Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
 རྫོགས་སངས་རྒྱས་འདས་གང་
དག་དང་། །ཞེས་བྱ་བ་རྒྱས་པར་བརྗོད་ནས། དེ་ལྟ་བས་ན་ཕུང་པོའི་རྒྱུན་ཁོ་ན་ལ་སངས་རྒྱས་ཞེས་བྱའི་གང་ཟག་ལ་ནི་མ་ཡིན་ནོ་ཞེས་མཇུག་བསྡུའོ། །དགེ་སློང་དག་ཁྱེད་ལ་ཁུར་ཡང་བསྟན་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་སློང་དག་ཁྱེད་ལ་ཁུར་ལེན་པ་དང་ཁུར་འདོར་བ་དང་ཁུར་ཁྱེར་
བ་ཡང་བསྟན་གྱི་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཁུར་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཁུར་ལེན་པ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བའོ། །ཁུར་འདོར་བ་གང་ཞེ་ན། ཡང་

སྲིད་པ་པའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། སོ་སོར་ངེས་པར་འབྱུང་བ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་གང་ཡིན་པའོ། །ཁུར་ཁྱེར་བ་གང་ཞེ་ན།
གང་ཟག་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དེ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེའི་མཐའ་ནི་འདི་ཙམ་
ཞིག་གོ་ཞེས་བྱ་བ་གང་ཡིན་པའོ། །ཁུར་ཁྱེར་བར་བྱེད་པས་ན་ཁུར་ཁྱེར་བ་སྟེ་དཔེར་བརྗོད་པ་ནི་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁུར་ཉིད་ཁུར་ཁྱེར་བ་ཡིན་པར་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་ཕུང་པོ་ལེན་པ་ཡང་ཕུང་པོས་མ་བསྡུས་པར་ཐལ་བར་
ཡང་འགྱུར་རོ་ཞེས་བྱ་བ་ནི་གང་ཟག་བཞིན་དུ་ཕུང་པོས་མ་བསྡུས་པར་ཐལ་བར་འགྱུར་བ་ཞིག་ན། དེ་ལྟར་ཡང་མི་འདོད་དེ་དེ་ལྟ་བས་ན་ཕུང་པོ་ལེན་པ་བཞིན་གང་ཟག་ཕུང་པོ་དག་ལས་དོན་གཞན་དུ་འགྱུར་བ་མ་ཡིན་ནོ། །ཁུར་ཁྱེར་བ་ནི་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་ཞེས་བྱ་བ་
ཐམས་ཅད་རྒྱས་པར་བརྗོད་ནས། གཞན་དུ་ཤེས་པར་མི་འགྱུར་བར་ཞེས་བྱ་བ་བརྗོད་པར་བྱའོ། །གལ་ཏེ་གང་ཟག་རྫས་སུ་ཡོད་པར་འགྱུར་ན་མདོ་དེ་ལས་ཁུར་ཁྱེར་བ་གང་ཞེ་ན། གང་ཟག་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་དེ་ཁོ་ན་ཙམ་ཞིག་གསུངས་པར་འགྱུར་གྱི། ཡང་
ཚེ་དང་ལྡན་པ་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ནས་རྒྱས་པར་ཚེའི་མཐའ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བའི་བར་རྣམ་པར་མ་ཕྱེ་བར་འགྱུར་རོ། །ཡང་ཁྱད་པར་དུ་མཛད་པ་འདི་ནི་གང་ཟག་བཏགས་པར་ཡོད་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཅི་ནས་ཀྱང་དེ་ཉིད་
བཏགས་པའི་ཡོད་པ་ཡིན་པར་ཤེས་པར་བྱའི། གང་ཟག་རྫས་སུ་ཡོད་པ་ལ་རྟག་པ་དང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གཞན་དུ་ནི་ཤེས་པར་མ་བྱེད་ཅིག་ཅེས་བྱ་བ་ཡིན་ནོ། །ཕུང་པོ་སྔ་མ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ལ་ཕུང་པོ་གང་དག་གནོད་པ་བྱེད་ཅིང་སྡུག་བསྔལ་གྱི་རྒྱུར་གྱུར་པ་དེ་

དག་ནི་ཁུར་ཞེས་བཤད་དོ། །ཕྱི་མ་གནོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་ཁུར་ཁྱེར་བ་ཞེས་བཤད་དོ། །སེམས་ཅན་སྐྱེ་བ་པ་ཞེས་བྱ་བ་ནི་སྐྱེ་བ་ལ་མཛེས་པར་བྱེད་པའི་ཕྱིར་རོ། །གང་ཟག་བདེན་པ་རྣམས་ཀྱི་ཁོངས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ཀུན་
བརྟགས་པའི་གང་ཟག་ནི་སྡུག་བསྔལ་ལ་སོགས་པའི་ཁོངས་སུ་མ་གཏོགས་ཏེ། གང་ཟག་ནི་སྡུག་བསྔལ་ནས་ལམ་གྱི་བར་མ་ཡིན་ནོ། །དེའི་གང་ཟག་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་བདེན་པ་མཐོང་བས་སྤང་བར་བྱ་བ་ཡང་མ་ཡིན་ཏེ། བདེན་པ་གང་ལ་ལོག་པར་ཞུགས་
པ་དེ་ནི་བདེན་པ་དེ་མཐོང་བས་སྤོང་བར་འགྱུར་རོ། །དེ་བཞིན་དུ་གང་ཟག་སྡུག་བསྔལ་དང་ཀུན་འབྱུང་བའི་ཁོངས་སུ་མ་གཏོགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡང་མ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་བསྒོམ་པས་སྤང་བར་བྱ་བའི་སྡུག་བསྔལ་དང་ཀུན་
འབྱུང་བའི་དངོས་པོ་ཁོ་ན་ལ་དམིགས་སོ། །དེ་ལྟར་ན་དེ་ནི་བསྒོམ་པས་སྤང་བར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། གང་ཟག་དེ་གཉིས་ཀྱི་ཁོངས་སུ་མ་གཏོགས་པས་དེའི་ཕྱིར་དེ་བསྒོམ་པས་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །ཡང་ན་ལྟ་བ་ནི་ནམ་ཡང་བསྒོམ་པས་སྤང་བར་བྱ་བ་མ་ཡིན་པས་
དེ་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ནོ། །ཏིལ་གཅིག་དང་འབྲས་ཐུག་པོ་ཆེ་གཅིག་ཅེས་བྱ་བ་ལྟ་བུ་དང་། ཕུང་པོ་གཅིག་དང་ཚིག་གཅིག་ཅེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྫས་བརྒྱད་པ་ཡིན་ཡང་ཏིལ་གཅིག་དང་འབྲས་ཐུག་པོ་གཅིག་ཅེས་བྱ་བ་དང་། དེ་བཞིན་དུ་ཕུང་པོ་གཅིག་དང་ཚིག་གཅིག་
ཅེས་བྱ་བ་ལྟར་གང་ཟག་གཅིག་ཅེས་བྱ་བ་ཡང་དེ་དང་འདྲའོ། །སྐྱེ་བ་དང་ལྡན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེའོ་ཞེས་སྨྲས་པས་དེ་སྐྱེ་བ་དང་ལྡན་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་ཁྱེད་ཀྱིས་འདུས་བྱས་ཡིན་ནོ་ཞེས་བརྗོད་དགོས་སོ། །ཕུང་པོ་གཞན་ལེན་པའི་ཕྱིར་ཞེས་བྱ་བ་ནི་དེ་འདུས་
བྱས་ཉིད་དུ་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དཔེར་ན་རིག་པ་བླངས་པའི་ཕྱིར་མཆོད་སྦྱིན་པ་སྐྱེས་སོ་ཞེས་བྱ་བ་འདི་འབྱུང་བའི་དོན་དུ་སྐྱེས་པ་མ་ཡིན་པ་དེ་དང་འདྲ་སྟེ། ཐམས་ཅད་སྦྱར་བར་བྱའོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་

འབྱུང་བའི་མཚན་ཉིད་ལ་མ་གཏོགས་པ་སྟེ། དེ་ཡང་འདི་ལྟ་སྟེ། འདི་ཡོད་པས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱེད་པ་པོ་ནི་མི་དམིགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལས་ནི་བྱེད་པ་པོ་མི་དམིགས་སོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན་སྨྲས་པ། གང་ཞིག་ཚེ་འདིའི་ཕུང་
པོ་རྣམས་འདོར་ཞིང་གཏོང་ལ་ཚེ་ཕྱི་མའི་ཕུང་པོ་གཞན་དག་ཉིང་མཚམས་སྦྱོར་ཞིང་ཉེ་བར་ལེན་པར་བྱེད་པ་རྫས་སུ་ཡོད་པར་གནས་པའོ། །དབོ་ལས་སྐྱེས་ལེན་ཅེས་མི་སྨྲའོ་ཞེས་བྱ་བ་ནི་གལ་ཏེ་ངས་འདི་སྐད་དུ་འདི་ལེན་ཏོ་སྨྲས་ན། ཚིག་དེ་ཁྱོད་ལ་ལེགས་པར་འགྱུར་རམ། བཙུན་པ་མ་
ལགས་སོ། །དེ་ལྟ་བས་ན་ཕུང་པོ་རྣམས་ལེན་པར་བྱེད་པ་དང་འདོར་བར་བྱེད་པ་ནི་འགའ་ཡང་མེད་དོ་ཞེས་འབྱུང་བ་ཡིན་ནོ། །དེ་ཡང་དེ་དང་འདྲ་ལ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་སྔོན་མེད་པ་ཁོ་ན་ལས་སྐྱེ་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་གང་ཟག་ཡིན་ནོ་ཞེ་ན་ནི་དེ་མ་གྲུབ་བོ་ཞེས་བྱ་བ་ལ་
སོགས་པ་ཉེ་བར་དགོད་པས་ནི་དཔེ་མ་གྲུབ་པ་ཉིད་དུ་སྟོན་ཏོ། །ལུས་དང་རིག་པ་དང་རྟགས་བཞིན་དུ་ཞེས་བྱ་བ་ལ་རིག་པ་དང་རྟགས་ནི་རིག་པ་དང་རྟགས་སོ། །ལུས་དང་རིག་པ་དང་རྟགས་ནི་ལུས་དང་རིག་པ་དང་རྟགས་དག་གོ། །དེ་དག་དང་འདྲ་བར་ཏེ་ལུས་དང་རིག་པ་དང་རྟགས་བཞིན་དུ་
ཕུང་པོ་དང་གང་ཟག་དག་གཞན་ཉིད་དུ་འགྱུར་རོ། །ཇི་ལྟར་བླང་བར་བྱ་བའི་རིག་པ་དང་རྟགས་ལས་ལུས་གཞན་ཉིད་ཡིན་པ་དེ་བཞིན་དུ་བླང་བར་བྱ་བ་ཕུང་པོ་ལས་ཀྱང་གང་ཟག་གཞན་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྒ་བ་དང་ན་བ་ཡང་ལུས་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གནས་
སྐབས་རྣམས་སྐད་ཅིག་རེ་རེ་ལ་གཞན་ཉིད་ཡིན་པར་བསམས་པ་སྟེ་དེ་ལ་རྒ་བ་སྐྱེས་སོ། །ན་བ་སྐྱེས་སོ་ཞེས་གང་སྨྲས་པའི་དཔེ་མ་གྲུབ་པོ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་ཡང་ལུས་གནས་པ་ལ་གནས་སྐབས་གཞན་ལོག་ན་གནས་སྐབས་གཞན་འབྱུང་ངོ་སྙམ་དུ་སེམས་ན་གྲངས་
ཅན་པའི་འགྱུར་བར་སྨྲ་བ་དེ་ནི་མཛོད་གྱི་གནས་གོང་མར་བཀག་ཟིན་ཏོ། །ཇི་སྐད་དུ་ཞེ་ན་གནས་པ་གང་ལ་ཆོས་གཞན་གྱི་ཁྱད་པར་དུ་ཡོངས་སུ་བརྟག་པར་བྱ་བའི་ཆོས་ཅན་དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ཉིད་འདི་ཡིན་ལ་དེ་ལྟ་ན་ཡང་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་རིགས་པ་འདི་ནི་སྔོན་

མ་བྱུང་བ་ཞེས་བྱ་བའོ། །འབྱུང་བ་དག་ནི་བཞི་ཡིན། གཟུགས་ནི་གཅིག་ཡིན་ཞེས་བྱ་བ་ནི་གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྨྲ་བ་འདི་ནི་ཕྱོགས་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སྨྲ་བ་འདི་ཕྱོགས་འགའ་ཞིག་ལ་ཡོད་དོ་ཞེས་བྱ་བའི་ཐ་
ཚིག་གོ། །འབྱུང་བ་ཙམ་གྱི་ཕྱོགས་ལ་འོ་ཞེས་བྱ་བ་ནི་གནས་བརྟན་སངས་རྒྱས་ལྷའི་ཕྱོགས་ལ་ཡོད་ཀྱི། ཁོ་བོ་ཅག་གི་ཕྱོགས་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་འབྱུང་བ་ཙམ་གྱི་ཕྱོགས་ལ་འབྱུང་བ་དག་ལས་གཟུགས་གཞན་མ་ཡིན་པ་དེ་བཞིན་དུ་ཕུང་
པོ་དག་ལས་གང་ཟག་གཞན་མ་ཡིན་ནོ་ཞེས་ཁས་བླངས་པ་ཡིན་པས་རང་གི་གྲུབ་པའི་མཐའ་ཡོངས་སུ་བོར་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག་དེ་ཉིད་ལུས་ཡིན་པའམ་གཞན་ཡིན་ནོ་ཞེས་ལུང་མ་བསྟན་ཞེས་བྱ་བ་ལ། དེ་ལ་དེ་དག་གི་བསམ་པ་ནི་གལ་ཏེ་ཕུང་
པོ་དག་ཁོ་ན་ལ་གང་ཟག་ཉེ་བར་འདོགས་ན་ཅིའི་ཕྱིར་ལུས་ཁོ་ན་སྲོག་ཡིན་ནོ་ཞེས་མ་བཤད་སྙམ་པ་འདི་ཡིན་ནོ། །སྔ་མ་དག་ཁོ་ནས་ཞེས་བྱ་བ་ནི་གནས་བརྟན་ཀླུ་སྡེ་ལ་སོགས་པས་སོ། །སྨྲ་བ་མང་བ་ཞེས་བྱ་བ་ནི་གཅོར་པའོ། །ཕ་རོལ་པོས་གལ་ཏེ་གང་ཟག་བརྗོད་པར་བྱ་བ་མ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་
འདས་ཀྱིས་ཀྱང་མེད་པ་ཁོ་ནའོ་ཞེས་མ་གསུངས་ཞེས་བྱ་བ་སྨོས་སོ། །དེ་ནི་དེ་བསྟན་པ་ཡང་མི་བཟོད་དོ་ཞེས་བྱ་བ་ནི་བདག་མེད་པ་བསྟན་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སྔ་ནས་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་རྨོངས་པས་སོ། །ཕྱིར་ཞིང་ཆེས་རྒྱས་པར་འགྱུར་
ཞེས་བྱ་བ་ནི་ཆད་པར་ལྟ་བ་དང་ལྡན་པའི་ལྟ་བ་གཞན་སྐྱེད་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་གི་བདག་སྔོན་ཡོད་པར་འགྱུར་བ་ལས་ད་ནི་བདག་གི་དེ་ཡང་མེད་དོ་ཞེས་བྱ་བ་སྨོས་སོ། །འདིར་སྨྲས་པ་ཞེས་བྱ་བ་ནི་བཙུན་པ་གཞོན་ནུ་ལེན་གྱིས་སོ། །ལྟ་བའི་མཆེ་བས་
སྨས་པ་དང་ཞེས་བྱ་བ་ནི་ལྟ་བ་ཉིད་མཆེ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེས་སྨས་པ་ལ་ལྟོས་ནས་གཉེན་པོ་ཆོས་བདག་མེད་པ་ཡང་སྟོན་པར་མཛད་དོ། །ལས་རྣམས་འཇིག་པ་ལ་ལྟོས་ནས་ཏེ་བྱས་པ་ཆུད་ཟ་བ་ལ་ལྟོས་ནས་གང་ཟག་ཡོད་པ་ཉིད་ལྟ་བུར་སྟོན་པ་རྣམས་གཞན་དུ་ཡང་སྟོན་

