Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 144

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
་བར་མ་ཡང་རྣམ་པར་ཤེས་པ་དྲུག་དང་ལྡན་པའི་ཕྱིར་དེ་ལྟར་བཤད་ན། རྣམ་པར་ཤེས་པ་གང་ཞེ་ན་རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བཤད་པ་དེ་འཐད་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། གལ་ཏེ་རྣམ་པར་ཤེས་པའི་རྒྱུན་ལས་ཀྱིས་
ཡོངས་སུ་བསྒོས་པ་ཐམས་ཅད་སྲིད་པ་བར་མའི་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནས་བཟུང་སྟེ། སྐྱེ་བའི་སྐད་ཅིག་གི་བར་དུ་འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པའོ་ཞེས་བྱ་བ་ཡིན་ན་ནི་དེའི་ཕྱིར་རྣམ་པར་ཤེས་པ་རྣམ་པར་དབྱེ་བ་བསྟན་པའི་རྣམ་པར་ཤེས་པ་ཚོགས་དྲུག་གོ་ཞེས་
བྱ་བ་རིགས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅན་ཞེས་བྱ་བ་ནི་དེ་ལྟ་ན་རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་རྣམ་པར་ཤེས་པ་རྣམ་པར་དབྱེ་བ་དང་འགལ་བར་འགྱུར་ཏེ། གནས་སྐབས་དེར་ཡིད་ཀྱི་རྣམ་
པར་ཤེས་པ་ཁོ་ན་ཙམ་ཞིག་ཏུ་འགྱུར་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིང་མཚམས་སྦྱོར་བས་གཞན་དག་མེད་པར་འགྱུར་རོ། །དེའི་ཕྱིར། འདི་སྐད་དུ། རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་གསུངས་པར་འགྱུར་གྱི། རྣམ་པར་ཤེས་
པའི་ཚོགས་དྲུག་གོ་ཞེས་བྱ་བར་ནི་མ་ཡིན་ནོ། །མིང་དང་གཟུགས་ཕུང་པོ་ལྔ་པོ་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་ཏེ། འདིར་མིང་དང་གཟུགས་ནི་མ་ཤི་བར་དུ་ཡན་ལག་ཏུ་རིག་པར་བྱའི། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར། མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་

མཆེད་དྲུག་དོད་ཚུན་ཆད་དོ། །ཞེས་བྱ་བ་ནི་མ་ཡིན་ནོ། །ཡང་མིང་དང་གཟུགས་ཕུང་པོ་ལྔ་པ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་འབྱེད་པ་ལས་དེ་སྐད་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་
རྣམ་པར་འབྱེད་པའམ། མིང་དང་གཟུགས་རྣམ་པར་འབྱེད་པའི་མདོ་ལས་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་རོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འབྱུང་བ་
ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་དེ་ཐམས་ཅད་དེ། གཟུགས་འདི་དང་། སྔར་གྱི་མིང་འདི་གཉིས་ནི་མིང་དང་གཟུགས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་ངོ་། །མིང་དང་གཟུགས་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་ནུར་ནུར་པོ་དང་། མེར་མེར་པོ་དང་།
ནར་ནར་པོ་དང་། མཁྲང་འགྱུར་ལ་སོགས་པའི་ངོ་བོས་དབང་པོ་བསྐྱེད་པར་བྱ་བ་ལ་ཆེས་དང་། ཤིན་ཏུ་ཆེས་ཉེ་བའི་ངོ་བོའི་རིམ་པས་སོ། །འདོད་པའི་སྲེད་པ་ནི་འདོད་པ་ན་སྤྱོད་པའི་སྲེད་པའོ། །བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཟུགས་ཀྱི་
སྲེད་པའོ་ཞེས་བྱ་བ་ལ། བསམ་གཏན་གསུམ་ན་ནི་ཚོར་བ་བདེ་བ་ལ་གཟུགས་ཀྱི་སྲེད་པ་གཟུགས་ན་སྤྱོད་པའོ། །བསམ་གཏན་བཞི་པ་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཟུགས་ཀྱི་སྲེད་པའོ། །གཟུགས་མེད་པའི་ཁམས་ན་ནི་ཚོར་བ་གཞན་མེད་
པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཟུགས་མེད་པའི་སྲེད་པ་སྟེ། ཐམས་ཅད་ལ་སྡུག་བསྔལ་གྱིས་གཟིར་བ་ཞེས་བྱ་བར་སྦྱར་བར་བྱའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་ཏེ་ཞེས་བྱ་བ་ལ། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་།
བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་རྣམས་ཉེ་བར་ལེན་ཏོ། །དེ་ལ་འདོད་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་དག་གོ་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །འདོད་པར་བྱ་ཞིང་དོན་དུ་གཉེར་བར་བྱ་བས་ན་འདོད་པ་རྣམས་ཏེ། དེ་ཉིད་ཀུན་དུ་རྟོག་

པའི་འདོད་པས་བྱང་བས་ན་ཡོན་ཏན་ཏེ། གོམས་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ཉིད་ནི་ཁྱི་དང་། བ་ལང་གི་བརྟུལ་ཞུགས་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པ་དག་བསྡུའོ། །ཇི་སྐད་དུ་གཅེར་བུ་པ་ལ་
སོགས་པ་རྣམས་ནི་ཞེས་བྱ་བ་ལ། འདི་ཡང་བརྟུལ་ཞུགས་ཡིན་ནོ། །བྲམ་ཟེའི་བརྟུལ་ཞུགས་ནི་དབྱུ་གུ་དང་། གཡང་གཞི་ཡང་དག་པར་ལེན་པའོ། །ཕྱུགས་བདག་པའི་ནི་རལ་བུ་དང་ཐལ་བའོ། །ཀུན་དུ་རྒྱུའི་ནི་དབྱུ་གུ་གསུམ་པ་དང་སྒྲེ་བོ་ཡང་དག་པར་ལེན་པའོ། །སོགས་པ་
ཞེས་བྱ་བའི་སྒྲས་ནི་ཐོད་པ་ཅན་ལ་སོགས་པ་རྣམས་ནི་ཐོད་པ་སྲེལ་བ་ལ་སོགས་པ་བསྡུའོ། །བདག་ཏུ་སྨྲ་བ་ནི་ལུས་ལ་སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་ལ་བདག་ཅེས་བརྗོད་པའི་ཕྱིར་ཏེ། དེ་ལ་བདག་ཏུ་སྨྲ་བ་ཡོད་པས་ན་བདག་ཏུ་སྨྲ་བའོ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་
དགེ་སློང་ངམ་བྲམ་ཟེ་གང་ཡང་སུ་ཡང་རུང་སྟེ། བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་བས་ཡང་དག་པར་རྗེས་སུ་ལྟ་བ་དེ་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཞེས་རྒྱས་པར་ཇི་སྐད་དུ་གསུངས་པ་ལྟ་བུའོ། །གལ་ཏེ་ལུས་བདག་ཡིན་ན། དེ་ལྟ་ན་བདག་ཏུ་ཉེ་བར་
ལེན་པ་ཞེས་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར། བདག་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཡོད་ན་ནི་བདག་ཉེ་བར་ལེན་པའི་ཞེས་བརྗོད་ན། དེ་ནི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་མེད་པར་ཤེས་པར་བྱ་བའི་ཕྱིར་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བཤད་
དོ། །བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་བཏགས་པའི་རྗེས་སུ་ལྟུང་བ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ལྷན་ཅིག་སྐྱེས་པ་དང་ལུང་དང་། རྟོགས་པ་ལས་སྐྱེས་པའི་ཤེས་རབ་རྣམས་མེད་པའི་ཕྱིར་རོ། །བཏགས་པའི་རྗེས་སུ་ལྟུང་བ་ཞེས་བྱ་བ་ནི་མིང་ཇི་ལྟ་བ་དང་ཐ་སྙད་
ཇི་ལྟ་བ་དེ་ལྟ་བུའི་རྗེས་སུ་སོང་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་སྟེ་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་ལྟ་བ་དག་ལ་སྟེ། དེ་ལ་འདོད་པ་ལ་སོགས་པ་མ་ཐོབ་པ་དག་ལ་ནི་འདུན་པ་སྟེ་

དོན་དུ་གཉེར་བའོ། །ཐོབ་པ་དག་ལ་ནི་འདོད་ཆགས་ཏེ་མངོན་པར་ཞེན་པའོ། །སྲིད་པའི་ཞེས་བྱ་བ་ནི་ཡང་སྲིད་པའི་འབྲས་བུ་ཅན་ནོ། །དེ་ནི་འདིར་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་འདིར་སྲིད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་འདིར་སྲིད་
པའི་ཚིག་བླ་དགས་སམ་མཚན་ཉིད་དོ་ཞེས་ཟེར་རོ། །རྣམ་པར་ཤེས་པ་འཇུག་པའི་ཚུལ་དུ་ཞེས་བྱ་བ་ནི་ལས་ཀྱི་འཕེན་པའི་དབང་གིས་རྣམ་པར་ཤེས་པའི་རྒྱུན་སྲིད་པ་བར་མ་དང་འབྲེལ་པའི་ཕྱིར་མེ་འབར་བ་འགྲོ་བའི་ཚུལ་དུ་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་ཏེ་ཞེས་སྔར་ཇི་སྐད་བསྟན་
པ་བཞིན་ནོ། །མདོ་དེ་ལས་ཇི་སྐད་བཤད་པ་ལྟ་བུའོ་ཞེས་བྱ་བ་ནི་རྒ་བ་གང་ཞེ་ན། སྤྱི་ཅེར་དང་མགོ་སྐྱ་ནས་འདུ་བྱེད་རྣམས་རྙིངས་པར་གྱུར་པ་དང་། འཁོགས་པར་གྱུར་པ་གང་ཡིན་པ་སྟེ། འདི་ནི་རྒ་བ་ཞེས་བྱ་བ་སྟེ། འཆི་བ་གང་ཞེ་ན། སེམས་ཅན་དེ་དང་དེ་དག་སེམས་
ཅན་གྱི་རིས་དེ་དང་དེ་ནས་འཆི་ཞིང་འཆི་འཕོ་ཉིད་ནས་འཆི་བའི་དུས་བྱེད་པ་གང་ཡིན་པ་འདི་ནི་འཆི་བ་ཞེས་བྱ་བ་སྟེ། འཆི་བ་འདི་དང་སྔར་གྱི་རྒ་བ་འདི་གཉིས་ནི་རྒ་ཤི་ཞེས་འབྱུང་བའོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྔར་བཤད་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བཅུ་གཉིས་དང་ལྡན་
པའི་ཕུང་པོ་ལྔ་པའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་དག་ཡིན་ནོ་ཞེས་བྱ་བའོ། །ཡི་གེ་མའི་དོན་དུ་མ་ཉིད་ཡིན་པར་མཐོང་སྟེ་འདྲི་བ་ནི་མ་རིག་པའི་དོན་གང་ཡིན་ཞེས་བྱ་བའོ། །རིག་པ་མ་ཡིན་པ་གང་ཡིན་པའོ། །མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་
ཡང་མིག་དང་རྣ་བ་ལ་སོགས་པ་དག་ཀྱང་མ་རིག་པར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་རིག་པ་མ་ཡིན་པའི་ཕྱིར་རོ། །ཅི་ཡང་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་གང་གི་ཚེ་མ་རིག་པ་རིག་པ་མེད་པ་ཡིན་ན་རྫས་མ་ཡིན་པ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིག་པ་མ་ཡིན་
ནོ་ཞེས་བྱ་བ་ནི་རྐྱེན་གྱི་དངོས་པོར་བསྟན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བས་ནི་དགག་པའི་ཚིག་གི་ནི་འགལ་བ་ལའོ། །ཞེས་སྟོན་ཏོ། །མཛའ་བོ་ལས་གཞན་པ་གང་ཡིན་པ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་ཙམ་ཡང་མ་ཡིན་པར་སྟོན་ཏོ། །

མཛའ་བ་མེད་པར་ཡང་མ་ཡིན་པ་ཞེས་བྱ་བ་ནི་ཅི་ཡང་མ་ཡིན་པར་འགྱུར་བས་སོ། །ཆོས་མ་ཡིན་པ་དང་དོན་མ་ཡིན་པ་དང་། བྱ་བ་མ་ཡིན་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མི་རིགས་པ་དང་། ཐ་སྙད་མ་ཡིན་པ་དང་། མི་མ་ཡིན་པ་ལ་སོགས་
པ་རྣམས་བསྡུའོ། །ཆོས་ལ་སོགས་པའི་མི་མཐུན་པར་གྱུར་པ་ཞེས་བྱ་བ་ལ། ཆོས་དང་དོན་དང་རིགས་པ་དང་། ཐ་སྙད་དང་མི་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་གྱི། ཆོས་ལ་སོགས་པ་མེད་པ་ཙམ་མ་ཡིན་ལ། ཆོས་ལ་སོགས་པ་དག་ལས་གཞན་ཡང་
མ་ཡིན་པ་དེ་བཞིན་དུ་མ་རིག་པ་ཡང་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ཡིན་གྱི། རིག་པ་ལས་གཞན་པ་མ་ཡིན་ཞིང་མེད་པ་ཙམ་མ་ཡིན་ནོ། །རྐྱེན་གྱི་དངོས་པོར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་འདུ་བྱེད་རྣམས་ཀྱི་རྐྱེན་གྱི་
དངོས་པོར་བསྟན་ན། མེད་པ་ནི་བརྗོད་དུ་མེད་པའི་ཕྱིར་རྐྱེན་གྱི་དངོས་པོར་རིགས་པ་མ་ཡིན་ལ། མིག་ལ་སོགས་པ་དག་ཀྱང་འདུ་བྱེད་ཀྱི་རྐྱེན་གྱི་དངོས་པོ་མ་ཡིན་ཏེ། དགྲ་བཅོམ་པ་ལ་ཡང་འདུ་བྱེད་འཕེལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཀུན་སྦྱོར་སོགས་ཚིག་ཕྱིར་ཞེས་
བྱ་བ་ལ། ཀུན་དུ་སྦྱོར་བ་དག་ཏུ་ནི་མ་རིག་པའི་ཀུན་དུ་སྦྱོར་བ་ཞེས་བཤད་ལ། ཟག་པ་དག་ཏུ་ནི་མ་རིག་པའི་ཟག་པ། འཆིང་བ་དག་ཏུ་ནི་གཏི་མུག་གི་འཆིང་བ། ཕྲ་རྒྱས་དག་ཏུ་ནི་མ་རིག་པའི་ཕྲ་རྒྱས། ཆུ་བོ་དག་ཏུ་ནི་མ་རིག་པའི་ཆུ་བོ། །སྦྱོར་བ་དག་ཏུ་ནི་མ་རིག་པའི་སྦྱོར་
བ་ཞེས་བྱ་བ་ནི། མེད་པ་ཙམ་ནི་དེ་ལྟར་འགྱུར་བར་མི་འོས་ལ། མིག་ལ་སོགས་པ་དག་ཀྱང་ཀུན་དུ་སྦྱོར་བ་དང་འཆིང་བ་ལ་སོགས་པ་དག་ཏུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་ཀྱང་མ་གྲོལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མ་རིག་
པའི་མི་མཐུན་ཕྱོགས་སུ་འགྱུར་བ་ཆོས་གཞན་ཡིན་ནོ། །དེ་ཡང་ལྟ་བའི་རང་བཞིན་ཡིན་པས་ཞེས་བྱ་བ་ལ། སྨད་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་པས་དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་ཡིན་ལ། དེ་ཡང་འཇིག་

ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་རྣམ་པ་ལྔ་ཡིན་ན། ལྟ་བ་ནི་མ་རིག་པར་མི་རུང་སྟེ། མ་རིག་པའི་ཕྲ་རྒྱས། ལྟ་བའི་ཕྲ་རྒྱས་ཞེས་འདོད་ཆགས་ལ་སོགས་པ་བཞིན་དུ་ལོགས་ཤིག་ཏུ་གསུངས་པའི་ཕྱིར་རོ། །འོ་ན་ནི་གང་ཉོན་མོངས་པ་ཅན་གྱི་
ཤེས་རབ་ལྟ་བ་མ་ཡིན་པ་དེ་ཡིན་པར་འགྱུར་ལ། དེ་ཡང་འདོད་ཆགས་དང་ཞེ་སྡང་དང་། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཞེས་བྱ་བ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་
དོན་ཏོ། །གཏི་མུག་ཉོན་མོངས་པའི་ས་མང་པོ་པར་ངེས་པས་ལྟ་བ་མ་རིག་པ་དང་མཚུངས་པར་ལྡན་ལ། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་བསྡུས་པ་ཡིན་གྱི། མཚུངས་པར་ལྡན་པ་མ་ཡིན་ནོ། །ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་ན་མ་རིག་པ་ཤེས་རབ་ཉིད་མ་ཡིན་
ནོ་ཞེས་བྱ་བར་ངེས་སོ། །ཤེས་རབ་ཉེ་ཉོན་མོངས་བསྟན་ཕྱིར། །ཞེས་བྱ་བ་འདི་ལས་ཀྱང་ཞེས་བྱ་བར་རྒྱས་པར་འབྱུང་སྟེ། ཇི་ལྟར་སེམས་ཀྱི་ཉེ་བའི་ཉོན་མོངས་པ་སེམས་ལས་གྱུར་པ་འདོད་ཆགས་གཞན་ཉིད་ཡིན་པར་གསུངས་ཀྱི། སེམས་མ་ཡིན་པ་དེ་བཞིན་དུ། ཤེས་
རབ་ཀྱི་ཉེ་བའི་ཉོན་མོངས་པ་ཡང་དེ་དང་མཚུངས་པར་ལྡན་པས་མ་རིག་པ་ཆོས་གཞན་ཡིན་པར་རིགས་ཀྱི། ཤེས་རབ་ཀྱི་ཉེ་བའི་ཉོན་མོངས་པ་ཤེས་རབ་ཉིད་ནི་མ་ཡིན་ཏེ། མཚུངས་པར་མི་ལྡན་པའི་ཕྱིར་རོ། །འདྲེས་ན་རྣམ་པར་མི་འདག་པས་ཞེས་བྱ་བ་ནི་ཤེས་རབ་དགེ་བ་ནི་མཇུག་
ཐོགས་སུ་འབྱུང་བའི་ཤེས་རབ་ཉོན་མོངས་པ་ཅན་དང་འདྲེས་ན་རྣམ་པར་མི་འདག་གོ་ཞེས་བྱ་བའོ། །དེ་ཡང་གདོན་མི་ཟ་བར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཡིན་ནམ་ཅི་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་ནམ་ཞེས་བྱ་བའོ། །བག་ཆགས་དེ་ཞེས་བྱ་བ་ནི་འདོད་
ཆགས་ལ་སོགས་པ་གནས་ངན་ལེན་གྱི་བག་ཆགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་འགྱུར་བའི་ཞེས་བྱ་བ་ལ། འདིར་མ་རིག་པའི་སྒྲས་ནི་ཤེས་རབ་ཉོན་མོངས་པ་ཅན་ཁོ་ན་རིག་པར་བྱ་སྟེ། གང་གི་ཕྱིར་ཐལ་མ་ཐག་ཏུ་ཡང་ཅིའི་ཕྱིར་ཤེས་རབ་

ཉོན་མོངས་པ་ཅན་དང་ཞེས་རྒྱས་པར་འབྱུང་བའི་ཕྱིར་རོ། །མ་རིག་པས་ཉེ་བར་བཅོམ་པ་ཡང་དེ་བཞིན་དུ་བརྟག་པར་བྱ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པ་ལས་ནི་མ་ཡིན་ནོ། །དེས་ན་ཤེས་རབ་ཀྱི་རྫས་གཉིས་ཅིག་ཅར་བ་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་མ་རིག་པས་ཉེ་བར་
བཅོམ་པ་ཡིན་པར་ཡོངས་སུ་བརྟག་པར་བྱའོ། །ཡོངས་སུ་རྟོག་པ་ལ་ནི་སུ་ཞིག་བཟློག་སྟེ་ཞེས་བྱ་བས་ནི་འདི་ནི་ལུང་ལ་མི་ལྟོས་པར་ཀུན་བརྟགས་པ་ཙམ་དུ་ཟད་དོ་ཞེས་སྟོན་ཏོ། །མ་རིག་པ་རིགས་གཞན་ཁོ་ན་ཞིག་ཡོད་དོ་ཞེས་པ་ནི་བརྗོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་
རྣམས་སོ། །གང་ཡང་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཏེ། དེ་ནི་ཉོན་མོངས་པ་ཐམས་ཅད་མ་རིག་པ་ཡིན་ནོ་སྙམ་དུ་སེམས་སོ། །ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གསུས་པོ་ཆེ་དེས་རབ་ཏུ་མི་ཤེས་ཤིང་རབ་ཏུ་མི་ཤེས་པ་ནི་མ་རིག་པ་ཞེས་བྱ་བའི་མདོའི་ཕྱིར་
རོ། །དེས་ཞེས་བྱ་བ་ནི་དེ་ཡོད་ན་རིག་པ་མེད་པར་དེ་ནི་མ་རིག་པ་སྟེ། རྒྱུ་མེད་ན་ནི་འགའ་ཡང་ཡོད་པ་མ་ཡིན་ལ། ཉོན་མོངས་པ་ཐམས་ཅད་ཡོད་ན་ཡང་རིག་པ་མེད་པ་ཡིན་ནོ། །ཀུན་དུ་སྦྱོར་བ་ལ་སོགས་པའི་ནང་དུ་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཞིང་ཞེས་བྱ་བ་
ནི་ཉོན་མོངས་པ་ཐམས་ཅད་མ་རིག་པ་ཡིན་པས་ཏེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ལ་སོགས་པའི་ནང་དུ་མ་རིག་པའི་ཀུན་དུ་སྦྱོར་བ་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཏེ། ཀུན་དུ་སྦྱོར་བ་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་འཆིང་བ་དག་གི་ནང་དུ་གཏི་མུག་གི་
འཆིང་བ་ཞེས་བྱ་བར་ལོགས་ཤིག་ཏུ་བཤད་པར་ཡང་མི་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་ཐ་མི་དད་པའི་ཕྱིར་རོ། །ཕྲ་རྒྱས་དག་གི་ནང་དུ་མ་རིག་པའི་ཕྲ་རྒྱས་ཞེས་བྱ་བར་ཡང་མ་ཡིན་ཏེ། ཕྲ་རྒྱས་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །ཆུ་བོ་དག་གི་ནང་དུ་མ་རིག་པའི་ཆུ་བོ་
དང་། སྦྱོར་བ་དག་གི་ནང་དུ་མ་རིག་པའི་སྦྱོར་བ་ཞེས་བྱ་བར་ལོགས་ཤིག་ཏུ་བཤད་པར་ཡང་མི་འགྱུར་ཏེ། ཆུ་བོ་དང་སྦྱོར་བ་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་། ལྟ་བ་ལ་སོགས་པ་རྣམས་ལ་རང་དང་གཞན་གྱི་བདག་ཉིད་

དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་ལྟ་བའམ། ཉོན་མོངས་གཞན་དང་སྟེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར་ཏེ། འདིར་ལྟར་ལྟ་བ་ནི་ལྟ་བའམ་འདོད་ཆགས་དང་ཞེ་སྡང་དང་མཚུངས་པར་ལྡན་པར་མི་འགྱུར་རོ། །
དེ་བཞིན་དུ་འདོད་ཆགས་ཀྱང་འདོད་ཆགས་སམ། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པར་མི་འགྱུར་རོ་ཞེས་ཐམས་ཅད་ལ་བརྗོད་པར་བྱའོ། །སེམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་ཉོན་མོངས་པ་ཐམས་ཅད་ཀྱི་རང་བཞིན་མ་རིག་པ་ཡིན་ན། འདོད་ཆགས་ཀྱང་ཉོན་མོངས་
པའི་རང་བཞིན་ཡིན་པས་མ་རིག་པ་ཁོ་ན་ཡིན་པའི་ཕྱིར་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ་ལོ་ཞེས་བཤད་པར་མི་འགྱུར་རོ། །འོ་ན་ཇི་ལྟར་བཤད་པར་བྱ་ཞེ་ན། མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བྱ་བར་སྦྱར་རོ། །འོན་ཏེ་
བྱེ་བྲག་ཏུ་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཉོན་མོངས་པ་ཐམས་ཅད་མ་རིག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་མ་རིག་པ་ཆེ་གེ་མོས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་མི་གྲོལ་ལོ་བྱ་བར་རྟོགས་པར་མི་འགྱུར་བ་དེའི་ཕྱིར་མ་རིག་པ་བྱེ་བྲག་ཏུ་བྱ་བའི་ཕྱིར་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་
དུ་གྱུར་པའི་ཞེས་བཤད་དེ། དཔེར་ན་སྐྱེ་མཆེད་བཅུ་པོ་དག་གཟུགས་ཀྱི་རང་བཞིན་དུ་ཁྱད་པར་མེད་པ་དང་། བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་དང་སྒྲའི་སྐྱེ་མཆེད་ཅེས་བཤད་པ་བཞིན་ནོ། །ཤེས་རབ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འོ་ན་ནི་ཤེས་རབ་ལ་ཡང་ཞེ་སྡང་
གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ང་རྒྱལ་གྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་དག་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་མ་རིག་པའི་བྱེ་བྲག་བསྟན་པར་བྱ་སྟེ། དེ་ལྟ་མ་ཡིན་ན་མ་རིག་པ་གང་གིས་ཉེ་བར་ཉོན་མོངས་པར་འགྱུར་བ་མི་རྟོགས་པར་འགྱུར་རོ། །འོན་ཏེ་ཉོན་མོངས་
པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་སྟེ། དེའི་ཕྱིར་འདིར་བྱེ་བྲག་ཉེ་བར་མི་ལེན་ནོ་ཞེ་ན། མ་ཡིན་ཏེ། སེམས་ལ་ཡང་མཚུངས་པའི་ཕྱིར་རོ། །འདི་ལྟར་འདོད་ཆགས་ཁོ་ནས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཉོན་མོངས་

