Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 9 / 22 (50.000 ký tự/trang)
གས་པ་གསུམ་གསུམ་དང་། ཟག་པ་མེད་པའི་སྤྱོད་ཡུལ་ཡིན་ཏེ། དེ་དག་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་
བ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དེ་དག་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །རྣམ་པ་གསུམ་གསུམ་སྟེ་དེ་དག་ཉིད་དང་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་དང་མཚུངས་པར་
ལྡན་པ་བཞི་དང་། བསྒོམ་པས་སྤང་བར་བྱ་བ་ཅི་རིགས་པར་གཉིས་དང་། རང་གི་ཁམས་པ་གསུམ་སྟེ། གསུམ་གང་ཞེ་ན། ཅི་རིགས་པར་ཀུན་དུ་འགྲོ་བ་དང་། ཀུན་དུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་གཉིས་དང་། བསྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེད་པ་སྟེ། སེམས་
བཅུའི་དམིགས་པ་ཡིན་ནོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་ཀླགས་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་ལ་ཀུན་ཞེས་བྱ་བ་སྨོས་པ་ནི་ཁམས་གསུམ་པ་ཉེ་བར་བསྡུ་བའི་ཕྱིར་རོ། །རང་གིས་ཀླགས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་འབྱུང་བས་ཤུགས་ཀྱིས་ན་སྔར་བཤད་པ་
རྣམས་ཀྱི་སྤྱོད་ཡུལ་ཡང་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་རང་གིས་བསྣན་པ་ནི། རང་གིས་ཀླགས་པ་སྟེ། རང་གིས་ཀླགས་པ་རྣམས་ཀྱི་སྤྱོད་ཡུལ་ནི་རང་གིས་ཀླགས་པའི་སྤྱོད་ཡུལ་ལོ་ཞེས་བྱའོ། །དེས་ཀླགས་པའི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་
པ་དང་མཚུངས་པར་ལྡན་པའི་ཡིན་གྱི་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར་རོ། །སྔར་བཤད་པ་ལྔ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་གསུམ་པོ་རིས་གཉིས་ཀྱིས་ཀུན་དུ་འགྲོ་བ་དང་མཚུངས་

པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པ་ཞེས་བྱ་བའོ། །ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ་ཞེས་བྱ་བ་ལ་ཅི་ཞིག་དེ་དང་འདྲ་ཞེ་ན་སེམས་དྲུག་གི་དམིགས་པ་ཡིན་ཞེས་བྱ་བའོ། །
སེམས་དགུ་དང་བཅུ་གཅིག་གི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་དག་ནི་སེམས་དགུའི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་དག་ནི་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཇི་ལྟར་ཞེ་ན་གཟུགས་ན་སྤྱོད་
པ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ནི་འདོད་པའི་ཁམས་ན་སྤྱོད་པ་གསུམ་པོ་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། རང་གི་ཁམས་པ་གསུམ་སྟེ། རིགས་གཉིས་ཀྱིས་ཀུན་དུ་འགྲོ་བ་དང་
མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་དང་། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བའམ།
ལམ་མཐོང་བས་སྤང་བར་བྱ་བའི་སེམས་ཀླགས་པ་དེ་ཉིད་དེ་སོ་སོར་སེམས་དགུའི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་དག་ཀྱང་སོ་སོར་སེམས་བཅུ་གཅིག་གི་དམིགས་པ་ཡིན་ཏེ། འདོད་པ་དང་གཟུགས་ན་སྤྱོད་པ་
དྲུག་སྟེ། སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། རང་གི་ཁམས་པ་གསུམ་སྟེ། ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། སོ་སོར་འགོག་པ་དང་། ལམ་
མཐོང་བས་སྤང་བར་བྱ་བས་རང་གིས་ཀླགས་པ་དང་། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། དེ་ལྟར་ན་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཟག་མེད་ཁམས་གསུམ་མཐར་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་ལ་ཟག་པ་མེད་པ་འགོག་

པ་ལ་སོགས་པ་ནི་ཅི་རིགས་པར་ཁམས་གསུམ་པ་དག་ན་ཐ་མ་གསུམ་པོ་འགོག་པ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་མཚན་ཉིད་གང་དག་ཡིན་པ་དེ་དག་དང་། ཟག་པ་མེད་པའི་སྤྱོད་ཡུལ་ཡིན་ནོ། །ཇི་ལྟ་ཞེ་ན་སོ་སོར་བརྟགས་པས་འགོག་པ་དང་།
འཕགས་པའི་ལམ་དག་ནི་དེ་དག་ལ་དམིགས་པའི་ལོག་པར་ལྟ་བ་དང་། ཐེ་ཚོམ་དང་མ་རིག་པ་དང་མཚུངས་པར་ལྡན་པ་རྣམས་དང་། བསྒོམ་པས་སྤང་བར་བྱ་བ་དགེ་བ་རྣམས་དང་། ཟག་པ་མེད་པར་ཅི་རིགས་པར་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་
པ་ཡིན་ནོ། །ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་ནི་བསྒོམ་པས་སྤང་བར་བྱ་བའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །སློབ་དཔོན་ཡོན་ཏན་བློ་གྲོས་དང་དབྱིག་གཉེན་དག་ན་རེ་ནམ་མཁའ་དང་
སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་
མ་རིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བྱ་བར་ངེས་པའི་ཕྱིར་རོ། །དེ་བས་ན་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་གྱི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་མ་ཡིན་ནོ། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །
ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་དག་ནི་ལྔའི་སྤྱོད་ཡུལ་ཡིན་ནོ། །གཟུགས་ན་སྤྱོད་པ་དག་ནི་བརྒྱད་ཀྱི་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་དག་ནི་བཅུའི་ཡིན་ནོ། །དྲི་མ་མེད་པ་དག་ཀྱང་བཅུ་ཁོ་ནའི་ཡིན་ནོ་ཞེས་གོང་
དུ་བཤད་པའི་རྗེས་སུ་འབྲང་སྟེ་སྦྱར་བར་བྱའོ། །འདོད་པ་ན་སྤྱོད་པས་བསྒོམ་པས་སྤང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་བདེ་བའི་དབང་པོའོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པ་རྣམ་པར་ཤེས་པའི་ཚོགས་གསུམ་དང་། བསམ་

གཏན་གསུམ་པའི་ས་པ་ཡིད་ཀྱི་ས་པ་ཡིན་ཏེ། མདོར་བསྡུས་ནས་ཅི་རིགས་པར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རྣམ་པ་ལྔའོ། །ཟག་པ་མེད་པ་ནི་བསམ་གཏན་གསུམ་པའི་ས་པ་ཁོ་ནའོ། །འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་ཞེས་བྱ་བ་ནི་སྡུག་
བསྔལ་དང་། ཀུན་འབྱུང་བ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའོ། །བདེ་བའི་དབང་པོ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དག་གི་དམིགས་པ་ཡིན་ཏེ། འདི་ལྟར་རང་གི་ས་པའམ། ས་གོང་མ་པའི་བདེ་བའི་དབང་པོ་ནི་འཇིག་ཚོགས་དང་ལོག་
པར་ལྟ་བ་ལ་སོགས་པའི་དམིགས་པ་ཡིན་ནོ། །ལམ་གྱིས་བསྡུས་པའི་བདེ་བའི་དབང་པོ་ནི་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་ལྡན་པའི་དམིགས་པ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་པའི་བདེ་བའི་དབང་པོ་དེ་ནི་བསྒོམ་པས་སྤང་བར་བྱ་བ་
འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་དམིགས་པ་ཡིན་ཏེ། དེ་ལྟར་ན་དེ་ནི་རྣམ་པ་བཞིའི་དམིགས་པ་ཡིན་ནོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་སེམས་ཀྱི་དམིགས་པ་ནི་མ་ཡིན་ཏེ། དེ་ལ་ལོག་པར་ལྟ་བ་ལ་སོགས་པ་ནི་འགོག་པ་ལ་དམིགས་པའི་ཕྱིར་
རོ། །ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་ཡང་རང་གི་རིགས་ལ་དམིགས་པའི་ཕྱིར་དེ་ལ་ཡང་བདེ་བའི་དབང་པོ་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་ཞེས་བྱ་བ་ནི་འདི་ལྟར་བསམ་གཏན་གསུམ་པས་བསྡུས་པའི་བདེ་བའི་དབང་པོ་རྣམ་པ་ལྔ་ཡིན་ནོ། །ལམ་
མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་ཞེས་བྱ་བ་ནི་ལམ་གྱིས་བསྡུས་པའི་བདེ་བའི་དབང་པོ་ནི་གཟུགས་མེད་པ་ན་སྤྱོད་པའི་སེམས་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་དམིགས་པ་ཡིན་ནོ། །དེ་ཉིད་བསྒོམ་པས་སྤང་བར་བྱ་བའི་
སེམས་དགེ་བའི་དམིགས་པ་ཡང་ཡིན་ནོ། །ཐམས་ཅད་ཀྱང་ཟག་པ་མེད་པའི་དམིགས་པ་ཡིན་པར་ནི་སྲིད་དོ། །དེ་ལ་ཅི་རིགས་པར་ཞེས་བྱ་བ་ནི་གང་གི་ཕྱིར་ཟག་པ་མེད་པ་ལ་ཕྲ་རྒྱས་དག་རྒྱས་པར་མི་འགྱུར་བ་དང་། གང་གི་ཕྱིར་ཁ་ཅིག་ཁོ་ན་ལ་ཁ་ཅིག་རྒྱས་པར་འགྱུར་བ་དེའི་