པར་མཛད་དོ། །སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །ཞེས་བྱ་བ་ནི་ཇི་ལྟར་སྟག་མོས་འདིའི་ལུས་མཆེ་བས་སྨོས་པར་འགྱུར་ན་མི་རུང་ངོ་སྙམ་ནས་སོས་ཧ་ཅང་བག་མེད་པར་བཟུང་སྟེ་ཡང་ཕྲུ་གུ་མི་ཁྱེར་མི་ཁྲིད་ལ་འདིས་འདི་ལ་ལྷུང་སྟེ་སྣད་པར་གྱུར་དུ་འོང་ངོ་སྙམ་ནས་སོས་ཧ་ཅང་ལྷད་
ལྷོད་དུ་བཟུང་སྟེ། ཡང་དེ་མི་ཁྱེར་གྱི་རན་པར་བཟུང་སྟེ་ཁྱེར་བ་ལྟ་བུར་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ནི་ཁྲིད་པ་ཞེས་འདོན་ཏེ་གནས་གཞན་ནས་ཁྲིད་ཅིང་སྤོག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དོན་སྟོན་པ་ལ་རྒྱུ་བསྟན་པའི་ཕྱིར་བདག་ཡོད་ཉིད་དུ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་
སྨོས་ཏེ། གལ་ཏེ་བདག་ཡོད་པ་ཉིད་དུ་ཞུགས་པར་གྱུར་ན་འདུལ་བའི་སྐྱེ་བོ་ནི་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཀྱི་ལྟ་བའི་མཆེ་བས་ཞེས་སྨོས་པར་འགྱུར་རོ། །ཀུན་རྫོབ་རྟོགས་པར་མ་གྱུར་ནས་ཞེས་བྱ་བ་ནི་ཆོས་ཀྱི་བརྡ་མི་ཤེས་པ་སྟེ། ལས་ཀྱི་འབྲས་བུ་མེད་དོ་སྙམ་ནས་དགེ་བའི་ཆོས་སྟག་
གི་ཕྲུ་གུ་ལྟ་བུ་ཉམས་པར་བྱེད་པར་འགྱུར་རོ། །བཏགས་པ་ལ་ཡོད་པ་ནི་བཏགས་པ་སྟེ་ལ་ལ་གང་ཟག་ཀུན་རྫོབ་ཏུ་ཡོད་པ་ཡང་མེད་དོ་སྙམ་དུ་འཛིན་པར་འགྱུར་བས་དེའི་ཕྱིར་མེད་དོ་ཞེས་ཀྱང་མ་གསུངས་སོ། །ཡོད་ན་ཅིའི་ཕྱིར་ཡོད་མི་གསུང་། །ཞེས་བྱ་བ་ནི་གལ་ཏེ་གང་ཟག་ཡང་དག་པའི་དོན་དུ་
ཡོད་ན་བཅོམ་ལྡན་འདས་ཅིའི་ཕྱིར་གང་ཟག་ཡོད་དོ་ཞེས་མི་གསུང་། གཟུགས་ཡོད་དོ་ཞེས་སྨྲས་པ་ལ་ནི་ཉེས་པར་མི་འགྱུར་ཏེ། དེ་ཡོད་པའི་ཕྱིར་རོ། །གཅེར་བུ་པའི་ཉན་ཐོས་ཀྱི་བྱེའུ་བཟུང་བ་བཞིན་ནོ་ཞེས་བྱ་བ་ནི་གཅེར་བུ་པའི་ཉན་ཐོས་ཤིག་གིས་བྱེའུ་གསོན་པོ་ཞིག་བཟུང་ནས་བཅོམ་ལྡན་
འདས་ལ་བྱིའུ་འདི་གསོན་ནམ་མི་གསོན་ཞེས་དྲིས་སོ། །དེའི་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་དགེ་སྦྱོང་གཽ་ཏ་མ་གསོན་ནོ་ཞེས་གསུངས་ན་ནི་དེས་དེ་བཙིར་ནས་བསད་དེ་སྟོན་པར་བྱེད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཤིའོ་ཞེས་གསུངས་ན་ནི་དེས་དེ་གསོན་པོ་ཁོ་ནར་སྟོན་པར་བྱེད་དོ། །
དེ་ནི་ཇི་ལྟར་ན་འཇིག་རྟེན་གྱི་ཐམས་ཅད་མཁྱེན་པ་མ་ཡིན་པར་ཤེས་པར་འགྱུར་སྙམ་དུ་མངོན་པར་ཞེན་ཏོ། །བཅོམ་ལྡན་འདས་ཀྱིས་ནི་དེའི་བསམ་པ་མཁྱེན་ནས་ལུང་མ་བསྟན་གྱི། འདི་གསོན་ནམ་མི་གསོན་པ་ནི་ཁྱོད་ཀྱི་སེམས་ཀྱི་ཁོ་ན་ལས་སོ་ཞེས་བྱ་བ་ཁོ་ན་གསུངས་པ་དེ་དང་འདྲ་བར་འདི་ཡང་ལུང་མ་

བསྟན་ཏོ། །བཞི་ཚན་འདི་ནི་དོན་མཐུན་ནོ། །ཞེས་བྱ་བ་ནི་འཇིག་རྟེན་རྟག་གོ་འཇིག་རྟེན་མི་རྟག་གོ་ཞེས་བྱ་བའི་བཞི་ཚན་འདི་དང་འཇིག་རྟེན་མཐའ་དང་ལྡན་ནོ། །འཇིག་རྟེན་མཐའ་དང་མི་ལྡན་ནོ་ཞེས་བྱ་བའི་བཞི་ཚན་འདི་དོན་གཅིག་གོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་ལུང་མ་བསྟན་པའི་དངོས་པོ་བཅུ་བཞིར་འགྱུར་ཏེ། འཇིག་
རྟེན་རྟག་གོ་ཞེས་བྱ་བ་ནི་བཞི་ཚན་གཅིག་གོ། །མཐའ་དང་ལྡན་ནོ་ཞེས་བྱ་བ་ནི་བཞི་ཚན་གཉིས་པའོ། །དེ་བཞིན་འོངས་པ་ཤི་ནས་ཡོད། །ཅེས་བྱ་བ་ནི་བཞི་ཚན་གསུམ་པའོ། །སྲོག་དེ་ལུས་དེ་ཡིན་པ་དང་། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་ནི་གཉིས་ཚན་ནོ། །བཞི་ཚན་གསུམ་དང་། གཉིས་
ཚན་གཅིག་ན་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞིའོ་ཞེ་ན། རྣམ་གྲངས་ཀྱི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་ལ་ཡང་བཅུ་བཞི་ཉིད་སྲིད་པས་ཉེས་པ་མེད་དོ། །དེ་ཉིད་རྣམ་གྲངས་གཞན་གྱིས་འདྲིའམ་ཞེས་བྱ་བ་འདི་མཐའ་དང་ལྡན་པ་ཞེས་ཞུས་པ་གང་ཡིན་པའོ། །ཇི་ལྟ་ཞེ་ན་ཅི་ལགས། འཇིག་རྟེན་ཐམས་
ཅད་ལམ་འདིས་ངེས་པར་འབྱུང་ངམ་ཞེས་བྱ་བ་འདི་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དང་རྟག་པ་ཞེས་བྱ་བ་ཞུས་པ་ཡིན་ནོ། །འོན་ཏེ་འཇིག་རྟེན་ཕྱོགས་གཅིག་ལགས། །ཞེས་བྱ་བ་འདིས་ནི་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་
ཡིན་ཞེས་བྱ་བ་དང་པོ་ཡིན་ནོ། །གང་ཟག་གསོན་པོ་ནི་ཡོད་དོ་ཞེས་བྱ་བ་ནི་གང་ཟག་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་བརྗོད་པ་འདི་ནི་ལུང་སྟོན་པ་སྙམ་དུ་བསམས་པ་ཡིན་ནོ། །རྟག་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་གནས་མའི་བུའི་ཚིག་གོ། །
འོ་ན་ཅིའི་ཕྱིར་འདི་ལུང་སྟོན་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་གྱི་ཚིག་གོ། །གཟིགས་སམ་མི་གཟིགས་ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་བ་ཡིན་ན་ཞེས་བྱ་བ་ནི་གཟིགས་སོ། །མི་གཟིགས་སོ་ཞེས་བརྗོད་པར་མི་བྱ་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །རིམ་གྱིས་རིམ་གྱིས་
མི་བརྗོད་པར་གྱིས་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་ཞེས་མི་བརྗོད་པའོ། །རིམ་གྱིས་རིམ་གྱིས་ཞེས་སྨོས་པ་ནི་ཤཱཀྱ་བུའི་མཚུངས་པ་དག་རབ་ཏུ་འཁྲུག་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །བདེན་པ་དང་གནས་པར་ཞེས་བྱ་བ་ནི་བརྟན་པའི་ངོ་བོར་

ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བའི་གནས་སུ་གསུངས་སོ་ཞེས་བྱ་བ་ནི་ལོག་པར་ལྟ་བའི་གནས་སུ་གསུངས་སོ་སྙམ་པ་ཡིན་ནོ། །སློབ་དཔོན་གྱིས་ཡོད་དོ་སྙམ་པ་ཡང་ལྟ་བའི་གནས་སུ་གསུངས་ཞེས་བྱ་བ་སྨོས་ཏེ། འཇིག་ཚོགས་ལ་ལྟ་བའི་གནས་སུ་ཞེས་བྱ་བའི་
དོན་ཏོ། །ཕྱོགས་འདི་ནི་ལན་བཏབ་ཟིན་ཞེས་བྱ་བ་ཇི་སྐད་དུ་ཞེ་ན། །མ་ཡིན་ཏེ་བཀག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ཁོ་ན་ལས་ཞེས་བྱ་བ་ནས་རྒྱས་པར་འདི་དག་ནི་དཔེ་ངན་པ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །གཞན་དག་ན་རེ་རྒྱུར་བྱས་ནས་ཞེས་བྱ་བ་
འདི་ཅི་ཞེས་བྱ་བ་ནས་བཟུང་སྟེ་ཞེས་རྣམ་པར་འཆད་དོ། །རང་གི་གཞུང་ལུགས་ཀྱིས་ཇི་ལྟར་འཁོར་བ་དེ་བཞིན་དུ་བསྟན་པའི་ཕྱིར། ཇི་ལྟར་མེ་སྐད་ཅིག་མ་ཡིན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །མེ་ནི་སྐད་ཅིག་མ་ཡིན་པར་གྲགས་ལ། དེ་ཡང་ཡུལ་གཞན་དུ་འབྱུང་བའི་རྒྱུན་གྱིས་འགྲོ་བ་
དེ་བཞིན་དུ་སྲེད་པ་ཉེ་བར་ལེན་པ་ཅན་སེམས་ཅན་ཞེས་བྱ་བ་ཕུང་པོའི་ཚོགས་འདི་ལ་སྲེད་པ་ཉེ་བར་ལེན་པ་ཡོད་པ་སྲེད་པས་ཉེ་བར་ལེན་པ་ཅན་ཏེ། སྐད་ཅིག་མ་ཡིན་ཡང་འཁོར་རོ། །མིག་བཟངས་ཞེས་བྱ་བའི་སྟོན་པ་ཞེས་བྱ་བ་ནི་ཉི་མ་བདུན་འཆར་བའི་མདོ་ལས། བཅོམ་ལྡན་འདས་འདི་ཡང་དྲང་
སྲོང་མིག་བཟངས་ཞེས་བྱ་བར་གྱུར་ཏོ་ཞེས་འབྱུང་ངོ་། །ཕུང་པོ་རྣམས་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ཡིན་ན་གཞན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །རྒྱུད་གཅིག་པ་ཉིད་དུ་སྟོན་པར་མཛད་པ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་མིག་བཟངས། སངས་རྒྱས་ཀྱི་རྒྱུད་
ཁོ་ན་ཡིན་པར་འགྱུར་བ་དེའི་ཕྱིར་དེ་ཉིད་ང་ཡིན་ནོ་ཞེས་ཐ་མི་དད་པར་ཉེ་བར་བཏགས་སོ།། །།བམ་པོ་དྲུག་ཅུ་གཅིག་པ་སྟེ་ཐ་མའོ། །དཔེར་ན་སྔོན་མཐོང་བའི་མེ་གང་ཡིན་པ་དེ་སྲེག་ཅིང་འོངས་སོ་ཞེས་བྱ་བ་དེ་ལྟ་བུ་སྟེ། །རྒྱུན་གྱི་འཇུག་པས་དེ་ཉིད་ཡིན་ནོ་ཞེས་བྱ་བས་དེ་དང་འདྲའོ། །དེ་ནི་དེ་དག་
གི་འཇིག་ཚོགས་ལ་ལྟ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ནི་དེ་བཞིན་གཤེགས་པ་དེ་དག་གི་བདག་དང་བདག་གི་རྣམ་པ་ཅན་གྱི་འཇིག་ཚོགས་ལ་ལྟ་བར་འགྱུར་རོ། །བདག་དང་བདག་གིར་ཆགས་པ་འཆིང་བ་ཤིན་ཏུ་དམ་པོས་གླགས་པ་ཞེས་བྱ་བ་ནི། བདག་ཏུ་ལྟ་བ་དང་བདག་གིར་ལྟ་བ་ཡོད་ན་