པ་གཞན་དག་གིས་ཉེ་བར་ཉོན་མོངས་པར་གྱུར་པའི་སེམས་ཀྱང་རྣམ་པར་མི་འགྲོལ་བས་འདི་ནི་མཚུངས་སོ། །མི་གསལ་བའོ་ཞེས་བྱ་བ་ལ། གསལ་བ་ནི་རབ་ཏུ་ཤེས་པ་ཡིན་ལ། མི་གསལ་བ་ནི་གསལ་བ་མ་ཡིན་པའོ། །མ་རིག་པ་ལ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་སྐྱོན་དུ་འགྱུར་
རོ་ཞེས་བྱ་བ་ལ། གལ་ཏེ་གང་གསལ་བ་མ་ཡིན་པ་ཡིན་ན་ནི་མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ། །འོ་ན་ནི་གསལ་བ་མེད་པ་ཡིན་ནོ། །དེ་ལྟ་ན་ནི་ཅི་ཡང་མ་ཡིན་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྐྱེན་གྱི་དངོས་པོར་བསྟན་པ་དེ་ལྟ་བུའི་ཕྱིར་ལ།
ཀུན་དུ་སྦྱོར་བ་ལ་སོགས་པའི་དངོས་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་འདི་ཅི་ཞིག་ཅེས་མ་རིག་པ་མི་ཤེས་པ་དེ་བཞིན་དུ་མི་གསལ་བ་ཡང་ཡིན་ནོ་ཞེས་སྟོན་ཏེ། མ་གྲུབ་པས་མ་གྲུབ་པ་ཤེས་པར་བྱེད་པར་ནུས་པ་ཡང་མ་ཡིན་ནོ། །ཆོས་རྣམས་བསྟན་པ་དེ་ལྟ་བུ་ཡང་ཞེས་བྱ་བ་རྒྱས་
པར་འབྱུང་སྟེ། དེ་ལྟ་བུ་ནི་རིགས་དེ་ལྟ་བུ་དང་རྣམ་པ་དེ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་བསྟན་པ་ནི་གདོན་མི་ཟ་བར་རང་བཞིན་གྱིས་ཕྱེ་བ་ཁོ་ནར་མ་ཟད་ཀྱི། ལས་ཀྱིས་རབ་ཏུ་ཕྱེ་བ་ཡང་ཡིན་པས། འདིར་རིག་པའི་མི་མཐུན་ཕྱོགས་ཀྱི་ལས་ཀྱིས་མ་རིག་པ་བསྟན་ཏེ། དེའི་
ཕྱིར་དོན་འགའ་ཞིག་རིག་པ་མི་མཐུན་ཕྱོགས་སུ་གྱུར་པ་གང་ཡིན་པ་དེ་ཡོད་པ་ཡིན་ནོ། །དེ་ཉིད་ལ་དཔེ་བཤད་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེར་ནི་ལས་མིག་གི་རྣམ་པར་ཤེས་པའི་རྟེན་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་ངེས་པར་བྱེད་ཀྱི། རང་བཞིན་གྱིས་
ནི་མ་ཡིན་ནོ། །གལ་ཏེ་གཟུགས་དང་བ་ཞེས་རང་བཞིན་གྱིས་རབ་ཏུ་ཕྱེ་བ་ཁོ་ན་ལ་མིག་གི་རྣམ་པར་ཤེས་པའི་རྟེན་ཉིད་དུ་བརྗོད་པ་མ་ཡིན་ནམ་ཞེ་ན། གཟུགས་དང་བ་དེ་ནི་རང་གི་ངོ་བོས་ངེས་པར་མི་ནུས་ཏེ། དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་པར་ཤེས་པའི་རྟེན་གང་ཡིན་པའོ་ཞེས་གསུངས་
སོ། །བཙུན་པ་ཆོས་སྐྱོབ་ན་རེ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་ནི་ཞེས་བྱ་བ་ལ། དེས་འགྲོ་བ་ཐམས་ཅད་དུ་འཇུག་པས་ན་འཇུག་པ་སྟེ། འགྲོ་ཞེས་བྱ་བའི་དོན་ཡིན་ལ། དེའི་དངོས་པོ་ནི་འཇུག་པ་ཉིད་ཡིན་ན། འདི་ནི་ངེས་པར་མ་བྱས་པ་ཞིག་སྟེ། འདི་ལྟར་གནས་བརྟན་དེས་ཀྱང་

དེའི་བརྗོད་པར་བྱ་བ་ནི་དམིགས་མ་ཕྱེད་དོ། །ངའོ་སྙམ་དུ་ཞེས་བྱ་བས་ངར་འཛིན་པ་ཡང་ཡོངས་སུ་བཟུང་ལ། དེ་ཡང་ངའོ་སྙམ་པའི་ང་རྒྱལ་གྱི་བྱ་བ་ཡིན་པས་འདྲི་བ་ནི་ངའོ་སྙམ་པའི་ང་རྒྱལ་ལས་གཞན་པའི་འཇུག་པ་གང་ཞིག་ཅེ་ན་ཞེས་བྱ་བའོ། །གང་གི་ཕྱིར་
ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲི་རྒྱས་དག་ལས་ལོགས་ཤིག་ཏུ་འཇུག་པ་གསུངས་པ་དེའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་ཉིད་འཇུག་པ་མ་ཡིན་པར་རྟོགས་སོ། །སྲེད་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བས་འདོད་ཆགས་ལ་སོགས་པའི་རྣམ་པ་ཐམས་ཅད་ལས་
ལོགས་ཤིག་ཏུ་གསུངས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པ་གཞན་མ་ཡིན་ལ། མ་རིག་པ་ནི་མ་གསུངས་པའི་ཕྱིར་འཇུག་པའི་སྒྲས་ནི་མ་རིག་པ་གསུངས་སོ་ཞེས་བྱ་བར་ཤེས་སོ། །ང་རྒྱལ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་མདོ་འདི་ལས་ནི་ངའོ་
སྙམ་པའི་ང་རྒྱལ་ཁོ་ན་རང་གི་སྒྲས་གསུངས་ཀྱི། ང་རྒྱལ་གཞན་མ་ཡིན་པས་འཇུག་པའི་སྒྲས་ངའོ་སྙམ་པའི་ང་རྒྱལ་ལས་གཞན་པའི་ང་རྒྱལ་བསྟན་པར་འགྱུར་རོ་ཞེས་བྱ་བའོ། །འདི་ལ་དཔྱད་པར་ཆད་ན་ཞེས་བྱ་བ་ལ་སོགས་པ་ལ། མ་རིག་པའི་ཡན་ལག་འདི་ལ་རྣམ་པར་དཔྱད་
ན་གཞུང་འདི་མངས་པར་འགྱུར་བ་དེའི་ཕྱིར་འདི་ནི་གཞག་གོ། །ཡང་དཔྱད་པ་བྱས་ན་ནི་ལན་དང་ཡང་ལན་གྱི་ཚིག་གིས་བརྗོད་པ་མང་བར་འགྱུར་བ་དེའི་ཕྱིར་རྣམ་པར་དཔྱད་པས་ཆོག་གོ། །ཡང་མིང་དང་གཟུགས་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བ་ལ། གལ་ཏེ་མ་རིག་པའི་རྐྱེན་
གྱིས་འདུ་བྱེད་རྣམས་ཞེས་བྱ་བས་མ་རིག་པའི་མཇུག་ཐོགས་སུ་འདུ་བྱེད་བསྟན་པར་བྱ་ལ། དེའི་འོག་ཏུ་ནི་རྣམ་པར་ཤེས་པའི་ཡན་ལག་བསྟན་པར་བྱ་བ་ཡིན་ནམ། ཅི་སྟེ་མིང་དང་གཟུགས་དེ་བཀོད་ཅེ་ན། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །
ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་འདུ་བྱེད་རྣམས་ཀྱི་མཛོད་ཀྱི་གནས་ནས་འཆད་པའི་ཕྱིར་ལ་རྣམ་པར་ཤེས་པ་ཡང་། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བྱ་བ་དེར་བཤད་ཟིན་ཏེ། །བཤད་ཟིན་འཆད་པར་འགྱུར་བ་གཞན། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །གཟུགས་

ནི་རྒྱ་ཆེར་བཤད་པ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པས་རྒྱས་པར་བཤད་ཟིན་ཏོ། །མིང་ནི་གཟུགས་ཅན་མིང་ཕུང་པོ། །ཞེས་བྱ་བ་ལ། སྒྲ་འཇུག་པའི་རྒྱུ་མཚན་འདྲི་བ་ནི་ཅིའི་
ཕྱིར་ཞེས་བྱ་བ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ལ་མིང་ཞེས་བརྗོད་ཅེས་བྱ་བའོ། །སྒྲ་འཇུག་པའི་རྒྱུ་མཚན་བསྟན་པའི་ཕྱིར་མིང་དང་དབང་པོ་དང་དོན་གྱི་དབང་གིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །མིང་དང་དབང་པོ་དང་དོན་དང་གསུམ་གྱི་དབང་གིས་གཟུགས་ལ་སོགས་
པའི་དོན་རྣམས་ལ་གཞོལ་བས་མིང་སྟེ། དམིགས་པར་འཛིན་པ་འདུས་པ་ལ་བརྟེན་ནས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མིང་གི་དབང་གིས་ནི་གཟུགས་ལ་སོགས་པ་མངོན་སུམ་དང་མངོན་སུམ་མ་ཡིན་པ་དག་ལའོ། །དབང་པོ་དང་དོན་གྱི་དབང་གིས་ནི་མངོན་སུམ་པ་དག་ལ་
གཞོལ་ལོ། །མིང་གང་གི་ཞེས་བྱ་བ་ནི་གསུང་རབ་ལས་ཕུང་པོ་བཞིའི་མཚན་ཉིད་དམ། འབོད་མིང་གི་མཚན་ཉིད་ཅན་ལ་མིང་དུ་གྲགས་པ་དེའི་ཕྱིར་ཐེ་ཚོམ་ཟ་བའོ། །འཇིག་རྟེན་ན་གྲགས་པ་གང་ཡིན་པ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ན་འབོད་མིང་གི་མཚན་ཉིད་གཟུང་སྟེ།
ཕུང་པོ་བཞིའི་མཚན་ཉིད་ཅན་འཇིག་རྟེན་དུ་མ་གྲགས་པའི་ཕྱིར་རོ། །དེ་ལ་བ་ལང་དང་རྟ་ཞེས་བྱ་བ་ནི་གོང་བུ་གོ་བར་བྱེད་པའི་ཕྱིར་དོན་དུ་མ་གོ་བར་བྱེད་པ་ཡིན་ནོ། །གཟུགས་དང་རོ་ཞེས་བྱ་བ་ནི་དོན་གཅིག་གོ་བར་བྱེད་པ་ཡིན་ཏེ། རྫས་གོ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་དམིགས་
པ་མེད་པའི་ཕྱིར་ལྡན་པ་མ་ཡིན་པ་རྣམས་ལ་མིང་ཉིད་མི་སྲིད་དོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པ་རྣམས་ཁོ་ན་ལ་དམིགས་པ་གཞོལ་བ་ཉིད་མི་སྲིད་པའི་ཕྱིར་གཟུགས་ཅན་མ་ཡིན་པ་རྣམས་ཁོ་ན་མིང་ཡིན་ནོ། །དེ་མེད་པས་ལྡན་པ་མ་ཡིན་པ་རྣམས་མིང་མ་ཡིན་པ་ཉིད་ཀྱང་
མ་ཡིན་ཏེ། གཟུགས་བཞིན་ནོ། །དཔེར་ན་གཞིག་ཅིང་གཞོམ་དུ་རུང་བས་གཟུགས་ཡིན་ཞིང་ཐོགས་པ་མེད་པས་འདས་པ་དང་མ་འོངས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་། རྡུལ་ཕྲ་རབ་རྣམས་ལ་གཟུགས་སུ་རུང་བ་ཡོད་པ་ཡང་མ་ཡིན་ལ། དེ་དག་གཟུགས་མ་ཡིན་པ་ཉིད་

ཀྱང་མ་ཡིན་ཞིང་། འདི་གཟུགས་ཁོ་ན་ལ་ཡོད་པས་གཟུགས་ཀྱི་ངེས་ཚིག་མ་ཡིན་པ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་གང་འཇིག་རྟེན་ན་གྲགས་པ་བ་ལང་དང་རྟ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གིས་དེ་མིང་
ཉིད་ཡིན་ཞེས་བྱ་བའོ། །མིང་དེ་དང་དེ་ཞེས་བྱ་བ་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་མིང་ཉིད་ཡིན་ཏེ། གང་ཕུང་པོ་བཞིར་བཤད་པ་དེ་གཞོལ་བར་བྱེད་དུ་འཇུག་པའི་ཕྱིར་རོ། །གཞན་དག་ན་རེ་འདིར་ལུས་བོར་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་
འཆི་བའི་ཚེ་ལུས་བོར་ནས་སྐྱེ་བ་གཞན་དུ་གཞོལ་བའི་ཕྱིར་ན། ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་ནི་མིང་ཞེས་བྱ་སྟེ། ཇི་སྐད་དུ། ཤི་ཞིང་དུས་བྱས་པ་དེའི་ལུས་རུལ་བ་དེ་ཉེ་དུ་རྣམས་ཀྱིས་མེས་སྲེག་པའམ། ཆུར་བསྐུར་
བའམ་སའི་འོག་ཏུ་འཇུག་པར་འགྱུར་ཞིང་། རླུང་དང་ཉི་མ་དག་གིས་ཡོངས་སུ་བསྐམས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་ཏེ། སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དད་པས་
ཡོངས་སུ་བསྒོས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་གང་དུ་འགྲོ་བ་དང་། ཁྱད་པར་དུ་འགྲོ་བ་དང་། མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །
རྣམ་པར་ཤེས་པ་གཞོལ་བ་ནི་མི་འཕོ་བའི་ཚུལ་དུ་ཡིན་པར་རིག་པར་བྱའོ། །སྐྱེ་མཆེད་དྲུག་བཤད་ཟིན་ཏོ། །གང་དུ་བཤད་ཅེ་ན། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན་མིག་ལ་སོགས་གཟུགས་དང་བ་རྣམས་ཞེས་བྱ་བ་དང་། རྣམ་ཤེས་སོ་སོར་
རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་བྱ་བ་དེར་རོ། །རིག་དྲུག་ཅེས་བྱ་བས་རྟེན་གྱི་དབྱེ་བས་རེག་པའི་དབྱེ་བ་ཙམ་ཞིག་བཤད་ལ། འདུས་ཏེ་བྱུང་བ་ཡིན་ཞེས་བྱ་བ་འདིར་ཡང་རྒྱུ་བཤད་ཀྱི་ངོ་བོ་ནི་མ་ཡིན་ནོ། །འདུས་པ་ནི་ལྷན་ཅིག་