ཕྱིར་ཅི་རིགས་པ་ཞེས་བརྗོད་དོ། །དེ་ལ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལའོ། །ཕྲ་རྒྱས་འདོད་པ་ན་སྤྱོད་པ་ན་རིགས་བཞི་དང་ཞེས་བྱ་བ་ནི་འདི་ལྟ་སྟེ་བདེ་བའི་དབང་པོ་ལ་དམིགས་པ། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ལ་ནི་སྡུག་བསྔལ་མཐོང་བས་སྤང་བར་
བྱ་བའི་ཕྲ་རྒྱས་བཅུ་ཆར་ཡང་ཅི་རིགས་པར་དམིགས་པའམ། མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ཏེ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཀྱང་དེ་དང་འདྲའོ། །ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་དེ་ལ་
རྒྱས་པར་འགྱུར་ཏེ། ལམ་གྱི་བདེ་བའི་དངོས་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ལ། ལོག་པར་ལྟ་བ་ལ་སོགས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་ཡང་དམིགས་
པའི་སྒོ་ནས་རྒྱས་པར་འགྱུར་ཏེ། དེ་ལྟ་བས་ན་རིགས་དེ་ཡང་དེ་ལ་རྒྱས་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བའི་རིགས་ཀྱང་དེ་ལ་རྒྱས་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་ནི་བདེ་བའི་དབང་པོ་ལས་དམིགས་པའི་རྣམ་པར་ཤེས་པ་ལ་དམིགས་པ་དང་མཚུངས་པར་ལྡན་
པའི་ཕྱིར་རོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་རིགས་ནི་དེ་ལ་རྒྱས་པར་མི་འགྱུར་ཏེ། བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་དང་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་བདེ་བའི་དབང་པོ་ལ་
དམིགས་པ་ནི་རྣམ་པ་ལྔ་ཡོད་དོ། །དེ་ལ་རིགས་བཞི་རྒྱས་པར་འགྱུར་བ་དེ་ནི་གོ་སླའོ།། །།བམ་པོ་བཞི་བཅུ་རྩ་གཉིས་པ། འགོག་པ་མཐོང་བས་སྤང་བར་བྱ་བ་འདུས་བྱས་ལ་དམིགས་པ་རྣམས་ཇི་ལྟར་རྒྱས་པར་འགྱུར་ཞེ་ན། བསམ་གཏན་གསུམ་པ་ན་ལྟ་བ་མཆོག་ཏུ་
འཛིན་པ་ལ་སོགས་པ་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ལ་དེ་རྣམས་ཀྱང་ཕན་ཚུན་དམིགས་པ་ཡིན་ཏེ། དེ་དག་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་མཚུངས་པར་ལྡན་པའམ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །གཟུགས་མེད་པ་ན་སྤྱོད་པའི་

རིགས་གཉིས་དང་ཞེས་བྱ་བ་ནི་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་རིགས་དག་སྟེ། ལོག་པར་ལྟ་བ་ལ་སོགས་པ་ནི་ལམ་གྱི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ལྟ་བ་མཆོག་ཏུ་
འཛིན་པ་ལ་སོགས་པ་ནི་དེ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བའི་རིགས་ཀྱང་རྒྱས་པར་འགྱུར་ཏེ། བསྒོམ་པས་སྤང་བར་བྱ་བའི་སེམས་དགེ་བ་ལམ་ལ་དམིགས་པ་ཡིན་ལ། དེ་ལ་ནི་འདོད་ཆགས་ལ་སོགས་པའི་རིགས་རྒྱས་པར་འགྱུར་རོ། །གཟུགས་
མེད་པ་ན་སྤྱོད་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་ཀྱང་རྣམ་པར་ཤེས་པ་དེ་ཉིད་ལམ་ལ་དམིགས་པའི་རྣམ་པར་ཤེས་པ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ལ་རྒྱས་པར་འགྱུར་བ་ཤེས་པར་བྱའོ། །རྣམ་པ་བཅུ་གཉིས་པོ་དེ་ཉིད་དང་ཞེས་བྱ་བ་ནི་འགོག་པ་མཐོང་བས་སྤང་
བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་། གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པ་སྟེ་དེ་ལྟར་ན་དེ་དག་ནི་ཕན་ཚུན་དམིགས་པའི་ཚུལ་གྱིས་བདེ་
བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡིན་ནོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ནི་ཡང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཀྱིས་ཀླགས་པ་དེ་ནི་བདེན་པའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡིན་ནོ། །གང་
གི་ཞེ་ན་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཞེས་བྱ་བ་སྨོས་ཏེ། གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡོད་པའི་དམིགས་པ་ནི་ལམ་ལ་དམིགས་པའི་རྣམ་པར་ཤེས་པ་གཟུགས་མེད་པ་
ན་སྤྱོད་པ་ན་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་། གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དགེ་བ་ཡིན་ཏེ། དེ་ལྟར་ན་རྣམ་པ་བཅུ་བཞི་པོ་འདི་ནི་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་

ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དག་བསྐྱེད་ནས་ཞེས་བྱ་བ་ནི་སྔར་ནི་གཟུགས་མེད་པ་ན་སྤྱོད་པ་ཀུན་དུ་འགྲོ་བ་དག་ཁོ་ན་བདེན་པའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་རྒྱས་པར་འབྱུང་བ་
ཡིན་ནོ། །བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ནི་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤོང་བར་བྱ་བའི་རིགས་ཐམས་ཅད་རྒྱས་པར་འགྱུར་ཏེ། འདི་ལྟར་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་སེམས་དེ་ལ་སྡུག་བསྔལ་
དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་རྣམས་ཅི་རིགས་པར་མཚུངས་པར་ལྡན་པའམ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ལྷག་མ་རྣམས་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ལམ་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་སྲོལ་འདིས་གཞན་ཡང་
ཁོང་དུ་ཆུད་པར་བྱའོ། །ཇི་ལྟ་ཞེ་ན་སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོངས་པ་ལ་དཔྱད་པར་བྱ་སྟོ། སྡུག་བསྔལ་གྱི་དབང་པོ་ནི་འདོད་པ་ན་སྤྱོད་པ་རྣམ་པ་གཅིག་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པ་ཡིན་
པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་ལྔའི་དམིགས་པ་ཡིན་ཏེ། འདོད་པ་ན་སྤྱོད་པ་རྣམ་པ་གསུམ་པོ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་། མཚུངས་པར་ལྡན་པ་དག་དང་བསྒོམ་པས་སྤང་བར་
བྱ་བ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པའི་དམིགས་པ་ཡིན་ཏེ། རྣམ་པ་ལྔ་པོ་འདི་ནི་སྡུག་བསྔལ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་འདོད་པ་ན་སྤྱོད་པའི་རིས་གསུམ་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བ་དང་།
བསྒོམ་པས་སྤང་བར་བྱ་བ་རྣམས་ལ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་རིགས་དག་ནི་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་སེམས་དེ་དང་། བསྒོམ་པས་སྤང་བར་བྱ་བའི་སེམས་ལ་ཅི་རིགས་པར་མཚུངས་པར་ལྡན་པའམ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་

རོ། །བསྒོམ་པས་སྤང་བར་བྱ་བའི་རིགས་ནི་བསྒོམ་པས་སྤང་བར་བྱ་བ་ལ་རྒྱས་པར་འགྱུར་རོ། །གཟུགས་ན་སྤྱོད་པ་ནི་བསྒོམ་པས་སྤང་བར་བྱ་བ་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བའི་སེམས་ལ་རྒྱས་པར་འགྱུར་རོ། །གཟུགས་ན་སྤྱོད་པ་ཀུན་དུ་འགྲོ་བ་རྣམས་ཀྱང་དེ་ཁོ་ན་ལ་རྒྱས་པར་འགྱུར་རོ་
ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེ་ན། སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལྔ་པོ་དེ་རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། ཕན་ཚུན་
དམིགས་པའི་ཚུལ་གྱིས་རྣམ་པ་ལྔ་པོ་དེ་ཉིད་ཀྱི་དམིགས་པ་ཡིན་ནོ། །ཡང་འདོད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་དང་། གཟུགས་ན་སྤྱོད་པ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་དམིགས་པ་ཡང་ཡིན་ཏེ། དེས་ནི་གཟུགས་ན་སྤྱོད་པ་
བསྒོམ་པས་སྤང་བར་བྱ་བ་དགེ་བ་སྡུག་བསྔལ་གྱི་དབང་པོ་དམིགས་པ་ལ་དམིགས་པར་བྱེད་དོ། །གཟུགས་མེད་པ་ན་སྤྱོད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་ཡང་རགས་པ་ལ་སོགས་པའི་རྣམ་པར་སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་དེ་ལ་དམིགས་
ཏེ། དེ་ལྟ་བས་ན་རྣམ་པ་བརྒྱད་པོ་འདི་ནི་སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་རིགས་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤོང་བར་བྱ་བ་རྣམས་དང་། གཟུགས་
ན་སྤྱོད་པ་རིགས་གསུམ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པ་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། ཀུན་དུ་འགྲོ་བ་རྣམས་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱའོ། །ཡང་ཡིད་བདེ་
བའི་དབང་པོ་དམིགས་པའི་རྣམ་པར་ཤེས་པ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོངས་པ་ལ་དཔྱད་པར་བྱ་སྟེ། ཡིད་བདེ་བའི་དབང་པོ་ནི་རྣམ་པ་བཅུ་གཅིག་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་། ཟག་པ་མེད་པའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་

པར་ཤེས་པ་རྣམ་པ་བཅུ་གསུམ་གྱི་དམིགས་པ་ཡིན་ཏེ། དེ་ནི་འདུས་བྱས་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམ་པ་ལྔའི་དམིགས་པ་ཡིན་ཏེ། གཟུགས་ན་སྤྱོད་པ་ཡང་དེ་དང་འདྲའོ། །གཟུགས་མེད་པ་ན་སྤྱོད་པ་གཉིས་ཀྱི་སྟེ། ལམ་མཐོང་
བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པའི་དམིགས་པ་ཡིན་ཏེ། རྣམ་པ་བཅུ་གསུམ་པོ་འདི་ནི་ཡིད་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་ཕྲ་རྒྱས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་ལ་འདུས་བྱས་ལ་དམིགས་
པ་རིགས་ལྔ་དང་། གཟུགས་མེད་པ་ན་སྤྱོད་པའི་རིགས་གཉིས་དང་། ཀུན་དུ་འགྲོ་བ་དང་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱའོ། །ཡིད་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེ་ན། ཡིད་བདེ་བའི་དབང་
པོ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གསུམ་པོ་དེ་རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། རྣམ་པ་བཅུ་གསུམ་པོ་དེ་ཉིད་དང་ཡང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་ཏེ།
རྣམ་པ་བཅོ་ལྔ་པོ་འདི་ནི་ཡིད་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཕྲ་རྒྱས་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དག་བསྐྱེད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་
པ་རྣམས་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་རིགས་བཞི་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཕྱོགས་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱའོ། །ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ནི་
ཕྲ་རྒྱས་པར་འགྱུར་བ་དང་། རྒྱས་པར་མི་འགྱུར་བ་དག་གི་ཕྲ་རྒྱས་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ལྷན་ཅིག་འདུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷན་ཅིག་འདུག་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དབྲལ་བར་ནུས་པའི་ཕྱིར་རྒྱས་པར་འགྱུར་བ་དག་ཁོ་ནས་ཕྲ་རྒྱས་