བདག་ཏུ་ཆགས་པ་དང་བདག་གིར་ཆགས་པར་འགྱུར་རོ། །དེའི་ཕྱིར་འཇིག་ཚོགས་ནི་འཆིང་བ་ཡིན་པས་འཆིང་བ་དམ་པོ་ཅན་རྣམས་ལ་ཐར་པ་ཐག་རིང་བར་འགྱུར་ཏེ་མེད་པ་ཁོ་ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཁ་ཅིག་ནི་གང་ཟག་ཏུ་འཛིན་ཞེས་བྱ་བ་ནི་གནས་མའི་
བུ་རྣམས་སོ། །ཁ་ཅིག་ནི་ཐམས་ཅད་མེད་པ་ཉིད་དུ་འཛིན་པ་གང་ཡིན་པ་ཞེས་བྱ་བ་ནི་དབུ་མ་སེམས་པར་བྱེད་པ་རྣམས་སོ་སྙམ་དུ་བསམས་པའོ། །དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ལས་སོ་ཞེས་བྱ་བ་ལ་དྲན་པའི་ཡུལ་ནི་ཉམས་སུ་མྱོང་བའི་དོན་ཏོ། །འདི་ལ་དེ་
ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བ་རྒྱུ་ཡོད་པས་ན་དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ཏེ། སེམས་འགའ་ཁོ་ན་ཞིག་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་དྲན་པའམ་ངོ་ཤེས་པར་འགྱུར་རོ། །དེ་ལྟར་གཉི་ག་ཁྱད་པར་དུ་བྱས་པ་
དང་། སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ལས་ཞེས་འདྲི་བ་ལ་དེ་ལ་གཏད་པ་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དྲན་པར་བྱ་བ་དེ་ལ་གཏད་པ་ནི་དེ་ལ་གཏད་པ་སྟེ། གང་ལ་དེ་དང་འདྲ་བ་དང་འབྲེལ་པ་ཅན་གྱི་འདུ་ཤེས་ལ་སོགས་པ་དང་ལྡན་པ་གང་དག་ཡིན་པ་དེ་དག་ཡོད་པ་ནི་དེ་ལ་གཏད་པ་དང་འདྲ་
བ་དང་འབྲེལ་པ་ཅན་གྱི་འདུ་ཤེས་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་ཁྱད་པར་རོ། །སོགས་པ་ཞེས་བྱ་བ་སྨོས་པས་ནི་སྨོན་པས་གཟས་པ་དང་གོམས་པ་ལ་སོགས་པ་བསྡུའོ། །འདི་དག་ལ་རྟེན་གྱི་ཁྱད་པར་དང་མྱ་ངན་དང་། རྣམ་པར་གཡེངས་པ་ལ་སོགས་པ་ཡོད་པས་ན་རྟེན་གྱི་ཁྱད་པར་
དང་མྱ་ངན་དང་རྣམ་པར་གཡེངས་པ་ལ་སོགས་པའོ། །དེ་དག་གི་མཐུ་མ་ཉམས་པའི་སེམས་ཀྱི་ཁྱད་པར་ཏེ་དེ་ཉིད་འདིས་བསྟན་པ་ཡིན་ནོ། །སེམས་ཀྱི་ཁྱད་པར་དེ་ལྟ་བུ་དེ་ལས་དྲན་པའམ་ངོ་ཤེས་པར་འགྱུར་རོ། །དེ་ལྟ་བས་ན་འདི་སྐད་དུ་བཤད་པ་ཡིན་ཏེ། དེ་ལ་གཏད་པ་དང་
ལྡན་པ་ལས་ནི་གལ་ཏེ་དེ་ལ་གཏོང་བར་བྱེད་ན་འོ། །འདྲ་བའི་འདུ་ཤེས་ལ་སོགས་པ་དང་ལྡན་པ་ལས་ནི་གང་ལ་འདྲ་བ་ལས་ཀྱང་དྲན་པར་འབྱུང་བའོ། །འབྲེལ་བ་ཅན་གྱི་འདུ་ཤེས་ལ་སོགས་པ་དང་ལྡན་པ་ལས་ནི་གང་ལ་འདྲ་བ་མེད་ཀྱང་དུ་བ་ལ་སོགས་པ་མཐོང་བ་ལས་

དྲན་པར་འགྱུར་བའོ། །སྨོན་པས་གཟས་པ་དང་གོམས་པ་ལ་སོགས་པ་དང་ལྡན་པ་ལས་ནི་གང་ལ་དུས་འདིའི་ཚེ་དྲན་པར་བྱའོ་སྙམ་པའམ། འདི་དེ་དྲན་པར་བྱ་བ་ལ་གོམས་པའོ། །རྟེན་གྱི་ཁྱད་པར་ལ་སོགས་པས་མཐུ་མ་ཉམས་པ་ཅན་ལས་ཞེས་བྱ་བ་ནི་རྟེན་གྱི་ཁྱད་པར་
ནད་ཀྱི་མཚན་ཉིད་དང་མྱ་ངན་དང་བྱ་བ་གཞན་ལ་རྣམ་པར་གཡེངས་པས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལས་དང་རིག་སྔགས་ལ་སོགས་པས་ཟིན་པ་བསྡུའོ། །དེ་ལྟ་བུ་ཡིན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་གཏད་པ་ཞེས་བྱ་བ་ནས་འདུ་ཤེས་པ་ལ་སོགས་པ་དང་ལྡན་པ་དང་།
མཐུ་མ་ཉམས་པ་ཅན་ཡིན་ཡང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནི་དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །སྐྱེད་པར་ཞེས་བྱ་བ་ནི་སྐྱེད་པའོ། །གཞན་ལྟ་བུས་ཞེས་བྱ་བ་ནི་དེ་ལ་གཏད་པ་ཞེས་བྱ་བ་ནས་འདུ་ཤེས་ལ་
སོགས་པ་དང་ལྡན་པ་དང་མཐུ་མ་ཉམས་པ་ཅན་མ་ཡིན་པས་སོ། །མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷ་སྦྱིན་དང་མཆོད་སྦྱིན་གྱི་སེམས་དག་རྒྱུ་དང་འབྲས་བུའི་དངོས་པོར་ཞེན་པའི་ཐ་ཚིག་གོ། །ཇི་ལྟར་རྒྱུད་གཅིག་ལ་ཡོད་པའི་སེམས་དག་རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་
འབྲེལ་པ་ལྟར་ལྷ་སྦྱིན་དང་མཆོད་སྦྱིན་གྱི་སེམས་དག་ནི་དེ་ལྟར་འབྲེལ་པ་མ་ཡིན་པས་འདིས་ནི་དཔེ་དང་དངོས་པོ་དག་མི་འདྲ་བ་ཉིད་དུ་སྟོན་ཏོ། །དེ་ལ་གལ་ཏེ་ཕ་རོལ་པོ་འདི་སྐད་དུ་ལྷ་སྦྱིན་གྱིས་ཉམས་སུ་མྱོང་བའི་སེམས་ཀྱིས་དོན་ཉམས་སུ་མྱོང་བ་ནི་དེའི་དྲན་པའི་སེམས་ཀྱིས་མི་དྲན་ཏེ།
གཞན་ཡིན་པའི་ཕྱིར་མཆོད་སྦྱིན་གྱི་སེམས་བཞིན་ནོ་ཞེས་སྒྲུབ་པར་སྨྲ་བར་བྱེད་ན། དེའི་སྒྲུབ་པའི་གཏན་ཚིགས་ནི་རང་ལ་མ་ངེས་པའི་ཕྱིར་དང་ཕྱོགས་སྔ་མ་མངོན་སུམ་དང་འགལ་བས་ཕྱོགས་སྐྱོན་དང་བཅས་པའི་ཕྱིར་རོ། །འོན་ཏེ་ལྷ་སྦྱིན་གྱིས་ཉམས་སུ་མྱོང་བའི་སེམས་དང་རྗེས་སུ་
དྲན་པའི་སེམས་དག་གཞན་པ་ཉིད་དུ་དམ་བཅའ་བ་ལ་སུན་འབྱིན་པ་འདི་བརྗོད་ན་ནི་དེ་སུན་འབྱིན་པ་མ་ཡིན་ཏེ། མཐོང་བས་གནོད་པ་སུན་འབྱིན་པ་མི་འཐད་པའི་ཕྱིར་རོ། །ཁྱོད་ཀྱི་གྲུབ་པའི་མཐའ་ལས་ཀྱང་ལྷ་སྦྱིན་གྱི་ཉམས་སུ་མྱོང་བའི་སེམས་ཀྱིས་ཉམས་སུ་མྱོང་བའི་དོན་ནི་

དེའི་དྲན་པའི་སེམས་ཀྱིས་དྲན་པར་འབྱུང་ངོ་། །སེམས་གཞན་གྱིས་མཐོང་ལ་སེམས་གཞན་གྱིས་དྲན་ནོ་ཞེས་ཀྱང་མི་ཟེར་རོ་ཞེས་བྱ་བ་ནི་གཞན་གྱི་ན་ཞིག་གིས་དྲན་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མཐོང་བའི་སེམས་ལས་དྲན་པའི་སེམས་གཞན་སྐྱེའོ་ཞེས་བྱ་བ་ནི་རྒྱུ་ཡོད་པའི་ཕྱིར་
ཏེ། རྒྱུ་ས་བོན་ཡོད་པ་ལས་མྱུ་གུ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་ཁོ་ན་ལས་ངོ་ཤེས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་ཡོད་ན་ངོ་ཤེས་ཏེ་བདག་གིས་མཐོང་བ་གང་ཡིན་པ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་དྲན་པའི་ཕྱིར་རོ། །འོ་ན་གང་ནག་པས་དྲན་ནོ་ཞེས་བྱ་བ་ནི་གལ་ཏེ་སེམས་ཀྱི་ཁྱད་པར་
ཁོ་ནས་དྲན་ན། འོ་ན་གང་ནག་པས་དྲན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེས་བྱ་བའི་ཚིག་ཁོང་ནས་དྲང་ངོ་། །དེ་ཡང་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ནག་པ་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་ཀྱི་རྒྱུན་དེ་ཡང་བ་ཞེས་བྱ་བ་དེ་ཡུལ་གཞན་དུ་དང་འགྱུར་བ་འབྱུང་བ་སྟེ། ཡུལ་གཞན་དུ་འབྱུང་བ་དང་འགྱུར་
བ་འབྱུང་བ་ལ་རྒྱུའི་དངོས་པོར་ཡིན་ལ་བསམས་ནས་ཅི་ཞེ་ན། རྗེ་བོ་ཞེས་བརྗོད་པར་ཟད་ཀྱི་གང་ཟག་ནི་མ་ཡིན་ཏེ། ཐ་སྙད་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལ་ལྟོས་པ་ཡིན་གྱི་གང་ཟག་ལ་ལྟོས་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཅིག་པུ་ནི་འགའ་ཡང་མེད་ཅེས་
བྱ་བ་རྒྱས་པར་སྨོས་སོ། །དེ་བཞིན་དུ་སུ་ཞིག་གིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི་བདག་མེད་ན་སུ་ཞིག་གིས་དེ་ལྟར་རྣམ་པར་ཤེས། རྣམ་པར་ཤེས་ཞེས་བྱ་བའི་དོན་འདི་ཅི་ཡིན། རྣམ་པར་ཤེས་པས་ཡུལ་འཛིན་པའོ། །ཅི་དེ་འཛིན་པ་རྣམ་པར་ཤེས་
པ་ལས་གཞན་ཞིག་ཡིན་ནམ། འོ་ན་ནི་རྣམ་པར་ཤེས་པར་བྱེད་དོ། །གང་གིས་དེ་བྱེད་པ་དེ་ནི་བཤད་ཟིན་ཏེ། རྣམ་པར་ཤེས་པའི་རྒྱུ་ནི་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དག་དང་སེམས་ཀྱི་ཁྱད་པར་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དབང་པོ་ལ་སོགས་པ་རྒྱུ་གཞན་དང་ལྡན་པའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་ཅི་རིགས་པར་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དག་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འོ་ན་གང་ནག་པས་རྣམ་པར་ཤེས་སོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ནག་པ་ཞེས་བྱ་བའི་རྒྱུད་དེ་ལས་དེ་སྐྱེ་བར་མཐོང་ནས་སྨྲ་བར་ཟད་དོ། །བདག་