འབྱུང་བའོ་སྙམ་དུ་བསམས་ནས་སྨྲས་པ་ནི། རེ་ཞིག་ལྷན་ཅིག་སྐྱེས་པའི་ཕྱིར། །ཞེས་རྒྱས་པར་འབྱུང་བའོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སྐྱེ་བའི་དུས་ཐ་དད་པའི་ཕྱིར་ལྷན་ཅིག་འབྱུང་བ་མི་སྲིད་དོ་སྙམ་ཞིང་། ཡིད་ཀྱི་དབང་པོ་འགགས་པ་གོ་ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་བྱ་བས་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པ་ཡིན་གྱི་ཕྱིར་འགག་པའོ། །གཟུགས་ལ་སོགས་པའང་ཆོས་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པར་བྱ་བ་རྣམས་ནི་འབྱུང་བར་
འགྱུར་བ་ཡིན་པའི་ཕྱིར་མ་འོངས་པའོ། །སེམས་དང་སེམས་ལས་བྱུང་བ་ད་ལྟར་བ་རྣམས་ཁོ་ནས་དམིགས་པ་དམིགས་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ནི་ད་ལྟར་གྱིའོ། །ཇི་ལྟར་འདུ་ཞེས་བྱ་བ་ནི་འདུ་བ་ཡོད་པ་མ་ཡིན་པ་དེ་ཉིད་དེ། དུས་ཐ་དད་པར་རྟོགས་པའི་ཕྱིར་རོ་སྙམ་དུ་
བསམས་པའོ། །རྒྱུ་དང་འབྲས་བུའི་དངོས་པོ་གང་ཡིན་པ་ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་འབྲས་བུའི་དངོས་པོའོ། །ཡིད་ཀྱི་དབང་པོ་དང་ཆོས་རྣམས་ནི་རྒྱུའི་དངོས་པོའོ། །རེག་པ་བསྐྱེད་པར་བྱ་བ་ལ་མཐུན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རེག་པ་བསྐྱེད་པར་བྱ་བའི་ཆེད་དུ་
ཕན་ཚུན་རྗེས་སུ་མཐུན་པའོ། །འབྲས་བུ་གཅིག་པའི་དོན་ཏོ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་རྣམ་པར་ཤེས་པ་རྣམས་འབྲས་བུ་གཅིག་པ་ཉིད་ལ་འདུ་བ་ཞེས་བརྗོད་དོ། །དྲུག་ཚུན་དྲུག་ཅེས་བྱ་བ་ནི་འདི་ལ་དྲུག་ཚུན་དྲུག་ཡོད་པས་ན་དྲུག་ཚན་དྲུག་པ་སྟེ། ནང་དང་ཕྱི་དང་རྣམ་པར་ཤེས་པ་
དང་། རེག་པ་དང་། ཚོར་བ་དང་། སྲེད་པ་རྣམས་སོ། །འདིར་རེག་པའི་ཚོགས་ཞེས་བྱ་བ་ལ། གལ་ཏེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འདུས་པ་ཙམ་རེག་པ་ཡིན་ན་ནི་དེ་དག་ལས་དོན་གཞན་དུ་གྱུར་པ་མ་ཡིན་ལ། དེ་ལྟ་ཡིན་ན་ཡུལ་དང་དབང་པོ་དང་རྣམ་པར་
ཤེས་པ་དྲུག་ཚན་ལས་ལོགས་ཤིག་ཏུ་གསུང་བར་མི་འགྱུར་ཏེ། གང་དག་ཡང་རེག་པ་སྨོས་པས་བསྟན་པར་བྱས་སོ་ཞེས་རྟོག་པ། དེ་དག་ལས་ཐ་དད་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དག་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྲིད་པ་ལ་སོགས་པ་བཞིན་དུ་དེ་དག་ལས་

ལོགས་ཤིག་ཏུ་བསྟན་པས་དེ་དག་འདུས་པ་ཙམ་ནི་རེག་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དག་ལས་ལོགས་ཤིག་ཏུ་བསྟན་པས་རེག་པ་དེ་དག་ལས་ལོགས་ཤིག་ཏུ་ཡོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན།
ཚོར་བ་དང་སྲེད་པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་ལོགས་ཤིག་ཏུ་བསྟན་པས་སྲེད་པ་ལ་སོགས་པ་ལྟར་ལོགས་སུ་ཡོད་ན་དེ་ལྟ་ན་ཆོས་ཀྱི་རྣམ་གྲངས་དྲུག་ཚན་དྲུག་པ་འདི་ཉིད་ལས་ཚོར་བ་དང་སྲེད་པ་དག་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ཏུ་
བཤད་པས་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ཏུ་ཡོད་པར་ཐལ་བར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ལོགས་ཤིག་ཏུ་གསུངས་པ་ནི་གཞན་ཉིད་ཀྱི་རྒྱུ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །དེ་དག་ལས་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་ཀྱང་ཞེས་བྱ་བ་ལ་སོགས་
པ་ལ། གང་ཞིག་ཚོར་བ་དང་སྲེད་པ་དང་གཉིས་བསལ་ནས་ཆོས་ཀྱི་སྐྱེ་མཆེད་ཅེས་བསྟན་པ། ཚོར་བ་དང་སྲེད་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་འདུས་མ་བྱས་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུ་ཤེས་དང་། སེམས་ལ་སོགས་པའི་མཚན་ཉིད་ཅན་ཡང་ཡོད་དེ།
དེའི་ཕྱིར་གང་ཞིག་གང་ལས་ལོགས་ཤིག་ཏུ་བསྟན་པ་དེ་ནི་དེ་ལས་ཐ་དད་པ་ཁོ་ན་ཡིན་པས་ལོགས་སུ་བསྟན་པ་ལ་འཁྲུལ་པ་མེད་པ་ཉིད་དོ། །དེ་ལྟ་བུར་འདིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་བུར་གང་ཞིག་མདོ་འདིར་ནང་དང་ཕྱིའི་སྐྱེ་མཆེད་སྨོས་པ་དང་། རྣམ་པར་ཤེས་པ་སྨོས་
པས་སྨོས་སུ་རུང་བ། རེག་པ་ཞེས་བྱ་བའི་རྒྱུ་དང་འབྲས་བུར་གྱུར་པ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ལས་གཞན་གསུམ་རེག་པར་མ་གྱུར་པ་གང་ཡིན་པ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རེག་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ལས་གཞན་ཁོ་ན་ཡིན་ཏེ། ལོགས་ཤིག་
ཏུ་བསྟན་པའི་ཕྱིར་རོ། །ཅི་སྟེ་དེ་དང་མཚུངས་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ཕན་ཚུན་ལྟོས་པ་མེད་པ་རྣམས་ཀྱི་ནང་དང་ཕྱིའི་སྐྱེ་མཆེད་དང་རྣམ་པར་ཤེས་པ་དྲུག་པོ་དག་ལོགས་ཤིག་ཏུ་བསྟན་ལ། རྟེན་པ་མཚུངས་པ་ཕན་ཚུན་ལྟོས་པ་རྣམས་ནི་རེག་པའི་ཚོགས་སྨོས་པས་སྨོས་པའི་

ཕྱིར་ན་དེ་དོན་གཞན་གྱི་དངོས་པོ་མ་ཡིན་ཡང་། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དག་ལས་ལོགས་ཤིག་ཏུ་བསྟན་པར་མི་འགལ་ལོ་སྙམ་ན། གལ་ཏེ་རྣམ་པར་ཤེས་པའི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དོན་དང་དབང་པོ་དག་ནི་དེ་དང་མཚུངས་པ་ཡིན་པས་རྣམ་པར་ཤེས་པ་ལ་མི་
ལྟོས་པར་འགྱུར་ན། རྣམ་པར་ཤེས་པ་ནི་དོན་དང་དབང་པོ་མེད་པ་མ་ཡིན་ཏེ། དེ་དག་གི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རྒྱུ་ནི་འབྲས་བུ་མེད་པར་ཡང་ཡོད་ན་འབྲས་བུ་ནི་རྒྱུ་མེད་པར་མ་ཡིན་ཏེ། དེ་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་གང་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་
ལོགས་ཤིག་ཏུ་བསྟན་པར་བྱ་ལ། དོན་དང་དབང་པོ་ལྟར་རེག་པར་མ་གྱུར་པའི་རྣམ་པར་ཤེས་པ་དོན་དང་དབང་པོ་ལ་ལྟོས་པ་མེད་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་གསུམ་བསྟན་ཟིན་པས་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དག་གོ། །རེག་པ་སྨོས་པ་ནི་དོན་མེད་དོ་
ཞེས་བྱ་བ་ལ། དབང་པོ་དང་དོན་དང་རྣམ་པར་ཤེས་པ་དེ་དག་ཁོ་ན་རེག་པ་ཡིན་ལ། དེ་དག་ཀྱང་བསྟན་པས་ཡང་རེག་པའི་ཚོགས་དྲུག་ཅེས་བསྟན་པ་དོན་མེད་པར་འགྱུར་ན། འདོད་པ་ཡང་མ་ཡིན་ཏེ། དེས་ན་རེག་པ་ནི་འདུས་པ་ལས་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་བྱའོ། །
གང་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་ཞེས་བྱ་བ་ལ། མིག་དང་གཟུགས་སྔར་སྐྱེས་པ་དག་དང་། མིག་གི་རྣམ་པར་ཤེས་པ་ཕྱིས་སྐྱེས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་དེ་དག་ཁོ་ན་རེག་པའི་དངོས་པོར་གཞག་ལ། མིག་ལ་སོགས་པ་གང་དག་རྒྱུ་དང་འབྲས་བུར་
གྱུར་པ་དེ་དག་ནི་ནང་དང་ཕྱིའི་སྐྱེ་མཆེད་དང་། རྣམ་པར་ཤེས་པའི་ཚོགས་ཉིད་དུ་བསྟན་ཏེ། དེ་དག་ཀྱང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ལན་ཅིག་སྐྱེས་པ་རྣམས་དང་། ཕན་ཚུན་ཆོད་པ་སྔ་ཕྱིར་སྐྱེས་པས་སོ་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཏེ། འདི་ལ་ཡང་
ལན་ནི་གལ་ཏེ་རྣམ་པར་ཤེས་པ་མེད་པའི་དབང་པོ་དང་དོན་དག་ཅེས་རྒྱས་པར་འབྱུང་བ་དེ་ཉིད་ཡིན་ནོ། །དེ་སྐད་དུ་མི་འདོན་ཏོ་ཞེས་བྱ་བ་ནི་དང་པོར་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། ཆོས་གསུམ་པོ་འདི་དག་འབྲེལ་པ་དང་། འདུས་པ་དང་། ཚོགས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་

རེག་པའོ་ཞེས་ལྔ་པར་བྱེད་པའོ། །ཡང་ན་ནི་འདི་རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེག་པའི་རྒྱུ་གསུམ་འདུས་པ་ནི་རེག་པར་སྨྲས་ཏེ། དཔེར་ན་སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལྟ་བུའོ། །བརྗོད་པ་འདི་ལ་རྒྱུ་སྐྱེ་བའི་རྣམ་པ་ཧ་ཅང་མང་པོར་
འཕྲོ་བའི་ངང་ཚུལ་ཡོད་པས་ན། རྒྱུ་སྐྱེ་བའི་རྣམ་པ་ཧ་ཅང་མང་པོར་འཕྲོ་བའོ། །ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ལ། མིག་ལ་སོགས་པ་དག་ནི་རང་གི་ཡུལ་དུ་གཟུགས་གཞན་སྐྱེ་བ་ལ་གེགས་བྱེད་པས་ཐོགས་པ་དང་བཅས་པའོ། །གཞན་
དག་ན་རེ་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་དང་། གཅིག་ཏུ་ཐོགས་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཚིག་བླ་དགས་ཞེས་བྱ་བ་ནི་མིང་ཡིན་ནོ་ཞེས་བྱ་བ་ནི་ལྷ་སྦྱིན་མཆོད་སྦྱིན་ཞེས་བྱ་བ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་
དེ། དེ་ནི་དྲུག་པ་ཁོ་ནའི་ཡུལ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། དེ་ལྷག་པར་འདིའི་དམིགས་པ་ཡིན་པས་ཞེས་བྱ་བ་སྨོས་ཏེ། གྲག་ཅེས་བྱ་བའི་སྒྲ་ནི་སྒྲ་ལས་མ་གཏོགས་པའི་མིང་མེད་པར་ཤེས་པར་བྱ་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་
པས་ནི་སྔོན་པོ་རྣམ་པར་ཤེས་ཀྱི་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་རང་གི་ངོ་བོ་རྣམ་པར་ཤེས་པའོ། །སྔོན་པོའོ་ཞེས་བྱ་བར་ནི་རྣམ་པར་མི་ཤེས་སོ་ཞེས་བྱ་བ་ནི་མིང་གི་སྒོ་ནས་རྣམ་པར་མི་ཤེས་པ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །ཡིད་
ཀྱི་རྣམ་པར་ཤེས་པས་ནི་རང་གི་ངོ་བོ་དང་མིང་གཉིས་ཀའི་སྒོ་ནས་རྣམ་པར་ཤེས་པ་སྟེ། དེས་ནི་མིང་དང་མིང་ཅན་གྱི་འབྲེལ་པ་འཛིན་པར་ནུས་པའི་ཕྱིར་རོ། །གཅིག་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཐོགས་པའི་རེག་པ་སྟེ། ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་
རོ། །གཞན་དག་ན་རེ་ནི་རྟེན་དང་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ནི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་བླ་དགས་ཀྱི་རེག་པ་སྟེ། ལྷག་པར་ཚིག་བླ་དགས་ཀྱི་དམིགས་པ་ཅན་ཡིན་པའི་ཕྱིར་རོ། །ཚིག་གི་དབང་དུ་བྱས་ནས་ཞེས་བྱ་བ་ལ།