དང་བཅས་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་ནི་དམིགས་པ་ལས། སྤང་བར་བྱ་བར་འདོད་པ་ཡིན་ཞེས་འཆད་པར་འགྱུར་རོ། །མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ཞེས་བྱ་བ་ལ་མ་སྤངས་པ་ནི་དེའི་ཐོབ་པ་མ་བཅད་པའི་ཕྱིར་རོ། །ཡོངས་སུ་མ་ཤེས་པ་ནི་དེའི་གཉེན་པོ་མ་སྐྱེས་པའི་ཕྱིར་རོ། །
འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པ་ཞེས་བྱ་བ་ནི་འདི་དག་གིས་ཀུན་ནས་འཁྲི་བར་བྱེད་པས་ན་ཀུན་ནས་དཀྲིས་པ་དང་མཐུན་པ་སྟེ། ཁྲུས་དང་མཐུན་པ་ལྟ་བུའོ། །འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་། མཐུན་པས་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་
དཀྲིས་པ་དང་མཐུན་པའོ། །ཡང་ན་འདོད་པའི་འདོད་ཆགས་ཉིད་ཀུན་ནས་དཀྲིས་པ་ཡིན་པས་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྟེ། དེ་དང་མཐུན་པ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པ་དག་གོ། །དེ་དག་ཀྱང་གཟུགས་ལ་སོགས་པ་ཡུལ་རྣམས་ཡིན་
ནོ། །སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི་ཡུལ་གྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་བྱ་བ་ནི་ཡུལ་སྣང་བར་གྱུར་པ་དེ་ལ་ཡང་ཕྱིན་ཅི་ལོག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་ལྡན་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྒྱུ་
དང་ཡུལ་དང་སྦྱོར་བའི་སྟོབས་དག་ཡིན་ཏེ་ཞེས་བྱ་བ་ལ་རྒྱུའི་སྟོབས་ནི་འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པའི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ནོ། །ཡུལ་གྱི་སྟོབས་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཡུལ་ཡིན་ནོ། །
སྦྱོར་བའི་སྟོབས་ནི་དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ། །ཉོན་མོངས་པ་གཞན་ཡང་དེ་བཞིན་དུ་སྐྱེ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཁོང་ཁྲོ་བའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ཀྱང་སྣང་བར་གྱུར་
པ་ཡིན། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་བྱ་བ་སྟེ་ཚུལ་ནི་དེ་ལྟ་བུའོ། །སྦྱོར་བ་བཞི་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང་སྲིད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་བ་དང་མ་རིག་པའི་སྦྱོར་བའོ། །གཏི་མུག་མ་གཏོགས་པའི་ཞེས་བྱ་བ་ནི་མ་རིག་

པའི་ཟག་པ་ནི་ལོགས་ཤིག་ཏུ་བཤད་པའི་ཕྱིར་རོ། །ཀུན་ནས་དཀྲིས་བྱས་ཞེས་བྱ་བ་ནི་ངོ་ཚ་མེད་པ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་དང་བཅས་པའོ། །རྫས་བཞི་བཅུ་རྩ་གཅིག་སྟེ། ཕྲ་རྒྱས་སུམ་ཅུ་གཅིག་དང་ཞེས་བྱ་བ་ནི་ལྟ་བ་བཅུ་གཉིས་ཏེ། སྡུག་བསྔལ་
མཐོང་བས་སྤང་བར་བྱ་བ་ལྔ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་གཉིས་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་གཉིས་ཁོ་ན་དང་ལམ་མཐོང་བས་སྤང་བར་བྱ་བ་གསུམ་དང་ཐེ་ཚོམ་བཞི་དང་འདོད་ཆགས་ལྔ་དང་། དེ་བཞིན་དུ་ཁོང་ཁྲོ་བ་དང་ང་རྒྱལ་ལྔ་དང་། ཀུན་ནས་དཀྲིས་པ་བཅུ་
སྟེ། དེ་ལྟར་ན་བཞི་བཅུ་རྩ་གཅིག་ཡིན་ནོ། །ཕྲ་རྒྱས་ཁོ་ན་ཞེས་བྱ་བ་ལ་ཁོ་ན་ཞེས་བྱ་བ་སྨོས་པ་ནི་ཀུན་ནས་དཀྲིས་པ་བསལ་བའི་ཕྱིར་རོ། །ཕྲ་རྒྱས་ཉི་ཤུ་རྩ་དྲུག་ཅེས་བྱ་བ་ནི་ལྟ་བ་བཅུ་གཉིས་དང་ཐེ་ཚོམ་བཞི་དང་འདོད་ཆགས་ལྔ་དང་ང་རྒྱལ་ལྔའོ། །དེ་ན་ཡང་རྨུགས་པ་དང་རྒོད་པ་ཀུན་ནས་དཀྲིས་
པ་གཉིས་ཡོད་པ་ཡིན་ནམ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དེ་ཁོ་ན་སྟེ། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །ཞེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་འདིར་དེ་མ་སྨོས་ཤེ་ན་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་དེ་གཉིས་སོ། །རང་དབང་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟར་
རང་དབང་ཅན་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། ཕྲག་དོག་ལ་སོགས་པ་དེ་བཞིན་དུ་མ་རིག་པ་ཙམ་དང་། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་ཏེ། འདི་གཉིས་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པར་འགྱུར་གྱི། ཇི་ལྟར་ཕྲག་
དོག་དང་སེར་སྣ་དང་འགྱོད་པ་དང་ཁྲོ་བ་དང་འཆབ་པ་རྣམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །དེ་གཉི་ག་ཡང་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ལ་སོགས་པ་ན་སྤྱོད་པ་གཉི་ག་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ནང་དུ་བལྟས་ཏེ་འཇུག་
ཅེས་བྱ་བ་ནི་ཡུལ་གཙོར་བྱེད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་སྲིད་པའི་འདོད་ཆགས་ཞེས་བཤད་པ་ཞེས་བྱ་བ་ནི། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་བྱ་བ་ཡིན་ཏེ། དེས་ན་སྲིད་པའི་ཟག་པ་ཞེས་བྱའོ། །རྫས་བཅོ་ལྔ་ཞེས་བྱ་བ་ནི་ཁམས་

གསུམ་ཆར་ན་ཡང་རྣམ་པ་ལྔ་ལྔ་ཡོད་པའི་ཕྱིར་རོ། །ཟག་པ་ཞེས་བྱ་བར་གྲུབ་བོ་ཞེས་བྱ་བ་ནི་མ་རིག་པ་གོང་དུ་བཤད་པའི་ཟག་པ་གཉིས་ལས་བཀར་བ་ཡིན་ཏེ། དེ་ལྟ་བས་ན་ཁམས་གསུམ་ཆར་བ་ཡང་མ་རིག་པའི་ཟག་པ་ཞེས་བྱ་བ་དེ་གྲུབ་བོ། །ཆུ་བོ་སྦྱོར་བ་འང་དེ་བཞིན་དུ། །ཞེས་བྱ་བ་ནི་ཟག་པ་
དག་ཁོ་ན་ཆུ་བོ་དང་སྦྱོར་བ་ཡིན་ཏེ། ལྟ་བ་ལོགས་ཤིག་ཏུ་གཞག་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟ་ཞེ་ན། བཤད་པར་བྱ་སྟེ། འདོད་པའི་ཟག་པ་ཁོ་ན་འདོད་པའི་ཆུ་བོ་དང་། འདོད་པའི་སྦྱོར་བ་ཡིན་ལ་དེ་བཞིན་དུ་སྲིད་པའི་ཟག་པ་ཁོ་ན་སྲིད་པའི་ཆུ་བོ་དང་སྲིད་པའི་སྦྱོར་བ་ཡིན་ནོ། །མ་རིག་པའི་
སྦྱོར་བ་ནི་སྔ་མ་ཁོ་ན་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདིར་ལྟ་བའི་སྦྱོར་བ་ནི་བཞི་པ་ཡིན་པར་བཤད་དེ་དེའི་ཕྱིར་ལྟ་བ་རྣམས་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །ལོགས་ཤིག་ཏུ་རྣམ་པར་གཞག་གོ་ཞེས་གྲག་གོ་ཞེས་བྱ་བ་ལ་གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་
ཏེ། དགོངས་པ་ནི་འདུལ་བའི་སྐྱེ་བོའི་དབང་གིས་ལྟ་བའི་སྦྱོར་བ་ལོགས་ཤིག་ཏུ་བཤད་དོ་ཞེས་བྱ་བར་རུང་ངོ་། །ཅིའི་ཕྱིར་ཟག་པ་དག་གི་ནང་དུ་ལྟ་བ་རྣམས་ལོགས་ཤིག་ཏུ་མ་བཞག་ཅེ་ན། ཟག་པར་མ་ཡིན་གྲོགས་མེད་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་བ་གྲོགས་མེད་པ་རྣམས་
ནི་འཇོག་པའི་རྗེས་སུ་མཐུན་པ་ཉིད་མ་ཡིན་ཏེ། འཇོག་པའི་རྗེས་སུ་མི་མཐུན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདི་སྐད་དུ། གང་གི་ཕྱིར་ལྟ་བ་འདི་དག་ཡན་གར་བ་ནི་འཇོག་པའི་རྗེས་སུ་མཐུན་པ་མ་ཡིན་གྱི་གྲོགས་དང་བཅས་ནས་འཇོག་པའི་རྗེས་སུ་མཐུན་པ་དེའི་ཕྱིར་འདི་དག་གྲོགས་དང་བཅས་
པ་ཁོ་ན་ཟག་པ་རྣམས་ཀྱི་ནང་དུ་ཟག་པ་དག་ཏུ་བཤད་དེ། བསྲེས་ཏེ་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཟག་པ་རྣམས་ཀྱི་ངེས་པའི་ཚིག་ནི་འཇོག་པར་བྱེད་པས་ན་ཞེས་འོག་ནས་འཆད་ཅེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཟག་པ་དག་གི་ནང་དུ་འཇོག་པའི་དོན་དགོས་སོ་སྙམ་དུ་
བསམས་པ་ཡིན་ནོ། །དེ་ལྟར་ན་འདོད་པའི་ཆུ་བོ་ནི་རྫས་ཉི་ཤུ་དགུ་སྟེ་ཞེས་བྱ་བ་ནི་ལྟ་བ་བཅུ་གཉིས་ཀྱིས་བཏོན་པས་ཟག་པ་བཞིན་དུ་རྫས་བཞི་བཅུ་རྩ་གཅིག་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྫས་ཉི་ཤུ་དགུ་ཡིན་ནོ། །ཇི་ལྟ་ཞེ་ན་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་ཞེས་བྱ་བ་ཐམས་ཅད་བརྗོད་དོ། །