མེད་ན་རྣམ་པར་ཤེས་པ་འདི་སུའི་ཡིན། དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན། རྗེ་བོའི་དོན་ཡིན་ནོ། །དཔེར་ན་གང་གི་རྗེ་བོ་གང་ལྟ་བུ་ཡིན་ཞེས་བྱ་བ་ནས་རྒྱས་པར་རྣམ་པར་ཤེས་པ་གང་དུ་སྦྱར་བར་བྱ་བ་ནི་འདི་ལྟར་འདིའི་རྗེ་བོ་བཙལ། རྣམ་པར་ཤེས་པར་བྱ་བའི་དོན་ལའོ། །ཅིའི་ཕྱིར་སྦྱར་བར་བྱ། རྣམ་པར་ཤེས་
པར་བྱ་བའི་ཕྱིར་རོ། །ཀྱེ་མ་དེ་ཉིད་དེའི་དོན་དུ་སྦྱར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་བསྐྱེད་པ་རྣམས་ཀྱིས་ལེགས་པར་སྨྲས་སོ། །ཇི་ལྟར་སྦྱར་བར་བྱ། བསྐྱེད་པའི་སྒོ་ནས་སམ། འོན་ཏེ་མངག་པའི་སྒོ་ནས་རྣམ་པར་ཤེས་པ་ལ་འགྲོ་བ་མི་རུང་བས་བསྐྱེད་པའི་སྒོ་ནས་སོ། །དེ་ལྟ་བས་ན་ནི་རྒྱུ་ཁོ་ན་རྗེ་བོ་ཡིན་
ལ། འབྲས་བུ་ཁོ་ན་བྲན་ཡིན་པར་འགྱུར་ཏེ་ཞེས་བྱ་བའི་བར་དང་རྒྱས་པར་དེ་ནི་རྣམ་པར་ཤེས་པའི་རྒྱུ་གང་ཡིན་པ་དེ་ཁོ་ནའི་ཡིན་ནོ། །གང་ཡང་ནག་པས་ཞེས་བྱ་བའི་བར་དང་། རྒྱས་པར་དེ་ལྟ་བས་ན་དེ་ལ་ཡང་རྒྱུའི་དངོས་པོ་མ་གཏོགས་པ་རྗེ་བོའི་དངོས་པོ་མེད་དོ་ཞེས་བྱ་བའི་བར་ཡིན་ནོ། །སོགས་
པ་ཞེས་བྱ་བའི་སྒྲས་ནི་སུ་ཞིག་གིས་ཚོར། སུའི་ཚོར་བ་ཡིན། སུ་ཞིག་གིས་འདུ་ཤེས། སུའི་འདུ་ཤེས་ཡིན་ཞེས་བྱ་བ་ལ་སོགས་པ་བསྡུ་སྟེ། འདི་ནི་ཕྱོགས་ཡིན་ནོ། གང་བྱ་བ་ནི་བྱེད་པ་པོ་ལ་ལྟོས་པའི་ཕྱིར་ཏེ་ཞེས་ཟེར་བ་ནི། བརྡ་སྤྲོད་པ་པའོ། །དེ་ཡང་དགོས་སོ་ཞེས་བྱ་བ་ནི་
རྣམ་པར་ཤེས་པ་པོ་ཡང་དགོས་ཏེ། གང་ཟག་གོ་སྙམ་དུ་བསམས་པ་ཡིན་ནོ། །འགྲོའོ་འགྲོ་བའོ་ཞེས་བརྗོད་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མེ་འགྲོའོ། །སྒྲ་འགྲོའོ་ཞེས་འགྲོ་བ་པའི་སྒྲར་བརྗོད་པའམ། དཔེར་ན་མེའི་འགྲོ་བའོ་སྒྲའི་འགྲོ་བའོ་ཞེས་བྱ་བ་ལྟར་ལྷ་སྦྱིན་གྱི་འགྲོ་
བའོ། །ལྷ་སྦྱིན་གྱི་འགྲོ་བའོ་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། དཔེ་འདིས་ན་ལྷ་སྦྱིན་གྱིས་རྣམ་པར་ཤེས་སོ་ཞེས་བྱ་བ་འགྲུབ་བོ། །འདྲ་བར་བདག་ཉིད་ཐོབ་པའི་ཕྱིར། ཞེས་བྱ་བ་ནི་རྒྱུ་དང་འདྲ་བར་འབྲས་བུའི་བདག་ཉིད་ཐོབ་པའི་ཕྱིར་རོ། །ཆུང་ཟད་ཀྱང་མི་བྱེད་མོད་ཀྱི་ཞེས་བྱ་བ་ནི་
ཡོངས་སུ་གཡོ་བ་མི་བྱེད་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་ཉིད་དོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཡུལ་གྱི་རྣམ་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཤེས་པའི་རྒྱུར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་གཞན་གྱི་རྒྱུ་ཡིན་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་

གཞན་སྐྱེད་པར་བྱེད་པ་ལ་རྣམ་པར་ཤེས་སོ་ཞེས་བྱའོ། །རྒྱུ་ལ་བྱེད་པ་པོའི་སྒྲར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་ནི་བྱེད་པ་པོར་གྱུར་པའི་ཕྱིར་དཔེར་ན་དྲིལ་བུ་ནི་སྒྲོགས་པའི་རྒྱུ་ཡིན་པས་དྲིལ་བུས་སྒྲོགས་སོ་ཞེས་བྱ་བ་དེ་དང་འདྲའོ། །གཅིག་ཁོ་ན་ཡིན་པའི་ཕྱིར་སྒྲོན་མ་ཞེས་བྱ་བ་ནི་མེ་ལྕེ་རྣམས་ཀྱི་
རྒྱུན་ལ་ཉེ་བར་འདོགས་པར་བྱེད་ལ་དེ་ཡུལ་གཞན་དག་ཏུ་འབྱུང་བ་སྟེ། སྒྲོན་མ་རྒྱུན་གྱི་ངོ་བོ་དེ་ཡུལ་གཞན་དུ་འབྱུང་བ་ལ་ཡུལ་དེ་དང་དེར་འགྲོའོ་ཞེས་བྱའོ། །དེ་བཞིན་དུ་གཅིག་ཁོ་ན་ཡིན་པའི་ཕྱིར་སེམས་རྣམས་ཀྱི་རྒྱུད་ལ་རྣམ་པར་ཤེས་པ་ཉེ་བར་འདོགས་པར་བྱེད་ལ། རྣམ་
པར་ཤེས་པ་རྒྱུན་གྱི་ངོ་བོ་དེ་ཡུལ་གཞན་དག་ལ་སྐྱེ་བ་ལ་རྣམ་པར་ཤེས་སོ་ཞེས་བྱ་སྟེ། རྣམ་པར་ཤེས་པ་རྒྱུན་གྱི་སྐྱེ་བས་རྣམ་པར་ཤེས་སོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་ཇི་ལྟར་གཟུགས་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི་ཇི་ལྟར་འགྱུར་བ་པོ་གཟུགས་
ལས་འགྱུར་བ་དང་། གནས་པ་པོ་ལས་གནས་པ་དོན་གཞན་མ་ཡིན་པ་ལྟར་རྣམ་པར་ཤེས་པ་ལ་ཡང་དེ་དང་འདྲ་བར་འགྱུར་ཏེ། བྱ་བ་ལོགས་ཤིག་ན་མི་དམིགས་པའི་ཕྱིར་རྣམ་པར་ཤེས་པ་པོའི་རྣམ་པར་ཤེས་པ་ལས་བྱ་བ་དོན་གཞན་མ་ཡིན་པ་ཉིད་དོ། །ཡང་ན་བྱེ་བྲག་ཏུ་སྨྲ་བའི་
གཞུང་ལུགས་ཀྱི་རྗེས་སུ་འབྲངས་པས་སུན་དབྱུང་བ་ཡིན་ནོ། །བདག་ལས་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྣམ་པར་ཤེས་པ་བདག་ལས་མི་སྐྱེ་ན། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རྣམ་པར་ཤེས་པ་དེ་དང་འདྲ་བ་ཁོ་ནར་སྐྱེ་བར་འགྱུར་རོ། །གལ་ཏེ་
བདག་ལས་སྐྱེ་ན་ནི་དེའི་བསམ་པའི་ཁྱད་པར་ལས་རྣམ་པར་ཤེས་པ་ཁྱད་པར་ཅན་སྐྱེའོ་སྙམ་དུ་བསམས་པ་ཡིན་ནོ། །རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བ་ནི་ཅིའི་ཕྱིར་རིམ་པ་དང་ངེས་པར་སྐྱེ་བར་མི་འགྱུར། རིམ་པ་མ་ངེས་པར་ནི་མི་སྐྱེ་སྟེ། བ་ལང་གི་བློའི་མཇུག་ཐོགས་སུ་བུད་མེད་ཀྱི་བློ་དང་།
བུད་མེད་ཀྱི་བློ་ལས་མ་ཧེའི་བློ་སྐྱེ་ན་ཅིའི་ཕྱིར་མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་མཇུག་ཐོགས་སུ་བ་ལང་གི་སེམས་ཁོ་ན་སྐྱེ་བར་མི་འགྱུར། མྱུ་གུ་ལས་སྡོང་བུ་ཁོ་ན་སྐྱེ་བར་འགྱུར་གྱི་འདབ་མ་ལ་སོགས་པ་མ་ཡིན་པ་དང་། སྡོམ་བུ་ལས་འདབ་མ་ཁོ་ན་སྐྱེ་བར་འགྱུར་གྱི།

མེ་ཏོག་ལ་སོགས་པའམ། མྱུ་གུ་ལ་སོགས་པ་མ་ཡིན་པ་དེ་དང་འདྲ་བར་རོ། །བསམ་གཏན་རྫོགས་པ་ལས་མཉམ་པར་གཞག་པ་རྣམས་ལ་ཞེས་བྱ་བ་ནི་བསམ་གཏན་རྫོགས་ཤིང་མཐར་ཕྱིན་པས་མཉམ་པར་གཞག་པ་རྣམས་ལ་ལུས་དང་སེམས་འདྲ་བ་སྐྱེ་ནའོ། །
བདག་ཉིད་ཅེས་བྱ་བ་ནི་གཞན་གྱིས་མ་བརྩལ་བར་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་ཅིའི་ཕྱིར་རྟག་ཏུ་དེ་དང་འདྲ་བ་ཁོ་ནར་སྐྱེ་བར་མི་འགྱུར་ཞེས་དྲིས་པ་གང་ཡིན་པ་དེའི་ལན་བཏབ་པ་ཡིན་ནོ། །རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་དྲིས་པ་གང་ཡིན་པ་དེ་བསྟན་པའི་ཕྱིར།
སེམས་རྣམས་ཀྱི་རིམ་པ་ཡང་ངེས་པ་ཁོ་ན་སྟེ་ཞེས་བྱ་བ་སྟེ། འདི་ནི་འདོད་པ་ཁོ་ནའོ། །རིགས་ཀྱི་བྱེ་བྲག་ལས་ཞེས་བྱ་བ་ནི་བསྒོས་པའི་བྱེ་བྲག་ལས་སོ། །བུད་མེད་ཀྱི་སེམས་ཀྱི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བུད་མེད་ཀྱི་སེམས་ཏེ་བུད་མེད་ལ་དམིགས་པའི་སེམས་ཀྱི་
མཇུག་ཐོགས་སུའོ། །བུད་མེད་ཀྱི་དེའི་ལུས་ནི་དེའི་ལུས་སོ། །གལ་ཏེ་བྲམ་ཟེ་འམ་གཞན་ཡང་རུང་དགེ་བ་ཞིག་ལ་དེའི་ལུས་སུན་འབྱིན་པ་བྱེད་པའི་སེམས་སམ། དེའི་ཁྱོའམ་བུ་ལ་སོགས་པའི་སེམས་སྐྱེས་པ་སྟེ་དེའི་ཁྱོ་དང་བུ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་
བུ་མོ་ལ་སོགས་པ་བསྡུའོ། །དེ་དག་ལ་དམིགས་པའི་སེམས་ནི་ཁྱོ་དང་བུ་ལ་དམིགས་པའི་སེམས་ཏེ། གལ་ཏེ་དེའམ་གཞན་ཞིག་བུད་མེད་ཀྱི་སེམས་དེའི་མཇུག་ཐོགས་སུ་སྐྱེས་པར་འགྱུར་བ་ཡང་ཕྱིས་དུས་གཞན་རྒྱུད་ལ་ཡོངས་སུ་གྱུར་པ་ལས་བུད་མེད་ཀྱི་སེམས་སྐྱེ་ན་བུད་མེད་ཀྱི་
སེམས་ཕྱིས་སྐྱེས་པ་དེ་ནི་དེའི་ལུས་སུན་འབྱིན་པའི་སེམས་བསྐྱེད་པ་སྟེ། བུད་མེད་ཀྱི་ལུས་སུན་འབྱིན་པའི་སེམས་བསྐྱེད་པ་ལ་ནུས་པའམ། དེའི་ཁྱོའམ་བུ་ལ་སོགས་པའི་སེམས་བསྐྱེད་པ་ལ་ནུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་རིགས་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་
བ་སྨོས་ཏེ། འདི་ལ་དེའི་ལུས་སུན་འབྱིན་པའི་སེམས་སམ། དེའི་ཁྱོའམ་བུ་ལ་སོགས་པའི་རིགས་ཡོད་པས་ན་དེའི་རིགས་ཅན་གྱི་སེམས་སོ། །དེའི་ངོ་བོ་ནི་ཉིད་དོ། །དེའི་ཕྱིར་ཏེ་དེ་དང་རིགས་མཐུན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་དེའི་

རིགས་ཅན་མ་ཡིན་པའོ། །ཡང་བུད་མེད་ཀྱི་སེམས་ལས་རྣམ་གྲངས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅིག་ཅར་མ་ཡིན་པར་རྣམ་གྲངས་ཀྱིས་བུད་མེད་ཀྱི་སེམས་ལས་དེའི་ལུས་སུན་འབྱིན་པའི་སེམས་ཀྱང་སྐྱེ་བ་དེ་ལས་དེའི་ཁྱོའི་སེམས་དང་། དེ་ལས་དེའི་བུའི་སེམས་དང་དེ་ཉིད་ལས་དེའི་
བུ་མོའི་སེམས་དང་དེ་ཉིད་ལས་ཡང་ཡོངས་སུ་གྱུར་པ་ལས་དང་པོའི་སེམས་སྐྱེས་པར་གྱུར་ན་བུད་མེད་ཀྱི་སེམས་དེ་ལས་མཇུག་ཐོགས་སུ་སྐྱེས་པའི་སེམས་རྣམས་ཀྱི་ནང་ནས་བསྐྱེད་པར་བྱ་བའི་སེམས་རྒྱུན་གྱིས་ཆེས་མང་བ་དང་ནུས་པའི་སྒོ་ནས་ཆེས་གསལ་བ་དང་། ཆེས་ཉེ་བ་གང་ཡིན་
པའི་སེམས་དེ་ཁོ་ན་སྐྱེ་བར་འགྱུར་རོ། །དེའི་དགོས་པ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆེས་མང་བའམ། ཆེས་གསལ་བ་འམ་ཆེས་ཉེ་བ་དེའི་དགོས་པ་སྟོབས་དང་ལྡན་པའི་ཕྱིར་རོ། །དེའི་འདུས་པའི་ལུས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་དེའི་དུས་ན་ཉེ་བར་གནས་པ་ནི་དེའི་འདུས་པ་སྟེ།
ལུས་ཀྱི་རྐྱེན་གྱི་ཁྱད་པར་དང་། ཕྱི་རོལ་གྱི་རྐྱེན་གྱི་ཁྱད་པར་རོ། །མ་གཏོགས་པ་ནི་མེད་ན་ཞེས་བྱ་བའི་ཐ་ཚིག་སྟེ། གང་ལ་ལུས་སམ་ཕྱི་རོལ་གྱི་རྐྱེན་ཉེ་བར་གནས་པ་དེ་ཉིད་སྐྱེ་བར་འགྱུར་བས་སོ། །བསྒོས་པ་དེ་ཉིད་ཆོས་སྟོབས་དང་ལྡན་ཞེས་བྱ་བ་ནི་ཆེས་མང་བ་དང་། ཆེས་གསལ་བ་དང་
ཆེས་ཉེ་བར་བསྒོས་པར་བཤད་པ་གང་ཡིན་པ་དེ་ཉིད་སྟོབས་དང་ལྡན་པ་ཡིན་ན་ཅིའི་ཕྱིར་རྟག་ཏུ་འབྲས་བུ་མི་འབྱིན། སེམས་དེ་མི་འབྱུང་བ་ནི་མ་ཡིན་ནོ་ཞེས་གཞན་གྱིས་བརྒལ་བ་དང་། བཤད་པ་གནས་པ་གཞན་དུ་འགྱུར་བ་ཉིད་ན་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
འདིའི་མཚན་ཉིད་གནས་པ་ལས་གཞན་དུ་འགྱུར་བ་ཉིད་ཡིན་པས་ན་གནས་པ་ལས་གཞན་དུ་འགྱུར་བའི་མཚན་ཉིད་དེའི་ཕྱིར་རོ། །འདུས་བྱས་ཀྱི་མཚན་ཉིད་གཞན་དུ་འགྱུར་བ་དེ་ཡང་བསྒོས་པ་གཞན་གྱི་འབྲས་བུ་སྐྱེ་བ་སྟེ། བསྒོས་པ་གཞན་གྱི་འབྲས་བུ་སེམས་གཞན་སྐྱེ་བའི་རྗེས་སུ་
མཐུན་པའི་ཕྱིར་རྟག་ཏུ་དེ་ཉིད་འབྲས་བུ་མི་འབྱིན་ཏོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་ཞེས་བྱ་བ་ནི་གནས་བརྟན་སྒྲ་གཅན་ཟིན་གྱིས་སོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་འདི་རྣམ་པ་ཀུན་ཏེ་རྣམ་པ་ཀུན་རྨ་བྱའི་མདོངས་འདིའི་ཁ་དོག་དང་དགོད་པ་ལ་སོགས་པའི་རྣམ་པ་ཇི་སྙེད་པ་དེ་དག་གི །