ཉེ་བར་བསྟན་པས་མིང་དང་མིང་ཅན་གྱི་འབྲེལ་པ་ལ་བྱང་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྒོ་ནས་བུམ་པ་དང་སྣམ་བུ་ཞེས་བྱ་བར་རྟོག་པ་ཡིན་ནོ། །གཉིས་པ་ནི་མཚུངས་པར་ལྡན་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ། ཚིག་བླ་དགས་ནི་ཡིད་ཡིན་ལ་དེ་དང་མཚུངས་པར་ལྡན་པའི་
རེག་པ་ནི་ཚིག་བླ་དགས་ཀྱི་རེག་པའོ། །རིག་དང་མ་རིག་ཅེས་བྱ་བ་ལ་སོགས་པ་ལ། རིག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་པོ། །མ་རིག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་མི་ཤེས་པའོ། །རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པ་ནི་ཤེས་རབ་དགེ་བ་
ཟག་པ་དང་བཅས་པ་དང་། ཤེས་རབ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་དག་དང་མཚུངས་པར་ལྡན་པ་དེ་དག་ནི་རིམ་པ་བཞིན་དུ་རེག་པ་ཡིན་པར་རིག་པར་བྱའོ། །མ་རིག་པའི་རེག་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མ་རིག་པའི་རེག་པ་ནི་ཉོན་མོངས་པ་ཐམས་ཅད་དང་
མཚུངས་པར་ལྡན་པའོ། །ཡང་དང་ཡང་དུ་འབྱུང་བ་ནི་རྟག་ཏུ་ཀུན་དུ་འབྱུང་བ་སྟེ། དེའི་ཕྱོགས་གཅིག་སྨོས་པས་རེག་པ་གཉིས་སུ་འགྱུར་ཏེ། གནོད་སེམས་དང་རྗེས་སུ་ཆགས་པའི་རེག་པའོ། །ཇི་ལྟར་ཚོར་བ་བདེ་བ་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚོར་བ་བདེ་བ་དང་
རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་དང་། ཚོར་བ་བདེ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །ཇི་ལྟར་དེ་བྱ་བའམ་བྱ་བར་ནུས་པར་བྱ་བར་འགྱུར་བ་ཡིན་པ་དེ་བཞིན་དུ་དེ་མྱོང་བར་བྱ་བའམ་མྱོང་བར་ནུས་པའི་ཕྱིར་
མྱོང་བར་འགྱུར་བའོ། །དེ་དག་ནི་རེག་པ་བཅུ་དྲུག་ཡིན་ནོ་ཞེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་དྲུག་དང་། ཐོགས་པ་དང་ཚིག་བླ་དགས་ཀྱི་རེག་པ་གཉིས་དང་། རིག་པ་དང་མ་རིག་པ་དང་གཞན་གྱི་རེག་པ་གསུམ་དང་། གནོད་སེམས་དང་རྗེས་སུ་ཆགས་པའི་རེག་
པ་གཉིས་དང་། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་གསུམ་སྟེ། དེ་ལྟར་དེ་དག་ཐམས་ཅད་ནི་བཅུ་དྲུག་ཏུ་འགྱུར་རོ། །རེག་པ་རྣམ་པར་གཏན་ལ་དབབ་པ་དང་རབ་ཏུ་དབྱེ་བ་དང་བཅས་ཏེ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། ཚོར་བ་མྱོང་བ་ཞེས་སྔར་

ཚོར་བ་བཤད་ཟིན་མ་ཡིན་ནམ་ཞེ་ན། བཤད་པ་བདེན་མོད་ཀྱི། དེར་ནི་རང་གི་ངོ་བོའི་སྒོ་ནས་ཡིན་གྱི་རབ་ཏུ་དབྱེ་བས་ནི་མ་ཡིན་ལ། འདིར་ནི་རབ་ཏུ་དབྱེ་བའི་སྒོ་ནས་བསྟན་པ་བརྗོད་པར་འདོད་པའི་ཕྱིར་ཟློས་པའི་སྐྱོན་མེད་དེ། དེ་ཉིད་ཀྱི་ཕྱིར་དེ་ལས་བྱུང་བ་ཚོར་བ་
དྲུག་ཅེས་སྨོས་སོ། །དེ་དག་ཀྱང་མདོར་བསྡུ་ན་ཚོར་བ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ཉིད་ཀྱི་ཕྱིར། དེ་དག་ལས་ལྔ་ནི་ལུས་ཀྱིའོ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་ཡིན་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཞེས་བྱ་སྟེ། རྡུལ་ཕྲ་རབ་བསགས་
པ་ཡིན་པའི་ཕྱིར་དང་། ལུས་ལ་བརྟེན་པའི་ཕྱིར་ན་ལུས་ཀྱི་སྒྲ་ནི་མིག་ལ་སོགས་པ་དག་ལ་འཇུག་གོ། །སེམས་ཙམ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ལ། ཙམ་ཞེས་བྱ་བ་སྨོས་པ་ནི་དེ་ལས་ལྷག་པའི་རྟེན་གཅད་པར་བྱ་བའི་ཕྱིར་རོ། །ལུས་ཀྱི་ཡང་སེམས་ལ་བརྟེན་པ་ཡིན་མོད་
ཀྱི། སེམས་ཙམ་ལ་བརྟེན་པ་ནི་མ་ཡིན་ཏེ། དེའི་རྟེན་ནི་མིག་ལ་སོགས་པ་རྣམས་ཀྱང་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཚོར་བ་རེག་པའི་འོག་ཏུ་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་བཞི་ནི་གཉིས་ཀ་ལྟར་ཡང་འགལ་བར་མཐོང་བའི་དྲི་བའོ། །བྱེ་བྲག་ཏུ་སྨྲ་བ་སྨོས་པ་ནི་ཁ་ཅིག་
ན་རེ་སྐྱེད་པར་བྱེད་པའི་ཆོས་ལས་འདས་པ་མ་རངས་པའི་དོན་དུ་ཡིན་ནོ་ཞེས་ཟེར་རོ། །ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཚོར་བ་ནི་རེག་པ་དང་དུས་མཉམ་པ་ཡིན་ཏེ། དེ་ལས་གཞན་པའི་སེམས་ལས་བྱུང་བ་བཞིན་ནོ། །ཇི་ལྟར་ལྷན་ཅིག་འབྱུང་བ་གཉིས་སྐྱེད་པར་
བྱེད་པའང་བསྐྱེད་པར་བྱ་བའི་དངོས་པོར་གྲུབ་ཅེས་བྱ་བ་ལ། སྐྱེད་པར་བྱེད་པའི་དངོས་པོ་ནི་སྐྱེད་པར་བྱེད་པ་ཉིད་དོ། །འབྲས་བུ་སྐྱེད་པར་ནུས་པའོ། །བསྐྱེད་པར་བྱ་བའི་དངོས་པོ་ནི་བསྐྱེད་པར་བྱ་བ་ཉིད་དེ། བདག་ཉིད་དུ་མ་རེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་སྐྱེད་པར་བྱེད་པ་
དང་བསྐྱེད་པར་བྱ་བའི་དངོས་པོ་ནི་སྐྱེས་པ་དང་མ་སྐྱེས་པ་དག་ལ་གྲུབ་ཀྱི་སྐྱེས་ཟིན་པ་དག་ཁོ་ན་ལ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །ལྷན་ཅིག་འབྱུང་བ་གཉིས་ལ་ཡང་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་མི་འགལ་བར་མཐོང་སྟེ་འདྲི་བར་ནི་ཇི་ལྟར་མི་འགྲུབ་ཅེས་བྱ་བའོ། །

མཐུ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། སྐྱེས་ཟིན་པ་བདག་ཉིད་ཐོབ་པ་ནི་ཡང་བསྐྱེད་པར་མི་ནུས་ཏེ། སྐྱེས་ཟིན་པ་ཡང་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་དེ་བསྐྱེད་པའི་མཐུ་ཡོད་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ཆོས་སྐྱེས་ཟིན་པ་ལ་ནི་ཆོས་ཀྱི་ནུས་པ་མེད་དོ་ཞེས་བྱ་བ་
སྨོས་སོ། །དམ་བཅས་པ་དང་བྱེ་བྲག་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གང་ཞིག་དམ་བཅས་པས་ཉེ་བར་བཟུང་བ་དེ་ཉིད་གཏན་ཚིགས་ཀྱི་ཚིག་གིས་ཀྱང་བཟུང་བས་དམ་བཅའ་བ་དང་བྱེ་བྲག་མེད་དོ། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་ལྷན་ཅིག་འབྱུང་བ་གཉིས་ཞེས་རྒྱས་པར་སྨོས་ཏེ། ཕན་ཚུན་བསྒྲུབ་བྱ་སྒྲུབ་བྱེད་
ཡིན་པའི་ཕྱིར་དམ་བཅའ་བ་དང་ཁྱད་པར་མེད་དོ་ཞེས་བྱ་བའོ། །གལ་ཏེ་དམ་བཅའ་བ་དང་བྱེ་བྲག་མེད་པའི་ཕྱིར་འདི་སྒྲུབ་པར་བྱེད་པ་མ་ཡིན་ན། འོ་ན་ནི་ཕན་ཚུན་སྐྱེད་པར་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། གང་ལས་འདིར་གཅིག་ཁོ་ན་སྐྱེད་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་
ནོ་ཞེས་བྱ་བའི་ཁྱད་པར་གྱི་རྒྱུ་ནི་འགའ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། དེ་ལྟ་ཡིན་དང་རེག་པ་དང་ཚོར་བ་གཉིས་ཕན་ཚུན་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འགལ་ལོ། །དེའི་ཕྱིར་ལྷན་ཅིག་འབྱུང་བ་གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོར་མི་
རིགས་སོ། །འདོད་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་པར་སྟོན་པའོ། །འདོད་པ་འདི་ནི་མདོ་ལས་མི་བཞེད་དོ་ཞེས་བྱ་བ་ལ། ཆོས་མངོན་པ་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་འདོད་པ་འདི་མདོ་ལས་ནི་མི་བཞེད་དེ། དེ་བསྟན་པའི་ཕྱིར་མིག་
གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལྷན་ཅིག་འབྱུང་བ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྐྱེད་པར་བྱེད་པའི་ཆོས་དང་འགལ་བའི་ཕྱིར་རོ། །སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བ་གཉིས་ཅིག་ཅར་ནི་མི་འགྲུབ་སྟེ། ས་བོན་དང་མྱུ་གུ་བཞིན་ནོ། །སྔ་
ཕྱིའི་དངོས་པོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ལྷན་ཅིག་པའི་དངོས་པོ་ཡང་གྲུབ་པས་མ་ངེས་སོ། །དཔེར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་དང་གཟུགས་ལ་སོགས་པ་དག་ནི་ལྷན་ཅིག་འབྱུང་བ་ཁོ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་སྐྱེད་པར་བྱེད་པ་ཡིན་ལ། འབྱུང་བ་ལྷན་

ཅིག་འབྱུང་བ་རྣམས་ཀྱང་གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་རྣམས་ཀྱི་སྐྱེད་པར་བྱེད་པ་ཡིན་ནོ། །དགག་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་འདི་ལ་རིགས་པ་ཡོད་པ་མ་ཡིན་ཞིང་། དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་ལུང་ཡང་མེད་དོ། །འོ་ན་ནི་མྱུ་གུ་དང་གྲིབ་
མ་དག་དང་། མར་མེ་དང་འོད་དག་ཇི་ལྟ་བར་ཞེས་བྱ་བ་ལ། གལ་ཏེ་སྐད་ཅིག་མ་དང་པོ་ལ་གྲིབ་མ་མེད་པ་དང་འོད་མེད་པར་འགྱུར་ན་ནི་དེ་ལྟར་སྔ་ཕྱིའི་དངོས་པོར་རྟོགས་པར་འགྱུར་ན། འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མྱུ་གུ་དང་མར་མེ་ནི་གྲིབ་མ་དང་འོད་ལྷན་ཅིག་འབྱུང་བ་དག་གི་
རྒྱུ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདིར་ཡང་རྒྱུའི་ཚོགས་པ་སྔར་བྱུང་བ་ཁོ་ནར་མར་མེ་འོད་དང་བཅས་པ་དང་མྱུ་གུ་གྲིབ་མ་དང་བཅས་པའི་རྒྱུར་ཅི་སྟེ་མི་འདོད། གཞན་ཡང་འགྲོ་བ་དང་གནས་པ་དང་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་དང་། ཡོད་པ་དང་མེད་པ་དག་ཀྱང་དེ་དག་གི་
རྒྱུ་ཅན་ཡིན་པའི་ཕྱིར་མྱུ་གུ་དང་མར་མེ་དག་གྲིབ་མ་དང་འོད་གཉིས་ཀྱི་སྐྱེད་པར་བྱེད་པ་ཡིན་ལ། འོད་མར་མེའི་ཡིན་པའམ། གྲིབ་མ་མྱུ་གུའི་ཡིན་ནོ་ཞེས་བྱ་བར་ནི་སྒྲུབ་པར་མི་ནུས་པ་ཡིན་ནོ། །རེག་པ་དང་ཚོར་བ་དག་ལྷན་ཅིག་འབྱུང་བར་ངེས་ན་ནི། གང་གིས་ན་རེག་པའི་རྐྱེན་
ཁོ་ནས་ཚོར་བ་ཡིན་གྱི། ཚོར་བའི་རྐྱེན་གྱིས་རེག་པ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་བ། རྒྱུ་དེ་འདྲ་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མི་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ། །གཞན་དག་ན་རེ་རེག་པའི་འོག་ཏུ་ཚོར་བ་འབྱུང་སྟེ་ཞེས་ཟེར་བ་ནི་སློབ་དཔོན་དཔལ་ལེན་ཏེ། འདི་ལྟར་ན་འདུས་
པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི་ལྷན་ཅིག་འབྱུང་བ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་དུས་སྔ་ཕྱིར་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་ཅིག་ཅར་མ་ཡིན་པའི་ཕྱིར་དབང་པོ་དང་དོན་གཉིས་ནི་དེ་དག་གི་འབྲས་བུར་
གྱུར་པའི་རྣམ་པར་ཤེས་པ་བས་སྔ་ལ། དེའི་མཇུག་ཐོགས་སུ་སྐད་ཅིག་མ་གཉིས་པ་ལ་ནི་རྣམ་པར་ཤེས་པ་སྟེ། དེ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་འདུས་པ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེར་རྒྱུ་དང་འབྲས་བུའི་དངོས་པོ་རྫོགས་པའི་ཕྱིར་རོ། །སྐད་ཅིག་མ་