སྲིད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་བརྒྱད་དེ་ཞེས་བྱ་བ་ནི་སྲིད་པའི་ཟག་པ་རྫས་ལྔ་བཅུ་རྩ་གཉིས་བཤད་པ་དེ་ལས་ལྟ་བ་ཉི་ཤུ་རྩ་བཞི་སྟོན་ན། རྫས་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །འདོད་ཆགས་དང་ང་རྒྱལ་ཉི་ཤུ་དང་ཞེས་བྱ་བ་ནི་ཁམས་གཉིས་པའི་འདོད་ཆགས་བཅུ་ཡིན་ལ་ང་རྒྱལ་ཡང་
བཅུ་ཡིན་པས་ཉི་ཤུའོ། །ལྟ་བའི་ཆུ་བོ་ནི་རྫས་སུམ་ཅུ་རྩ་དྲུག་གོ་ཞེས་བྱ་བ་ནི་ཁམས་གསུམ་ན་ལྟ་བ་བཅུ་གཉིས་བཅུ་གཉིས་ཡོད་པས་སོ། །མ་རིག་པའི་ཆུ་བོ་ནི་རྫས་བཅོ་ལྔ་སྟེ་སྔ་མ་བཞིན་ནོ། །སྦྱོར་བ་ཡང་ཆུ་བོ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་ནི་རྫས་ཉི་ཤུ་རྩ་དགུ་སྟེ། འདོད་ཆགས་དང་
ཁོང་ཁྲོ་བ་དང་། ང་རྒྱལ་བཅོ་ལྔ་དང་ཐེ་ཚོམ་བཞི་དང་། ཀུན་ནས་དཀྲིས་པ་བཅུའོ། །སྲིད་པའི་སྦྱོར་བ་ཉི་ཤུ་རྩ་བརྒྱད་དེ། འདོད་ཆགས་དང་ང་རྒྱལ་ཉི་ཤུ་དང་ཐེ་ཚོམ་བརྒྱད་དོ། །ལྟ་བའི་སྦྱོར་བ་ནི་རྫས་སུམ་ཅུ་རྩ་དྲུག་གོ། །མ་རིག་པའི་སྦྱོར་བ་ནི་རྫས་བཅོ་ལྔའོ། །ཇི་སྐད་བཤད་གཉིས་མ་རིག་
བཅས། །ཞེས་བྱ་བ་རྒྱས་པར་འབྱུང་བ་ཇི་སྐད་བཤད་པ་གང་དག་ཡིན་ཞེ་ན། སྦྱོར་བ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་རྫས་སུམ་ཅུ་རྩ་བཞི་ཁོ་ན་འདོད་པའི་ཉེ་བར་ལེན་པ་ཡིན་ནོ་ཞེས་བཤད་དོ། །མ་རིག་པ་ནི་འདོད་པ་ཉེ་བར་ལེན་པ་དང་བདག་
ཏུ་སྨྲ་བ་ཉེ་བར་ལེན་པ་དག་གི་ནང་དུ་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱའོ། །ལྟ་བ་རྣམ་པ་གཉིས་སུ་ཐ་དད་པར་བྱ་བའི་ཕྱིར་བཞི་ཡིན་ཏེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བའོ། །ལྟ་
བའི་སྦྱོར་བ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱུང་སྟེ་ཞེས་བྱ་བ་ནི་ལྟ་བའི་སྦྱོར་བ་ཁམས་ཀྱི་བྱེ་བྲག་གིས་རྫས་སུམ་ཅུ་རྩ་དྲུག་ཡོད་པ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དྲུག་བཏོན་ན། ལྟ་བའི་ཉེ་བར་ལེན་པ་རྫས་སུམ་ཅུ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་རྫས་
དྲུག་སྟེ། འདོད་པའི་ཁམས་ན་གཉིས་དང་དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ན་གཉིས་གཉིས་ཡོད་པས་སོ། །ལམ་གྱི་དགྲར་གྱུར་པ་ཞེས་བྱ་བ་ནི་གྲངས་ཅན་པའི་རྣལ་འབྱོར་དང་ཤེས་པ་ལ་སོགས་པས་ཐར་པ་ཐོབ་པར་ལྟ་བའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་

ལམ་གྱི་དགྲར་གྱུར་པ་ཡིན་ནོ། །ཕྱོགས་གཉི་ག་སླུ་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁྱིམ་པ་དང་རབ་ཏུ་འབྱུང་བའི་ཕྱོགས་སླུ་བར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཟས་མི་ཟ་བ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཆུ་དང་མེར་འཇུག་པ་དང་། མི་སྨྲ་བ་དང་།
དཔའ་བོ་བྱེད་པ་ལ་སོགས་པ་བསྡུ་བའོ། །ཟས་མི་ཟ་བ་ལ་སོགས་པ་དང་། ཡུལ་ཡིད་དུ་འོང་བ་ཡོངས་སུ་སྤངས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་བསྡུས་པ་ཡིན་ནོ། །མ་རིག་པ། འཛིན་པར་བྱེད་པ་མིན་ཕྱིར་བསྲེས། །ཞེས་བྱ་བ་ནི་མ་རིག་པ་འབའ་ཞིག་གིས་སྲིད་པ་ཉེ་བར་ལེན་
པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། མི་ཤེས་པའི་མཚན་ཉིད་ཀྱིས་མི་གསལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདྲེས་པ་ནི་ཉོན་མོངས་པ་གཞན་དང་འབྲེལ་པའི་སྟོབས་ཀྱིས་ཉེ་བར་ལེན་པར་བྱེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གྲག་གོ་ཞེས་བྱ་བ་ལ་གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་
གཞུང་ལུགས་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་གི་གཞུང་ལུགས་བཅོམ་ལྡན་འདས་ཀྱིས་མདོ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལྟ་བའི་སྦྱོར་བ་ཡང་དེ་དང་འདྲ་བའི་བར་དུ་གསུངས་སོ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན། ལྟ་བའི་སྦྱོར་བ་གང་ཞེ་ན་ཞེས་བྱ་བ་ནས་རྒྱས་པར་འདིའི་ལྟ་བ་རྣམས་
ལ་ལྟ་བ་ལ་འདོད་ཆགས་པ་དང་ལྟ་བ་ལ་འདུན་པ་དང་ལྟ་བ་ལ་སྲེད་པ་དང་ཞེས་བྱ་བ་སྟེ་སྔ་མ་བཞིན་ནོ། །མདོ་གཞན་དག་ལས་འདུན་པའི་འདོད་ཆགས་ཀྱང་ཉེ་བར་ལེན་པར་གསུངས་ཏེ། ཇི་སྐད་དུ་ཞེ་ན། ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ་ཞེས་གསུངས་སོ། །
འདི་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ཏེ། འདི་སྐད་དུ་འདིར་འདོད་ཆགས་ཁོ་ན་སྦྱོར་བ་དང་། ཉེ་བར་ལེན་པ་ཡིན་གྱི་ཉོན་མོངས་པ་གཞན་དག་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་
དེ་དག་ཕྲ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཕྲ་མོ་དག་རྒྱས་པར་འགྱུར་བས་ན་ཕྲ་རྒྱས་སོ་ཞེས་བྱ་བ་འདི་ནི་ངེས་པའི་ཚིག་གི་ཚུལ་གྱིས་གྲུབ་པོ། །རྒྱུ་བ་ཕྲ་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་ཕྲ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འཇུག་པ་ཕྲ་ཞེ་ན། གཟུགས་ཅན་མ་ཡིན་པ་རྣམས་ཤེས་པར་

དཀའ་བའི་ཕྱིར་རོ། །སྦྱོར་བ་མེད་པར་ཏེ་བསྒྲིམ་མི་དགོས་པར་བཟློག་བཞིན་དུ་ཡང་སྟེ་བཀག་བཞིན་དུ་ཡང་གང་ཟག་ལ་ཡང་དང་ཡང་མངོན་དུ་འགྱུར་བའི་ཕྱིར་ཕྲ་རྒྱས་ཞེས་བྱའོ། །འཁོར་བར་འཇོག་པར་བྱེད་པས་ན་ཟག་པ་ཡིན་པའམ་འཇོག་པའི་དོན་དུ་འཛག་པས་ན་ཟག་པ་ཡིན་ནོ་
ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་ཡིན་ནོ། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པས་ན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་སྟེ། མིག་ལ་སོགས་པ་སྐྱེ་མཆེད་རྨ་ལྟ་བུའི་སྒོ་ནས་འཛག་ཅིང་འབོ་ལ་འགྲོ་བས་ན་ཟག་པ་རྣམས་
ཡིན་ནོ། །འཁྱེར་བར་བྱེད་པས་ན་ཆུ་བོ་དག་ཡིན་ནོ། །འབྱར་བར་བྱེད་པས་ན་སྦྱོར་བ་ཡིན་ནོ། །ཉེ་བར་འཛིན་པས་ན་ཉེ་བར་ལེན་པ་དག་ཡིན་ནོ་ཞེས་བྱ་བ་འདི་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རབ་ཏུ་བསྟན་པ་ཡིན་ནོ། །ཆུ་བོ་ཞེས་བྱ་བའི་སྒྲ་འདི་ནི་འཁྱེར་བའི་ཚུལ་ཡིན་ཏེ། འགྲོ་བ་གཞན་ནམ་ཡུལ་
གཞན་དུ་འཁྱེར་བར་བྱེད་ཅིང་འཁྲིད་པར་བྱེད་པས་ན་ཆུ་བོ་དག་ཡིན་ནོ། །འགྲོ་བ་གཞན་ནམ་ཡུལ་གཞན་དུ་སྦྱོར་བར་བྱེད་ཅིང་འབྱར་བར་བྱེད་པས་ན་སྦྱོར་བ་དག་ཡིན་ནོ། །ཡང་སྲིད་པའམ་འདོད་པ་ལ་སོགས་པར་རྣམ་པར་ཤེས་པ་ཉེ་བར་འཛིན་པར་བྱེད་ཅིང་ལེན་པར་བྱེད་པས་ན་ཉེ་བར་ལེན་པ་དག་
ཡིན་ནོ། །འདི་སྐད་དུ་ཆེས་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ལྟར་ན་ཆེས་ལེགས་པ་ཡིན་ནོ་ཞེས་འཆད་དོ། །ཇི་ལྟ་ཞེ་ན་སྨྲས་པ། ཕྲ་རྒྱས་འདི་དག་གི་རྒྱུད་དེ་རྣམ་པར་ཤེས་པའི་རྒྱུད་ཡུལ་རྣམས་ལ་འཛག་པར་བྱེད་ཅིང་འགྲོ་བར་བྱེད་པས་ན་ཟག་པ་རྣམས་ཏེ། བྱེད་པས་སྒྲུབ་པ་ཡིན་ནོ། །མངོན་
པར་འདུ་བྱ་བ་སྟེ་དེ་དག་ཉིད་མེད་པར་ཞེས་བྱ་བ་བསྩལ་བ་དེ་དག་ཉིད་མེད་པར་ཞེས་བྱ་བའི་དོན་ཏོ། །ཤུགས་ཆེན་པོ་དང་ལྡན་པའི་ཕྱིར་ཆུ་བོ་དག་ཅེས་བྱ་བ་ནི་ཆུ་བོ་དང་ཆོས་མཐུན་པ་ཉིད་དུ་སྟོན་པར་བྱེད་པས་ཏེ། ཆུ་བོ་དང་འདྲ་བས་ནི་ཆུ་བོ་དག་ཅེས་བྱ་བའི་ཕྱིར་རོ། །དེའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདོད་
ཆགས་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །ཆེ་ཐང་དུ་ཀུན་དུ་མི་འབྱུང་བ་རྣམས་ནི་སྦྱོར་བ་དག་ཅེས་བྱ་བ་ནི་ཆུ་བོ་དང་སྦྱོར་བ་རྣམས་ཐ་དད་དུ་བྱ་བར་སྟོན་པ་ཡིན་ཏེ། ཆེ་ཐང་དུ་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་ནི་སྦྱོར་བ་ཡིན་ལ། ཆེ་ཐང་དུ་ཀུན་དུ་མི་འབྱུང་བ་གང་དག་ཡིན་པ་ཁོ་ན་ནི་ཆུ་བོ་ཡིན་ནོ་