འདིས་ན་ཁ་དོག་ནི་འདི་ལྟ་བུའོ། །དགོད་པ་ནི་འདྲ་བའོ། །འདི་ལྟར་ནི་འཚེར་རོ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པའི་རྣམ་པ་འདི་ནི་རྒྱུ་ཡིན་ནོ། །འདི་ནི་རྒྱུ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་བ་མིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་
ཤེས་པར་མི་ནུས་སོ། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་བྱ་བ་ནི་གང་གིས་དེའི་རྒྱུ་ཤེས་པར་བྱེད་པ་དེ་ནི་ཐམས་ཅད་མཁྱེན་པའི་སྟོབས་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་སེམས་ཀྱི་བྱེ་བྲག་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ཡང་རྣམ་པ་
ཐམས་ཅད་ཤེས་པར་མི་ནུས་ན་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ཅན་གང་ལ་ལ་ཞེས་བྱ་བ་ནི་བྱེ་བྲག་པའོ། །གལ་ཏེ་ཡིད་དང་ཕྲད་པའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་སེམས་སྐྱེ་བ་ནི་བདག་ལས་རབ་ཏུ་སྐྱེ་བར་འདྲ་མོད་ཀྱི།
བདག་རེས་འགའ་ཡིད་དང་འབྲེལ་པའི་བྱེ་བྲག་ལས་སྐྱེ་བས་དེའི་ཕྱིར་སེམས་རྟག་ཏུ་དེ་དང་འདྲ་བ་ཁོ་ནར་ཡང་སྐྱེ་བར་མི་འགྱུར་ལ་མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་འདོད་ན་ནི་མ་ཡིན་ནོ། །འབྲེལ་པ་གཞན་མ་ཡིན་པའི་ཕྱིར་
རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་དང་ཡིད་དེ་དག་ལས་འབྲེལ་པ་གཞན་དུ་མ་གྲུབ་པའི་ཕྱིར་ཏེ། ཁོ་བོ་ཅག་ལ་ནི་འབྲེལ་པ་ཞེས་བྱ་བའི་དངོས་པོ་གྲུབ་པ་ཅི་ཡང་མེད་དོ། །འབྲེལ་པ་ཅན་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འབྲེལ་པ་ཁས་བླངས་ཀྱང་འབྲེལ་པ་ཅན་
འཇིག་རྟེན་ན་གྲགས་པ་ཤིང་ངམ་གཞན་གང་ཡང་རུང་བ་དག་ནི་ཡོངས་སུ་ཆད་པའི་ཕྱིར་ཏེ། ཡུལ་ཡོངས་སུ་ཆད་པར་མཐོང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་རྣམ་པར་བཤད་པའི་ཕྱིར་ཞེས་བྱ་བ་ནི་བྱེ་བྲག་པའི་རྒྱུད་ལས་ཕྲད་པའི་མཚན་ཉིད་བསྟན་པའི་ཕྱིར་རོ། །དེས་ན་ཅི་ཞེ་ན་བདག་
ཡོངས་སུ་ཆད་པར་ཐལ་བར་འགྱུར་ཏེ། གང་ན་བདག་ཡོད་པ་དེ་ན་ཡིད་མེད་ལ་གང་ན་ཡིད་ཡོད་པ་དེ་ན་བདག་མེད་པས་ཡུལ་ཡོངས་སུ་ཆད་པ་ཉིད་དུ་ཐལ་བར་འགྱུར་རོ། །བདག་ཡིད་དང་ཕྲད་པ་ཞེས་བྱ་བ་འདིས་ནི་རྗེས་སུ་དཔག་པ་དང་། ལུང་གི་ཕྱོགས་པ་འདི་ཆོས་ཅན་གྱི་ཁྱད་པར་ལས་བཟློག་

པར་འགྱུར་བ་བསྟན་པ་ཡིན་ཏེ། ཆོས་ཅན་ནི་བདག་གོ། །དེའི་ཁྱད་པར་ནི་ཐམས་ཅད་ན་ཡོད་པ་ཉིད་དོ། །དེ་ལས་བཟློག་པ་ནི་ཐམས་ཅད་ན་མེད་པ་ཉིད་དོ། །དེའི་ཕྱིར་ཡིད་འཕོས་པ་ལས་བདག་འཕོ་བར་ཐལ་བར་འགྱུར་ཞེས་བྱ་བ་ནི་ཕྲད་པ་ནི་མ་ཕྲད་པ་སྔོན་དུ་འགྲོ་བའི་ཕྲད་པ་ཡིན་ནོ་ཞེས་
བྱ་བའི་མཚན་ཉིད་དེའི་ཕྱིར་ཏེ། ཡིད་འཕོས་པ་ལས་ཏེ་ཡིད་ལུས་ཀྱི་ཕྱོགས་གང་དང་གང་དུ་འཕོ་བ་དེ་དང་དེ་ནས་བདག་འཕོ་ཞིང་འདོར་རོ་ཞེས་བྱ་བར་ཐལ་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་སའི་ཕྱོགས་གང་དང་གང་དུ་འཕོ་བ་དེ་དང་དེ་ནས་ཉི་མ་འཕོས་པ་ལྟ་བུའོ། །དེ་ལྟ་ཡིན་ན་ཡང་འདི་ནི་བྱ་
བ་མེད་པ་ཉིད་ལ་གནོད་པར་འགྱུར་བས་དེ་ཉིད་དམ་བཅས་པའི་ཉེས་པ་ཡིན་ནོ། །ཉམས་པར་ཞེས་བྱ་བ་ནི་བདག་ཅེས་བྱ་བ་དང་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་དང་གང་དུ་ཡིད་འཕོ་བ་དེ་དང་དེར་བདག་འཇིག་པས་དེ་ཉིད་འདིར་དམ་བཅས་པའི་ཉེས་པ་ཡིན་ཏེ། བདག་
མི་རྟག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཕྱོགས་གཅིག་ཕྲད་དོ་ཞེ་ན་ཞེས་བྱ་བ་ནི་ཡིད་བདག་གི་ཕྱོགས་གཅིག་དང་ཕྲད་པའམ། བདག་གི་ཕྱོགས་གཅིག་ཡིད་དང་ཕྲད་པ་སྟེ། གལ་ཏེ་ལུས་ཀྱི་ཕྱོགས་གང་ན་ཡིད་གནས་པར་གྱུར་པ་དེ་ན་ཡོད་པའི་བདག་གི་ཕྱོགས་དང་ནི་ཡིད་མི་ཕྲད་ཀྱི། ཕྱོགས་
གཞན་དང་ནི་གློ་ནས་ཕྲད་དོ་དེ་ལྟ་བས་ན་ཕྲད་པ་ནི་མ་ཕྲད་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཡང་བདག་གི་ཕྱོགས་མ་ཕྲད་པ་ཁོ་ན་དང་ཡིད་དང་ཕྲད་དོ་ཞེས་བྱ་བར་འདོད་ན། དེ་ནི་མ་ཡིན་ཏེ་ཕྱོགས་དེ་ཉིད་ཀྱི་ཡིན་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །བདག་ལ་ནི་ཕྱོགས་གཞན་ཡང་ཡོད་པ་མ་ཡིན་ལ། བདག་
གི་ཕྱོགས་ཀྱང་རུང་བ་མ་ཡིན་ནོ། །ཕྲད་པ་ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྲད་པ་ཁས་བླངས་སུ་ཟིན་ཀྱང་། འོན་ཀྱང་འགྱུར་བ་མེད་པའི་ཕྱིར་ཡིད་རྟག་ཏུ་ཁྱད་པར་མེད་པ་ལ་ཇི་ལྟར་ཕྲད་པ་ཁྱད་པར་དུ་འགྱུར་ཏེ། ཇི་ལྟར་ཕྲད་པ་ཁྱད་པར་ཅན་དུ་འགྱུར་ན་འདི་ལྟར་
དེ་སྐད་བཤད། གལ་ཏེ་བློའི་ཁྱད་པར་ལྟོས་པ་ཡིན་ནོ་ཞེ་ན། ཇི་ལྟར་བློའི་ཁྱད་པར་ཡིན་ཞེས་དེ་ཉིད་ལ་ཀླན་ཀ་ཚོལ་བར་བྱེད་དོ་ཞེས་བྱ་བ་ནི། བདག་རྟག་ཏུ་ཁྱད་པར་མེད་པ་ཡིན་ན་ཅིའི་ཕྱིར་དེ་འདྲ་བ་ཁོ་ནར་མི་སྐྱེ། རྒྱུའི་ཁྱད་པར་ལས་ནི་འབྲས་བུའི་ཁྱད་པར་དུ་འདོད་དེ་དུང་དང་རྫ་རྔ་པ་ཊ་ཧ་ལ་

སོགས་པའི་སྒྲ་བཞིན་ནོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་བདག་དང་ཡིད་ཕྲད་པ་ལས་སོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་བདག་དང་ཡིད་ནི་རྟག་ཏུ་ཁྱད་པར་མེད་མོད་ཀྱི་བདག་དང་ཡིད་སྦྱོར་བ་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་ཁྱད་པར་ལས་བློའི་ཁྱད་པར་དུ་འགྱུར་བར་
འདོད་ནའོ། །འདི་སྐད་དུ་དགོས་པའི་ཁྱད་པར་གྱི་མཚན་ཉིད་ཀྱིས་འདུ་བྱེད་ཀྱི་ཁྱད་པར་ལས་བདག་དང་ཡིད་སྦྱོར་བའི་ཁྱད་པར་དུ་འགྱུར་ལ། དེའི་ཁྱད་པར་ལས་བློའི་ཁྱད་པར་དུ་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །འདིར་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་སྨོས་
ཏེ། འདི་ལ་སློབ་དཔོན་གྱི་དགོངས་པ་ནི་ཁོ་བོའི་ལྟར་ན་སེམས་ཀྱང་ཡོད་ན། དགོས་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་འདུ་བྱེད་ཀྱི་ཁྱད་པར་གང་ཁོ་བོ་ཅག་བག་ཆགས་དང་ས་བོན་ཞེས་བྱ་བར་རྣམ་པར་འཇུག་པ་དེ་ཡང་ཡོད་པ་ཉིད་པས་བརྩད་པ་མེད་ཀྱི། དངོས་པོ་གཞན་ཡིན་ནམ་མ་
ཡིན་ཞེས་བྱ་བ་ཙམ་ཞིག་ཁྱད་པར་ཡོད་དོ། །དེ་ལྟ་བས་ན་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་ལས་བློའི་ཁྱད་པར་དུ་འགྱུར་བ་ན། བདག་གམ་དེ་དང་ཕྲད་པར་བརྟགས་པས་ཅི་ཞིག་བྱ་སྙམ་པ་འདི་ཡིན་ནོ། །བདག་གི་ནུས་པ་ནི་ཆུང་ཟད་ཀྱང་མི་དམིགས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྨན་
པ་ངན་གཡོ་ཅན་འགའ་ཞིག་གིས་ནད་པ་འགའ་ཞིག་སྨན་བྱིན་ནས་བསམས་པ། སྨན་འདི་ནི་རྙེད་སླ་བ་ཡིན་ཏེ། དེ་འཁོར་དང་བཅས་པས་ཀྱང་ཤེས་སོ། །སྨན་འདིས་ཀྱང་ནད་པ་འདིའི་ནད་ཞི་བར་ནི་འགྱུར་རོ། །དེ་ལྟ་བས་ན་བདག་ཁྱད་དུ་བསད་ནས་གཞན་ཡང་འདི་བྱེད་པར་འགྱུར་རོ། །དེ་
ནས་བདག་གིས་ནོར་རྙེད་པར་མི་འགྱུར་རོ་སྙམ་དུ་བསམས་ནས་ཕུ་སྭཱ་ཧཱ་ཕུ་སྭཱ་ཧཱ་ཞེས་སྔགས་ཀྱི་ས་བཏབ་ནས་སྔགས་འདིས་ནི་སྨན་འདི་འགྲུབ་བོ་ཞེས་སྐྱེ་བོ་ལ་བསྟན་ན། དེ་ལ་ཇི་ལྟར་སྨན་གྱི་དོན་འགྲུབ་པར་བྱ་བ་ལ་སྨན་པ་ངན་པ་གཡོ་ཅན་གྱིས་ཕུ་སྭཱ་ཧཱ་ཞེས་བྱ་བ་རྣམས་ཀྱི་ནུས་པ་མེད་ཀྱི། སྨན་གྱི་
ནུས་པ་ཡིན་པ་དེ་བཞིན་དུ་བློའི་ཁྱད་པར་སྐྱེ་བར་བྱ་བ་ལ་བདག་གི་ནུས་པ་མེད་ཀྱི་སེམས་ཁོ་ནའི་ནུས་པ་ཡིན་ནོ། །གལ་ཏེ་བདག་ཡོད་ན་དེ་གཉིས་སྲིད་དོ་ཞེ་ན་ནི་ཞེས་བྱ་བ་ནི་གལ་ཏེ་བདག་ཡོད་ན་འདུ་བྱེད་དང་སེམས་དེ་གཉིས་སྲིད་པས་དེའི་ཕྱིར་བདག་ཡོད་དོ་ཞེས་བྱ་བར་འདོད་ན། འདིར་སྨྲས་པའི་