གསུམ་པ་ལ་ཞེས་བྱ་བ་ནི་རེག་པར་གྱུར་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་པའི་ཕྱིར་སྐད་ཅིག་མ་གསུམ་པ་ལ་ཚོར་བའོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་སྐད་ཅིག་མ་གསུམ་པ་ལ་ཚོར་བ་ཡིན་ན། དེ་ལྟ་ན་རེག་པའི་དུས་ན་ཚོར་བ་མེད་པའི་ཕྱིར། རྣམ་པར་ཤེས་པ་
ཐམས་ཅད་ལ་ཚོར་བ་ཡོད་པར་མི་འགྱུར་ཏེ། རེག་པར་གྱུར་པའི་རྣམ་པར་ཤེས་པ་ལ་ཚོར་བ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཚོར་བའི་དུས་ན་རེག་པ་མེད་པའི་ཕྱིར་ཏེ། འདུས་པའི་འོག་རོལ་ཚོར་བའི་དུས་ན་རྣམ་པར་ཤེས་པ་
གང་ཞིག་སྐྱེ་བ་དེ་རེག་པ་མ་ཡིན་པས་རྣམ་པར་ཤེས་པ་ཐམས་ཅད་རེག་པ་མ་ཡིན་པར་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ཏེ། རེག་པ་དང་ཚོར་བ་དག་ནི་ས་མང་པོ་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་འབྱུང་བའི་ཕྱིར་དང་། རྣམ་པར་ཤེས་པ་ཐམས་ཅད་རེག་པ་
ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་ལ་ཚོར་བ་དང་རེག་པ་ཡོད་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་ནི་ལྷན་ཅིག་འབྱུང་བའི་རེག་པའི་རྐྱེན་གྱིས་ཡིན་པ་ཉིད་དུ་མི་འདོད་དོ། །
འོ་ན་དེ་ག་ལས་ཡིན་ཞེ་ན། རེག་པ་ལ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་གྱི། དབང་པོ་དང་ཡུལ་སྔ་མའི་རྒྱུ་མཚན་ཅན་གྱི་རེག་པ་གང་ཡིན་པ་དེ་ལས་བྱུང་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ན་དབང་པོ་དང་དོན་ལས་བྱུང་བའི་རྣམ་པར་ཤེས་པའི་རེག་པ་ཡིན་པས་རེག་པ་ཐམས་ཅད་ཚོར་བ་དང་བཅས་
པ་ཡིན་ལ། ཤེས་པ་ཐམས་ཅད་ཀྱང་རེག་པ་ཡིན་ཏེ། དེས་ན་འགལ་བ་མེད་དོ། །དམིགས་པ་ཐ་དད་པ་དག་ལས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་དམིགས་པ་དག་ལས་སོ། །རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་ཞེས་བྱ་བ་ནི་སྒྲ་ལ་དམིགས་པའོ། །རེག་པ་སྔ་མའི་རྒྱུ་ལས་བྱུང་བ་
ཡིན་ནོ་ཞེས་བྱ་བ་ནི་གཟུགས་ལ་དམིགས་པའི་རེག་པའི་རྒྱུ་ལས་བྱུང་བའོ། །ཇི་ལྟར་ན་ཞེས་བྱ་བ་ནི་ཁྲོ་བ་གསལ་བར་བྱེད་པ་སྟེ། རེག་པ་དང་ཚོར་བ་དག་དམིགས་པ་ཐ་དད་པ་ཉིད་ཡིན་ན་ནི་ཕྱིས་བྱུང་བའི་ཚོར་བ་བདེ་བའི་སྒོ་ནས་རེག་པ་སྔ་མ་ནམ་ཡང་བདེ་བ་མྱང་བར་མི་འགྱུར་ལ། རེག་པའི་

སྟོབས་ཀྱིས་དམིགས་པ་ཉམས་སུ་མྱོང་བ་ཡང་ཡིན་པའི་ཕྱིར་རེག་པ་དང་དམིགས་པ་ཐ་དད་པར་མི་རུང་སྟེ། འདི་ལྟར་བདེ་བ་མྱོང་བར་འགྱུར་བའི་རེག་པས་སྡུག་བསྔལ་ཉམས་སུ་མྱོང་བར་ཇི་ལྟར་བྱེད། ཡང་ན་སེམས་གང་དང་ཞེས་བྱ་བའི་སྒྲ་ལ་དམིགས་པ་དང་ངོ་། །
དེ་ལས་དམིགས་པ་གཞན་པ་ཞེས་བྱ་བ་ནི་གཟུགས་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཉེས་པ་ཅིར་འགྱུར་ཞེ་ན། ལྷན་ཅིག་འབྱུང་བའི་རེག་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པའི་ཉེས་པར་འགྱུར་ཏེ། དམིགས་པ་ཐ་དད་པས་མཚུངས་པ་ཉིད་ལྔས་མཚུངས་པར་མི་ལྡན་པའི་ཕྱིར་རོ། །
སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །འོ་ན་ནི་དེའི་ཚེ་ཞེས་བྱ་བ་ནི་དམིགས་པ་འཕོ་བའི་ཚེ་སྟེ། མི་འཕོ་ན་ནི་ཉེས་པ་མེད་དོ། །ཇི་ལྟར་ཞེ་ན། གལ་ཏེ་གཟུགས་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་མིག་གི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་
ཤེས་པ་གཟུགས་ལ་དམིགས་པ་ཁོ་ན་འབྱུང་ན་ནི་དེ་ཚོར་བ་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་ཡིན་པས་རིགས་གཅིག་པ་ཡིན་པའི་ཕྱིར་རོ། །དེའི་སྔོན་རོལ་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་དེ་རེག་པ་མ་ཡིན་ཞེ་ན།
འདི་ལ་རྒྱུ་སྨྲས་པ་ནི་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཐམས་ཅད་ཀྱིས་ནི་ཚོར་བའི་རྐྱེན་གྱིས་རེག་པར་གྱུར་པ་སྐྱེད་པར་མི་ནུས་སོ། །གཞན་དག་ན་རེ་འདིར་རྐྱེན་མ་ཚང་བ་ནི་དབང་པོ་འཕོ་བ་དང་། དེ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་
ལྟ་ཡིན་ན་ཉེས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར་དམིགས་པ་ཐ་དད་པའི་ཉེས་པ་མེད་དོ་སྙམ་དུ་བསམས་པའོ། །ས་མང་པོ་པའི་ངེས་པ་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཐམས་ཅད་ལ་རེག་པ་དང་ཚོར་བ་དག་མེད་པའི་ཕྱིར་ཏེ། ཉེས་པ་འདིར་འགྱུར་རོ། །ས་ནི་གསུམ་སྟེ་ཞེས་བྱ་བ་ལ།
རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའོ། །རྟོག་པ་མེད་པ་ལ་དཔྱོད་པ་ཙམ་ནི་བསམ་གཏན་ཁྱད་པར་ཅན་ནོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ནི་བསམ་གཏན་གཉིས་པ་ལས། སྲིད་པའི་རྩེ་མོའི་བར་རོ། །དགེ་བའི་ས་ནི་ཆོས་

དགེ་བ་རྣམས་ཏེ། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཡང་དེ་དང་འདྲ་འོ། །སློབ་པའི་ས་ནི་སློབ་པའི་ཟག་པ་མེད་པའི་ཆོས་དག་གོ། །མི་སློབ་པ་ནི་མི་སློབ་པའི་ཟག་པ་མེད་པའི་ཆོས་དག་གོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ཟག་པ་དང་བཅས་པའི་ཆོས་དག་གོ། །འདུས་མ་བྱས་ནི་
མ་བཤད་དེ། ས་རྣམས་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་ལ་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ནི་ས་མང་པོ་པ་ལ་སོགས་པ་ལ། ཚོར་བ་དང་འདུ་ཤེས་སེམས་པ་དང་ཞེས་བྱ་བ་དེར་ཇི་སྐད་དུ་བཤད་པ་རྣམས་སོ། །གཞན་དག་ན་རེ་དེ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ནི་ཞེས་བྱ་བ་ནི་ས་མང་པོ་ལ་སོགས་པ་
དག་གོ། །གང་དག་ས་གང་ལ་ཡོད་པ་དེ་དག་ནི་དེ་ལ་རྣམ་གྲངས་ཀྱིས་ཡིན་གྱི་ཅིག་ཅར་ནི་མ་ཡིན་ཏེ། དཔེར་ན་ཚོར་བ་དང་རེག་པ་ལ་སོགས་པ་བཞིན་ནོ། །འདོན་པའི་ཞར་ལ་ཞེས་བྱ་བ་ནི་མདོ་འདོན་པའི་ཞར་ལ་སྟེ། མདོ་ལས་ནི་འདི་སྐད་དུ། དགེ་བ་དང་། ལུང་དུ་མ་བསྟན་པ་ཞེས་
འདོན་ཏོ། །གྲངས་ཀྱི་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་ཐོབ་པས་འཐད་པ་ཡོད་པའི་ཕྱིར་ད་ལྟར་ཆོས་མངོན་པའི་ཚུལ་ཤེས་པ་རྣམས་ཀྱིས་ལྷག་པར་བཏགས་པའོ། །སྔོན་ནི་མ་བཏོན་ཏོ་ཞེས་བྱ་བ་ལ། རབ་ཏུ་བྱེད་པའི་རྐང་པ་ལས་ས་མང་པོ་པ་དང་། དགེ་བའི་ས་མང་པོ་པ་དང་། ཉོན་མོངས་
པའི་ས་མང་པོ་པ་དང་། ཉོན་མོངས་པ་ཆུང་ངུའི་ས་མང་པོ་པ་སྟེ། རྣམ་པ་བཞི་ཁོ་ན་འདོན་གྱི་མི་དགེ་བའི་ས་མང་པོ་དག་ནི་མ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཞེས་གསུངས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་དེ་ལས་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལྷན་ཅིག་སྐྱེས་པ་ཞེས་
གསུངས་ཀྱི་རེག་པ་དང་ནི་མ་ཡིན་ལ་དེ་དག་ནི་ལྷན་ཅིག་སྐྱེས་པ་ཉིད་དུ་འདོད་པ་ཡང་ཡིན་པས་འདི་ལ་ལན་གདབ་ཏུ་ཅི་ཞིག་ཡོད། ཚོར་བ་ལ་སོགས་པ་རྣམས་རེག་པ་དང་ལྷན་ཅིག་སྐྱེས་པར་གསུངས་པར་ཁས་བླངས་ཀྱང་ཚོར་བ་དང་རེག་པ་དང་དུས་མཉམ་དུ་སྐྱེ་བར་ཤེས་པར་མི་འགྱུར་
རོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་ཅེས་བྱ་བའི་སྒྲ་འདི་ནི་དེ་མ་ཐག་པ་ལ་ཡང་མཐོང་ངོ་། །བྱམས་པ་དང་ལྷན་ཅིག་པར་གྱུར་པར་ཞེས་བྱ་བ་ལ། བྱམས་པ་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སྐད་ཅིག་མ་གཅིག་ལ་ལྷན་ཅིག་འབྱུང་བར་ཤེས་པར་ནི་མི་འགྱུར་ཏེ།

ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བྱམས་པའི་མཇུག་ཐོགས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་ཏེ། དེ་བཞིན་དུ་འདིར་ཡང་རེག་པའི་མཇུག་ཐོགས་སུ་ཚོར་བ་དང་འདུ་ཤེས་དང་སེམས་པ་
སྐྱེའོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །དེའི་ཕྱིར་འདི་ནི་རེག་པ་དང་ཚོར་བ་ལྷན་ཅིག་འབྱུང་བ་ཉིད་ཀྱི་ཁུངས་སུ་མི་རུང་ངོ་། །ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་ཞེས་བྱ་བ་ནི་འདྲེས་ཤིང་ལྷན་ཅིག་འབྱུང་ལ་མཚུངས་པར་ལྡན་ཞེས་བྱ་བའི་དོན་ཏོ། །ཅི་རེ་ཞིག་འདི་དག་གི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དམིགས་པ་ངེས་པ་ནི་
དམིགས་པ་ཐ་མི་དད་པའོ། །སྐད་ཅིག་མ་ངེས་པ་ནི་སྐད་ཅིག་མ་གཅིག་ལ་འབྱུང་བ་སྟེ། ཅི་དམིགས་པ་གཅིག་པོ་དེ་རིམ་གྱིས་ཚོར་བས་མྱོང་བར་བྱེད། སེམས་པས་སེམས་པར་བྱེད། འདུ་ཤེས་ཀྱིས་འདུས་ཏེ་ཤེས་པར་བྱེད་དམ། འོན་ཏེ་སྐད་ཅིག་གང་ཁོ་ན་ལ་ཚོར་བས་ཚོར་བར་བྱེད་པའི་སྐད་ཅིག་དེ་ཁོ་ན་ལ་སེམས་
པས་སེམས་པར་བྱེད། འདུ་ཤེས་ཀྱིས་འདུས་ཏེ་ཤེས་པར་བྱེད་ཅེས་དེ་ནི་མི་ཤེས་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེའི་ཕྱིར་འདི་ཡང་ཁུངས་སུ་མི་རུང་ངོ་། །ཚེ་དང་དྲོད་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་དེ་ཉིད་ལས་ཚེ་དང་དྲོད་ཀྱི་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ་ཞེས་ལྷན་ཅིག་པ་ལ་འདྲེས་པ་ཞེས་གསུངས་
པའི་ཕྱིར་ཚོར་བ་གང་ཡིན་པ་དང་སེམས་པ་གང་ཡིན་པ་ཞེས་བྱ་བ་དེར་ཡང་སྐད་ཅིག་མ་ངེས་པ་ཡིན་པར་གྲུབ་སྟེ། ཚེ་དང་དྲོད་དག་ནི་དམིགས་པ་མེད་པ་ཡིན་པའི་ཕྱིར་རོ། །ལྷན་ཅིག་པ་ནི་ལྷན་ཅིག་པའི་དངོས་པོའོ། །དེའི་ཕྱིར་དེ་ལྟར་ན་ཚོར་བ་ནི་རེག་པ་དང་དུས་མཉམ་པ་ཡིན་ནོ་ཞེས་རབ་ཏུ་བསྒྲུབས་པ་ཡིན་ནོ། །དེའི་སྔོན་
རོལ་གྱི་རྣམ་པར་ཤེས་པ་ཚོར་བ་དང་བཅས་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན་ཏེ། རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ལ་ཡང་ལན་བཤད་པ་ནི་གང་ཡང་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་རྣམ་པར་ཤེས་པ་ཡིན་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་ནི་མ་ཡིན་ཏེ།
རྣམ་པར་ཤེས་པ་ནི་དབང་པོ་དང་ཡུལ་མེད་པར་མེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡིན་ན་གདོན་མི་ཟ་བར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་ཁས་བླང་བར་བྱའོ། །ཅི་སྟེ་འདུས་པར་འདོད་ཀྱི་རེག་པ་ནི་མ་ཡིན་ནོ་སྙམ་ན་དེའི་ཕྱིར་ཡང་ན་འདུས་པ་ཡིན་ན་རེག་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ།