ཞེས་བྱའོ། །དེ་དག་ཇི་ལྟར་སྦྱོར་བ་ཡིན་ཞེ་ན། སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཡང་དང་ཡང་དུ་རྗེས་སུ་འབྲེལ་པའི་སྒོ་ནས་ཏེ། གང་གི་ཕྱིར་རྒྱུད་ལ་ཡང་དང་ཡང་དུ་སྦྱོར་བར་
བྱེད་པ་དེའི་ཕྱིར་སྦྱོར་བ་དག་ཅེས་བྱའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་གང་དག་གིས་འདོད་པ་ལ་སོགས་པ་ཉེ་བར་ལེན་པར་བྱེད་པ་དེ་དག་ནི་འདོད་པ་ལ་སོགས་པ་དེ་ཉེ་བར་ལེན་པ་སྟེ་འདུན་པའི་འདོད་ཆགས་ཀྱི་བདག་ཉིད་དག་ཡིན་ནོ། །ཕྲ་རྒྱས་དེ་དག་
ཉིད་ཀུན་ནས་དཀྲིས་པའི་བར་གྱི་དབྱེ་བས་ཡང་རྣམ་པ་ལྔར་ཕྱེ་ནས་བཤད་དེ་ཞེས་བྱ་བ་ནི་གང་དུ་ཟག་པ་ལ་སོགས་པའི་དབྱེ་བས་ཕྲ་རྒྱས་རྣམ་པ་བཞིར་བཤད་པ་དེ་དག་མདོ་དང་ཆོས་མངོན་པ་ལས་ཀུན་དུ་སྦྱོར་བ་དང་འཆིང་བ་དང་ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་
རྣམ་པ་ལྔར་ཕྱེ་ནས་བཤད་དོ། །ཕྲ་རྒྱས་ལས་མ་གཏོགས་པ་ངོ་ཚ་མེད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་ཕྲ་རྒྱས་དག་ཉིད་ཀུན་ནས་དཀྲིས་པ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་ཅེ་ན། དེ་ལས་མ་གཏོགས་པ་དག་ཡོད་པ་བདེན་མོད་ཀྱི་ཐ་དད་པ་མ་ཡིན་
པ་དག་ཀྱང་ཡོད་པར་ནི་འདོད་དེ་འདིར་ཉོན་མོངས་པ་ཡང་ཀུན་ནས་དཀྲིས་པ་ཡིན་ཏེ། མདོ་ལས་ཀྱང་འདོད་ཆགས་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྡུག་བསྔལ་གྱི་རྐྱེན་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འཆད་པར་འགྱུར་རོ། །དེ་བཞིན་དུ་གཞན་དང་གཞན་དག་ཀྱང་ཅི་རིགས་པར་སྦྱར་བར་བྱའོ་
ཞེས་བྱ་བ་ནི་ཁོང་ཁྲོ་བ་དང་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་རྣམས་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་རྣམས་ནི་ཁམས་གསུམ་པ་ཡིན་ནོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་མོ་ཞེས་བྱ་བ་ནི་འཇིག་
ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་དག་གོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་གཉིས་སོ་ཞེས་བྱ་བ་ནི་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དག་གོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་ལྟ་བ་གསུམ་ནི་ལྟ་བའི་ཀུན་དུ་སྦྱོར་བ་ཡིན་ལ།

ལྟ་བ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲི་བ་ཡིན་ཏེ། ལྟ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི་མཆོག་ཏུ་འཛིན་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་
དེ་ལ་ཚོར་བ་ལ་སོགས་པའོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་ཏེ། འདོད་ཆགས་ཀྱིས་ལྡན་ཞིང་ལྟ་བའི་ཀུན་དུ་སྦྱོར་བ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་མཚན་ཉིད་ཀྱིས་མ་ཡིན་ལ། དེ་ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་མི་འགྱུར་བ་ཡང་མ་ཡིན་ཞིང་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་དེ་
ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་མི་འགྱུར་བ་ཡང་མ་ཡིན་པ་སྟེ། འོ་ན་ཅི་ཞེ་ན། རྒྱས་པར་འགྱུར་བ་ལྟ་བ་ཡོད་དམ། དགག་པ་གཉིས་ཀྱིས་རྣལ་མ་ཁོང་དུ་ཆུད་པར་བྱེད་དོ། །སྨྲས་པ་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲིས་པའི་ལན་འདེབས་པར་བྱེད་དོ། །ཀུན་འབྱུང་ཤེས་པ་སྐྱེས་ལ་ཞེས་བྱ་
བའི་ཁྱད་པར་སྨོས་པ་ནི། ལྟ་བའི་ཀུན་དུ་སྦྱོར་བ་ཀུན་དུ་འགྲོ་བ་སྤངས་པར་བསྟན་པའི་ཕྱིར་རོ། །འགོག་པ་ཤེས་པ་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་འཛིན་པའི་ལྟ་བ་གཉིས་མ་སྤངས་ན་དེ་དང་མཚུངས་པར་ལྡན་པ་ཡོད་པར་རབ་ཏུ་བསྟན་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་
བར་བྱ་བ་ཞེས་བྱ་བ་ནས་ཆོས་རྣམས་དང་སྟེ་ཞེས་བྱ་བའི་བར་ནི་ཚོར་བ་ལ་སོགས་པ་རྣམས་དང་ངོ་། །དེ་དག་དང་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་འགོག་པ་མཐོང་བས་སྤང་བར་བྱ་བའམ་ལམ་མཐོང་བས་སྤང་བར་བྱ་བ་ལྡན་ནོ། །ཇི་ལྟ་བུ་ཞིག་གིས་ཤེ་ན། དེ་ལ་དམིགས་པས་ཏེ། གང་གི་ཕྱིར་
འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཆོས་ཚོར་བ་ལ་སོགས་པ་དེ་དག་ལ་དམིགས་ཏེ། འདོད་ཆགས་སྐྱེ་བ་དེའི་ཕྱིར་དམིགས་པའི་སྒོ་ནས་དེས་ལྡན་པ་ཡིན་ནོ། །ལྟ་བའི་ཀུན་
དུ་སྦྱོར་བས་ནི་མི་ལྡན་ཏེ། ཅིའི་ཕྱིར་ཞེ་ན་སྨྲས་པ་ཀུན་དུ་འགྲོ་བ་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ངོ་བོ་ཉིད་ནི་ཀུན་འབྱུང་བ་ཤེས་པ་སྐྱེས་པས་སྤང་བའི་ཕྱིར་ལ། ཀུན་དུ་འགྲོ་བ་མ་ཡིན་པ་དེ་ལ་དམིགས་པ་དང་མཚུངས་པར་ལྡན་པ་ཅན་ལྟ་བའི་ཀུན་དུ་སྦྱོར་བ་ནི་མེད་པའི་ཕྱིར་

རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལྟ་བའི་ཀུན་དུ་སྦྱོར་བ་ཀུན་དུ་འགྲོ་བ་མ་ཡིན་པ་ལོག་པར་ལྟ་བའི་ངོ་བོ་ཉིད་ནི་ཡོད་མོད་ཀྱི་དེ་ནི་ཟག་པ་མེད་པ་ལ་དམིགས་པའི་ཕྱིར་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཆོས་ཚོར་བ་ལ་སོགས་པ་ལ་དམིགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་
དམིགས་པའི་སྒོ་ནས་ལྟ་བའི་ཀུན་དུ་སྦྱོར་བས་ལྡན་པ་མ་ཡིན་ནོ། །ཚོགས་པ་ཐ་དད་པའི་ཕྱིར་དེ་ཚོར་བ་ལ་སོགས་པ་དེ་དག་དང་མཚུངས་པར་ལྡན་པ་ཅན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་དེས་ལྡན་པ་མ་ཡིན་ནོ། །དེ་དག་ལྟ་བའི་ཕྲ་རྒྱས་དག་ནི་རྒྱས་པར་འགྱུར་རོ། །
དེ་དག་ཀྱང་ཇི་ལྟ་བུ་ཞིག་ཅེ་ན། མཆོག་ཏུ་འཛིན་པའི་ལྟ་བ་དེ་དག་ཁ་ནས་མཚུངས་པར་ལྡན་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། ཚོར་བ་ལ་སོགས་པའི་ཆོས་དེ་དག་ལ་ལྟ་བ་མཆོག་ཏུ་འཛིན་པའམ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་
འགྱུར་ཏེ། རང་གི་ཚོགས་སུ་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལ་ལྟ་བའི་ཀུན་དུ་སྦྱོར་བ་ནི་རྒྱས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བའི་ཀུན་དུ་སྦྱོར་བ་ཞེས་མིང་དུ་མ་བཏགས་པའི་ཕྱིར་ཏེ། ལྟ་བའི་ཕྲ་རྒྱས་ཞེས་སྨོས་ན་ནི་ལྟ་བ་ལྔ་ཆར་བསྡུ་བ་ཡིན་ནོ། །ལྟ་བའི་ཀུན་དུ་སྦྱོར་བ་ཞེས་སྨོས་ན་
ནི་འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་དག་གཟུང་གི་མཆོག་ཏུ་འཛིན་པའི་ལྟ་བ་དག་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ལྟ་གཉིས་ཀུན་དུ་སྦྱོར་གཞན་ནོ། །ཞེས་བྱ་བ་ནི་མཆོག་ཏུ་འཛིན་པའི་ལྟ་བ་དག་གོ། །ལྟ་བ་གསུམ་ཡང་རྫས་བཅོ་བརྒྱད། །ཅེས་བྱ་བ་
ནི་ཡིན་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ཏེ། ཚིག་གི་དོན་ནི་འཇིག་ཚོགས་དང་། མཐར་འཛིན་པ་དང་ལོག་པར་ལྟ་བ་རྣམས་ལ་ནི་རྫས་ཀྱི་གྲངས་བཅོ་བརྒྱད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་ཏུ་འཛིན་པའི་ལྟ་བ་གཉིས་ཀྱང་བཅོ་བརྒྱད་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་རྫས་ཞེས་བྱ་བར་སྐབས་དང་
སྦྱར་རོ། །ཇི་ལྟ་ཞེ་ན་འདོད་པའི་ཁམས་ན་འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་གཉིས་ཡོད་ལ། དེ་དག་ཀྱང་ལོག་པར་ལྟ་བ་རྣམས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་པར་འདོད་དོ། །ལོག་པར་ལྟ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་