ཚིག་ཙམ་དུ་ཟད་ཀྱི་འདི་ལ་རིགས་པ་ནི་འགའ་ཡང་མེད་དོ། །གལ་ཏེ་དེ་ནི་རྟེན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ནི་དེ་གཉིས་ཀྱི་རྟེན་ཡིན་ནོ་ཞེས་བྱ་བར་འདོད་ནའོ། །དཔེར་ན་གང་གི་རྟེན་གང་ཡིན་པ་དེ་ལྟ་བུ་ཞེས་བྱ་བ་ནི་རྟེན་གྱི་ངོ་བོའི་དཔེར་བརྗོད་པ་ཚོལ་བའོ། །འདི་རྟེན་གྱི་དོན་དུ་མི་རིགས་པ་དེ་
བསྟན་པའི་ཕྱིར་དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདུ་བྱེད་དང་སེམས་དེ་དག་ཀྱང་རི་མོ་དང་རྒྱ་ཤུག་ལ་སོགས་པ་ལྟར་དེ་དཔེར་ན་རྩིག་པ་ལ་རི་མོ་དང་གཞོང་བུ་ལ་རྒྱ་ཤུག་བརྟེན་པ་ལྟར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྣོད་ལ་ཟས་ཞེས་བྱ་བ་ནས་སོགས་པ་བསྡུ་སྟེ། འདུ་བྱེད་
དང་སེམས་དེ་དག་ནི་རྟེན་བདག་དེ་ལ་དེ་ལྟ་མ་ཡིན་ལ། དེ་ཡང་རྩིག་པ་དང་གཞོང་བུ་ལ་སོགས་པ་ལྟར་རྟེན་དུ་རིགས་པ་མ་ཡིན་ཏེ། བདག་དེ་ཡང་རྩིག་པ་ལྟ་བུ་དང་གཞོང་བུ་ལྟ་བུར་རྟེན་དུ་རིགས་པ་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྣོད་ལ་སོགས་པ་བསྡུའོ། །ཅིའི་ཕྱིར་ཞེ་ན། ཐོགས་པ་
ཐ་དད་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་ཐོགས་པ་ཉིད་དུ་ཉེས་པར་འགྱུར་བའི་ཕྱིར་དང་། ཐ་དད་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །ཐོགས་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། ཡུལ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་
ལྟར་རི་མོ་དང་རྒྱ་ཤུག་དག་དང་། རྩིག་པ་དང་གཞོང་བུ་དག་ལ་བརྟེན་པ་དང་རྟེན་གྱི་ངོ་བོ་ཡིན་ལ། ཐོགས་པ་ཉིད་དང་ཐ་དད་པ་ཉིད་དུ་མཐོང་བ་ལྟར་དེ་དག་ཀྱང་དེ་དང་འདྲ་བར་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་འདོད་དེ་དེའི་ཕྱིར་བདག་ནི་རྟེན་མ་ཡིན་ནོ། །དཔེར་ན་དྲི་ལ་སོགས་པ་ལས་ས་གཞན་མ་ཡིན་
པ་ལྟར་བློ་ལ་སོགས་པ་ལས་ཀྱང་བདག་གཞན་མ་ཡིན་ནོ། །སྐྱེས་བུ་དམ་པ་སུ་ཞིག་དྲི་ལ་སོགས་པ་ལས་ས་གཞན་ཡིན་པར་ངེས་པར་འཛིན་པར་བྱེད་དེ། ས་གང་ཞིག་ཡིན་ཞེས་སྨྲ་ན་འདི་ལྟར་གཟུགས་དང་དྲི་ལ་སོགས་པ་ལས་གཞན་པའོ་ཞེས་བྱ་བ་ལྟ་བུར་གཟུགས་དང་དྲི་དང་རོ་དང་
རེག་བྱ་དག་ལས་གཞན་པར་ནི་བསྟན་པར་མི་ནུས་སོ། །གལ་ཏེ་དྲི་ལ་སོགས་པ་ལས་ས་གཞན་པ་ཡིན་ན་སའི་དྲི་ལ་སོགས་པ་ཞེས་བྱ་བའི་ཐ་སྙད་འདི་ཇི་ལྟར་འདོགས་ཏེ། ནག་པའི་ལ་བ་ཞེས་གཞན་གྱིས་གཞན་ཐ་སྙད་འདོགས་པར་མི་མཐོང་ངོ་ཞེ་ན། འདིར་སའི་དྲི་ལ་སོགས་པ་

ཞེས་བྱ་བའི་ཐ་སྙད་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཁྱད་པར་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཆུ་ལ་སོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན་ཅི་ནས་དེ་བདག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བས་སྟོན་པར་བྱེད་དོ། །ཉིད་ཅེས་བྱ་བ་ནི་དེ་དག་ལ་མ་གཏོགས་
པ་སའི་རྫས་བཟློག་པའི་ཕྱིར་ཏེ། ཅི་ནས་ཀྱང་དྲི་ལ་སོགས་པ་བསྡུའོ། །དེ་དག་ཉིད་དེ་ཞེས་བྱ་བས་ཞེས་བྱ་བར་ཤེས་པར་འགྱུར་བ་དེ་ལྟར་ཁྱད་པར་དུ་བྱ་བའི་ཕྱིར་ཐ་སྙད་འདོགས་སོ་ཞེས་བྱ་བར་སྦྱར་རོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་ནས་ཀྱང་ས་ཞེས་བྱ་བ་ལས་གཞན་པ་ཆུ་ཞེས་བྱ་བ་ལ་སོགས་པར་
ཤེས་པར་མི་འགྱུར་བར་ཞེས་བྱ་བའི་དོན་ཏོ། །ཤིང་གི་གཟུགས་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་ནི་འཇི་བ་ལས་བྱས་པ་ལ་སོགས་པ་གཞན་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཤིང་གི་གཟུགས་ཀྱི་ལུས་ཞེས་ཐ་སྙད་འདོགས་ལ་ཤིང་གི་གཟུགས་ཀྱི་ལུས་གཞན་ཡང་མ་ཡིན་པ་ལྟར་འདིར་ཡང་དེ་བཞིན་
དུ་ཐ་སྙད་འདོགས་པར་འགྱུར་བས་བྲི་ལ་སོགས་པ་ལས་གཞན་པ་ཡང་མ་ཡིན་ནོ། །འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པ་ཡིན་དུ་ཟིན་ཀྱང་བདག་དང་ཡིད་ཕྲད་པའོ། །གང་ཞིག་སྟོབས་ཆེ་བ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཁྱད་པར་ཏེ། དེས་འདུ་བྱེད་ཀྱི་ཁྱད་པར་གཞན་དག་ལ་བགེགས་བྱེད་དོ། །སྟོབས་
ཆེ་བ་ཉིད་ཅིའི་ཕྱིར་འབྲས་བུ་མི་འབྱིན་ཏེ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་ནོ། །དེ་ཉིད་ཀྱི་ཡང་བཤད་པ་དེའི་ཚུལ་ཏེ་འདུ་བྱེད་ཀྱི་ཚུལ་འཇིགས་པའམ་བགེགས་བྱེད་པ་གང་ཡིན་པ་དེ་ནི་ས་བོན་གྱི་བདག་ཉིད་ཀྱིས་བསྒོས་པའི་ཡིན་ན་ནི་བདག་ཏུ་རྟོག་པ་ནི་དོན་མེད་ཅིང་དགོས་པ་མེད་པ་ཡིན་ཏེ། འདུ་བྱེད་ཀྱི་དོན་དུ་
དེར་བརྟག་གྲང་ན་འདུ་བྱེད་དེའི་བྱ་བ་གང་ཡིན་པ་དེ་ནི་བསྒོས་པ་ཁོ་ནས་བྱེད་དོ། །དྲན་པ་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་དྲན་པ་དང་འདུ་བྱེད་དང་འདོད་པ་དང་ཞེ་སྡང་ལ་སོགས་པ་ནི་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར་ལ། རྫས་ལ་བརྟེན་པའི་ཡོན་ཏན་ནི་ཡོན་ཏན་དང་ལྡན་པ་
ཡིན་ནོ་ཞེས་དེ་སྐད་དུ་མཚན་ཉིད་བསྟན་པའི་ཕྱིར་ཡོན་ཏན་གྱི་རྫས་དེ་ཡང་གདོན་མི་ཟ་བར་རྫས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །གཞན་ནི་མངོན་སུམ་པ་མ་ཡིན་པ་ཉིད་ལ་སོགས་པའི་རྒྱུས་ན་དེ་དག་གི་རྟེན་ས་ལ་སོགས་པའི་གཞན་ཡིན་པར་ཡང་རུང་བ་མ་ཡིན་ནོ། །དེ་བས་ན་འདི་དག་

གི་རྟེན་གང་ཡིན་པ་དེ་ནི་བདག་ཡིན་པས་དེ་ལྟ་བས་ན་བདག་ནི་ཡོད་དོ་ཞེས་བྱ་བར་འདོད་ན། མ་ཡིན་ཏེ་མ་གྲུབ་པའི་ཕྱིར་ཏེ། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དྲན་པ་ལ་སོགས་པ་ནི་ཡོན་ཏན་གྱི་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཡོད་པ་ཐམས་ཅད་རྫས་ཡིན་ཞེས་བྱ་བ་ནི་མཚན་
ཉིད་ཀྱི་སྒོ་ནས་ཡོད་པ་གང་ཡིན་པ་དེ་ནི་རྫས་ཡིན་ནོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ནི་རྫས་དྲུག་གོ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་ཡིན་ལ། དྲུག་པ་ནི་འདུས་མ་བྱས་ཡིན་པས་རྫས་དྲུག་ཡིན་ནོ། །དེ་དག་རྫས་ལ་བརྟེན་
པ་ཉིད་དུ་ཡང་མ་གྲུབ་པ་སྟེ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པའོ། །རྟེན་གྱི་དོན་ནི་བརྟགས་ཟིན་ཏོ་ཞེས་བྱ་བ་ནི་དཔེར་ན་གང་གི་རྟེན་གང་ལྟ་བུ་དེ་དག་ཀྱང་རི་མོ་དང་རྒྱ་ཤུག་ལ་སོགས་པ་ལྟ་བུར་བརྟེན་པ་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་རོ། །རྣམ་པ་དེ་དག་ཅེས་བྱ་བ་ནི་དཀར་ཤམ་ལ་སོགས་
པའི་རྣམ་པ་དག་གོ། །འདི་ནི་ཕུང་པོ་རྣམས་ལས་ཞེས་བྱ་བ་ནི་བདག་ཏུ་འཛིན་པའོ། །བདག་ཏུ་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བདག་གོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་དེ་ཉིད་འོངས་པ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན།
རྗེ་བོའི་དོན་ཡིན་ནོ། །དཔེར་ན་གང་གི་རྗེ་བོ་གང་ལྟ་བུ་ཡིན། དཔེར་ན་བའི་རྣམ་པ་ནག་པ་ལྟ་བུ་ཡིན་ནོ། །འདི་ཇི་ལྟར་དེའི་རྗེ་བོ་ཡིན། དེ་རྨོ་བ་དང་བཞོ་བ་ལ་སོགས་པ་ལ་སྦྱར་བ་དེ་ལ་རག་ལུས་པ་ཡིན་ནོ། །ངར་འཛིན་པ་གང་དུ་སྦྱར་བར་བྱ་བ་ནི་འདི་ལྟར་འདིའི་རྗེ་བོ་བཙལ། བདག་ཏུ་འཛིན་པར་བྱ་བའི་
དོན་ལའོ། །ཅིའི་ཕྱིར་སྦྱར་བར་བྱ། བདག་ཏུ་འཛིན་པར་བྱ་བའི་ཕྱིར་རོ། །ཀྱེ་མ་དེ་ཉིད་དེའི་དོན་དུ་སྦྱར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་བསྐྱེད་པ་རྣམས་ཀྱིས་ལེགས་པར་སྨྲས་སོ། །ཇི་ལྟར་སྦྱར་བར་བྱ། ཅི་སྐྱེད་པའི་སྒོ་ནས་སམ། འོན་ཏེ་མ་དག་པའི་སྒོ་ནས་བདག་ཏུ་འཛིན་པ་ལས་འགྲོ་
བ་མི་རུང་བས་བསྐྱེད་པར་བྱ་བའི་སྒོ་ནས་སོ། །དེ་ལྟ་ན་ནི་རྒྱུ་ཁོ་ན་རྗེ་བོ་ཡིན་ལ་འབྲས་བུ་ཁོ་ན་བྲན་ཡིན་པར་འགྱུར་ཏེ། འདི་ལྟར་རྒྱུ་ནི་འབྲས་བུ་ལ་དབང་བྱེད་ལ་འབྲས་བུས་ཀྱང་དེ་དང་ལྡན་པ་རྒྱུ་ཡིན་པས་དེ་ནི་བདག་ཏུ་འཛིན་པའི་རྒྱུ་གང་ཡིན་པ་དེ་ཁོ་ནའི་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཤིང་ལྗོན་པའི་