ཁྱོད་ཀྱི་རེག་པ་ནི་འདུས་པ་ཙམ་ཡིན་ཏེ། དེས་ན་རྣམ་པར་ཤེས་པ་སྔ་མ་རེག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ། །དེའི་ཕྱིར་མདོ་དང་འགལ་བར་འགྱུར་དུ་འོང་བས་གདོན་མི་ཟ་བར་རྣམ་པར་ཤེས་པ་ཐམས་ཅད་ལ་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བར་འདོད་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་
བའི་ཚོར་བ་ནི་ཞེས་སེམས་ཀྱི་ཚོར་བའི་མདོར་བཤད་ཟིན་ཏོ། །ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་ཞེས་བྱ་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུའོ། །ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཡིད་བདེ་བའི་གནས་ལྟ་བུའི་ཆོས་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་
བའི་བར་ཏེ། ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དག་ནི་ཐམས་ཅད་གཅིག་ཏུ་བསྡུས་ནས་བཅོ་བརྒྱད་དུ་འགྱུར་རོ། །དེ་དག་ཇི་ལྟར་རྣམ་པར་གཞག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཡིད་བདེ་བ་
དང་ཡིད་མི་བདེ་བ་དང་བཏང་སྙོམས་རྣམས་ཕན་ཚུན་ངོ་བོ་ཐ་དད་པའི་ཕྱིར། ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གསུམ་ཁོ་ནར་འགྱུར་གྱི་བཅོ་བརྒྱད་ནི་མ་ཡིན་ནོ། །མཚུངས་པར་ལྡན་པ་ལས་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་གཅིག་པུ་ཁོ་ནར་འགྱུར་ཏེ། ཐམས་ཅད་ཀྱང་ཡིད་བདེ་བ་དང་མཚུངས་པར་
ལྡན་པའི་ཕྱིར་རོ། །དམིགས་པ་ལས་ནི་དྲུག་ཏུ་འགྱུར་རོ། །ཇི་ལྟར་ཞེ་ན། གཟུགས་ལ་དམིགས་པའི་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་རྣམས་ནི་གཟུགས་ལ་ཉེ་བར་རྒྱུ་བ་ཉིད་ཡིན་ལ། དེ་བཞིན་དུ་ཆོས་ལ་དམིགས་པ་རྣམས་ནི་ཆོས་ལ་ཉེ་བར་རྒྱུ་བ་ཉིད་ཀྱི་བར་དུ་ཡིན་པས་དྲུག་ཏུ་འགྱུར་གྱི་བཅོ་བརྒྱད་
ནི་མ་ཡིན་ནོ། །གསུམ་ཀ་ལས་གཞག་སྟེ་ཞེས་བྱ་བ་ནི་ངོ་བོ་དང་མཚུངས་པར་ལྡན་པ་དང་དམིགས་པ་ལས་སོ། །ཇི་ལྟར་ཞེ་ན། ཡིད་བདེ་བ་ལ་སོགས་པ་རྣམས་ངོ་བོ་ཐ་དད་པར་གྱུར་ཅིང་། ཡིད་དང་མཚུངས་པར་ལྡན་ལ། རེ་རེ་ཡང་གཟུགས་ལ་སོགས་པ་དྲུག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གསུམ་ཀ་ལས་ཀྱང་
རྣམ་པར་གཞག་པས་བཅོ་བརྒྱད་དུ་འགྱུར་རོ། །གཟུགས་ལ་སོགས་པ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ལ་གཟུགས་ལ་དམིགས་པའི་ཡིད་བདེ་བ་ལ་སོགས་པ་རྣམས་ཀྱི་དམིགས་པ་ནི་གཟུགས་ཁོ་ན་ཡིན་གྱི་ཡུལ་གཞན་ནི་མ་ཡིན་ལ། རེག་བྱ་ལ་དམིགས་པ་རྣམས་ཀྱི་བར་གྱི་ཡང་དེ་བཞིན་དུ་ཡིན་ཏེ།

དེའི་ཕྱིར་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་བཅོ་ལྔ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །ཆོས་ལ་ཉེ་བར་རྒྱུ་བ་གསུམ་ནི་རྣམ་པ་གཉིས་ཀ་ཡིན་ནོ་ཞེས་བྱ་བ་ནི་འདྲེས་པ་ལ་དམིགས་པ་ཡང་ཡིན་ལ་མ་འདྲེས་པ་ལ་དམིགས་པ་ཡང་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་
པ་དག་གམ། མིག་ལ་སོགས་པ་དག་གམ། གཟུགས་ལ་སོགས་པ་ཕན་ཚུན་ཆོས་དང་ལྷན་ཅིག་དམིགས་ན་ནི་དེ་ལྟར་ན་འདྲེས་པ་ལ་དམིགས་པའོ། །ཅི་སྟེ་ཆོས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་ཀྱི་གཞན་ལ་མ་ཡིན་ན་ནི་དེ་ལྟ་ན་མ་འདྲེས་པ་ལ་དམིགས་པའོ། །ཡིད་ལ་བརྟེན་ནས་
ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བརྟེན་ནས་ཞེས་བྱ་བ་ནི་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་དག་ལ་ཡང་དང་ཡང་དུ་དམིགས་ཞེས་བྱ་བའི་དོན་ཏོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་གཞན་གྱི་ལུགས་གསལ་བར་བྱེད་པ་སྟེ། དེ་ལྟ་ན་ནི་ཡིད་ལ་
བརྟེན་ནས་ཡུལ་རྣམས་ལ་ཉེ་བར་རྒྱུ་བའི་ཕྱིར། ཡིད་དང་མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པ་དག་ཀྱང་ཡིད་ཀྱི་ཉེ་བར་རྒྱུ་བར་འགྱུར་རོ། །ཡུལ་དག་ལ་ཡིད་ཉེ་བར་རྒྱུ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་དུ་རབ་ཏུ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་དང་ཡང་
དུ་རྣམ་པར་རྒྱུ་བའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ཚོར་བ་ཅིའི་ཕྱིར་ཞེས་བྱ་བ་ལ། འདི་ཡིད་ཁོ་ན་ལ་བརྟེན་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མིག་ལ་སོགས་པ་དག་ལ་ཡང་ཡིན་ནོ། །ཉེ་བར་རྒྱུ་བར་བྱེད་པ་ཡང་མ་ཡིན་པས་ཞེས་བྱ་
བ་ནི་ཡང་དག་པར་རྟོག་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏེ། རྟོག་པ་མེད་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཕྱིར་ལ། ཡིད་བདེ་བ་ལ་སོགས་པ་རྣམས་ནི་རྣམ་པར་རྟོག་པའི་ཕྱིར་དེའི་དབང་གིས་ཡིད་ཡུལ་དག་ལ་ཡང་དང་ཡང་དུ་འཇུག་པའི་ཕྱིར་རོ། །བསམ་གཏན་
གསུམ་པའི་བདེ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་ཡིད་ཙམ་ལ་བརྟེན་པའི་ཚོར་བ་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་ན། འོ་ན་ནི་དེས་ན་བསམ་གཏན་གསུམ་པར་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཡང་བརྗོད་པར་བྱ་སྟེ། བསམ་གཏན་གསུམ་པའི་བདེ་བ་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ་ཞེ་

ན། དེའི་ཕྱིར་དང་པོ་འདོད་པའི་ཁམས་ན་ཞེས་བྱ་བ་སྨོས་ཏེ། དང་པོ་ནི་ཐོག་མར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་ལན་དེ་ལ་སྙིང་པོ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་འདོད་པའི་ཁམས་ན་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པས་མ་བཞག་པ་དེའི་ཕྱིར་ཁམས་གོང་མ་ན་སེམས་ཀྱི་བདེ་
བའི་དབང་པོ་ཡོད་ཀྱང་མི་གཞག་གོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། ཡིད་ཀྱི་ཉེ་བར་རྒྱུ་བ་ནི་གདོན་མི་ཟ་བར་གཉེན་པོ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་རིགས་པ་ཅི་ཞིག་སྟེ། དེ་ལྟ་ན་ནི་གཉེན་པོ་མེད་པའི་ཕྱིར་བཏང་སྙོམས་ཀྱང་ཉེ་བར་རྒྱུ་བའི་མཚན་ཉིད་དུ་མི་འགྱུར་ཏེ། གོང་ན་
ཡིད་བདེ་བའི་ཉེ་བར་རྒྱུ་བའི་མཚན་ཉིད་ནི་གཉེན་པོ་དང་བཅས་པ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཉེ་བར་རྒྱུ་བར་བྱེད་པ་ཉིད་ཡིན་ནོ། །གཞན་དག་ན་རེ་བསམ་གཏན་གསུམ་པའི་བདེ་བ་ནི་བརྟན་པ་ཡིན་ལ་ཉེ་བར་རྒྱུ་བ་ནི་མི་བརྟེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་སྟེ།
ཡིད་བདེ་བ་ནི་མི་བརྟན་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡིད་བདེ་བའི་གནས་ལྟ་བུ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པར་བྱེད་པ་རྣམས་སོ། །དེ་ནི་རྣམ་པར་ཤེས་པའི་ཚོགས་ལྔས་མངོན་པར་བསྒྲུབ་པ་ཉིད་ལ་དགོངས་ཏེ་གསུངས་པར་ཟད་ཀྱི་ཞེས་བྱ་བ་ནི་དེ་དག་གིས་དྲངས་ཤིང་དེ་དག་གིས་
བསྐྱེད་པ་ཉིད་སེམས་ལ་བསམས་ནས་གསུངས་པར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་མི་སྡུག་པ་ལྟ་བུ་ཞེས་བྱ་བ་ལ། མིག་གིས་གཟུགས་དག་མཐོང་ནས་མི་སྡུག་པའི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་པ་དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་མངོན་པར་བསྒྲུབས་པ་
ཡིན་ཏེ། སྔར་རྣམ་པར་བསྔོས་པ་ལ་སོགས་པ་མཐོང་བའི་ཕྱིར་རོ། །ཡིད་ཀྱི་ས་པ་ཡང་ཡིན་ཏེ་དེའི་མཇུག་ཏུ་དེ་འབྱུང་བའི་ཕྱིར་རོ། །གཞན་ཡང་མཐོང་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདི་སྐད་དུ་མིག་གིས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་
ཉེ་བར་རྒྱུའོ་ཞེས་བྱ་བར་གསུངས་པར་གྱུར་ན་ནི་དེ་ཀླན་ཀར་རུང་བ་ཞིག་ན། འོན་ཀྱང་མཐོང་ནས་རེག་ནས་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་འདི་ནི་ཀླན་ཀར་མི་རུང་ངོ་། །ཇི་ལྟར་མ་མཐོང་བས་ན་མ་རེག་པའི་བར་དུ་ཉེ་བར་རྒྱུ་ཞེ་ན། གཞན་ལས་མཐོང་ནས་དེའི་བརྗོད་པར་