བར་བྱ་བའི་བར་རྣམ་པ་བཞི་ཡོད་དེ། དེ་ལྟར་ན་འདོད་པའི་ཁམས་ན་དྲུག་ཡོད་དོ། །འདོད་པའི་ཁམས་ཇི་ལྟ་བར་གཟུགས་དང་གཟུགས་མེད་པའི་ཁམས་ན་ཡང་དེ་དང་འདྲ་བས་བཅོ་བརྒྱད་ཡིན་ནོ། །མཆོག་ཏུ་འཛིན་པའི་ལྟ་བ་གཉིས་ཀྱང་རྫས་བཅོ་བརྒྱད་ཡིན་ཏེ།
ཇི་ལྟ་ཞེ་ན་འདོད་པའི་ཁམས་ན་ལྟ་བ་མཆོག་ཏུ་འཛིན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བའི་བར་རྣམ་པ་བཞི་ཡོད་དོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་ལམ་མཐོང་བས་སྤང་བར་བྱ་བ་ཞེས་
བྱ་བ་རྣམ་པ་གཉིས་ཏེ། དེ་ལྟར་འདོད་པའི་ཁམས་ན་དྲུག་ཡོད་དོ། །འདོད་པའི་ཁམས་ཇི་ལྟ་བར་གཟུགས་དང་གཟུགས་མེད་པའི་ཁམས་ན་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་རྫས་བཅོ་བརྒྱད་ཡིན་ནོ། །ལྷག་མ་རྣམས་ནི་མ་ཡིན་པས་ཞེས་བྱ་བ་ནི་ལྟ་བ་རྣམས་སོ། །གཟུང་བ་དང་འཛིན་པ་ཐ་
དད་པའི་ཕྱིར་རོ་ཞེས་བྱ་བ་ལ་གཟུང་བ་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །འཛིན་པ་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །རྒྱུ་དེའི་ཕྱིར་ཏེ་གཅིག་ཏུ་མི་དགེ་བའི་ཕྱིར་དང་རང་དབང་ཅན་ཡིན་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་དག་ལ་བཤད་ཅེས་བྱ་བ་ནི་ཕྲག་དོག་དང་། སེར་སྣ་གཉིས་ངོ་ཚ་མེད་
པ་ལ་སོགས་པ་ཀུན་ནས་དཀྲིས་པ་དེ་དག་གི་ནང་ནས་ཕྱུང་ནས་བཤད་པའོ། །གང་ལ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་འདི་གཉིས་ཡོད་པ་ཞེས་བྱ་བ་ནི་གང་ལ་གཅིག་ཏུ་མི་དགེ་བ་ཉིད་དང་། རང་དབང་ཅན་ཉིད་ཅེས་བྱ་བ་འདི་གཉི་ག་ཡོད་པ་དེ་ལྟ་བུ་ཀུན་ནས་དཀྲིས་པ་གཞན་ནི་མེད་དོ་ཞེས་བྱ་
བར་སྦྱར་རོ། །དེ་ལྟ་བུའི་ཀུན་ནས་དཀྲིས་པ་གཞན་ནི་མེད་དོ་ཞེས་བྱ་བ་ནི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དག་ཀྱང་གཅིག་ཏུ་མི་དགེ་བ་ཡིན་མོད་ཀྱི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་ནི་མ་ཡིན་ནོ། །འགྱོད་པ་ཡང་མ་རིག་པ་ཙམ་དང་མཚུངས་པར་
ལྡན་པའི་ཕྱིར་རང་དབང་ཅན་ནི་ཡིན་མོད་ཀྱི་གཅིག་ཏུ་མི་དགེ་བ་ནི་མ་ཡིན་ཏེ། དེ་ནི་དགེ་བ་ཡང་ཡིན་ནོ། །རྨོངས་པ་དང་རྒོད་པ་དང་། གཉིད་དག་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་ཡང་མ་ཡིན་ལ། གཅིག་ཏུ་མི་དགེ་བ་ཡང་མ་ཡིན་ཏེ། དེ་

དག་ནི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །གང་གི་བཅུ་ཡིན་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གི་ལྟར་ན་ཀུན་ནས་དཀྲིས་པ་བཅུ་ཡིན་པ་དེའི་ལྟར་ན་ཁྲོ་བ་དང་འཆབ་པ་དག་ཀྱང་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་ཞེས་བྱ་བ་རྣམ་པ་གཉི་ག་ཡིན་པས་དེའི་ཕྱིར་འདི་ལན་མ་ཡིན་ནོ་
ཞེས་ཟེར་རོ། །འོ་ན་དེའི་ལན་གང་ཡིན་ཞེ་ན། འདི་ལ་སློབ་དཔོན་འདུས་བཟང་ན་རེ་ཕྲག་དོག་དང་སེར་སྣ་དག་ནི་ཡང་དང་ཡང་དུ་ཀུན་དུ་འབྱུང་བའི་ཕྱིར་ལོགས་ཤིག་ཀུན་དུ་སྦྱོར་བ་ཉིད་དུ་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པ་རྣམས་ལ་ཀུན་དུ་སྦྱོར་བ་སུམ་ཅུ་རྩ་དྲུག་ཡོད་ཀྱང་།
ཀཽ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་ཅན་ཡིན་ནོ་ཞེས་གསུངས་ཏེ། ཉོན་མོངས་པ་འདི་གཉིས་ནི་བདོ་ན་ལྷག་པར་འཆིང་བ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་ཕྲག་དོག་དང་སེར་སྣ་དག་ནི་དབང་ཆུང་བར་གྲགས་པ་དང་། ལོངས་སྤྱོད་ཆུང་བ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་
དང་། ཐམས་ཅད་སྟོན་པའི་ཕྱིར་དང་། ཕྱོགས་གཉིས་ཉོན་མོངས་པར་བྱེད་པ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བཤད་དོ། །བདེ་འགྲོར་སྐྱེས་པ་འདི་ཤིན་དུ་བརྙས་པར་འགྱུར་བ་གང་ཡིན་པ་དེ་ལ་རྒྱུ་ནི་ཕྲག་དོག་དང་སེར་སྣ་དག་ཡིན་ཏེ། འདི་ལྟར་དབང་ཆུང་བར་གྲགས་པ་དང་ལོངས་
སྤྱོད་ཆུང་བ་ནི་བཙོན་ལ་སོགས་པ་དང་འདྲ་བས་སོ། །ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ཀུན་དུ་གདུང་བ་དང་ལྡན་པ་དང་། ཀུན་དུ་དགའ་བ་དང་ལྡན་པ་ཡིན་ལ། དེ་དག་ཐམས་ཅད་ཀྱང་འདི་གཉིས་ཀྱིས་བསྟན་པ་ཡིན་ནོ། །ཁྱིམ་པའི་ཕྱོགས་ཀྱང་ལོངས་སྤྱོད་ཀྱི་རྟེན་ཅན་འདི་
གཉིས་ཀྱིས་ཤིན་ཏུ་ཉོན་མོངས་པར་འགྱུར་ལ། རབ་ཏུ་བྱུང་བའི་ཕྱོགས་ཀྱང་ཆོས་ཀྱི་རྟེན་ཅན་འདི་གཉིས་ཀྱིས་ཤིན་ཏུ་ཉོན་མོངས་པར་འགྱུར་རོ། །ཡང་ན་ལྷ་དང་ལྷ་མ་ཡིན་གྱི་ཕྱོགས་བདུད་རྩི་དང་བུད་མེད་ཀྱི་ཕྱིར་ཤིན་ཏུ་ཉོན་མོངས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་
ཀྱིས། ཀཽ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་ཡིན་ནོ་ཞེས་གསུངས་ཏེ། དེ་བས་ན་ཀུན་ནས་དཀྲིས་པ་བཅུ་དག་ལས་འདི་གཉིས་ཁོ་ན་ཀུན་དུ་སྦྱོར་བར་བཤད་དོ། །ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ་ཞེས་བྱ་བ་ལ། འདོད་པའི་ཁམས་ནི་ཁམས་

གསུམ་རིལ་ལ་ལྟོས་ན་གཅིག་ཏུ་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་ཐ་མ་སྟེ། དམན་པ་ཡིན་ནོ། །གཉིས་ཀྱིས་འདོད་པས་མི་འདའ་ལ། །ཞེས་བྱ་བ་ནི་དེ་དག་མ་སྤངས་ན་འདོད་པའི་ཁམས་ལས་མི་འདའ་བའི་ཕྱིར་རོ། །སྒོ་བ་དང་རྗེས་སུ་འབྲང་བ་དང་ཆོས་
མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྒོ་བ་དང་ཆོས་མཐུན་པ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་དག་ཡིན་ཏེ། དེ་གཉིས་ཀྱིས་འདོད་པའི་ཁམས་ཀྱི་བཙོན་ར་ནས་འབྱུང་དུ་མི་སྟེར་བས་སྒོ་བ་ལྟ་བུ་ཡིན་ནོ། །རྗེས་སུ་འབྲང་བ་དང་ཆོས་མཐུན་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡིན་
ཏེ། དཔེར་ན་སྒོ་བ་བག་མེད་པར་གྱུར་ཏེ་བཙོན་ར་ནས་བཙོན་ཤོར་ཀྱང་སྒོ་བའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཕྱིར་ཟློག་པར་བྱེད་པ་ལྟར་གསུམ་པོ་འདི་དག་གིས་དེ་དང་འདྲའོ། །སེམས་ཅན་གྱི་ཐ་མ་ཞེས་བྱ་བ་ནི་གཞན་རྣལ་འབྱོར་སྤྱོད་པ་རྣམས་ན་རེ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་
དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་རྣམས་ཀྱིས་ནི་སེམས་ཅན་གྱི་ཐ་མ་སོ་སོའི་སྐྱེ་བོ་ཉིད་ལས་མི་འདའོ། །འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ནི་ཁམས་ཀྱི་ཐ་མ་འདོད་པའི་ཁམས་ཀྱི་མཚན་ཉིད་ལས་མི་འདའོ་ཞེས་བྱ་བར་སྦྱར་བར་
བྱའོ། །སེམས་ཅན་གྱི་ནང་ན་ཐ་མ་སོ་སོའི་སྐྱེ་བོ་དག་ཡིན་ལ། ཁམས་ཀྱི་ནང་ན་ཐ་མ་ཡང་འདོད་པའི་ཁམས་ཡིན་ཏེ། དེའི་ཕྱིར་དེ་དག་ཐ་མའི་ཆ་དང་མཐུན་པ་རྣམས་ཞེས་བྱའོ་ཞེས་ཟེར་རོ། །ཀུན་དུ་སྦྱོར་བ་གསུམ་ཡོངས་སུ་གཏུགས་ཏེ་སྤང་བའི་ཕྱིར་ཞེས་བྱ་བ་ནི་འཇིག་ཚོགས་ལ་
ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་མ་ལུས་པར་སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་དྲུག་སྤངས་པ་ཡིན་ན་ཞེས་བྱ་བ་ནི་ལྟ་བ་ལྔ་དང་། ཐེ་ཚོམ་མོ། །འདོད་ཆགས་ལ་སོགས་པ་ནི་མ་བཤད་དེ། ལྷག་མ་དང་
བཅས་པའི་ཕྱིར་རོ། །ལྟ་བ་གསུམ་བོར་ལ་ཞེས་བྱ་བ་ནི་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པའི་ལྟ་བའོ། །གསུམ་ཁོ་ན་གསུངས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་