མེ་ཏོག་ཆགས་སོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་གང་ལ་ཤིང་ལྗོན་པ་ཡན་ལག་ཅན་དུ་མི་འདོད་ཅིང་འབྱུང་བ་ཆེན་པོ་རིགས་མི་མཐུན་པ་བཞིས་བརྩམས་པ་ཡིན་པར་མི་འདོད་པ་དེ་ལ་དཔེ་ཡིན་ནོ། །གང་ལ་ཤིང་ལྗོན་པ་ཡན་ལག་ཅན་ཡོད་པ་དེ་ལ་ནི་དཔེ་གཉིས་པ་ནགས་
ཚལ་འབྲས་བུ་ཆགས་སོ་ཞེས་བྱ་བ་ཡིན་ཏེ། །ནགས་ཚལ་ཞེས་བྱ་བ་ནི་ཆུང་ཟད་ཀྱང་མེད་དོ། །ཇི་ལྟར་ནགས་ཚལ་གང་ལ་འབྲས་བུ་བྱུང་བ་དེའི་འབྲས་བུ་ཆགས་སོ་ཞེས་བྱ་བ་དེ་བཞིན་དུ་སྐྱེ་མཆེད་དྲུག་གི་མཚན་ཉིད་ཀྱི་རྟེན་གང་ལ་བདེ་བའམ་སྡུག་བསྔལ་བྱུང་བ་དེ་ལ་བདེ་བའམ་སྡུག་བསྔལ་བ་
ཞེས་བྱའོ། །དེ་ལྟར་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེ་གྱུར་པ་ལས་འགྱུར་བའི་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །ཞེས་སྐྱེ་མཆེད་དྲུག་ཇི་ལྟར་བརྟེན་པ་དེ་ལྟར་ནི་བཤད་ཟིན་ཏོ། །འོན་ཏེ་ཕུང་པོ་ལྔ་ཞེས་བྱ་བ་ནི་ཁྱོད་དཔེར་བྱེད་ན་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ཉིད་བྱེད་པ་པོ་ཡིན་ཏེ་ཞེས་བྱ་བ་ནི་ཕུང་
པོ་ལྔའི་མཚན་ཉིད་དེ་ཉིད་བྱེད་པ་པོ་ཡིན་གྱི་བདག་ནི་མ་ཡིན་པས། ཁོ་བོ་ཅག་གི་ཕྱོགས་གྲུབ་པོ། །དེ་ལ་ཡང་རང་དབང་མེད་པར་བརྟེན་པའི་ཕྱིར་ལས་འདི་རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་སྨྲས་སོ། །ལུས་ནི་སེམས་གཞན་གྱི་དབང་གིས་འཇུག་སྟེ་ལུས་ཀྱི་ལས་ནི་སེམས་ཀྱིས་རབ་ཏུ་
བཅུག་པའི་ཕྱིར་རོ། །སེམས་ཀྱང་ལུས་ལ་རང་གི་རྒྱུའི་དབང་གིས་འཇུག་སྟེ། ཡིད་ལ་བྱེད་པ་ལ་སོགས་པའི་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །དེ་ཡང་དེ་དང་འདྲ་སྟེ་སེམས་ཀྱི་རྒྱུད་ཡང་རང་གི་རྒྱུའི་གཞན་གྱི་དབང་གིས་འཇུག་པས་ལུས་སམ་སེམས་སམ་སེམས་ཀྱི་རྒྱུ་འམ་གཞན་ཡང་
རུང་གང་ལ་ཡང་རང་དབང་མེད་ཀྱི། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་དག་གཉིས་ལས་སྐྱེ་བར་འགྱུར། །ཞེས་འབྱུང་བས་དངོས་པོ་ཐམས་ཅད་ནི་རྐྱེན་གྱི་གཞན་གྱི་དབང་གིས་འཇུག་གོ། །བདག་ཀྱང་ལྟོས་པ་མེད་པ་ནི་བློའི་
ཁྱད་པར་སྐྱེ་བའི་རྒྱུ་མ་ཡིན་པས་རྒྱུ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རང་དབང་ཅན་དུ་མི་འགྲུབ་བོ། །དེ་ལྟ་བས་ན་དེ་ལྟ་བུའི་མཚན་ཉིད་ཅེས་བྱ་བ་ནི་བྱེད་པ་པོ་རང་དབང་ཅན་ནོ། །འོ་ན་བྱེད་པ་པོ་ཇི་ལྟ་བུ་ཞེ་ན། གང་ཞིག་གང་གི་རྒྱུའི་གཙོ་བོ་ཡིན་པ་དེ་ནི་དེའི་བྱེད་པ་པོ་ཞེས་བྱ་བ་སྨོས་ཏེ། གཙོར་དེ་ལ་

བརྟེན་ནས་སྐྱེ་བའི་ཕྱིར་རོ། །དེ་ནི་དེ་ལྟ་བུར་ཡང་བྱེད་པ་པོར་མི་རུང་ངོ་ཞེས་བྱ་བ་ནི་རྒྱུའི་གཙོ་བོའི་ངོ་བོར་ཡང་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྒྱུ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་དྲན་པ་ལས་ནི་འདུན་པ་སྐྱེའོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དང་པོར་དྲན་པར་བྱ་བའི་དོན་ལ་དྲན་པ་སྐྱེའོ། །
དྲན་པ་ལས་ནི་འདུན་པ་སྐྱེ་སྟེ་བྱེད་པར་འདོད་པའོ། །འདུན་པ་ལས་ནི་རྟོག་པ་སྟེ། །རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་འདུ་བྱེད་ཀྱི་མཚན་ཉིད་སེམས་པའི་ཁྱད་པར་རམ། ཤེས་རབ་ཀྱི་ཁྱད་པར་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ངེས་པར་རྟོག་པའོ། །
རྣམ་པར་རྟོག་པ་ལས་རབ་ཏུ་འབད་པ་སྟེ་བརྩོན་འགྲུས་སོ། །རབ་ཏུ་འབད་པ་ལས་རླུང་ངོ་། །དེ་ནས་རླུང་ལས་ནི་ལས་དེ་ཡུལ་གཞན་དུ་འབྱུང་བའི་མཚན་ཉིད་འབྱུང་ན། འདི་ལ་བདག་ཅི་ཞིག་བྱེད་རྣམ་པར་ཤེས་པ་ལ་ནུས་པ་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་དམིགས་པ་གང་ཡིན་པ་དེ་ཉིད་རྣམ་པར་ཤེས་པ་
ཡིན་ན་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་ལས་ཡིན་པར་ཟད་ཀྱི་བདག་གི་ནུས་པ་ནི་ཆུང་ཟད་ཀྱང་མི་དམིགས་ཏེ། སྨན་གྱི་འབྲས་བུ་གྲུབ་པ་ལ་སྨན་པ་ངན་གཡོ་ཅན་གྱིས་ཕུ་སྭཱ་ཧཱ་ཞེས་སྨྲས་པ་དག་བཞིན་ནོ་ཞེས་རྣམ་པར་ཤེས་པ་ལ་ནི་བདག་གི་ནུས་པ་བཀག་གོ། །ཇི་ལྟར་ཡིན་པ་དེ་
ལྟར་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེར་གྱུར་པ་ལས་འགྱུར་བའི་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །ཞེས་བྱ་བའོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་བདག་ལ་བརྟེན་པའོ། །ཚིག་གི་ལུགས་ཀྱིས་ནི་ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་གང་གི་རྟེན་གང་ལྟ་བུ། དེ་དག་ཀྱང་རི་མོ་དང་རྒྱ་ཤུག་ལ་སོགས་
པ་ལྟ་བུར་བརྟེན་པ་མ་ཡིན་ལ། དེ་ཡང་རྩིག་པ་དང་གཞོང་བུ་ལ་སོགས་པ་ལྟར་རྟེན་དུ་རིགས་པ་མ་ཡིན་ཏེ། ཐོགས་པ་དང་ཐ་དད་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ནི་དེ་ལྟ་བུར་རྟེན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེས་བསྐྱེད་པས་སོ་ཞེས་བྱ་
བ་ནི་ས་བོན་དེས་དེའི་ནུས་པ་བསྐྱེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་བཤད་པ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་ནི་གནས་བརྟན་སྒྲ་གཅན་ཟིན་གྱིས་སོ། །ཉེ་བ་གང་དང་གོམས་གང་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུད་གཅིག་ལ་ལས་བཞི་པོ་ལྕི་བ་དང་ཉེ་བ་དང་གོམས་པ་དང་སྔོན་བྱས་པ་

ཡོད་པའི་བཞི་པོ་དེ་དག་ནི་དེ་དག་གི་ནང་ན་ལས་ལྕི་བ་སྔ་མ་ཡིན་པས་དེ་ནི་གསུམ་པས་སྔར་སྨིན་ཏོ། །ཉེ་བ་དང་གོམས་པ་དང་སྔར་བྱས་པ་རྣམས་ཀྱི་ནང་ན་ཡང་ཉེ་བ་སྔ་མ་ཡིན་པས་དེ་ནི་གཉིས་པས་སྔར་སྨིན་ཏོ། །གོམས་པ་དང་སྔར་བྱས་པ་དག་ལ་ཡང་གོམས་པ་སྔ་མ་ཡིན་
པས་གཅིག་པས་སྔར་སྨིན་ཏོ། །དེ་དག་མེད་ན་ཚེ་སྔ་མ་ལ་བྱས་པ་ལན་གྲངས་གཞན་ལ་མྱོང་བ་སྨིན་པར་འགྱུར་རོ། །ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཞེས་བྱ་བ་ནི་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱིའོ། །རྣམ་པར་འདྲུལ་བའི་ཁྱད་པར་ལས་སྐྱེས་པ་ཞེས་བྱ་བ་ནི་ས་དང་ཆུ་དང་
འབྲེལ་པ་ལས་འབྲས་བུའི་རྣམ་པར་འགྱུར་བ་ཕྲ་མོ་ནི་རྣམ་པར་འདྲུལ་བའོ། །དེའི་ཁྱད་པར་ནི་དེ་ཉིད་ཁྱད་པར་ཅན་ཡིན་ཏེ། དེ་ལས་རྣམ་པར་འགྱུར་བའི་ཁྱད་པར་སྐྱེའོ། །དེ་ལས་འབྲས་བུ་གཞན་སྐྱེའོ། །རྣམ་པར་འགྱུར་བའི་ཁྱད་པར་ཇི་ལྟ་བུ་ཞིག་ལས་ཡིན་པ་བསྟན་པའི་ཕྱིར། དེ་ལས་འབྱུང་
བའི་རྣམ་པ་མྱུ་གུ་འགྲུབ་པར་བྱེད་པ་ཡོད་པ་གང་ཡིན་པ་དེ་ནི་དེའི་ས་བོན་ཞེས་བྱ་བ་སྨོས་ཏེ། མྱུ་གུ་དེའི་ས་བོན་ཡིན་ནོ། །འབྱུང་བའི་རྣམ་པ་གཞན་ནི་མ་ཡིན་ཏེ། སྔོན་གྱི་ས་བོན་གྱི་གནས་སྐབས་ཀྱི་འབྱུང་བའི་རྣམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འགྱུར་བའི་མིང་གིས་ཞེས་བྱ་བ་ནི་ཇི་ལྟར་
འབྲས་ཆན་འཚེད་དོ། །ཕྱེ་འཐག་གོ་ཞེས་འབྱུང་བར་འགྱུར་བའི་མིང་གིས་ཐ་སྙད་འདོགས་པ་དེ་བཞིན་དུ། རྒྱུན་སྔ་མ་ས་བོན་གྱི་གནས་སྐབས་མ་རུལ་བ་ལ་ཡང་འབྱུང་བར་འགྱུར་བའི་མིང་གིས་ས་བོན་ཞེས་བྱའོ། །འདྲ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་སྔ་མ་དེ་ཡང་འབྱུང་བ་རྣམ་པར་འགྱུར་བའི་
ཁྱད་པར་རྣམ་པར་འདྲུལ་བའི་ཁྱད་པར་ལས་སྐྱེས་པ་དང་འདྲ་བའི་ཕྱིར་ས་བོན་ཞེས་བྱའོ། །དེ་བཞིན་དུ་འདི་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་རྐྱེན་གྱི་ཁྱད་པར་ལས་སྐྱེས་པ་དགེ་བ་ཟག་པ་དང་བཅས་པའི་སེམས་ཀྱི་འགྱུར་བ་སྐྱེ་
བའམ་དམ་པ་མ་ཡིན་པའི་ཆོས་མཉན་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན་གྱི་ཁྱད་པར་ལས་སྐྱེས་པ་མི་དགེ་བའི་སེམས་ཀྱི་འགྱུར་བ་སྐྱེ་ན། དེ་ལས་རྣམ་པ་གཞན་སྐྱེའི། གཞན་དུ་ནི་མ་ཡིན་པས་དེ་ནི་མཚུངས་སོ། །ཇི་ལྟར་འབྲས་བུ་ཁོ་ན་ལས་འབྲས་བུ་གཞན་མི་འབྱུང་གི །འོ་ན་ཅི་

ཞེ་ན་འགྱུར་བའི་ཁྱད་པར་ལས་ཡིན་པ་དེ་བཞིན་དུ་རྣམ་པར་སྨིན་པ་ཁོ་ན་ལས་རྣམ་པར་སྨིན་པ་གཞན་མི་འབྱུང་ངོ་། །འོ་ན་ཅི་ཞེ་ན་སེམས་ཀྱི་འགྱུར་བའི་ཁྱད་པར་ལས་འབྱུང་བས་དེ་ནི་མཚུངས་སོ། །འབྲས་བུའི་ནང་དུ་གེ་སར་དམར་པོ་ཞེས་བྱ་བ་ནི་འབྲས་བུའི་ནང་དུ་གང་ན་བི་ཛ་པུ་རའི་ཁུ་བ་སྐྱུར་བོ་ཡོད་པའི་
གེ་སར་རོ། །དེ་ལས་ནི་དེ་གཞན་མི་སྐྱེ་བ་ཞེས་བྱ་བ་ནི་གེ་སར་དམར་པོ་དེ་ལས་ནི་ཡང་གེ་སར་དམར་པོ་དེ་མི་སྐྱེའོ། །འོ་ན་ཅི་ཞེ་ན་གེ་སར་ཕལ་པ་དམར་པོ་མ་ཡིན་པ་ཁོ་ན་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་འདིར་དཔེར་བརྗོད་པ་ཡིན་ཏེ། ཇི་ལྟར་རྒྱ་སྐྱེགས་ཀྱིས་ཁ་དོག་བསྒྱུར་བའི་མ་ཏུ་ལུང་གའི་
མེ་ཏོག་དང་འབྲས་བུ་ཅན་གྱི་གེ་སར་དམར་པོ་གཞན་མི་འབྱུང་བ་དེ་བཞིན་དུ་ལས་ལས་སྐྱེས་པའི་རྣམ་པར་སྨིན་པ་ལས་ཀྱང་རྣམ་པར་སྨིན་པ་གཞན་མི་སྐྱེའོ། །འདིར་སྨྲས་པ། སེམས་འདི་ས་བོན་མཐའ་ཡས་པ་དང་ལྷན་ཅིག་རྒྱུན་གྱིས་འབྱུང་། །ས་བོན་དེ་ནི་རང་རྐྱེན་བྱུང་ན་སེམས་ལ་རྒྱས་པར་འགྱུར། །
དེ་རྒྱས་རིམ་གྱིས་འཇུག་པ་རྙེད་ན་དུས་སུ་འབྲས་བུ་འགྲུབ། །མ་ཏུ་ལུང་གའི་མེ་ཏོག་བསྐུས་ཚོན་དེ་ཡི་གེ་སར་བཞིན། །ཡང་སྨྲས་པ། ཇི་ལྟར་རས་བལ་ས་བོན་དང་། །མ་ཏུ་ལུང་གའི་མེ་ཏོག་ལ། །རྒྱ་སྐྱེགས་བསྐུས་ན་དེ་ཞིག་ཀྱང་། །བསྒོས་པའི་རྒྱུད་ཀྱི་རིམ་པ་ཡིས། །རས་བལ་དང་ནི་གེ་
སར་ལ། །དམར་པོ་འབྱུང་བར་འགྱུར་བ་ལྟར། །ལས་རྣམས་ཞིག་ནའང་བསྒོས་པ་ནི། །དེ་ཉིད་དེ་ཡི་འབྲས་བུ་སྐྱེད། །ལས་དང་ཞེས་བྱ་བ་ཐམས་ཅད་འབྱུང་བ་ལ། དེ་བསྒོས་ཞེས་བྱ་བ་ནི་ལས་ཀྱིས་བསྒོས་པའོ། །བསྒོས་པ་དེའི་འཇུག་པ་རྙེད་པ་ནི་དེའི་རྙེད་པ་སྟེ། །དེ་དང་འཇུག་པ་རྙེད་པ་དེ་ལས་འབྲས་
བུ་ཞེས་བྱ་བ་འདི་བཞིན་ནོ། །སངས་རྒྱས་ལས་གཞན་པ་ཉན་ཐོས་ལ་སོགས་པས་དགའ་མགུར་རྣམ་པ་ཐམས་ཅད་དེའི་རྣམ་པ་ཀུན་ངེས་པར་གདོན་མི་ཟ་བར་རབ་ཏུ་མི་ཤེས་སོ། །དོན་གྱིས་ན་སངས་རྒྱས་ཁོ་ནས་དེ་ཐམས་ཅད་རྣམ་པ་ཐམས་ཅད་རབ་ཏུ་མཁྱེན་ཏོ་ཞེས་བཤད་པ་ཡིན་ནོ། །
དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐབས་རྫོགས་པའི་དོན་ཏམ་གོང་དུ་རབ་ཏུ་བསྟན་པའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་གསུང་རབ་ཀྱི་ཆོས་ཉིད་གཏན་ཚིགས་ཀྱི་ལམ་ལེགས་པར་གསུངས་པས་དག་པ་ཁ་ན་མ་ཐོ་བ་མེད་པ་འདི་མཐོང་ནས་ཏེ་མཐོང་བར་གྱུར་ནས་སོ། །མུ་སྟེགས་དག་ནི་ཡང་དག་