བྱ་བ་ཡིད་ཀྱིས་ཉེ་བར་རྒྱུ་བ་ཡིན་ནོ། །གཞན་དུ་ན་འདོད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་པར་གཏོགས་པའི་མིག་ལ་སོགས་པ་དག་གིས་ནི་གཟུགས་སུ་གཏོགས་པའི་གཟུགས་དང་སྒྲ་དང་རེག་བྱ་དག་མི་འཛིན་ནོ། །གཟུགས་ཀྱི་
ཁམས་ན་འདོད་པའི་ཁམས་ལ་དམིགས་པ་དག་ཀྱང་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་སུ་སྐྱེས་པ་ནི་འདོད་པར་གཏོགས་པའི་དྲི་དང་རོ་དང་རེག་བྱ་དག་སྣོམ་པའམ་མྱང་བའམ་རེག་པ་མི་བྱེད་དེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཟུགས་དག་ལ་ལྟ་ལ་སྒྲ་
ཡང་ཉན་ཏེ། ཟས་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མ་མཐོང་བར་ཡང་ཉེ་བར་རྒྱུ་ན། འོ་ན་མདོ་ལས་མིག་གིས་གཟུགས་དག་མཐོང་ནས་ཞེས་ཅིའི་ཕྱིར་གསུངས་ཤེ་ན། དེའི་ཕྱིར་ཇི་ལྟར་ཆེས་གསལ་བ་དེ་ལྟར་བཤད་ཅེས་བྱ་བ་སྨོས་ཏེ། མིག་ལ་སོགས་པས་མངོན་པར་
བསྒྲུབས་པས་ཆེས་སླ་བར་བཅད་དུ་རུང་བའི་ཕྱིར་རོ། །གང་ཡང་བུད་མེད་ཀྱི་གཟུགས་མཐོང་ནས་དེའི་སྒྲ་ལ་ཉེ་བར་རྒྱུ་བ་འམ། བུད་མེད་ཀྱི་སྒྲ་ཐོས་ནས་དེའི་གཟུགས་ལ་ཉེ་བར་རྒྱུ་བ་དེ་ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་ཁོ་ན་ཡིན་ནོ། །དབང་པོ་དང་དོན་རྣམ་པར་ཆད་པའི་སྒོ་ནས་ཞེས་བྱ་བ་ནི་མིག་གིས་གཟུགས་
དག་མཐོང་ནས་ཞེས་བྱ་བ་དང་། རྣ་བས་སྒྲ་རྣམས་ཐོས་ནས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། གཞན་དུ་ན་ནི་མིག་གིས་གཟུགས་དག་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་སྒྲ་རྣམས་ལ་ཉེ་བར་རྒྱུའོ་ཞེས་འཆོལ་བར་གསུངས་པར་འགྱུར་རོ། །རྒྱུད་ངེས་པས་ནི་ཞེས་བྱ་བ་ནི་
སེམས་ཅན་གྱི་རྒྱུད་དོ། གང་ཞིག་གཅིག་གིས་ཡིད་བདེ་བའི་གནས་ལྟ་བུ་ཁོ་ནར་འབྱུང་བ་སྲིད་པ་དེ་ཡོད་དེ། དཔེར་ན་འཁོར་ལོས་སྒྱུར་བའི་བུད་མེད་རིན་པོ་ཆེ་ལྟ་བུའོ། །དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། གཟུགས་དེ་ཉིད་ཁ་ཅིག་གི་ཡིད་བདེ་བའི་གནས་
ལྟ་བུ་ཡིན་ལ། ཁ་ཅིག་གི་གཞན་དུ་ཡིན་པའི་ཕྱིར་རོ། །དུ་ཞིག་ནི་འདོད་པའི་ཁམས་དང་ལྡན་པ་ཡིན། དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་ནི། དུ་ཞིག་འདོད་པ་ལ་དམིགས་པ་ཡིན། དུ་ཞིག་ནི་གཟུགས་ལ་དམིགས་པ་ཡིན། དུ་ཞིག་ནི་

གཟུགས་མེད་པ་ལ་དམིགས་པ་ཡིན་ཞེས་བྱ་བ་འོ། །དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དུ་ཞིག་ནི་གཟུགས་ཀྱི་ཁམས་དང་ལྡན་པ་ཡིན། དེ་དག་ལས་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན། དུ་ཞིག་ནི་གཟུགས་མེད་པའི་ཁམས་དང་ལྡན་
པ་ཡིན། དེ་དག་ལས་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བའོ། །ཇེ་རྣམ་པར་དཔྱད་པ་འདི་ལ་ལུས་རྣམ་པར་གཞག་པ་ཁོ་ན་ཞིག་བྱ་སྟེ། འདོད་པའི་ཁམས་ན་ནི་ཡིད་བདེ་བ་ལ་སོགས་པ་གསུམ་ཆར་དང་། གཟུགས་ལ་སོགས་པ་ཡུལ་དྲུག་ཅར་ཡང་ཡོད་དོ། །བསམ་
གཏན་དང་པོ་དང་གཉིས་པ་དག་ན་ནི་ཡིད་བདེ་བ་དང་བཏང་སྙོམས་སོ། །དེ་ཡན་ཆད་སྲིད་པའི་རྩེ་མོའི་བར་ན་ནི་བཏང་སྙོམས་སོ། །བསམ་གཏན་བཞི་ཆར་ན་དྲི་དང་རོ་དག་མེད་དོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ལ་སོགས་པ་ལྔ་ཆར་ཡང་མེད་དོ། །འདོད་ན་ཐམས་ཅད་རང་
དམིགས་ཅན་ཞེས་བྱ་བ་ལ། འདོད་པ་ན་ནི་འདོད་པ་ན་སྤྱོད་པའི་ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། གང་དག་ལ་འདོད་པའི་ཁམས་དེ་ཉིད་དམིགས་པར་ཡོད་པས་ན་རང་དམིགས་ཅན་ནོ། །སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །ཞེས་བྱ་བ་ལ། གཟུགས་
ཅན་གྱི་ཁམས་ནི་འདོད་པ་ན་སྤྱོད་པའི་ཡིད་ཉེ་བར་རྒྱུ་བ་བཅུ་གཉིས་ཀྱི་སྤྱོད་ཡུལ་ཡིན་ནོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་ཏེ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེ་ན་དེ་གཉིས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཟུགས་ཀྱི་ཁམས་དེ་ན་དྲི་དང་རོ་དེ་གཉིས་མེད་པའི་ཕྱིར་
རོ། །གོང་མ་གསུམ་གྱི་ཞེས་བྱ་བ་ལ་ཁམས་གོང་མ་གཟུགས་མེད་པའི་ཁམས་ནི་འདོད་པ་ན་སྤྱོད་པའི་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་རྣམས་ཀྱི་དམིགས་པ་ཡིན་ཏེ། དེ་ལ་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །བསམ་
གཏན་ནི་གཉིས་ན་བཅུ་གཉིས་ཞེས་བྱ་བ་ནི་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་མེད་པའི་ཕྱིར་རོ། །བཅུ་གཉིས་པོ་དེ་དག་ཀྱང་། འདོད་འགྲོ་རྣམས་ཞེས་བྱ་བ་ལ་འདོད་པའི་ཁམས་ཀྱི་ཡུལ་ཅན་དག་ནི་འདོད་འགྲོ་རྣམས་ཞེས་བརྗོད་དེ། འདི་ཇི་ལྟར་འགྲོ་ཞེ་ན་ཞེས་བྱ་བ་ལ་

སོགས་པ་ལ། ཤེས་པའི་དོན་ལ་འགྲོ་ཞེས་སྨྲ་བ་དག་ཏུ་འགྱུར་ཏེ། འགྲོ་བའི་དོན་རྣམས་ནི་ཤེས་པའི་དོན་ཡིན་པའི་ཕྱིར་རོ། །རང་ལ་དམིགས་པ་བརྒྱད་ཅེས་བྱ་བ་ལ། བརྒྱད་ཀྱི་དམིགས་པ་ནི་དམིགས་པ་བརྒྱད་དོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་
བཞི་མ་གཏོགས་སོ་ཞེས་བྱ་བ་ནི་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲི་ལ་དམིགས་པ་འདི་གཉིས་དང་རོ་ལ་དམིགས་པ་གཉིས་མ་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་གཉིས་མེད་པའི་ཕྱིར་རོ། །གཟུགས་མེད་པ་གཉིས་ཀྱིས་ཞེས་བྱ་བ་ལ། གཟུགས་མེད་པའི་
ཁམས་ནི་ཡིད་བདེ་བ་དང་བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་བསམ་གཏན་དང་པོ་དང་གཉིས་པའི་ས་པ་དག་གི་དམིགས་པ་ཡིན་ཏེ། དེ་ནས་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་ཁོ་ན་ཡོད་ཀྱི་ཞེས་བྱ་བ་
ནི་དེ་གཉིས་ན་ཡིད་བདེ་བ་མེད་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་བདེ་བ་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་མ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་ཏོ། །དེ་དག་དྲུག་གི་དམིགས་པ་ནི་འདོད་པའོ་ཞེས་བྱ་བ་ལ། དེ་ཉིད་ཀྱི་ཕྱིར་དྲུག་ཡིན་ནོ། །གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་པའི་ཕྱིར་
ཏེ། དེ་ཉིད་ཀྱི་ཕྱིར་རང་ནི་བཞིའོ་ཞེས་བྱ་བ་སྨོས་སོ། གོང་མ་གཅིག་གི་དམིགས་པ་ཡིན་ཞེས་བྱ་བའི་བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་ཁོ་ནའི་ཡིན་ནོ། །གཟུགས་མེད་ཉེ་བར་བསྡོགས་ན་བཞི། །ཞེས་བྱ་བ་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཞེས་བྱ་བ་ནི་
བར་ཆད་མེད་པའི་ལམ་མོ། །གཟུགས་འགྲོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་ལ། དེ་ན་ནི་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ཡོད་པའི་ཕྱིར་རོ། །གང་དག་གི་ལྟར་ན་དེ་རྣམ་པར་ཆད་པ་ལ་དམིགས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གང་དག་གི་
གཞུང་ལུགས་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཏེ་རྣམ་པར་ཆད་པ་ལ་དམིགས་ཤིང་སོ་སོ་ལ་དམིགས་པ་དང་། གཟུགས་ལ་སོགས་པ་སོ་སོ་ལ་དམིགས་པ་སྟེ། རགས་པ་ལ་སོགས་པའི་རྣམ་པར་མཐོང་བའི་ཕྱིར་རོ། །སློབ་དཔོན་གང་དག་གི་གཞུང་

ལུགས་ཀྱིས་བཟླུམས་ཏེ་དམིགས་པ་ནི་བསྡོམས་པ་ལ་དམིགས་པ་སྟེ། དེ་ནས་ཆོས་ལ་ཉེ་བར་རྒྱུ་བ་འདྲེས་པ་ལ་དམིགས་པ་གཅིག་ཁོ་ན་ཡོད་དོ། །གོང་མར་འགྲོ་བ་གཅིག་ཅེས་བྱ་བ་ནི་བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་ཁོ་ནའོ། །གཟུགས་མེད་པའི་དངོས་གཞི་རྣམས་
ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་མེད་པའི་དངོས་གཞི་རྣམས་ཀྱི་དམིགས་པ་ནི་ཁམས་འོག་མ་མ་ཡིན་ནོ་ཞེས་བྱ་བ་འདིར་ཁམས་ཀྱི་སྒྲས་ནི་ཟག་པ་དང་བཅས་པ་གཟུང་ངོ་། །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། གཟུགས་མེད་དངོས་གཞིའི་དགེ་བ་ཡི། །སྤྱོད་ཡུལ་ཟག་
བཅས་འོག་མ་ཡིན། །ཞེས་བྱ་བའོ། །བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་ཉོན་མོངས་པ་ཅན་རྣམས་སོ། །བཅོ་བརྒྱད་ཅེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སྲིད་པ་འཕེལ་བར་བྱེད་པའི་ཕྱིར་ཏེ། འཕགས་པའི་ལམ་ནི་
རྩོལ་བ་མེད་པར་འཇུག་པའི་ཕྱིར་དང་། མཚན་མ་མེད་པའི་དབྱིངས་སུ་གཞོལ་བའི་ཕྱིར་ལ། ཉེ་བར་རྒྱུ་བ་རྣམས་ནི་དེ་ལས་བཟློག་པས་ཟག་པ་མེད་པ་མ་ཡིན་ནོ། །གང་ཞིག་དུ་དག་དང་ལྡན་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔར་ནི་མངོན་དུ་གྱུར་པ་བཤད་ལ། ད་ནི་ལྡན་
པར་བརྗོད་པར་བྱ་སྟེ། གཟུགས་ན་སྤྱོད་པའི་དགེ་བའི་སེམས་མ་ཐོབ་པ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་ས་མ་ཐོབ་པའོ། །འདོད་པ་ན་སྤྱོད་པ་ཐམས་ཅད་དང་ལྡན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །བསམ་གཏན་དང་པོ་དང་གཉིས་པའི་ས་པ་ནི་ཉོན་མོངས་
པ་ཅན་བརྒྱད་དང་ལྡན་གྱི་དགེ་བ་དག་དང་ལུང་དུ་མ་བསྟན་པ་དག་དང་ནི་མ་ཡིན་ཏེ། རིམ་པ་བཞིན་དུ་སྦྱོར་བ་དང་སྐྱེ་བ་ལ་རག་ལས་པའི་ཕྱིར་རོ། །བརྒྱད་པོ་དག་གཅིག་དང་ལྡན་ཞེ་ན། ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ལ་དམིགས་
པ་རྣམས་དང་ངོ་། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་བཞི་དང་ལྡན་ནོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ལ་དམིགས་པ་དག་དང་ལྡན་ཏེ། དེ་ན་དེ་ཉིད་མེད་པའི་

ཕྱིར་དང་། གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ལྡན་ཏེ། འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པ་ཞེས་བྱ་བ་ནི་མི་ལྕོགས་པ་
མེད་པའི་ས་ཐོབ་པ་ཡིན་གྱི་དངོས་གཞི་ནི་མ་ཡིན་ཏེ། འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །འདི་ལྟར་མི་ལྕོགས་པ་མེད་པ་ཐོབ་ནས་གཟོད་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། འདོད་པ་ན་སྤྱོད་པ་ཐམས་ཅད་ལས་འདོད་ཆགས་དང་མ་
བྲལ་བའི་ཕྱིར་རོ། །བསམ་གཏན་དང་པོའི་ས་པ་ནི་བཅུ་དང་ལྡན་ཏེ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བས་ཡིད་བདེ་བ་ཉེ་བར་རྒྱུ་བ་བསམ་གཏན་གྱི་དངོས་གཞིའི་ས་པ་ཉོན་མོངས་པ་ཅན་བཞི་ཁོ་ན་དང་ལྡན་གྱི། དགེ་བ་དང་ལུང་དུ་མ་བསྟན་པ་
དག་དང་ནི་མ་ཡིན་ཏེ། རྒྱུ་ནི་སྔ་མ་བཞིན་ནོ། །དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཞེས་བྱ་བ་ལ། དེ་དག་ནི་འོག་མ་ལ་དམིགས་པ་ཉིད་ཀྱིས་དགེ་བ་ཡིན་པའི་ཕྱིར་དང་། འདོད་ཆགས་དང་མ་བྲལ་བ་ཉིད་ཀྱིས