གསུམ་ཁོ་ན་གསུངས་པའོ། །སུས་གསུངས་ཤེ་ན། བཅོམ་ལྡན་འདས་ཀྱིས་ཏེ། འདི་ལྟར་མདོ་ལས། བཙུན་པ་ཇི་ཙམ་གྱིས་ན། རྒྱུན་དུ་ཞུགས་པ་ལགས། མིང་ཆེན་འདི་ལྟར་འཕགས་པ་ཉན་ཐོས་ནི་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་ཀུན་དུ་སྦྱོར་བ་གསུམ་པོ་འདི་ལྟ་སྟེ་འཇིག་
ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་ཡང་ཡོངས་སུ་སྤངས་ཤིང་ཡོངས་སུ་ཤེས་པ་ཡིན་ནོ། །དེས་ཀུན་དུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཡིན། རྣམ་པར་མི་ལྟུང་བའི་ཆོས་ཅན་ཡིན། རྫོགས་པའི་བྱང་ཆུབ་ཏུ་འགྲོ་
བ་ཡིན། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་དང་མི་དག་གི་ནང་དུ་ལན་བདུན་དུ་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་གསུངས་ཏེ། འདི་ཐམས་ཅད་བརྗོད་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་རྣམས་ནི་རྣམ་པ་གསུམ་
སྟེ་ཞེས་བྱ་བ་ནི་འདིར་མཐོང་བས་སྤང་བར་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དེ་དག་ནི་རྣམ་པ་གཅིག་སྟེ། སྡུག་བསྔལ་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་སོ། །
ཐེ་ཚོམ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་རྣམ་པ་བཞིའོ། །དེ་ལ་རྣམ་པ་གཅིག་པ་རྣམས་ཀྱི་སྒོ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ཏེ། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་སྨོས་པས་མཐར་འཛིན་པར་ལྟ་བ་ཡང་སྨོས་པ་ཡིན་ནོ། །རྣམ་པ་བཞི་པ་རྣམས་ཀྱི་སྒོ་ནི་ཐེ་ཚོམ་ཡིན་ཏེ།
དེ་སྨོས་པས་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་རྣམས་ཀྱང་སྨོས་པ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་དངོས་སུ་སྨོས་པ་ཁོ་ནར་ཟད་དོ། །མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་དེ་དག་ལ་དམིགས་པ་

ཡིན་པའི་ཕྱིར་བསྡུས་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་ཅེས་བྱ་བ་ནི་བདག་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པས་རབ་ཏུ་བཅུག་ཅེས་བྱ་བ་ནི་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་སྟེ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་ལོག་པར་ལྟ་བ་ནི་མཉན་པ་དང་བསམས་པའི་སྒོ་ནས་ལོག་པར་ངེས་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་རྩ་བ་བསྡུས་
པས་གྲུབ་པའི་ཕྱིར་མཐར་འཛིན་པ་ལ་སོགས་པ་ཡང་བཤད་པའི་ངོ་བོ་ཡིན་པར་རིག་པར་བྱའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་དོ། །ལམ་ནོར་བ་ཞེས་བྱ་བ་ནི་ཇི་ལྟ་ཞེ་ན། ལམ་གཞན་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་
པ་ཞེས་སྨོས་པའི་ཕྱིར་ཤུགས་ཀྱིས་ན་གཞན་གྱི་ཆ་དང་མཐུན་པ་ཡང་ཡོད་དོ་ཞེས་བཤད་པ་ཡིན་པས་དེའི་ཕྱིར། གོང་མའི་ཆ་དང་མཐུན་ལྔ་ཉིད། །ཅེས་བྱ་བ་འདི་སྨོས་ཏེ། ཀུན་དུ་སྦྱོར་བའི་སྤྲོས་པ་ཡིན་ནོ། །དེ་དག་ཀུན་དུ་སྦྱོར་སོགས་ཀྱི། །དབྱེ་བས་རྣམ་པ་ལྔར་བཤད་དོ། །ཞེས་བྱ་
བའི་འབྲེལ་པ་འདིས་ན་ཀུན་དུ་སྦྱོར་བ་བསྟན་པའི་འོག་ཏུ་འཆིང་བ་བསྟན་པའི་སྐབས་ལ་བབས་ཏེ། འཆིང་བ་འདོད་ཆགས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་དང་ཁམས་ཀྱི་སྒོ་ནས་ཐམས་ཅད་དོ། །ཞེ་སྡང་ཅི་ཞེ་ན་ཐམས་ཅད་དེ་རྣམ་པ་ཁོ་ནའི་སྒོ་ནས་སོ། །གཏི་མུག་ནི་རྣམ་པ་དང་ཁམས་ཀྱི་སྒོ་ནས་
ཐམས་ཅད་དོ། །དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཞེས་བྱ་བ་ནི་ཅི་རིགས་པར་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་རོ། །དམིགས་པ་དང་མཚུངས་པར་ལྡན་པ་ཉིད་ཀྱི་སྒོ་ནས་སྡུག་བསྔལ་གྱི་ཚོར་བ་ལ་ནི་ཞེ་སྡང་རྒྱས་པར་འགྱུར་རོ། །
དེ་བདག་ཉིད་ཀྱི་སྒོ་ནས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཏི་མུག་རྒྱས་པར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དག་ཀྱང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་དེ་ཁོ་ན་བཞིན་རྒྱས་པར་འགྱུར་བ་མ་ཡིན་ནམ། ཅིའི་ཕྱིར་གཏི་མུག་ཁོ་ན་བརྗོད་ཅེ་ན། དེའི་

ཕྱིར་འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་ཞེ་སྡང་དག་ཀྱང་དེ་ལ་རྒྱས་པར་ནི་འགྱུར་མོད་ཀྱི་གཏི་མུག་ཇི་ལྟ་བ་དེ་ལྟར་ནི་མ་ཡིན་ནོ། །གཏི་མུག་ནི་མི་གསལ་བས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མི་གསལ་བ་དང་རྗེས་སུ་
མཐུན་པའི་ཕྱིར་ཤིན་ཏུ་རྒྱས་པར་འགྱུར་རོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་གི་རྒྱུད་ལ་ཡོད་པའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཐུས་དེ་ལྟར་ངེས་པ་ཡིན་ཏེ། མཚུངས་པར་ལྡན་པའི་སྒོ་ནས་རང་གི་རྒྱུད་ལ་ཡོད་པའི་ཚོར་བ་བདེ་བ་
ལ་ནི་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་ངོ་། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་གཏི་མུག་གོ།། །།བམ་པོ་བཞི་བཅུ་རྩ་གསུམ་པ། གཞན་དག་ན་རེ་འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་བདེ་བ་
ལ་འདོད་ཆགས་རྒྱས་པར་འགྱུར་བ་ལྟར་ཞེ་སྡང་ནི་དེ་ལྟ་མ་ཡིན་ནོ། །ཡང་ཅི་བདེ་བ་ལ་ཡང་ཞེ་སྡང་རྒྱས་པར་འགྱུར་རམ་ཞེ་ན། དགྲ་བོའི་བདེ་བ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་ལ་ཞེ་སྡང་རྒྱས་པར་འགྱུར་བ་ལྟར་འདོད་ཆགས་ནི་དེ་ལྟ་མ་ཡིན་ནོ། །
ཡང་ཅི་སྡུག་བསྔལ་ལ་ཡང་འདོད་ཆགས་རྒྱས་པར་འགྱུར་རམ་ཞེ་ན། དགྲ་བོའི་སྡུག་བསྔལ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་ན་རང་གི་རྒྱུད་ལ་ཡོད་པའི་བདེ་བ་ལ་
དམིགས་པའམ། མཚུངས་པར་ལྡན་པའི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་གྱི་གཞན་གྱི་རྒྱུད་ལ་ཡོད་པའི་དགྲ་བོའི་བདེ་བ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ལ་དམིགས་པའམ། མཚུངས་པར་ལྡན་པའི་སྒོ་ནས་ཁོང་ཁྲོ་བ་རྒྱས་པར་འགྱུར་གྱི།
གཞན་གྱི་རྒྱུད་ལ་ཡོད་པ་དགྲ་བོའི་སྡུག་བསྔལ་ལ་ནི་མ་ཡིན་ནོ། །དེ་ལྟར་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ཏེ། ཚོར་བ་བདེ་བ་ལ་ནི་དམིགས་པ་དང་མཚུངས་པར་ལྡན་པ་དག་གི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་

རྒྱས་པར་འགྱུར་རོ། །སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཉོན་མོངས་པ་ཅན་དུ་བྱེད་པའི་ཕྱིར་རོ། །ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་
གོ། །ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་ཞེས་བྱ་བ་ནི་འདི་དག་ལ་ཉོན་མོངས་པ་དང་ཉེ་བའི་ངོ་བོའམ། ཉོན་མོངས་པ་ཉེ་བར་འདུག་པ་ཡོད་པས་ཉེ་བའི་ཉོན་མོངས་པ་སྟེ། དེ་དག་ཀྱང་སེམས་ལས་བྱུང་བ་ཁོ་ན་ཡིན་གྱི་སེམས་དང་མི་ལྡན་པ་ནི་མ་ཡིན་ནོ། །དེ་དག་ཀྱང་གཞི་ཕྲན་
ཚེགས་ལས་འབྱུང་བ་གང་དག་ཡིན་པའོ་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆ་གཞི་ཕྲན་ཚེགས་ལས་འབྱུང་བ་གང་དག་ཡིན་པ་ཡིན་གྱིས། སེམས་པ་ལ་སོགས་པ་ཁོ་ན་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ཏེ། འདི་ལྟ་སྟེ་མི་དགའ་བ་དང་། གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་།
རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་གདུག་དང་། འཕྱ་སྨོད་དང་། གནམ་པ་ཉིད་དང་། མི་གནམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་རྣམ་པར་
རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་དང་། ཉེ་བའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། བརྙས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། མྱ་ངན་དང་། སྡུག་
བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་ཡིན་ནོ། །ཆོས་དང་ཟང་ཟིང་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
སེར་སྣ་ནི་ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་སྦྱིན་པ་དང་། འགལ་བ་ཅན་སེམས་ཀྱི་ཀུན་དུ་འཛིན་པ་སྟེ། བདག་ལས་གཞན་དུ་མ་འགྲོ་ཤིག་སྙམ་པའི་རྣམ་པ་ནི་སེར་སྣ་ཡིན་ནོ། །སེར་སྣ་ཉིད་སེར་སྣ་ཡིན་པའམ། སེར་སྣ་ཅན་གྱི་ངོ་བོ་ནི་སེར་སྣའོ། །འགྱོད་པ་དང་རྨུགས་པ་ནི་

