྲེགས་ པ་ཙམ་གྱིས་ནི་དགེ་སྦྱོང་དུ་འགྱུར་བ་མ་ཡིན་ཏེ། །འདོད་ཆགས་དང་མྱ་ངན་ལ་སོགས་པ་མ་སྤྱད་པའི་ཁྱིམ་པ་དག་ཀྱང་ཡོད་པའི་ཕྱིར་རོ། །ཨོཾ་ཞེས་བྱ་བ་ནི་ཨོཾ་བྷུར་བྷུ་བཿསྭཿ་ཞེས་བྱ་བ་ལ་སོགས་པ་སྡེབ་སྦྱོར་འདོན་པ་ཙམ་གྱིས་ནི་བྲམ་ཟེ་མ་ཡིན་ཏེ་ཤ་རི་ཀ་ལ་སོགས་པ་ལ་ཡང་དེ་འདོན་པ་ ཡོད་པའི་ཕྱིར་རོ། །དེ་ལྟ་ན་བྲམ་ཟེ་དང་དགེ་སྦྱོང་དུ་གདགས་པའི་རྒྱུ་གང་ཡིན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རབ་ཏུ་བྱུང་བ་ནི་བདེན་པ་ལ་དགོངས་པ་ཡིན་ཏེ། དེ་དང་ལྡན་པ་ནི་དགེ་སྦྱོང་དུ་གདགས་པར་འོས་པ་ཡིན་ནོ། །གང་ལ་མི་འཚེ་བའི་བདག་ཉིད་ཀྱི་ཆོས་ཡོད་པ་དེ་ནི་ བྲམ་ཟེ་ཞེས་བརྗོད་དོ། །གཉིས་ཀའི་མིང་ནི་གཉིས་ཀའི་རྒྱུས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྡིག་པ་སྤངས་པ་དང་ཡོན་ཏན་བསགས་པ་ཉིད་ཀྱིས་བྲམ་ཟེར་འགྱུར་གྱི་སྟེགས་ལ་ཁྲུས་བྱ་བ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེ་བོ་ཕལ་ཆེར་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ག་ཡ་མགོའི་མཆོད་རྟེན་ན་བཞུགས་ཏེ། དེའི་ཚེ་ག་ཡ་ན་དཔྱིད་ཟླ་ར་བའི་དགའ་སྟོན་གྱི་ཚེ་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་སྡིག་པ་སྦྱང་བའི་ཕྱིར་ཁྲུས་བྱེད་དེ་དེས་ན་འདིས་གསུངས་སོ་ཞེས་གཞན་དག་ཟེར་རོ། །ཆུ་ཡིས་མི་འགྱུར་ཏེ་ ཞེས་བྱ་བ་ནི་ཆུས་དྲི་མ་དག་པ་དང་། སྡིག་པ་མེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ་ཞེས་སྨོས་ཏེ། གདོང་པ་ལ་སོགས་པའོ། །དེ་དག་ནི་མ་དག་པ་ཡིན་ཏེ། དེར་འཁྲུ་བ་དེ་དག་ནི་བྱེ་བྲག་མེད་པར་སྣང་བས་སོ། །གལ་ཏེ་ སྟེགས་ཀྱི་ཆུས་སྡིག་པ་སེལ་བར་འགྱུར་ན་ནི་བསོད་ནམས་ཀྱང་སེལ་བར་འགྱུར་ལ། སྡིག་པ་སེལ་བས་ནི་དེའི་འབྲས་བུ་དང་ཡང་བྲལ་བར་འགྱུར་ཏེ། རྩ་བ་ནས་ཆད་པས་ཤིང་གི་ལྷག་མ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་བས་ན་རིགས་པས་ནི་སྡིག་པ་དག་པར་མི་འགྱུར་ཏེ། ཁྲུས་ལ་སོགས་པས་དེའི་གཞི་མ་འགགས་པའི་ཕྱིར་རོ། །དེ་ལྟར་ན་གང་གིས་དག་པར་འགྱུར་ཞེ་ན། ལམ་ཁྱད་པར་ཅན་བསྒོམས་པས་དེའི་སྡིག་པ་སྤངས་པར་འགྱུར་ཏེ། མུན་ནག་སྒྲོན་མེས་སེལ་བར་འགྱུར་བ་དེ་བཞིན་དུ་དག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་ བྱ་བ་ལ་སོགས་པ་སྨོས་སོ། །ཡང་གི་སྒྲ་ནི་ཚུལ་འདི་ཉིད་ཀྱིས་འགྱུར་ཞིང་གཞན་གྱིས་མ་ཡིན་པར་བསྟན་པའོ། །ལྷག་མའི་དོན་ནི་བཤད་པ་ཉིད་དོ། །དེ་ལ་དོན་དམ་པའི་དགེ་སྦྱོང་ལ་སོགས་པ་དེ་དག་གང་ཡིན་ཞེ་ན། གང་ཞིག་སྡིག་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །པུས་ཀ་རཱ་ སཱ་རི་ཞེས་བྱ་བའི་བྲམ་ཟེས་བཅོམ་ལྡན་འདས་ལ་བཙུན་པ་གླང་པོ་ཆེ་རྣམས་ཀྱི་ནང་ན་གླང་པོ་ཆེ་ཅང་ཤེས་དང་། རྟ་རྣམས་ཀྱི་ནང་ན་རྟ་ཅང་ཤེས་དང་། ཤིང་རྣམས་ཀྱི་ནང་ན་དཔག་བསམ་གྱི་ཤིང་དང་། ནོར་རྣམས་ཀྱི་ནང་ན་རིན་པོ་ཆེ་ལ་སོགས་པ་བཞིན་དུ། བཙུན་པ་ དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོ་གང་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པ་ལས་འདི་གསུངས་སོ། །རབ་སྤངས་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གཉེན་པོས་སྤངས་པ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། སྡིག་པ་ཞེས་བྱ་བ་སྟེ་མི་འདོད་པའི་འབྲས་བུ་དང་མི་འདོད་ པའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་དངོས་པོ་སྟེ། གཞན་ལ་གནོད་པ་བྱེད་པ་ལ་སོགས་པའོ། །སྤངས་ནས་ཇི་ཞིག་བྱེད་པ་ཡིན་ཞེ་ན། གང་ཞིག་སྤྱོད་བྱེད་པ་ཞེས་བྱ་བ་སྨོས་ཏེ། གཞན་ལ་ཕན་འདོགས་པར་མཛད་ལ་གནས་ཤིང་བཞུགས་པའོ། །ཇི་ལྟ་བུ་དང་ལྡན་པས་ཤེ་ ན། རྟག་ཏུ་དྲན་ལྡན་ཞེས་བྱ་བ་སྨོས་ཏེ། རྒྱུན་དུ་ཡང་དག་པའི་དྲན་པ་མངོན་དུ་བྱེད་པ་སྟེ། ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱི་དོན་དུ་དགོངས་པ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན་དེ་ཉིད་སྨྲས་པ། ཀུན་སྦྱོར་ཟད་པ་ཞེས་བྱ་བ་ཡིན་ཏེ། བག་ཆགས་དང་བཅས་པའི་ཕྲ་རྒྱས་ སྤངས་པ་སྟེ། ཕུན་སུམ་ཚོགས་པར་བསྟན་ཏོ། །སངས་རྒྱས་ནི་ཐམས་ཅད་མཁྱེན་པ་སྟེ། ལྷག་པར་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེས་ནི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་སྟེ། དེས་སྔོན་འཇིག་རྟེན་པའི་ལམ་གྱི་ཉེས་པར་སྤྱོད་པ་བཀག་ནས་གཞན་གྱི་དོན་མཛད་པས་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ཏེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པའོ། །དེ་ཞེས་བྱ་བ་ནི་དེ་ཉིད་དོ། །འཇིག་རྟེན་དག་ན་ཞེས་བྱ་བ་ནི་སྲིད་པ་གསུམ་ནའོ། །བྲམ་ཟེ་ཡིན་ཞེས་བྱ་བ་ནི་བྲམ་ཟེ་དང་དགེ་སྦྱོང་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཞེས་བྱ་བའི་དོན་ཏོ། །གང་བྲམ་ཟེའི་མཚན་ ཉིད་དང་ཡང་དག་པར་ལྡན་པ་ནི་ཚོགས་ཀྱི་ནང་དུ་ང་ནི་བྲམ་ཟེའོ་ཞེས་སྨྲ་བར་རིགས་ཀྱི་གཞན་ནི་མ་ཡིན་ཞེས་བསྟན་པའི་ཕྱིར། བྲམ་ཟེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དྲོ་ན་ཞེས་བྱ་བའི་བྲམ་ཟེས་བཅོམ་ལྡན་འདས་བྲམ་ཟེའམ་དགེ་སློང་གང་བདག་ཉིད་ཤེས་ཤིང་ཡང་ དག་པར་རབ་ཏུ་ཤེས་པ་ལགས། རིགས་ཀྱི་བྲམ་ཟེ་ནི་བྲམ་ཟེ་ལགས་སོ་ཞེས་བྲམ་ཟེ་དག་དེ་ལྟར་སྨྲ་བས་སྨྲ་བར་བགྱིད་ན་བྲམ་ཟེས་གང་ཞིག་ལ་བལྟ་བར་བགྱི་ཞེས་གསོལ་པ་དང་། སྡིག་པའི་ཆོས་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སྤངས་པ་ནི་བོར་པ་སྟེ་སྡིག་ པའི་ཆོས་ངན་པའི་ངོ་བོ་གང་ཡིན་པ་དེ་ཉིད་དོ། །ཇི་ལྟར་འདི་ལྟར་འགྱུར་ཞེ་ན། ཚུལ་འཆོས་མེད་ཅེས་བྱ་བ་སྟེ། ཚུལ་འཆོས་ནི་ངོ་མཚར་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །གང་གིས་ངོ་མཚར་སྐྱེད་ཅིང་དེས་ཀྱང་རྙེད་པ་དང་བཀུར་སྟི་སྒྲུབ་པར་བྱེད་དེ་རིག་བྱེད་ཀྱི་ཡན་ལག་ཁྱིམ་པ་བརྟག་པ་ལ་ སོགས་པའོ། །གང་གིས་ཚུལ་འཆོས་པ་ཡོད་པ་མ་ཡིན་པ་དེ་ནི་མ་ཡིན་པ་སྟེ་ནོར་འཐོབ་པའི་ཕྱིར་ལོག་པའི་ཐབས་ལ་དམིགས་པའི་ཚུལ་འཆོས་མེད་པའི་ཕྱིར་རོ། །རྙོག་མེད་ཅེས་བྱ་བ་ནི་འདོད་ཆགས་དང་འབྲེལ་བའི་ལུས་ལ་སོགས་པའི་ལས་ཀྱི་བགེགས་བསྐྱེད་པར་འགྱུར་བའི་ཕྱིར་ཏེ། གང་དེ་ནི་འཁྲིག་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཚིག་གཉིས་པོ་འདིས་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །བདག་གནས་ཞེས་བྱ་བ་ལ་གནས་པ་ནི་མི་གཡོ་བའི་བདག་གི་སེམས་གང་ཡིན་དེ་ཉིད་དོ། །གཟུགས་ཀྱི་ཁམས་ན་ ནི་དགའ་བ་ལ་སོགས་པ་ཚོར་བའི་དབང་གིས་སེམས་གཡོ་བ་ཡིན་ཏེ། དེ་ལས་འདོད་ཆགས་དང་བྲལ་ན་ནི་སེམས་བརྟན་པ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །རིག་བྱེད་མཐར་ཕྱིན་ཞེས་བྱ་བ་ནི་ཚོར་བ་ཟད་པ་ནི་རིག་བྱེད་ཀྱི་མཐའ་སྟེ། དེར་འགྲོ་བ་ནི་རིག་བྱེད་ཀྱི་མཐར་ཕྱིན་པའོ། །ཚོར་བ་ཟད་པ་ འཐོབ་པ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྔར་བསྟན་པ་མཐའ་དག་ཀྱང་འཕགས་པའི་ལམ་ཉིད་ཀྱིས་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །ཚངས་པར་སྤྱོད་པ་སྤྱད་ཅེས་བྱ་བ་ལ། སྤྱོད་པ་ནི་གསོས་པར་བྱ་བ་སྟེ། ཚངས་པར་སྤྱོད་པ་ནི་གང་ཐར་པའི་ལམ་དེ་ཉིད་ལ་ སྤྱོད་པའོ། །དེ་ཉིད་བདག་གི་དོན་ཡོངས་སུ་རྫོགས་པ་ཡིན་ཡང་བྲམ་ཟེ་བདག་ཉིད་དུ་སྟོན་པ་ནི་མི་མཛེས་པ་སྟེ། འོན་ཀྱང་དོན་དམ་པར་བྱེད་པ་འདི་ཉིད་བསྟན་པ་ཡིན་ཏེ། དུས་སུ་ཞེས་བྱ་བ་སྨོས་པ་ལ་དོན་དམ་པར་སྒྲུབ་པ་སྟེ། དུས་གཞན་ན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་བདག་ དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཚངས་པ་སྨྲ་བ་ཞེས་བྱ་བ་ནི་བདག་ནི་ཚངས་པའོ་ཞེས་བརྗོད་ཅིང་སྟོན་པའོ། །སྨྲ་བྱེད་ཅེས་བྱ་བ་ནི་ཅི་འདོད་ཅིང་བག་ཡོངས་སུ་སྨྲ་བའོ། །གཞན་ཡང་རྣམ་པ་གཞན་གྱིས་དགེ་སྦྱོང་ལ་སོགས་པར་སྨྲ་བའི་རྒྱུ་བཤད་པ། གང་ཞིག་ཅེས་བྱ་བ་ ལ་སོགས་པའོ། །ཡུལ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པར་དགེ་སློང་ལྔ་པོས་བཅོམ་ལྡན་འདས་ལ་བཙུན་པ་དོན་དམ་དགེ་སློང་ཞེས་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་པ་དང་འདི་གསུངས་སོ། །གང་ཞིག་ནི་སེམས་ཅན་ནོ། །སྒྱུ་ལ་མི་གནས་ཞེས་བྱ་བ་ནི་གཞན་སླུ་ བ་ལ་མི་གནས་པ་སྟེ། སྒྱུ་དང་ལྡན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་མེད་པ་ཞེས་བྱ་བ་ནི་མཐོ་བའི་དྲེགས་པ་མེད་པའོ། །ཅིའི་ཕྱིར་དེ་ལྟར་མེད་པ་ཡིན་ཞེ་ན། གང་ཞིག་ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པ་དང་བྲལ་བ་ནི་འདི་ལྟར་བདག་མེད་པའི་ཕྱིར་རོ། ། ཆགས་པ་དང་བྲལ་བའི་ཕྱིར་སྒྱུ་ལ་མི་གནས་པའོ། །གང་གི་ཕྱིར་གྱི་སྒྲ་ནི་འཇིག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་བདག་མེད་པའོ། །བདག་དང་བདག་གིར་འཛིན་པའི་དབང་གིས་ནི་ང་རྒྱལ་འབྱུང་བའི་ཕྱིར་རོ། །ཚེ་འདིའི་སྲེད་པ་དང་བྲལ་བར་གྱུར་ན་སྲེད་པ་གཞན་གྱི་སྲེད་པ་ཡང་བཅད་པ་ཡིན་ནོ་ཞེས་ བསྟན་པའི་ཕྱིར། རེ་བ་མེད་ཅེས་བྱ་བ་སྨོས་ཏེ་ཡང་སྲིད་པ་འདྲེན་པར་བྱེད་པའི་གང་གི་སྲེད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འཁྲུག་བཅོམ་ཞེས་བྱ་བ་ནི་ཞེ་སྡང་སྤངས་པའོ། །དེ་ཙམ་གྱིས་དགེ་སྦྱོང་གི་མིང་དུ་མི་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་ཡང་གི་སྒྲ་དེ་དགེ་སྦྱོང་བྱེད་པའི་ཆོས་བཞི་ཞེས་བསྟན་ པའི་ཕྱིར་རོ། །མྱ་ངན་འདས་ཕྱོགས་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལམ་གྱིས་མྱ་ངན་ལས་འདས་ཤིང་བདག་ཉིད་གདུང་བ་མེད་པ་གང་ཡིན་པ་སྟེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར། དེ་ཉིད་བྲམ་ཟེ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ནི་གང་ཞིག་མངལ་ནས་ མ་སྐྱེས་པ་ཡང་བྲམ་ཟེར་བརྗོད་པ་ཉིད་དོ་ཞེས་བསྟན་ཏོ། གང་ཞིག་མའི་མངལ་ཞེས་བྱ་བ་ལ་སོགས་པའོ། །མཉན་ཡོད་ན་བིལ་བ་ར་མའི་རིགས་ཀྱི་བྲམ་ཟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་ནི་མའི་མངལ་ནས་བྲམ་ཟེ་དང་ལྡན་པ་ཡིན་ནོ་ ཞེས་པ་དང་། ཚིགས་སུ་བཅད་པ་གསུངས་སོ། །མངལ་ནས་སྐྱེས་པའམ་མངལ་གྱི་སྐྱེ་གནས་པ་ནི་མངལ་ནས་སྐྱེས་པ་སྟེ། རུམ་དུ་གནས་ནས་མངལ་ནས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཐམས་ཅད་ཀྱང་དེ་ལྟར་བྲམ་ཟེ་མ་ཡིན་ཏེ། ལུས་འབྱུང་བར་ནི་མཚུངས་པའི་ཕྱིར་ཇི་ སྐད་དུ་བཤད་པ། ས་བོན་ཁྲག་དང་ཁུ་བ་ལྟོར་མི་གཙང་བའི་གནས་སུ་གནས་པ་སྟེ་མངལ་གྱི་དྲི་མས་ཡོངས་སུ་བསྒོས་པའི་ལམ་གང་དང་ལྡན་པ་ནས་བྱུང་ཞིང་དེ་ལ་ནད་དང་རྒ་བ་དང་ཕོངས་པས་ཉམས་པའི་ཉོན་མོངས་པའི་གཞི་ཡེ་ཤེས་ཀྱི་མེས་བསྲེགས་པ་མ་གཏོགས་པར་ལུས་ཀྱིས་ ནི་ཇི་ཞིག་དག་པར་འགྱུར་སྨྲོས་ཤིག་དང་ཞེས་སོ། །མངལ་ནས་སྐྱེས་པ་དེ་ནི་བྲམ་ཟེའི་ཡིན་པར་མི་སྨྲ་སྟེ། སྨད་འཚོང་མ་ལ་སོགས་པ་བཞིན་ནོ། །མངལ་ནས་སྐྱེས་པ་ཡིན་པར་ག་ལས་ངེས་པར་བྱ་ཞེ་ན། མ་ལས་སྐྱེས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་ཏེ། འདི་ཉིད་བསྟན་པ། མ་ལས་བྱུང་ བ་ཞེས་བྱ་བ་མ་ལས་ཡང་དག་པར་བྱུང་བ་ནི་ཀུན་དུ་སྐྱེས་པའོ། །གང་མ་དང་ཕ་ལས་སྐྱེས་པ་དེ་ནི་མངལ་ནས་ངེས་པར་སྐྱེས་པ་ཡིན་ནོ། །གང་ཡང་མངལ་ནས་སྐྱེས་པ་དེ་ཇི་ལྟར་དག་པར་འགྱུར། གང་མ་དག་པ་དེ་བྲམ་ཟེར་ཇི་ལྟར་འགྱུར། འོ་ན་དེ་ཡང་རིག་བྱེད་འདོན་ པས་བྲམ་ཟེ་ཡིན་ནོ་ཞེ་ན་བཤད་པ། གལ་ཏེ་འཛིན་པ་དང་བཅས་ནས། །ཞེས་བྱ་བ་ཡོངས་སུ་འཛིན་པ་གལ་ཏེ་ཡོད་པར་གྱུར་ནའོ། །དེ་མིང་ལྟ་བུ་ཞེས་སྨྲ་བར་བསྟན་ཞེས་བྱ་བ་ནི་བྷུར་བྷུ་བ་ཞེས་བྱ་བ་ལ་སོགས་པ་སྨྲ་བའི་ཚུལ་གང་ལ་ཡོད་པ་དེ་ཉིད་ནི་མིང་དུ་བརྗོད་པ་སྟེ་དེ་བྲམ་ཟེ་མ་ཡིན་ནོ། །དེ་ ལྟ་ན་གང་ཞིག་བྲམ་ཟེ་ཡིན་ཞིང་བྲམ་ཟེར་བརྗོད་པར་བྱ་ཞེ་ན། ཡོངས་སུ་འཛིན་མེད་ཅེས་སྨོས་ཏེ་ཅི་ཡང་འཛིན་པ་མེད་པའོ། །ལེན་མེད་ཅེས་བྱ་བ་ནི་ལེན་པ་སྤངས་པ་སྟེ། ཉོན་མོངས་པ་དང་། ལས་མཐའ་དག་སྤངས་པའི་ཕྱིར་རོ། །གང་ལེགས་པར་སྤྱོད་པ་མཆོག་ཏུ་བྱེད་པ་དེ་ནི་བྲམ་ཟེ་ཡིན་ནོ་ཞེས་ བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་མེད་པ་སྟེ། སྡོམ་པས་བསྡམས་པའི་ལེགས་པར་སྤྱོད་པ་དང་ལྡན་པར་བསྟན་ཏོ། །ལེགས་བསྡམས་ཞེས་བྱ་བ་ནི་སྡོམ་པ་དང་ལྡན་པའོ། །གནས་གསུམ་ཞེས་བྱ་བ་ནི་ལུས་ལ་ སོགས་པའི་རྣམ་པའོ། །ཡང་ན་སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའོ། །གང་ཚིག་ཙམ་གྱིས་ལེགས་པར་སྡོམ་པ་དེ་ཡང་བྲམ་ཟེ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གོ་བྱེད་ཅེས་བྱ་བ་སྨོས་ཏེ་གང་གིས་དེ་བཞིན་ཉིད་གོ་བར་བྱེད་པ་བདེན་པ་ཞེས་བྱ་བའི་དོན་ཏོ། །མི་རྩུབ་ པ་ནི་ཡིད་ཚིམ་པར་བྱེད་པ་སྟེ། ཡིད་འཕྲོག་པར་བྱེད་པའོ། །ཚིག་ནི་ངག་དག་གོ། །ཡིད་དུ་འོང་བ་ནི་སྙན་པར་ཡང་དག་པར་སྦྱོར་བར་བྱེད་པ་གང་ཡིན་པ་དེ་སྟེ། ཡིད་དུ་འོང་བ་ནི་མཚམས་སྦྱོར་བར་བྱེད་པ་དང་ཕྲ་མ་མེད་པ་ཞེས་བྱ་བའི་དོན་ཏོ། །སྨྲ་བ་ནི་བརྗོད་པ་དང་སྟོན་པའོ། །གང་ གིས་ཉོན་མོངས་མི་སྐྱེད་དེ། །ཞེས་བྱ་བ་ནི་མངོན་པར་ཆགས་པ་དང་། ཞེ་སྡང་གིས་སྦྱོར་བར་མི་བྱེད་པའོ། །གང་གིས་ཤེ་ན། མཁས་པས་ཏེ་རྟོགས་པ་པོ་དོན་དང་ལྡན་པའི་ཚིག་ཏུ་སྟོན་པ་ཡིན་ཏེ། །འབྲེལ་པ་མེད་པའི་ཚིག་གིས་ནི་མཁས་པ་དག་གཞན་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་ ལེགས་པར་སྤྱོད་པ་གཅིག་གིས་ཀྱང་བྲམ་ཟེར་འགྱུར་བ་ཡིན་ནོ་ཞེས་སྟོན་ཏེ། གང་ཞིག་འཆིང་བ་ཞེས་བྱ་བ་ལ་སོགས་པའོ། །གཤེ་བའི་བ་ར་དྷྭ་ཛས་བཅོམ་ལྡན་འདས་ཐག་རིང་པོ་ནས་མཐོང་བ་ལས་གཤེ་བར་གྱུར་ཏེ་འདི་གསུངས་སོ། །དེ་ནས་དེ་མངོན་པར་དད་པ་སྐྱེས་ཏེ། ཁྲོ་མེད་ཅེས་བྱ་བ་ལ་ ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །མངོན་དུ་འོངས་ཏེ་ཚིག་རྩུབ་པོ་བརྗོད་ཅིང་གཤེ་བ་ལ་གང་དག་བཟོད་པ་བྱེད་པ་དེ་ནི་བྲམ་ཟེ་ཡིན་པར་ངས་གསུངས་སོ། །གསོད་དང་འཆིང་ཞེས་བྱ་བ་ལ། གསོད་པ་ནི་གསོད་པ་ཉིད་དོ། །འཆིང་བ་ནི་ལྕགས་སྒྲོག་ལ་སོགས་པས་གཞན་གྱི་ དབང་དུ་བྱེད་པའོ། །དེ་ལ་བཟོད་པ་བྱེད་པ་ནི་བཟོད་པ་སྟེ། འདིས་ནི་གཞན་གྱིས་གནོད་པ་བྱས་པ་ལས་ཇི་མི་སྙམ་པར་བཟོད་པ་བསྟན་ཏོ། །ཇི་ལྟ་བུར་གྱུར་པ་ལས་བཟོད་པར་བྱ་ཞེ་ན། སྡང་བ་མིན་པས་ཞེས་བྱ་བ་སྨོས་ཏེ་ཁོང་ཁྲོ་བ་ལ་སོགས་པས་ཡིད་ཉམས་པར་མ་བྱས་པས་ཡིད་ དང་དུ་ལེན་ཅིང་བཟོད་པའོ། །དེས་ཟིལ་གྱིས་མི་གནོན་པ་ནི་བྲམ་ཟེ་ཞེས་བརྗོད་དེ། དེ་ཉིད་སྨྲས་པ་བཟོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པ་ཉིད་བརྟུལ་ཞུགས་ཏེ། ཡོན་ཏན་འཕེལ་བར་བྱེད་པའི་གནས་ཡིན་པའི་ཕྱིར། བཟོད་པ་དཀའ་ཐུབ་དམ་པ་ཞེས་བཤད་དོ། །དེ་ཉིད་ དཔུང་གི་ཚོགས་ཏེ། སྟོབས་དང་ལྡན་ཞིང་སྒྲུབ་པ་འདི་ལ་ཡོད་པ་དེ་ཉིད་དོ། །དཔེར་ན་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ནི་གཞན་གྱིས་ཟིལ་གྱིས་མི་གནོན་ཅིང་གཞན་རྣམ་པར་གནོན་པར་བྱེད་པ་དེ་བཞིན་དུ་བཟོད་པའི་བརྟུལ་ཞུགས་དང་ལྡན་ཞིང་འབྱོར་པར་གྱུར་པས་ནི་ སྡིག་པས་ཟིལ་གྱིས་མི་ནོན་ཅིང་འཇིག་རྟེན་གསུམ་ལས་རྒྱལ་བར་ཡང་བྱེད་དོ། །ཁྲོ་བ་མེད་ཅིང་ཞེས་བྱ་བ་ནི་ཁྲོ་བ་མ་ཡིན་པས་ཁྲོ་བ་མེད་པ་སྟེ། བཟོད་པའི་ཁྱད་པར་དང་ལྡན་པས་སོ། །ཚུལ་ཁྲིམས་ཅན་ཞེས་བྱ་བས་ནི་སོ་སོར་ཐར་པའི་སྡོམ་པ་དང་ཡང་དག་པར་ལྡན་པ་སྟེ། འདིས་ནི་ ཁྲོ་བའམ་འགྱུར་བ་མེད་པའི་ཐབས་བསྟན་ཏོ། །བརྟུལ་ཞུགས་ལྡན་ཞིང་ཞེས་བྱ་བ་ནི་ཡང་དག་པར་བླང་བ་དང་ལྡན་པའི་ཕྱིར་རོ། །འདིས་ནི་ཚུལ་ཁྲིམས་དག་པར་བསྟན་ཏོ། །སེམས་ཁྲལ་མེད་ཅེས་བྱ་བ་ནི་ཡུལ་དག་ལ་ཆགས་པ་དང་བྲལ་བས་དགའ་བ་མེད་ཅེས་བྱ་བའི་དོན་ཏོ། །འདིས་ ནི་རབ་ཏུ་དབེན་པ་བསྟན་ཏོ། །དུལ་བ་ནི་དབང་པོ་དུལ་བའི་ཕྱིར་རོ། །ལུས་མཐར་གནས་ཞེས་བྱ་བ་ནི་གང་འདི་ལྟ་བུ་དེ་ཉིད་ནི་སྲིད་པ་ཐ་མལ་རྣམ་པར་གནས་པ་ཡིན་ཏེ། འདིས་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །ཁྲོ་བ་ལ་སོགས་པ་ སྤངས་པར་གྱུར་ན་ནི་དབེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་རབ་བྱུང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་ཞིག་བྱ་རྒོད་ཀྱི་ཕུང་པོའི་པི་པ་ལའི་ཕྲག་ཕུག་ན་ཚོགས་ཀྱིས་འཇིགས་ཤིང་གནས་ཏེ་དེ་ལས་བརྩམས་སོ། །འདྲེས་པ་དང་ལྡན་པ་ནི་འདྲེ་བའོ། །དེ་དགག་པ་ནི་མི་འདྲེ་ བར་གནས་པ་སྟེ། མི་འདྲེ་ཞིང་གཅིག་པུ་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །གང་དང་འདྲེ་བ་ཡོངས་སུ་སྤོང་བ་ཡིན་ཞེ་ན། རབ་བྱུང་ཁྱིམ་པ་དང་ཞེས་བྱ་བ་སྟེ། ཁྱིམ་པ་ནི་ཁྱིམ་གཅིག་པའོ། །རབ་ཏུ་བྱུང་བ་ནི་ཁྱིམ་མེད་པའོ། །དེ་བཞིན་གཉི་ག་ཞེས་བྱ་བ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་སོ། ། འདི་ལྟར་ལ་ལ་ནི་ཁྱིམ་ལ་མངོན་པར་དགའ་སྟེ་འདི་ལྟ་སྟེ་མད་ཚ་རཱ་ནན་ད་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ནི་གཉི་ག་ལ་སྟེ་མགོན་མེད་ཟས་སྦྱིན་ལ་སོགས་པའོ། །དགོན་པ་ལ་ཡང་གནས་ཤིང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་འཛིན་པ་མཆོག་ཏུ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁྱིམ་ནས་མ་བྱུང་ཞེས་བྱ་བ་སྨོས་ཏེ། ཁྱིམ་ནས་བྱུང་བའི་ངང་ཚུལ་འདི་ལ་ཡོད་པ་ནི་ཁྱིམ་ནས་བྱུང་བ་སྟེ་གནས་ནས་ཉེ་བར་འགྲོ་བ་མཆོག་ཏུ་བྱེད་པའོ། །གང་དེ་ལྟ་བུ་མ་ཡིན་པ་ནི་ཁྱིམ་ནས་མ་བྱུང་བ་སྟེ་གནས་ལ་མངོན་པར་མི་དགའ་བའི་རྣམ་པས་ལུས་དབེན་པ་བསྟན་ནས། སེམས་ དབེན་པ་བཤད་པ། འདོད་ཆུང་ཞེས་སྨོས་ཏེ། ཆོས་གོས་ངན་ངོན་ཙམ་ལ་སོགས་པས་ཆོག་ཤེས་པའི་ཕྱིར་རོ། །དེ་ནི་ཚོགས་ན་གནས་ཀྱང་བྲམ་ཟེ་ཡིན་ནོ་ཞེས་བསྟན་ནོ། །གང་སྲེད་པ་དང་དེའི་ཚོགས་ཆས་སྤངས་པ་དེ་ཉིད་ཀྱིས་ནི་དབེན་པ་ཐོབ་པར་ནུས་སོ་ཞེས་བསྟན་པའི་ཕྱིར། མ་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚེ་དང་ལྡན་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་ཆུང་མས་བུ་ཁྱེའུ་བླངས་ཏེ། དེའི་ཐད་དུ་འོངས་ནས། དེས་དེ་ལ་ཅི་ཡང་མ་སྨྲས་པས་དེ་ཡང་མི་སྨྲ་སྟེ། ཁྱེའུ་དེ་འཆགས་ལས་མགོ་གཏད་དེ་བཞག་གོ། །དེས་སྨྲས་པ། ཁོ་བོ་ རབ་ཏུ་བྱུང་སྟེ་ཆགས་པ་དང་བྲལ་ལོ་ཞེས་བྱ་བ་དང་ཁྱེའུ་དེ་བླངས་ཏེ་སོང་བ་ལས་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མ་འོངས་པ་ལ་ཞེས་བྱ་བ་ནི་དྲུང་དུ་འོངས་པའི་སྔོན་གྱི་གྲོགས་པོ་སྟེ། དེ་ཉེ་བར་གྱུར་ཅིང་སྒྲུབ་པའོ། །མངོན་པར་མི་དགའ་བ་ཞེས་བྱ་བ་ནི་མངོན་ པར་མི་འདོད་པ་དང་ཡིད་ཚིམ་པར་མི་འགྱུར་བ་སྟེ། འདོད་ཆགས་ལས་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །འདས་པ་རྣམས་ལ་གདུང་མེད་པ། །ཞེས་བྱ་བ་ནི་ཡིད་མི་གདུང་ཞིང་ནང་གི་མྱ་ངན་སེལ་བར་མི་བྱེད་པའོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་སྨྲས་པ། འཁྲིག་ པ་སྟེ་འདོད་པའི་འདོད་ཆགས་དང་བྲལ་བས་ཁྱད་པར་དུ་གཡུལ་ལས་རྒྱལ་ཞེས་བྱ་བ་ཡིན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་པོ་མ་སྐྱེས་དགྲ་ལས་རྒྱལ་བར་གྱུར་པ་ན་དེ་སྐྱེས་པས་དེ་ལྟར་བྱས་སོ། །ཡང་ན་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བ་དང་བཅོམ་པའི་ཕྱིར་ཏེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡང་ན་གང་གི་ཀུན་དུ་འོང་བ་སྟེ་ལྷག་པར་ངན་སོང་གི་ཆེད་དུའོ། །དེ་ནི་འདིར་ཁྱད་པར་དུ་སྲེད་པ་ཡིན་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །དེར་འོངས་པ་ནི་སྐྱེས་པའོ། །མངོན་པར་མི་དགའ་བ་ནི་ལྷག་པར་མི་ཞེན་ཅིང་སྤོང་བར་ བྱེད་ལ་སེལ་བར་བྱེད་དེ། བདག་ལ་ཕན་པར་འདོད་པས་ནི་ཤིན་ཏུ་བཀྲེས་པར་གྱུར་ཀྱང་ཁ་ཟས་ཤིན་ཏུ་དུག་དང་བཅས་པ་བཞིན་དུ་རྟོགས་པར་བྱའོ། །འདས་ལ་ཞེས་བྱ་བ་ནི་རྒྱུད་ལས་ཀྱང་བྱུང་བ་སྟེ། འགག་པའམ་འགག་པར་འགྱུར་བའོ། །གདུང་མེད་ཅེས་བྱ་བ་ནི་དེ་སྡུག་བསྔལ་དུ་འདུ་ ཤེས་པའི་ཕྱིར་སྡུག་བསྔལ་གྱི་དངོས་པོ་དང་བྲལ་བས་ཡང་དག་པར་དགའ་བ་འབྱུང་བའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། གྲོལ་ཞེས་སྨོས་ཏེ། ག་ལས་ཤེ་ན། འཁྲིག་པ་ལས་སོ། །འདིས་ཆགས་པར་བྱེད་པས་ན་ཆགས་པ་སྟེ། ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་སྤངས་པ་ནི་དེའི་ སྤངས་པས་སོ། །ཇི་ལྟར་དེ་གདུང་བ་མེད་པ་ཡིན་ཞེ་ན། འདི་ལྟར་དེ་ནི་མྱ་ངན་མེད། །ཅེས་སྨོས་ཏེ། དེ་ཉིད་ནང་གི་གདུང་བ་མེད་པས་དེ་ལས་ཇི་ལྟར་རྗེས་སུ་མྱོང་བར་འགྱུར། གང་གི་ཕྱིར་མེ་མེད་པར་གྱུར་ན་ནི་ཚ་བའང་མེད་པར་འགྱུར་བ་ལྟར་མྱ་ངན་འདི་ལྟ་ག་ལ་ཡོད་པའོ། །དེའི་རྒྱུར་གྱུར་པ་ རྡུལ་དང་བྲལ་བ་ཡིན་ཏེ། འདི་ཉིད་བསྟན་པ་རྡུལ་བྲལ་ཞེས་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྡུལ་ནི་གདུང་བ་འདྲེན་པར་བྱེད་པ་ཡིན་ལ། དེ་སྤངས་པ་ནི་དེ་དང་བྲལ་བ་ཡིན་ནོ། །རྡུལ་ཐམས་ཅད་བྲལ་བས་ནི་འཁྲུག་པ་མཐའ་དག་དང་བྲལ་བའི་ཕྱིར་ མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་ཏེ། ཞི་བ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་སྲེད་པ་ལ་སོགས་པ་སྤང་བར་གང་གིས་ནུས་ཞེས་གང་ཞིག་འདོད་པ་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་བསམ་གཏན་པ་ དགོན་པ་ན་གནས་པའི་ཤིང་དྲུང་པ་ཞིག་ལས་བརྩམས་སོ། །གང་གཞན་མི་གསོ་བ་ཉིད་ཀྱིས་དེ་ཚུལ་ཁྲིམས་ལ་བརྩོན་པ་ཉིད་ཀྱིས་ཡོངས་སུ་གཟུང་བ་སྤངས་པའི་ཕྱིར་རོ། །འདོད་ཆུང་ཞེས་བྱ་བ་ནི་སེམས་དབེན་པའི་ཕྱིར་རོ། །དུལ་བ་ནི་དབང་པོ་དུལ་བའི་ཕྱིར་གང་གི་ཕྱིར་དབེན་པའི་ འབྲས་བུ་ནི་དུལ་བའོ། །སྙིང་པོར་རབ་གནས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་བསྟན་པས་ལྷག་པར་གྲོལ་བའི་ཕྱིར་རོ། །དེ་ཉིད་ཚོགས་ལ་གནས་པ་སྟེ་ལམ་བསྒོམ་པ་ཡིན་ནོ། །ཟག་ཟད་ཅེས་བྱ་བ་ནི་ཉོན་མོངས་པ་སྤངས་པས་སོ། །སྐྱོན་རྣམས་བསལ་བ་ཞེས་བྱ་བ་ནི་ཡང་སྲིད་ པའི་འབྲས་བུའི་ལམ་སྤངས་པའི་ཕྱིར་རོ། །གང་ཟག་པ་ཟད་པ་དང་སྐྱོན་རྣམས་བསལ་བ་ཉིད་ཁོ་ན་ཕ་རོལ་དང་ཚུ་རོལ་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་རབ་ཏུ་མང་པོ་དང་དེ་ལས་གཞན་པའི་སྲོག་ཆགས་སྠུ་ལ་ ཀོ་ཤྟའི་ཚུ་རོལ་ནས་ཕ་རོལ་དུ་རྒལ་བར་བྱེད་ལ། སླར་ཡང་འོང་བར་བྱེད་དོ། །དེའི་ཚེ་དགེ་བསྙེན་རབ་ཏུ་མང་པོ་དེའི་དྲུང་དུ་ལྷགས་ཏེ། འདུག་ནས་དེ་དག་གིས་གཏམ་བརྗོད་པར་གྱུར་ཏེ། བྲམ་ཟེ་དག་ཀྱང་རྒལ་བར་བྱེད་ཅིང་ཕྱིར་ཡང་རྒལ་ལ། དེ་བཞིན་དུ་གཞན་དག་ཀྱང་ངོ་། །དེ་ལས་ ཁ་ཅིག་གིས་ཇི་ཙམ་གྱིས་བྲམ་ཟེ་ཞེས་ཉེ་བར་གདགས་པར་བྱ་ཞེས་པ་དང་། དེ་ན་ཁ་ཅིག་གིས་ཇི་ལྟར་ན་མ་ལས་བྱུང་བ་ནས་སོ་ཞེས་བྱ་བ་ནས་རྒྱ་ཆེར་སྨྲས་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་དེ་དག་ལས་བརྩམས་པའི་ཚིགས་སུ་བཅད་པ་གཉིས་སོ། །གཞན་ དག་ནི་རྒྱལ་བྱེད་ཀྱི་ཚལ་ན་གང་བྲམ་ཟེ་ནི་ཕ་རོལ་དུ་འགྲོ་བ་དེ་ཉིད་ཡིན་ནོ་ཞེས་སྨྲ་བའི་བདུད་ལས་བརྩམས་སོ་ཞེས་ཟེར་རོ། །གང་ཞིག་ཕ་རོལ་ཞེས་བྱ་བ་ནི་རིང་བ་ན་གནས་པ་སྟེ། ཕ་རོལ་ན་ཡང་དེ་མེད་པ་ནི་གང་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་སྤངས་པའི་ཕྱིར་རོ། །ཚུ་རོལ་དང་ཞེས་བྱ་བ་ནི་ནང་གི་ ཡང་སྤངས་པའི་ཕྱིར་རོ། །ཕ་རོལ་ཚུ་རོལ་གཉིས་མེད་པ། །ཞེས་བྱ་བ་ནི་གཉི་ག་མེད་པའོ། །གང་གི་ཕྱིར་ཁ་ཅིག་ནི་ཕྱི་རོལ་ལ་ལྷག་པར་ཞེན་ལ་ཁ་ཅིག་ནི་ནང་ལའོ། །ཁ་ཅིག་ནི་གཉི་ག་ལ་སྟེ། དེ་བས་ན་འདིར་གསུམ་སྨོས་སོ། །མཐར་ཕྱིན་ཞེས་བྱ་བ་ནི་གང་ལ་ཕ་རོལ་ལ་སོགས་པ་མེད་ པ་དེ་ཉིད་ནི་ཕ་རོལ་དུ་སོང་བ་སྟེ། མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །གང་དག་གི་ཞེ་ན། ཆོས་རྣམས་ཀུན་གྱི་ཞེས་བྱ་བ་སྟེ། སྐྱེ་མཆེད་བཅུ་གཉིས་ཀྱི་ཕ་རོལ་དུ་ཕྱིན་པའི་ཕྱིར་ཏེ། ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་སོ་ཞེས་མདོ་ལས་བསྟན་པའི་ ཕྱིར་རོ། །ཡང་ན་གང་ཞིག་ཕ་རོལ་མེད་པ་སྟེ་ཕུང་པོ་ལྔ་ལྷག་མ་མེད་པའོ། །ཚུ་རོལ་ནི་ཉོན་མོངས་པ་དང་བཅས་པའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཇི་ལྟར་ཕ་རོལ་དང་ཕ་རོལ་མ་ཡིན་པ་ལ་སོགས་པ་མེད་པ་ཡིན་ཞེ་ན། འདིར་རྒྱུ་བསྟན་པ། གནས་གསུམ་ལ་ཞེས་སྨོས་ཏེ། རྣམ་པ་གསུམ་ནི་ནང་དང་ཕྱིར་རོལ་དང་དེ་གཉི་གའི་བདག་ཉིད་ཀྱི་སྐྱེ་མཆེད་ལའོ། །ཡང་ན་སེམས་ཅན་གྱི་གནས་གསུམ་སྟེ། ཁམས་གསུམ་ལའོ། །ཡང་ན་དུས་གསུམ་ལའོ། །མ་ཆགས་ཞེས་བྱ་བ་ནི་ལྷག་པར་ཞེན་པ་མེད་པ་སྟེ། དེ་ལ་དམིགས་པའི་འདོད་ཆགས་སྤངས་པའི་ཕྱིར་རོ། ། གང་མིག་གི་འདུན་པའི་འདོད་ཆགས་དེ་སྤངས་པས་ནི་འདུན་པའི་འདོད་ཆགས་སྤངས་པ་ཉིད་དེ། མིག་དེ་ཡང་སྤངས་པར་འགྱུར་རོ་ཞེས་བྱ་བ་མདོ་ལས་གསུངས་ཏེ། དེ་ལྟར་ན་ཕ་རོལ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བརྗོད་དོ། །མ་ཆགས་པ་ཞེས་བྱ་བས་སྲེད་པ་སྤངས་པར་བསྟན་ནས་ དེའི་འབྲས་བུ་ལེན་པ་སྤངས་པ་བསྟན་པ། གང་ཞིག་རིང་དང་ཐུང་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་དན་ཌ་ཀའི་དགོན་པ་ན་གནས་པའི་རིང་པ་དང་ཐུང་བའི་དཀའ་ཐུབ་ཅན་གྱི་བྲམ་ཟེ་གཉིས་རིང་བ་དང་ཐུང་བའི་གོས་དག་འཆང་ཞིང་འཁོར་དང་བཅས་པ་བདག་ཉིད་བྲམ་ ཟེ་ཡིན་ནོ་ཞེས་སེམས་བཞིན་དུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གཽ་ཏ་མ་ཁྱོད་ཇི་ལྟར་བྲམ་ཟེར་འདོགས་པར་མཛད་ཅེས་གསོལ་པའོ། །དེས་ན་དེ་གཉིས་ལ་ཚིགས་སུ་བཅད་པ་བཞི་གསུངས་ཏེ། དེ་གཉིས་ཀྱིས་ཐུང་བ་དང་རིང་བའི་གོས་སྤངས་ཏེ། ། ཕྲ་བ་དང་རགས་པ་དང་མཛེས་པ་ལ་སོགས་པ་ཡང་སྤངས་ནས་རབ་ཏུ་བྱུང་སྟེ། འདོད་ཆགས་དང་བྲལ་བར་གྱུར་ཏོ། །ཐུང་བ་ཞེས་བྱ་བ་དག་ནི་དེ་གཉིས་ཀྱིས་སྔོན་གྱི་གོས་ལ་སོགས་པ་སྤངས་པ་སྟེ། བཅོམ་ལྡན་འདས་ལས་ཞེས་རྟོགས་ནས་དེ་ཡོངས་སུ་སྤངས་པ་དང་། ཕྱིས་ཚིགས་སུ་ བཅད་པའི་དོན་དམ་པ་རྟོགས་པར་གྱུར་ཏོ། །གང་ཞིག་ནི་གང་ཉིད་དོ། །ཐུང་བ་ནི་ཡུན་ཐུང་བར་དགེ་བ་དང་མི་དགེ་བ་བསགས་པས་མི་ལེན་ཏོ་ཞེས་བྱ་བ་དང་སྦྱར་རོ། །རིང་བ་ནི་ཡུན་རིང་དུ་བསགས་པའོ། །ཕྲ་སྦོམ་ཞེས་བྱ་བ་ནི་ཕྲ་བ་དང་། རགས་པ་སྟེ། གསལ་བ་དང་མི་གསལ་བར་ བྱས་པ་ཡིད་དང་ལུས་ཀྱིས་བྱས་པའི་གོ་རིམས་བཞིན་ནོ། །ཡང་ན་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ས་པའི་འོ། །ཡང་ན་དབང་པོ་ལས་འདས་པ་དང་དབང་པོས་གཟུང་བའི་ཡུལ་དུ་གྱུར་པའོ། །འཇིག་རྟེན་ནི་འགྲོ་བའོ། །དགེ་བ་དང་མི་དགེ་བ་ནི་བསོད་ནམས་དང་ བསོད་ནམས་མ་ཡིན་པའམ། ཡང་ན་ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པའོ། །འོ་ན་བསོད་ནམས་བླང་བར་བྱ་བ་ཡིན་ནམ་ཞེ་ན། ཅུང་ཟད་ཅེས་སྨོས་ཏེ། འདོད་པ་མེད་པའོ། །བསོད་ནམས་ཏེ། འཁོར་བའི་འབྲས་བུ་ཡང་སྡིག་པ་བཞིན་དུ་སྤང་བར་བྱའོ་ཞེས་བྱས་ནས་སོ། །མི་ལེན་ ཏེ་ཞེས་བྱ་བ་ནི་ལེན་པ་མེད་ཅིང་མི་འཛིན་པ་མེད་ཅེས་བྱ་བའི་དོན་ཏོ། །གང་ལ་སྲེད་པའི་དབང་གིས་ནི་ཉེ་བར་ལེན་པ་ཡིན་གྱི། སྲེད་པ་མེད་པ་དེ་ལ་ནི་དེ་ཡང་མེད་པ་ཉིད་དོ། །ཉེ་བར་ལེན་པ་སྤངས་པས་ཁྱད་པར་དུ་འགྱུར་རོ། །འདི་ཉིད་ཅེས་བྱ་བ་ནི་མཐོང་བའི་ཆོས་ལའོ། །གང་ཞིག་ཅེས་བྱ་ བ་ནི་ཉེ་བར་ལེན་པ་སྤངས་པའོ། །རབ་ཤེས་ཤིང་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་མངོན་པར་རྟོགས་པའོ། །རང་གི་སྡུག་བསྔལ་ཟད་པ་དང་། །ཞེས་བྱ་བ་ནི་བདག་གི་རྒྱུད་ལ་གནས་པའི་སྡུག་བསྔལ་སྤངས་པའོ། །ཡང་ན་འཕགས་པའི་བདེན་པ་བཞིས་ཡོངས་སུ་བཅད་ པའོ། །སྡུག་བསྔལ་ཟད་པར་བྱས་ནས་ཇི་ལྟ་བུར་འགྱུར་ཞེ་ན། འདོད་ཆགས་བྲལ་བ་ཞེས་སྨོས་ཏེ། ཁམས་གསུམ་གྱི་སྲེད་པ་སྤངས་པའོ། །མི་ལྡན་ཞེས་བྱ་བ་ནི་ཉོན་མོངས་པའི་གཞི་སྤངས་པས་སོ། །གང་གིས་འདོད་ཆགས་དང་བྲལ་བ་ཐོབ་ཅིང་དྲི་མ་སེལ་བར་བྱེད་པ་ཡིན་ཞེ་ན། འདི་ ཉིད་སྨྲས་པ། འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་ན་གནས་པའི་གནས་བརྟན་ཡོངས་སུ་དག་པ་ལས་བརྩམས་སོ་ཞེས་ཟེར་རོ། །དགེ་ཞེས་བྱ་བ་ནི་སྲིད་པའི་འབྲས་བུ་ཅན་ནོ། །སྡིག་པ་ཅན་ཞེས་བྱ་བ་ནི་ངན་སོང་གི་འབྲས་བུ་ཅན་ནོ། །གཉི་ག་ ཡིས་ཀྱང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དགེ་བ་དང་སྡིག་པའོ། །མི་གོས་པ་ཞེས་བྱ་བ་ནི་ཉེ་བར་མི་སོགས་པའོ། །དེའི་ཕྱིར་བསོད་ནམས་ཀྱིས་གོས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །སྡིག་པས་ཉེ་བར་གོས་པ་ཉིད་ནི་ཙན་ད་གི་རི་ཀ་ལ་སོགས་པའོ། །གཉི་གས་གོས་པ་ནི་མ་ སྐྱེས་དགྲ་ལ་སོགས་པའོ། །གོས་མེད་ཅེས་བྱ་བ་ནི་དྲི་མ་མེད་ཅིང་ལས་ཟད་པ་དང་ཟག་པ་ཟད་པར་འདིས་བསྟན་ཏོ། །རྡུལ་བྲལ་ཞེས་བྱ་བ་ནི་དེའི་ཕན་ཡོན་བསྟན་པའོ། །ཞི་བ་ནི་ཉེ་བར་ཞི་བ་ཐོབ་པའི་ཕྱིར་རོ། །བསོད་ནམས་ལ་སོགས་པས་ཉེ་བར་གོས་པས་ནི་དེ་ལ་ཉེ་བར་ཆགས་ པར་འགྱུར་ལ་དེ་སྤངས་པས་ནི་དེས་བྱས་པའི་སྦགས་པ་དང་ཡང་བྲལ་བ་ཡིན་ནོ་ཞེས་བསྟན་ཏེ་གང་ཞིག་དགེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཆགས་པ་དེ་ཉེ་བར་སྤང་བ་ལ་སོགས་པ་དང་རྗེས་སུ་མཐུན་པའི་གཉེན་པོ་བསྐྱེད་ནས་ལྷག་པར་ཆགས་པ་དེ་ལས་འདས་པར་ བྱེད་ཅིང་ཟིལ་གྱིས་གནོན་པར་བྱེད་དོ། །སྲེད་པ་སྤངས་པ་དེས་ནི་ཆགས་པ་དེ་ལས་འདས་ཤིང་ཟིལ་གྱིས་མནན་ཏེ་ཆགས་པ་སྤངས་པའོ། །རྣམ་བྲལ་ཞེས་བྱ་བ་ནི་སྲེད་པ་སྤངས་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་དངོས་པོ་སྤངས་པ་སྟེ་ཁམས་གསུམ་ལས་གྲོལ་བའི་ཕྱིར་རོ། །རྣམ་པར་བྲལ་ བའི་ངོ་བོ་བཤད་པ། གང་ཞིག་སྔོན་དང་ཞེས་བྱ་བ་ལ་སོགས་པའོ། །རི་ཁ་བ་ཅན་ན་གནས་པའི་ལྔ་མངོན་པར་ཤེས་པ་དང་ལྡན་པའི་དྲང་སྲོང་མང་པོ་ཤིང་ནྱ་གྲོ་དྷའི་རྒྱལ་པོའི་རྩར་ཉིན་པར་ཉེ་བར་གནས་པར་གྱུར་ཏོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་དེ་ཉིད་ན་འདུག་སྟེ། དེ་དག་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཇི་ཙམ་གྱིས་དེ་བཞིན་གཤེགས་པ་བྲམ་ཟེར་གདགས་པས་གདགས་པར་མཛད་ཅེས་སྨྲས་པ་དང་། དེས་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་པ་ལས་ཇི་ཙམ་ན་འདི་ གསུངས་སོ། །གང་ཞིག་ནི་སེམས་ཅན་ནོ། ཕྱི་མ་དང་ཞེས་བྱ་བ་ནི་ཆུང་མ་བླངས་ནས་བུ་བསྐྱེད་པར་བྱ་ལ་བུ་ལ་ཆུང་མ་བཞག་ནས་ནགས་སུ་འགྲོ་བར་བྱའོ་ཞེས་ཆོས་ཁྲིམས་ཀྱི་གཞུང་ལ་བརྟེན་ནས་ཆུང་མ་དོར་བ་སྟེ་གང་ཞིག་གང་དུ་སེམས་རྒྱུག་པ་མེད་པའི་ཕྱིར་རོ། །སྔོན་དང་ཞེས་བྱ་བ་ ནི་ལོ་བཞི་བཅུ་ལོན་པའི་བར་དུ་གནས་ལ་ནགས་སུ་སོང་ནས་བུ་སྐྱེད་ལ་ཆུང་མ་བླང་བའི་ཕྱིར་ཁྱིམ་དུ་འོང་བ་གང་ཡིན་པ་དེ་ལྟར་འདོད་པ་ཡང་མེད་པའོ། །དབུས་ཀྱང་ཞེས་བྱ་བ་ནི་བདག་ཉིད་གང་ཡིན་པ་ལ་ཆགས་པ་མེད་པ་སྟེ་དངོས་པོ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། ། ཡང་ན་འདིས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ལ་ལྷག་པར་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བསྟན་ཏོ། །ཡོད་པ་མ་ཡིན་པ་ནི་མེད་པའོ། །གང་སྔར་བསྟན་པའི་མེད་པ་དེ་ཉིད་སྨྲས་པ། རྡུལ་བྲལ་ཞེས་བྱ་བའོ། །འདི་ཉིད་སྨྲས་པ། འཆིང་བ་ ལས་གྲོལ་ཞེས་བྱ་བ་སྟེ་བདུད་ཀྱི་འཆིང་བ་དང་བྲལ་བས་སོ། །འཆིང་བ་དེ་གང་ཡིན་པ་དང་། སྡིག་པ་ལས་གྲོལ་བ་གང་ཡིན་པ་དེ་བསྟན་པའི་ཕྱིར། པདྨའི་འདབ་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེའི་རིགས་སུ་སྐྱེས་པ་གཞོན་ཡང་སྡིག་པ་དང་བཟའ་བ་མ་ཡིན་པ་སྤོང་བ་ ཞིག་ཇི་ཙམ་ན་དེ་དགོན་པར་གནས་ནས་དགྲ་བཅོམ་པ་ཐོབ་པ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཆུ་ནི་གཞོལ་འགྲོའོ། །པདྨའི་འདབ་མ་ལྟར་ཞེས་བྱ་བ་ནི་དཔེར་ན་ཆུ་ནི་པདྨའི་འདབ་མ་ལ་གནས་པ་དེ་བཞིན་དུ་གང་ཞིག་སྡིག་པ་ལ་མི་སྤྱོད་དེ་འདོད་ ཆགས་སྤངས་པའི་ཕྱིར་རོ། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །ཞེས་བྱ་བ་ནི་དཔེར་ན། སྨྱུང་བུ་སྟེ་འབིགས་པར་བྱེད་པའི་རྩེ་མོ་ལ་ཡུངས་ཀར་མི་གནས་པ་དེ་བཞིན་དུ་སྡིག་པ་དག་ཁོང་ཁྲོ་བ་སྤངས་པའི་ཕྱིར་མི་སྤྱོད་པའོ། །བཀུར་སྟི་བསལ་བ་དང་མི་འགྱུར་བ་བསྟན་པའི་ ཕྱིར། དཔེ་རྣམ་པ་གཉིས་སམ་ཡང་ན་ཕུན་སུམ་ཚོགས་པའམ་རྒུད་པའི་གནས་སྐབས་ལ་མི་འགྱུར་བར་བསྟན་པའོ། །སྡིག་པ་ལ་མི་འཇུག་པས་ནི་འདོད་པ་སྤོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འདོད་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་པར་ཞེན་པར་མི་ བྱེད་པའོ། །འདོད་པ་སྤངས་པས་ནི་སྲེད་པ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྲིད་ལ་དགའ་བ་ཡོངས་སྤངས་ཏེ། །ཞེས་བྱ་བ་ཡིན་ཏེ་དགའ་བ་ནི་སྲིད་པ་དོན་དུ་གཉེར་བ་སྟེ། དེ་ལས་སྐྱེས་པ་ནི་སྐྱེ་བ་དང་སྲིད་པ་སྟེ་དེ་གཉིས་སྤངས་པ་གང་ཡིན་པ་དེའོ། །ཡང་ན་སྲིད་པ་ ལས་དགའ་བ་ནི་སྲེད་པ་སྐྱེད་པའོ། །སྡིག་པ་ལ་སོགས་པ་གསུམ་དང་འབྲེལ་པ་ནི་ཚིགས་སུ་བཅད་པ་གཞན་གསུམ་གྱིས་བསྟན་ཏེ། ཟླ་བ་དག་ཅིང་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་རི་སྤོས་ཀྱི་ངད་ལྡང་ན་ལྷ་ལ་སོགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་ བཞུགས་ཏེ་ཁང་སྟེང་ནས་ཟླ་བ་ཡོངས་སུ་རྫོགས་ཤིང་དྲི་མ་མེད་པ་ལ་གཟིགས་ཏེ། དེ་བསྟན་པས་འདུལ་བ་དག་གིས་མང་དུ་མཛད་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཟླ་བ་ལྟར་ཞེས་བྱ་བ་ནི་ཟླ་བ་བཞིན་དུའོ། །དྲི་མེད་ཅེས་བྱ་བ་ནི་སྒྲ་གཅན་དང་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བའི་ཕྱིར་ རོ། །དག་པ་ནི་དཀྱིལ་འཁོར་ཡོངས་སུ་མ་རྫོགས་པ་མེད་པའི་ཕྱིར་རོ། །རབ་ཏུ་དང་བ་ནི་སྟོན་ཉེ་བར་གནས་ན་ཤིན་ཏུ་མཛེས་པའི་ཕྱིར་རོ། །སྐྱོན་བྲལ་ནི་དུ་བ་དང་རྡུལ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གང་ལ་ལ་ཞིག་སྡིག་པ་དང་ངན་པར་སྤྱོད་པ་ལ་སོགས་པས་མི་གོས་པའོ། ། ཇི་ལྟར་བྱས་ནས་དྲི་མ་མེད་པ་ཡིན་ཞེ་ན་སེར་སྣའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དག་པ་ནི་ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ཉམས་པ་མེད་པ་དང་ལྡན་པའི་ཕྱིར་རོ། །རབ་ཏུ་དང་བ་ནི་དགེ་བའི་བཤེས་གཉེན་བསྟེན་པ་མཆོག་ཏུ་བྱེད་པས་སོ། །སྐྱོན་བྲལ་ཞེས་བྱ་བ་ནི་ལེགས་པར་ གསུངས་པ་མཉན་པ་ལ་སེམས་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་ཀུན་དུ་རྨོངས་པའི་ལྟ་བ་ངན་པ་དང་བྲལ་བའི་ཕྱིར་ཏེ་དངོས་པོའི་དེ་བཞིན་ཉིད་གཟུང་བས་མ་ངེས་པའི་འཁྲུག་པ་མེད་པའི་ཕྱིར་རོ། །གང་དེ་ལྟ་བུ་དེ་ནི་སྡིག་པས་མི་གོས་པ་ཡིན་ཏེ། དེས་ན་སྡིག་པ་མི་ སྤྱོད་པས་བྲམ་ཟེའོ། །འདོད་པས་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་སོ། །ཡང་དངོས་པོ་གསུམ་པོ་ཉིད་ཀྱི་དབང་དུ་བྱས་ནས། འདམ་རྫབ་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །འོད་སྲུངས་ཆེན་པོའི་ཡོན་ཏན་ལས་བརྩམས་ནས་འདི་གསུངས་ཏེ། འདི་དགེ་སློང་དག་འདི་ལྟ་སྟེ་ནམ་མཁའ་ནི་གཙང་བས་ཀྱང་མི་གོས་སོ། །དེ་བཞིན་དུ་འོད་སྲུངས་ཆེན་པོ་ཡང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་སོ་ཞེས་པ་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །འདམ་རྫབ་ཀྱིས་ནི་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་ནི་འདམ་དང་མི་གཙང་ བ་ལ་སོགས་པས་མི་གོས་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །ཞེས་བྱ་བ་ནི་དཔེར་ན་ཟླ་བའི་དཀྱིལ་འཁོར་ལ་རྡུལ་དང་རྡུལ་ཕྲན་ལ་སོགས་པ་གང་གིས་ཀྱང་མི་གོས་པ་སྟེ་མི་སྦགས་ཤིང་དྲི་མ་ཅན་དུ་མི་བྱེད་དོ། །སྡིག་པའམ་ངན་པར་སྤྱོད་པས་ཀྱང་དེ་བཞིན་དུ་ གང་ཞིག་མི་གོས་པ་ཡིན་ཏེ་དེ་ནི་བྲམ་ཟེའོ། །གང་ཡང་སྡིག་པས་མི་གོས་པ་ཡིན་ནོ་ཞེས་བསྟན་པ་ལ། གང་ཞིག་འདུག་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚེ་དང་ལྡན་པ་ནམ་གྲུས་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་གནས་སོ། །དེ་ནས་ཚངས་པ་ཆེན་པོ་ཚངས་རིས་ཀྱི་ ལྷ་སུམ་བརྒྱས་ཡོངས་སུ་བསྐོར་ཞིང་ཚེ་དང་ལྡན་པ་ནམ་གྲུ་ག་ལ་བ་དེར་ཕྱིན་ཏེ། ཇི་སྲིད་དུ་བཙུན་པ་འདིའི་ཉེ་བར་ཞི་བས་བདག་ཅག་ནི་དགའོ་ཞེས་བྱ་བ་ནས་འདི་གསུངས་སོ། །འདུག་ནས་ཞེས་བྱ་བ་ནི་དབེན་པའི་གནས་སུ་འདུག་པས་སོ། །རྡུལ་བྲལ་ནི་མི་གཙང་བ་ལ་སོགས་ པས་འདོད་ཆགས་ལ་སོགས་པ་བཀག་པས་སོ། །དབེན་པ་གཉིས་ཀྱི་འབྲས་བུ་སྨྲས་པ། སེམས་ཤིང་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་བཞི་མངོན་དུ་བྱེད་པའི་ཕྱིར་ཏེ། དེ་དག་བསམ་གཏན་པའི་ས་པ་ཡིན་པའི་ཕྱིར་རོ། །བྱ་བ་བྱས་པ་ནི་མཐོང་ལམ་བསྐྱེད་པས་ངན་སོང་ གསུམ་བསལ་བའོ། །ཟག་པ་ཟད་པ་ནི་བསྒོམས་པས་སྤང་བར་བྱ་བ་སྤངས་པའི་ཕྱིར་རོ། །དུལ་བ་ནི་མི་སློབ་པའི་ལམ་ཐོབ་པས་ཐམས་ཅད་དུ་འཁྲུལ་པ་སྤངས་པའི་ཕྱིར་རོ། །ལུས་མཐར་གནས་པ་ནི་དེ་ལས་གཞན་པའི་སྐྱེ་བ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། ། ཤེས་པ་དབེན་པས་ནི་ཁྱད་པར་ལ་སོགས་པ་འཐོབ་པ་ཡིན་ནོ་ཞེས་བསྟན་ཏེ། ཤེས་རབ་ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཀུན་དུ་རྒྱུ་མཁས་པ་ཞིག་ཐར་པ་འདོད་དེ་དེའི་བསླབ་པ་བླངས་པ་ལས་དེར་ཐར་པ་མ་ཐོབ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཇི་ཙམ་ན་དེ་ལས་ བརྩམས་སོ། །གཞན་དག་ནི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་བསྙེན་མ་བདེ་མ་ལས་བརྩམས་སོ་ཞེས་ཟེར་རོ། །ཤེས་རབ་ཟབ་པ་ཞེས་བྱ་བ་ལ་ཟབ་པ་ནི་དོན་གཏིང་དཔག་དཀའ་བ་སྟེ་ངེས་པར་འབྱེད་པའི་ཤེས་རབ་གང་གིས་བདག་མེད་པ་ལ་སོགས་པ་རྟོགས་པའི་ཕྱིར་རོ། །ཡིད་གཞུངས་ པ་ནི་སངས་རྒྱས་ཀྱི་གསུང་མཉན་པ་ལ་སོགས་པའི་རིམ་པ་ལ་བརྟེན་ནས་མཐོང་བའི་ལམ་སྐྱེད་པའི་ཕྱིར་རོ། །ལམ་དང་ལམ་མིན་རྣམས་ལ་མཁས། །ཞེས་བྱ་བ་ནི་བསྒོམ་པའི་ལམ་ཐོབ་པ་སྟེ་གང་གི་ཕྱིར་དེ་ནི་ཁྱད་པར་དུ་འདིར་ལམ་ལ་མཁས་པ་ཡིན་ནོ། །གང་ཞིག་དོན་མཆོག་རྗེས་ ཐོབ་དེ། །ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །འཕགས་པའི་ལམ་ལས་སྐྱེས་པའི་ཚོགས་བསྟན་པ། མི་ནི་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པའོ། །དགྲ་བཅོམ་པ་ཀ་ཕྱིན་ཆེན་པོ་བསོད་སྙོམས་ཀྱིས་ ལུས་འཚོ་བར་བྱེད་པ་ལས་བརྩམས་སོ། །གང་ཡང་རུང་བ་དག་ཅེས་བྱ་བའི་ཡང་གི་སྒྲ་ནི་བདག་ཉིད་ཅེས་ངེས་པར་གཟུང་བའམ་སྲིད་པའོ། །མི་ནི་ཞེས་བྱ་བ་ནི་མིའི་འཇིག་རྟེན་ན་ཞེས་བྱ་བ་ངེས་པར་གཟུང་བ་བདུན་པ་སྟེ་མིའི་ནང་ནས་ཞེས་བྱ་བ་ཡིན་ནོ། །འཚོ་བ་དང་ཞེས་བྱ་བ་ ནི་སྲོག་གནས་པར་བྱེད་པའོ། །སློང་མོ་སྤྱད་པས་ཞེས་བྱ་བ་སློང་བའི་ཚོགས་ནི་སློང་མོའོ། །དེའི་ཕྱིར་སྤྱོད་པ་ནི་འཇུག་པ་སྟེ། སློང་པ་དེས་ཡོངས་སུ་འཛིན་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དབེན་པ་དང་ཆོག་ཤེས་པ་སྟོན་པར་བྱེད་དོ། །བདག་མེད་ཅེས་བྱ་བ་ནི་བདག་གིར་བྱེད་པ་ དང་བྲལ་བས་མཐོང་བས་སྤང་བར་བྱ་བ་སྤངས་པར་བསྟན་ཏོ། །སུ་ལའང་གནོད་པ་མི་བྱེད་ཅེས་བྱ་བ་ནི་འགྲོ་བ་དང་གནས་པ་གང་ལ་ཡང་འཚེ་བ་མི་བྱེད་དེ་གནོད་པ་དང་བཅས་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བརྟན་ལྡན་ཞེས་བྱ་བ་ནི་ས་གོང་མ་ལས་ འདོད་ཆགས་དང་བྲལ་བའི་ཕྱིར་རི་བོ་བཞིན་དུ་མི་གཡོ་བའོ། །ཚངས་པར་སྤྱོད་པ་ཅན་ཞེས་བྱ་བ་ནི་མི་སློབ་པའི་ལམ་ཐོབ་པ་སྟེ་བདག་དང་གཞན་གྱི་དོན་བྱས་པའོ། །ཆོས་སྟོན་ཏེ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ཀྱི་ཚིག་གི་རྣམ་པའོ། །ཅིའི་ཕྱིར་ཞེ་ན། ཀུན་ ཤེས་སྤྱད་ཕྱིར་ཞེས་བྱ་བ་སྟེ་ཟག་པ་མེད་པའི་རྟོགས་པ་བསྒྲུབ་པའི་ཕྱིར་རོ། །ལམ་བསྒོམས་པས་དང་པོར་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བསྟན་ཏེ། གང་ཞིག་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོང་དཔོན་སུ་ཏ་ཞེས་བྱ་བའི་ཁྱེའུ་གཟུགས་བཟང་བ་ ལྷག་པར་འདོད་པ་དག་ལ་སེམས་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་སོང་སྟེ། །འོ་བུ་ཅག་ཕྱི་རོལ་དུ་འདོང་ཞེས་བྱས་ནས་ཕྱི་རོལ་དུ་ཁྱེར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཏེ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ནས་ཆོས་ཐོས་པས་རྒྱུན་དུ་ཞུགས་པའི་འབྲས་ བུ་འཐོབ་སྟེ་དེ་ལས་བརྩམས་ནས་འདི་གསུངས་སོ། །སྤངས་ཤིང་ཞེས་བྱ་བ་ནི་རབ་ཏུ་བོར་བའོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །ལེགས་པ་ནི་ཕྱིན་ཅི་མ་ལོག་པའི་གཉེན་པོས་སོ། །དེའི་གཉེན་པོ་ནི་ཁྱིམ་མེད་པར་ནི་རབ་ཏུ་བྱུང་སྟེ་ཞེས་བྱ་བ་སྟེ། རབ་ཏུ་བྱུང་བ་ ཡོངས་སུ་འཛིན་པ་འགྲོ་བའི་དོན་དང་འཐོབ་པའི་དོན་ཏོ། །དེ་མ་གཏོགས་པར་ནི་ཡུལ་གྱིས་བྱས་པའི་གཡེང་བ་དང་བྲལ་བ་མེད་པའི་ཕྱིར་རོ། །འདོད་པའི་ཟག་པ་ཡོངས་ཟད་དེ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་བརྟེན་ཏེ་ཞི་གནས་དང་ལྷག་མཐོང་གི་མཐུས་འདོད་པའི་ཉོན་མོངས་པ་མཐའ་ དག་སྤངས་པའི་ཕྱིར་རོ། །འདིར་ནི་ཕྱིར་མི་འོང་བ་ཉིད་སྟོན་ཏོ། །འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་འཚེ་བ་མེད་པར་འགྱུར་རོ་ཞེས་བསྟན་ཏེ། །འགྲོ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱི་བློན་པོའི་མཆོག་པ་མ་ཀ་ཞེས་བྱ་བ་གཏུམ་ ལ་ཚམ་ཚོམ་མེད་པ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །དེ་གདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱིས་ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པ་སྤྲུལ་ཏེ་དེ་ཡང་ཁ་དང་ཀུ་ར་ར་ལ་སོགས་པས་ལག་པ་ནས་ཉེ་བར་གཙེས་པ་དང་། ཉམ་ཐག་པའི་ང་རོ་ འདོན་པར་བྱེད་དོ། །དེས་དེ་མཐོང་ནས་ཡིད་བྱུང་ངོ་། །ཅི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱིས་ལས་ཅི་ཞིག་བྱས་ཞེས་བཀའ་སྩལ་པ་དང་། བདག་གིས་ནི་རྒྱལ་པོའི་ཆད་པ་གཅོད་པའི་ལས་བགྱིས་སོ་ཞེས་གསོལ་པ་དང་། དེས་ཀྱང་དེ་སྐད་ཅེས་གསོལ་པ་ནས་དེ་འཇིགས་པས་ རབ་ཏུ་བྱུང་སྟེ་དེ་ལས་བརྩམས་ནས་འདིའོ། །མི་གཅོད་པ་ནི་སྤངས་པ་དང་བོར་པའོ། །ཆད་པ་ནི་འཚེ་བའོ། །གང་ལ་ཞེ་ན་འབྱུང་པོ་རྣམས་ལ་སྟེ་འཇིག་རྟེན་ལའོ། །གང་ལ་ཞེ་ན་འགྲོ་བ་དང་ཞེས་བྱ་བ་སྨོས་ཏེ་སྲོག་དང་བཅས་པ་དག་ལའོ། །གནས་པའི་ཞེས་བྱ་བ་ནི་སེམས་མེད་པའོ། ། ཇི་སྐད་དུ། སྡོང་དུམ་ཚིག་པ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ཅན་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ལྟ་བུའོ། །གནས་པའི་དུག་ཀྱང་འགྲོ་བའི་དུག་བཞིན་དུ་ཉེ་བར་སྤྱོད་པར་གྱུར་ན་གསོད་པར་བྱེད་པ་བཞིན་དུ་འགྲོ་བ་གཉིས་པོ་དག་ལ་ འཚེ་བ་བྱས་ན་བྱེད་པ་པོ་ལ་གནོད་བར་འགྱུར་ཏེ་དེ་ཡང་བཤད་པ། །འགྲོ་བ་དང་ནི་གནས་པའི་དུག །སྤྱོད་བྱེད་ངེས་པར་འཆིང་འགྱུར་ཏེ། དེ་བཞིན་འཚེ་བར་བྱེད་པ་ཡིན། །འཚེ་བྱེད་ཉིད་ལ་ངེས་པར་གནོད། །ཅེས་སོ། །ཆད་པས་གཅོད་དུ་མི་འཇུག་པ་དེ་གང་ཡིན་ཞེ་ན། གསོད་བྱེད་ གསོད་དུ་མི་འཇུག་དེ། །ཞེས་བྱ་བ་ཡིན་ཏེ། བདག་དང་གཞན་གྱི་ལག་གིས་གཞན་ལ་གསོད་པར་མི་བྱེད་པའི་ཕྱིར་ཏེ། གཞན་གསོད་དུ་ཡང་མི་འཇུག་ལ་བདག་ཉིད་ཀྱང་གསོད་པར་མི་བྱེད་པའོ། །མི་འཚེ་བའི་བསམ་པའི་ངོ་བོ་ཉིད་སྨྲས་པ། །གང་ཞིག་མི་མཐུན་ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཅན་དག་ཚར་བཅད་པ་ལས་མཐའ་ཁོབ་ལ་བརྟེན་པར་བྱེད་དོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་བདེ་བྱེད་དེ་ན་གནས་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་པ་ནས་ཅི་ཙམ་ན་བྲམ་ཟེ་ཕྲག་དོག་གི་རང་བཞིན་ཅན་མི་མཐུན་པ་དག་གིས་རྣམ་པར་གྱུར་ ཀྱང་ཁྲོ་བར་མ་གྱུར་ཏོ། །གཞན་དག་ནི་ཉེ་བར་ཞི་བའི་དགེ་སྦྱོང་ཞིག་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་དག་ནི་གཞན་གྱིས་ཤིན་ཏུ་གཙེས་ཀྱང་འགྱུར་བ་མེད་པ་ཞིག་ལས་བརྩམས་སོ་ཞེས་ཟེར་རོ། །མཐུན་བྱེད་པ་ཞེས་བྱ་བ་ལ་མི་མཐུན་པ་ནི་ཞེ་འགྲས་པའོ། །དེ་མེད་པ་ནི་རྒྱུད་ མཉེན་པ་ཞེས་བྱ་བའི་དོན་ཏོ། །གང་ལ་མི་མཐུན་པར་བྱེད་པ་ཡིན་ཞེ་ན། མི་མཐུན་ཞེས་སྨོས་ཏེ་ཞེ་འགྲས་པ་དག་ལའོ། །ཆད་པས་གཅོད་པ་ཞེས་བྱ་བ་ནི་ཆད་པས་གཅོད་པ་གང་ཡིན་པ་དེ་ཉིད་དེ་ལུས་དང་ངག་གིས་སེམས་ཅན་གཞན་ལ་གནོད་པ་བྱེད་ པའོ། །དང་དུ་ལེན་ཞེས་བྱ་བ་ནི་སེམས་ཅན་ལ་ཆད་པ་སོ་སོར་མི་བྱེད་པར་འཇོག་པ་སྟེ་འདིར་མ་ཧེའི་སྐྱེས་པའི་རབས་དཔེར་བརྗོད་པར་བྱའོ། །འདིར་གཉི་གའི་རྒྱུ་བསྟན་པའི་ཕྱིར། འབྱུང་པོ་རྣམས་ལ་བརྩེ་ཕན་ཞེས་བྱ་བས་བསྟན་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་སྒྲུབ་ པ་ནི་ཕན་པའོ། །བརྩེ་བ་ནི་སྙིང་རྗེའི་སེམས་གང་ལ་ཡོད་པ་སྟེ། སེམས་ཅན་ཚད་མེད་པ་ལ་འགྲོ་བའོ། །མཐུན་པར་བྱེད་པ་གང་ཡིན་ཞེ་ན་འདིར་སྨྲས་པ། སྨྱུང་བུའི་རྩེ་ལ་ཞེས་བྱ་བ་སྟེ་དགེ་སློང་ཞིག་དགོན་པ་ལ་དགའ་ཞིང་ཡུལ་གྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་ རྙེད་པ་དང་བཀུར་སྟི་ལ་མངོན་པར་ཆགས་པ་གང་ལ་ཡང་གནས་པར་མི་བྱེད་པ་དེ་ལས་བརྩམས་སོ། །འཇོམས་པ་སྤངས་པ་སྟེ། རྒྱུད་ལས་བསལ་བའི་ཕྱིར་རོ། །འདིར་དཔེ་བསྟན་པ། སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་ ཀུན་ད་ནའི་ནགས་ཚལ་ན་གནས་བརྟན་ཤེས་པ་ལ་ཞེས་བྱ་བ་ལས་བརྩམས་སོ། །སྲེད་པ་ནི་ཡོངས་སུ་བསྒོས་པ་སྟེ་འདམ་ལྟ་བུར་མི་འདོད་པའོ། །ཇི་སྐད་དུ་བཤད་པ། འཇིག་རྟེན་འདི་ན་ཡོངས་སུ་དག་པ་ལ་འཇུག་པ་སྟེ་བསྒོས་པའི་རང་བཞིན་འགོག་པར་བྱེད་ཅིང་འདས་པ་ ནི་དགེ་སློང་ཞེས་བརྗོད་དོ། །རྫོང་ནི་སྤང་བར་དཀའ་བ་སྟེ་འཕགས་པའི་ལམ་མ་གཏོགས་པར་དེས་ཐམས་ཅད་སྤང་བར་མི་ནུས་པའི་ཕྱིར་རོ། །གཞན་དག་ནི་བསྒོས་པ་ཞེས་བྱ་བ་མ་རིག་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ཀྱང་འོབས་ཞེས་བརྗོད་དེ་དེའི་དོན་ནི་སྔར་བཤད་ཟིན་ ཏོ། །འཁོར་བའི་ཀླུང་ལས་ཞེས་བྱ་བ་ནི་འཁོར་བའི་ཆུ་བོར་ལྟུང་བ་ལས་སོ། །རབ་རྒལ་ཅིང་ཞེས་བྱ་བ་ནི་འཕགས་པའི་ལམ་དང་ལྡན་པས་རྒལ་བར་གྱུར་པའོ། །རྒལ་ནས་ཞེས་བྱ་བ་ནི་འདས་པར་གྱུར་པ་སྟེ་སྲེད་པའི་རྒྱ་མཚོ་ལས་རྒལ་བའི་ཚུལ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ ཕྱིར། ཕ་རོལ་འགྲོ་བ་ཞེས་བྱ་བ་སྟེ། མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །སེམས་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །མི་བཀྲི་བ་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་ལས་དང་ཉོན་མོངས་པས་ཁྲིད་པར་མི་ནུས་པའི་ཕྱིར་རོ། །སྔར་བསྟན་པའི་མཐོང་བ་ཉམས་ པ་ཡིན་ནོ་ཞེས་བསྟན་པ། ཡིད་གཉིས་ཀྱིས་ནི་ཞེས་བྱ་བ་ཁམས་གསུམ་གྱི་ཐེ་ཚོམ་སྤངས་པའི་ཕྱིར་རོ། །ལོག་པ་ཞེས་བྱ་བ་ནི་ལུས་དང་སེམས་མངོན་པར་ཞི་བ་དང་ལྡན་པའི་ཕྱིར་རོ། །ལེན་པ་མེད་པ་ནི་ལས་དང་ཉོན་མོངས་པ་རྩ་ནས་དྲུངས་ཕྱུང་བ་ཡང་སྐྱེ་བའི་འཁྲུག་པ་མེད་ པའི་ཕྱིར་རོ། །སྲེད་པ་ནི་རྣམ་གྲངས་བསྟན་པའི་ཕྱིར། གང་ཞིག་འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་འཇིག་རྟེན་འདི་དག་ནི་སྲེད་པས་འཁོལ་ཅིང་སྲེད་པའི་དབང་དུ་འགྲོ་བའོ་ཞེས་པ་ནས་འདི་གསུངས་སོ། །གང་འཇིག་རྟེན་འདི་ལ་ལྷག་ པར་ཞེན་པའི་མཚན་ཉིད་སྲེད་པ་ཡང་མེད་ལ། འཇིག་རྟེན་ཕ་རོལ་དོན་དུ་གཉེར་བའི་མཚན་ཉིད་ཀྱང་མེད་དེ། སྲེད་པ་མཐའ་དག་ཡོངས་སུ་ཟད་པ་དེ་ཉིད་ནི་དོན་དམ་པའི་བྲམ་ཟེའོ། །སྲེད་པའི་རྣམ་གྲངས་ཡང་སྨྲས་པ། གང་ཞིག་འཇིག་རྟེན་འདི་དང་ནི། །ཞེས་བྱ་བ་ལ་སོགས་ པའོ། །ཡང་ན་སྲེད་པ་ནི་རྣམ་པ་གསུམ་སྟེ་ངན་པར་སྤྱོད་པ་ལ་སྲེད་པ་དང་། ལེགས་པར་སྤྱོད་པ་ལ་སྲེད་པ་དང་། སྲིད་པའི་སྲེད་པ་སྟེ་གོ་རིམས་བཞིན་དུ་གོས་པར་བསྟན་པ་ཡིན་ནོ། །གང་ཞིག་འཇིག་རྟེན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གར་མཁན་གྱི་བུ་མོ་ གཟུགས་ཤིན་ཏུ་བཟང་པོ་ལ་ཚོང་དཔོན་གྱི་བུ་ཞིག་ཆགས་ཏེ་དེའི་བཟོ་ལ་འཇུག་པ་ལས་རྒྱལ་པོས་སོད་ཅིག་ཅེས་བསྒོས་ཏེ་འཚེ་བའི་རེ་བ་བཏང་བ་ལས་འཕགས་པ་ཤཱ་རིའི་བུས་སྐྱབས་བྱས་ཏེ་སྲེད་པ་སྤངས་པ་དེའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་ སོ། །མངོན་པར་འདོད་པའི་དངོས་པོ་མ་ཐོབ་པ་ཐོབ་པར་འདོད་པ་ནི་ཆགས་པ་ཞེས་བྱ་བའི་དོན་ཏོ། །གང་ལ་འདིའམ་གཞན་དུ་དེ་མེད་པ་ནི་ཆགས་མེད་དེ་སྲེད་པ་མེད་པའོ། །རྣམ་པར་བྲལ་བ་ཞེས་བྱ་བ་ནི་འཆིང་བ་ལྷག་མ་སྤངས་པའོ། །སྲེད་པ་དང་དེས་བྱས་པའི་གདུང་བ་ སྤངས་པའི་ཕན་ཡོན་སྨྲས་པ། དགའ་དང་མི་དགའ་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་གི་བུ་ཞིག་དམྱལ་བར་སྐྱེས་པ་ལས་ཤི་འཕོས་ཏེ་སྐྱེ་བ་དྲན་པར་གྱུར་པ་ཡང་དང་ཡང་དུ་ཚ་བས་རྔུལ་འབྱིན་ཅིང་ཡང་དང་ཡང་དུ་ཆུ་བོའི་ནང་དུ་འཇུག་པར་བྱེད་དོ། ། ཇི་ཙམ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས་དེའི་དབང་དུ་བྱས་པའོ། །སྤངས་པ་ནི་རབ་ཏུ་བཏང་བའོ། །དགའ་བ་དང་ཞེས་བྱ་བ་ནི་འདོད་པ་ལ་དགའ་བ་སྟེ་དེ་ནི་སྐྱེ་བ་གཞན་དུ་གཞན་གྱི་ཆུང་མ་ལ་བྱི་བྱེད་པར་གྱུར་པའོ། །མི་དགའ་བ་ཞེས་བྱ་བ་ནི་རྣམ་པར་སྡང་བ་སྟེ་ ཡིད་མི་བདེ་བ་ལ་སོགས་པ་སྐྱེད་པས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་དུ་འཇུག་པའོ། །བསིལ་བར་གྱུར་པ་ནི་ཚིམ་པ་ཐོབ་པ་སྟེ་ཉོན་མོངས་པ་དང་དེས་བྱས་པའི་གདུང་བ་མེད་པའི་ཁྱད་པར་བསྟན་ཏོ། །དབེན་པའི་དགའ་བ་དང་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་སྤངས་ པར་བསྟན་ཏེ། ཟག་པ་མེད་པ་ཞེས་བསྟན