པ་ཇི་ལྟ་བ་བཞིན་མཐོང་བ་མེད་པས་ལོང་བ་དག་གོ། །ལྟ་ངན་ནི་ལྟ་བ་སྨད་པ་སྟེ། དེ་གཡོ་བའོ། །འདི་དག་ལ་ལྟ་བ་ངན་པ་སྣ་ཚོགས་གཡོ་བ་ཡོད་པས་ན་ལྟ་བ་ངན་པ་སྣ་ཚོགས་གཡོ་ཅན་དག་སྟེ། མཐོ་རིས་དང་བྱང་གྲོལ་གྱི་ལམ་ལ་མ་ཞུགས་པ་དང་ལོག་པ་ལ་ཞུགས་
པ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་སེར་སྐྱ་བ་དང་འུག་པ་ལ་སོགས་པ་དེ་ལྟ་བུ་དེ་དག་གི་གཞུང་ལུགས་སམ། ལྟ་བ་སྤངས་ཤིང་བོར་ཏེ་འཁོར་བ་ནས་མྱ་ངན་ལས་འདས་པར་འགྲོའོ་ཞེས་བྱ་བའི་ཚིག་ཁོང་ནས་དྲང་ངོ་། །སེམས་ཅན་དེ་དག་གང་ཞེ་ན། འཕགས་པ་ཉན་ཐོས་ཤེས་རབ་ཀྱི་
མིག་དང་ལྡན་པ་རྣམས་སོ། །ཡང་ན་གསུང་རབ་ཀྱི་ཆོས་ཉིད་དེ་ཁོ་ན་ལ་འགྲོ་སྟེ་སྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གསུང་རབ་ཀྱི་ཆོས་ཉིད་ནི་འདིར་བདག་མེད་པའམ། སངས་རྒྱས་ཀྱི་རྗེས་སུ་བསྟན་པའོ། །གཞན་དག་ན་རེ་གསུང་རབ་ནི་མདོ་ལ་སོགས་པ་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་སུ་
བཏགས་པའོ། །དེའི་ཆོས་ཉིད་ནི་རིགས་པ་དང་ལྡན་པའི་ཕྱིར་ལེགས་པར་གསུངས་པ་ཉིད་དང་མྱ་ངན་ལས་འདས་པ་བརྗོད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཡིན་ཏེ། ཇི་སྐད་དུ་ཆོས་འདི་དག་ཐམས་ཅད་ནི་མྱ་ངན་ལས་འདས་པ་ལ་གཞོལ་བ་མྱ་ངན་ལས་འདས་པ་ལ་བབ་པ་མྱ་ངན་
ལས་འདས་པ་ལ་འབབ་པ་སྟེ། མངོན་པར་བརྗོད་པ་ན་མྱ་ངན་ལས་འདས་པ་ཁོ་ན་མངོན་པར་བརྗོད་པའོ་ཞེས་གསུངས་པ་ལྟ་བུའོ་ཞེས་ཟེར་རོ། །བདག་མེད་པར་འདུ་ཤེས་པ་ནི་མྱ་ངན་ལས་འདས་པ་ཞི་བའི་འདུ་ཤེས་སུ་གནས་ཏེ། བདག་ཆད་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ལོང་བ་
མ་ཡིན་པ་རྣམས་འགྲོའི། ལོང་བ་རྣམས་ནི་མ་ཡིན་ནོ། །ལོང་བ་རྣམས་ནི་བདག་མེད་པ་མ་མཐོང་བས་འཁོར་བའི་རྒྱ་མཚོར་འཁྱམས་པ་ཉིད་དོ། །དེ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པ་ཉིད་ཉི་མ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཟབ་མོ་
མངོན་པར་རབ་ཏུ་སྟོན་པའི་ཕྱིར་ཉི་མ་ལྟ་བུ་ཡིན་ནོ། །དེའི་གསུང་དག་སྟེ་དེ་དག་ཉིད་འོད་ཡིན་ནོ། །དེ་དག་གི་སྣང་བ་དང་ལྡན་པས་དེ་བཞིན་གཤེགས་པ་ཉི་མའི་གསུང་འོད་ཀྱི་སྣང་ལྡན་ཞེས་བྱའོ། །མྱ་ངན་ལས་འདས་པ་ཉིད་གྲོང་ཡིན་པས་མྱ་ངན་ལས་འདས་གྲོང་ངོ་། །དེའི་ལམ་གཅིག་པ་ཞེས་བྱ་བ་ནི་

མྱ་ངན་ལས་འདས་པའི་གྲོང་གི་ལམ་གཅིག་པུ་སྟེ། ལམ་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པ་སྟོང་ཕྲག་གིས་བགྲོད་པས་ན་འཕགས་པ་སྟོང་གིས་བགྲོད་པའོ། །འདི་ཞེས་བྱ་བ་ནི་བདག་མེད་པ་འདིའོ། །ཕྱེ་ཡང་ཞེས་བྱ་བ་ནི་བདག་མེད་པ་མྱ་ངན་ལས་འདས་པའི་གྲོང་གི་ལམ་གཅིག་པུ་དེ་
བཞིན་གཤེགས་པ་ཉི་མའི་གསུང་གི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་འདིའི་རྣམ་པ་ཕྱེ་ཡང་མུ་སྟེགས་ཅན་ནམ་གནས་མའི་བུ་ཡང་རུང་སྟེ། ཤེས་རབ་ཀྱི་མིག་གསལ་བ་མེད་པའི་ཕྱིར་རམ། མིག་མ་རིག་པའི་རབ་རིབ་ཀྱི་སྦུབས་ཀྱིས་ཁེབས་པའི་ཕྱིར་དམན་པའི་མིག་གིས་མི་མཐོང་ངོ་། །
འདིར་ལམ་གྱི་ཡོན་ཏན་ནི་གསུམ་སྟེ་འདི་ལྟ་སྟེ། འདོད་པའི་ཡུལ་དུ་ཕྱིན་པར་བྱེད་པའི་ཕྱིར་བགྲོད་པ་གཅིག་པུ་ཉིད་དང་གང་གིས་ན་བག་ཚ་བ་མེད་པར་འགྲོ་བ་སྣང་བ་དང་བཅས་པ་ཉིད་དུ། སྡོང་དུམ་དང་ཚེར་མ་ལ་སོགས་པ་རྣལ་བའི་ཕྱིར་གང་གིས་ན་བདེ་བླག་ཏུ་འགྲོ་བ་བགྲོད་ཅིང་
རྗེས་སུ་བགྲོད་པའོ། །བདག་མེད་པའི་ལམ་འདི་ཡང་དེ་དང་ཆོས་མཐུན་པར་བལྟ་བར་བྱའོ། །རྒྱུ་བཞིས་ནི་ལམ་མི་མཐོང་སྟེ། མུན་པ་མུན་ནག་དང་བཅས་པ་ཉིད་དང་། ཉི་མས་སྣང་བར་བྱས་ཀྱང་མ་བགྲོད་པ་ཉིད་དང་། མི་མང་པོས་བགྲོད་ཀྱང་བསྒྲིབས་པ་ཉིད་དང་། ཕྱེ་ཡང་ལྟ་བ་པོའི་མིག་
དམན་པ་ཉིད་དོ། །དེ་དག་ལས་འདིར་ལམ་འདི་མི་མཐོང་བའི་རྒྱུར་ནི་ལྟ་བ་པོའོ། །ཉེས་པ་ཁོ་ནས་ལམ་མ་མཐོང་གི་ལམ་གྱི་ཉེས་པས་ནི་མ་ཡིན་ནོ་ཞེས་བྱ་བ་གཅིག་ཁོ་ན་བཤད་དེ། འདིར་མིག་དམན་པ་དེས་འདི་མི་མཐོང་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་འདི་ནི་ཕྱོགས་
ཙམ་ཞིག་ཅེས་བྱ་བ་ཐམས་ཅད་འབྱུང་བ་ལ། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པ་ལྟར་རོ། །ཕྱོགས་ཉིད་ཕྱོགས་ཙམ་སྟེ་ཙམ་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །ཡང་ན་འདི་ལ་ཕྱོགས་ཙམ་ཡོད་པས་ན་ཕྱོགས་ཙམ་སྟེ། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་ལས་ཉུང་ངུ་འདི་དག་གིས་བསྟན་
ཏོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །སུ་དག་ལ་ཞེ་ན་ཤིན་ཏུ་མཁས་པ་རྣམས་ལ་ཞེས་བྱ་བ་སྟེ་དམ་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། རང་གི་མཐུ་ཡིས་རྣམ་འཕེལ་བའི། །དུག་ལ་རྨ་ཡི་ཕྱོགས་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འགའ་ཞིག་གི་དུག་ནི་ནང་གི་མཐུས་རྨའི་ཕྱོགས་ཁྱབ་ནས་ཡན་

ལག་དང་ཉིང་ལག་ཐམས་ཅད་ཀྱི་ནང་དུ་འཕེལ་བར་འགྱུར་རོ་སྙམ་དུ་བསམས་ནས་ཇི་ལྟར་ན་འདི་འཕེལ་བར་འགྱུར་སྙམ་སྟེ། དེའི་རྨ་འབྱིན་པ་དེ་བཞིན་དུ་ཤིན་ཏུ་མཁས་པ་རྣམས་ནི་རང་གི་མཐུས་འཕེལ་བའི་ཕྱིར་དུག་དང་འདྲ་བ་ཡིན་ནོ། །དེ་བས་ན་ཤིན་ཏུ་མཁས་པ་མགོ་
སྨོས་པས་གོ་བ་ཤེས་རབ་ཅན་དེ་དག་ལ་བདག་གིས་ཇི་ལྟར་ན་གཞུང་ཉུང་ངུས་ཆོས་མངོན་པའི་བསྟན་བཅོས་ཆེན་པོ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་ལུགས་གྲུབ་པ་དོན་གྱི་སྒོ་ནས་རྟོགས་པར་འགྱུར་སྙམ་སྟེ་འདི་བསྟན་ཏོ། །གཞན་དག་ན་རེ་འདི་ནི་ཕྱོགས་ཙམ་ཞིག་ཅེས་བྱ་བ་འདི་ནི་བདག་མེད་པར་དགག་པ་
འདི་ཁོ་ནའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲའི་ཚུལ་གྲུབ་པ་བཤད། །ཅེས་བྱ་བ་འདི་ཉིད་ཀྱིས་དོན་དེ་བཤད་ཟིན་པ་དེའི་ཕྱིར་རོ་ཞེས་ཟེར་རོ། །མཛོད་ཀྱི་གནས་བརྒྱད་པ་དང་འགྲེལ་པ་གང་ཟག་རྣམ་པར་གཏན་ལ་འབེབས་པ་
འདི་ཡང་རྫོགས་སོ།། །།ཆོས་མངོན་སྣ་ཚོགས་དོན་གྱི་ཟ་མ་ཏོག །ཆོས་མངོན་མཛོད་འདི་རྣམ་པར་ཕྱེ་བ་ཡི། །དགེ་བ་བདག་གིས་ཐོབ་པ་གང་ཡིན་དེས། །འཇིག་རྟེན་ཀུན་གྱི་བདེ་བ་འབྱུང་གྱུར་ཅིག །བསྟན་བཅོས་པདྨ་མཚོ་ལས་སྐྱེས་པ་གཙང་། །བདུད་རྩིའི་རོ་རྨད་བྱུང་བ་སྲེད་སེལ་
གནས་གྱུར་པ། །བདག་གི་བཤད་ཚིག་ཉི་ཟེར་དག་གིས་གསལ་བྱས་འདི། །སྐྱེ་བོ་མཁས་པའི་བུང་བ་རྣམས་ཀྱིས་བརྟེན་པར་ཤོག །གང་གིས་བསྟན་བཅོས་ཐམས་ཅད་རྟོགས་གྱུར་ནས། །མཁས་པའི་གྲགས་ཐོབ་གྲགས་པའི་བཤེས་གཉེན་དེས། །རྣམ་པར་བཤད་པ་གཞན་ལ་མ་མགུ་
ནས། །རྣམ་པར་བཤད་པ་འདི་ནི་བྱས་པ་ཡིན། །དེ་ཡིས་རྣམ་པར་བཤད་པ་འདི། །དཔལ་དང་ཚིག་གི་བདག་པོ་སྟེ། །དམ་པའི་དོན་ལུང་དོན་གཉེར་བ། །ལྷ་སྐུ་ལྷ་དང་འདྲ་ཕྱིར་བྱས། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་
བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློཀ་ནི་ཁྲི་བརྒྱད་སྟོང་ཡོད་དོ། །བམ་པོ་ནི་དྲུག་ཅུར་བྱས་སོ།། །།