བཤད་ཟིན་ཏེ་ཞེས་བྱ་བ་ནི་ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ། །འདིར་ནི་འགྱོད་པ་དེ་ལ་དམིགས་པའི་ཆོས་ཡིན་ཞེས་པ་དང་། རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །གཉིད་ནི་སེམས་མངོན་པར་སྡུད་པའོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་
ནི་སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་ལུས་ཡང་དག་པར་འཛིན་མི་ནུས་པ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། དེ་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །དེ་དང་འགྱོད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིད་ནི་ཉོན་མོངས་པ་ཅན་གང་
ཡིན་པ་དེ་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བའམ་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་པ་མ་ཡིན་ཏེ། གཉིད་ནི་རྣམ་པ་གསུམ་དུ་འདོད་དོ། །འགྱོད་པ་ཡང་ཉོན་མོངས་པ་ཅན་གང་ཡིན་པ་དེ་ཀུན་ནས་དཀྲིས་པ་ཡིན་གྱི་དགེ་བ་ནི་མ་ཡིན་ཏེ། དེ་ནི་དགེ་བ་དང་མི་དགེ་བ་
ཡིན་པར་འདོད་དོ། །ཁྲོ་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གནོད་སེམས་ནི་ཀུན་ནས་མནར་སེམས་ཀྱི་ཁྱད་པར་སེམས་ཅན་ལ་ཞེ་སྡང་བ་ཡིན་ཏེ། སེམས་ཅན་འདི་རྣམས་
བསད་དམ་བཅིངས་སམ་བརླག་གམ་འདིས་ཕོངས་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་རྣམ་པར་ཞུགས་པ་ནི་གནོད་སེམས་ཡིན་ནོ། །རྣམ་པར་འཚེ་བ་ནི་སེམས་ཅན་ལ་སྙོགས་པ་དང་། རྡེག་པ་དང་། སྐྲག་པར་བྱེད་པ་དང་། བསྡིགས་པ་ལ་སོགས་པའི་ལས་ལ་ཞུགས་པ་ཡིན་ནོ། །
ཁྲོ་བ་ནི་དེ་གཉིས་ལས་གཞན་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པ་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་བསླབ་པ་འདོད་པའི་སེམས་འཁྲུགས་པའམ་ཚེར་མ་ལ་སོགས་པ་ལ་འཁྲུགས་པ་ལྟ་བུའོ། །གོ་རིམས་བཞིན་དུ་ཤེས་པ་དང་མི་ཤེས་པ་རྣམས་
ཀྱི་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། །གཞན་དག་ན་རེ་རྒྱལ་པོ་ལ་སོགས་པས་ཤེས་པས་གང་ཟག་འཆབ་པ་དང་ལྡན་པ་རྣམས་ཀྱི་འཆབ་པ་ནི་སྲིད་པའི་རྒྱུ་མཐུན་པ་ཡིན་ཏེ། བདག་ལ་རྙེད་པ་དང་། བཀུར་སྟི་མེད་པར་གྱུར་ན་མི་རུང་ངོ་སྙམ་པའི་ཕྱིར་རོ། །མི་ཤེས་པ་རྣམས་

ཀྱི་ནི་མི་རིག་པའི་རྒྱུ་མཐུན་པ་ཡིན་ཏེ། ལས་བདག་གིར་བྱ་བ་ཉིད་དུ་མ་དད་པ་ནི་ཁ་ན་མ་ཐོ་བ་དེ་འཆབ་ཅིང་གཙང་མར་བྱ་བའི་ཕྱིར་གཞན་ལ་འཆགས་པར་མི་བྱེད་དོ། །དེ་ལྟ་བས་ན་འཆབ་པ་ནི་གཉི་གའི་རྒྱུ་མཐུན་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ན་ཁྲེལ་མེད་པ་མ་
རིག་པའི་རྒྱུ་མཐུན་པ་ཡིན་ཞེ་ན། འདི་ལྟར་ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ལས་འགྱོད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གང་ཡིན་པ་དེ་ཁོ་ན་སྟེ། ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག །ཅེས་བྱ་
བ་ནི། དཔེར་ན་ལུས་ལ་དྲི་མ་དག་འབྱུང་བ་དེ་བཞིན་དུ་ཉོན་མོངས་པ་དག་ལས་ཀྱང་སྒྱུ་ལ་སོགས་པའི་དྲི་མ་ལྟ་བུ་འདི་རྣམས་འབྱུང་ངོ་། །གཏམ་རླུང་བསྐུར་བ་ནི་གཞན་དུ་སྒྱུར་བའོ། །རྒྱགས་པ་ནི་སྔར་བཤད་ཟིན་ཏེ། རྒྱགས་པ་ནི། རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་
སུ་གཏུགས་པའོ། །ཞེས་བྱ་བ་ཡིན་ནོ། །གང་ཞིག་གང་མཐོང་བས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི་བདེན་པ་གང་ཞིག་མཐོང་བ་ནི་གང་མཐོང་བའོ། །དེ་མཐོང་བས་སྤང་བར་བྱ་བ་ནི་གང་མཐོང་བས་སྤང་བར་བྱ་བའོ། །དེ་དང་མཚུངས་པར་ལྡན་པ་ནི་གང་མཐོང་བས་
སྤང་བར་བྱ་བ་དང་། མཚུངས་པར་ལྡན་པ་སྟེ། དེ་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །གང་དག་ཅིག་ཡིན་ཞེ་ན། ངོ་ཚ་མེད་པ་ལ་སོགས་པའོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །དེ་ལས་གཞན་པ་ཞེས་བྱ་བ་ནི་ངོ་ཚ་མེད་པ་ལ་སོགས་པ་ལས་གཞན་པ་ཕྲག་དོག་ལ་སོགས་པ་ནི་
བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་ལྔ་པོ་དག་ནི་རང་དབང་ཡིན་ཏེ། འདོད་ཆགས་ལ་སོགས་པ་གཞན་གྱི་དབང་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྨུགས་པ་དང་རྒོད་པ་དང་གཉིད་རྣམས་ནི་མི་དགེ་བ་
དང་ལུང་དུ་མ་བསྟན་པ་དག་ཡིན་ནོ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་གྲུབ་པས་དགེ་བ་ཡང་ཡིན་ནོ་ཞེས་མི་བརྗོད་དོ། །དེ་ཡན་ཆད་ནི་ལུང་དུ་མ་བསྟན་ཞེས་བྱ་བ་ལ་ཅི་རིགས་པར་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་གོང་ན་ཇི་སྙེད་སྲེད་པ་སྟེ། དེ་དག་ཀྱང་གཡོ་

དང་སྒྱུ་ལ་སོགས་པ་ཡིན་ནོ། །བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཞེས་བྱ་བ་ནི་ཚངས་པ་ཆེན་པོ་དེས་བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདྲིད་པར་ཞུགས་ཏེ། ཚངས་པ་ཆེན་པོ་འབྱུང་བ་ཆེན་པོ་འདི་དག་མ་ལུས་པར་གང་དུའང་འགག་པར་འགྱུར་ཞེས་
དྲིས་པ་དང་མ་ཤེས་ནས་གཏམ་རླུང་བསྐུར་ཏེ། བདག་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། །བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ། །དངོས་པོ་རྣམས་ཀྱི་ཕར་གྱུར་པ་ཡིན་ནོ་ཞེས་སྒྱུས་འདྲིད་པར་བརྩམས་སོ། །དེའི་འོག་ཏུ་ཚངས་པ་
ཆེན་པོ་དེས་ཚེ་དང་ལྡན་པ་རྟ་ཐུལ་གྱི་ལག་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་འདི་སྐད་ཅེས། དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་ལ་འདྲི་བར་སེམས་སམ་ཞེས་སྨྲས་སོ། །དེ་ལྟ་བས་ན་དེའི་འདི་ནི་སྒྱུ་ཡིན་པར་སྣང་སྟེ། རང་གི་
འཁོར་གྱིས་བརྙས་པའི་ངོ་ཚ་བས་བདག་ཉིད་ཀྱིས་མི་ཤེས་པ་སྦེད་པ་ན་དེས་དེ་སྐད་དུ་སྨྲས་པ་ཡིན་ནོ། །གཡོ་ནི་བཤད་ཟིན་མོད་ཀྱི་ཞེས་བྱ་བ་ནི་གཡོ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་བྱ་བ་དེར་ནི་བཤད་མོད་ཀྱི་ཞར་ལ་འོངས་པས་ཡང་
སྨོས་སོ། །ལྔ་བོར་ཏེ་ཞེས་བྱ་བ་ནི་གཡོ་དང་སྒྱུ་དང་རྨུགས་པ་དང་རྒོད་པ་དང་རྒྱགས་པ་རྣམས་སོ། །དེ་དག་ནི་ཐམས་ཅད་ཡིད་ཀྱི་ས་པ་དག་ཡིན་ནོ་ཞེས་བྱ་བ་ནི་གཉིད་དང་ང་རྒྱལ་དག་གོ། །ཉེ་བའི་ཉོན་མོངས་རང་དབང་ཡང་། །ཞེས་བྱ་བ་ནི་ཕྲག་དོག་དང་སེར་སྣ་ལ་སོགས་པའོ། །ཉོན་
མོངས་པའི་ས་མང་པོ་དག་གི་ནང་དུ་བཤད་པ་གང་དག་ཡིན་པའོ་ཞེས་པ་ནི་མ་དད་པ་དང་ལེ་ལོ་དང་བག་མེད་པ་དག་ཁོ་ན་ཡིན་ནོ། །གཞན་དག་ནི་མ་ཡིན་ཏེ། རྨུགས་པ་དང་རྒོད་པ་དག་ནི་འདི་ཉིད་དུ་སྔར་སྨོས་ཟིན་པའི་ཕྱིར་རོ། །གཏི་མུག་ནི་ཉོན་མོངས་པ་ཞེས་སྨོས་པས་བསྡུས་པའི་
ཕྱིར་རོ། །བདེ་བ་དག་དང་ཞེས་བྱ་བ་ནི་བདེ་བའི་ཚོར་བའི་ངོ་བོ་ཉིད་ཀྱི་དབང་པོ་དག་དང་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ནི་དགའ་བའི་རྣམ་པར་འཇུག་པ་ཡིན་ལ། ཞེ་སྡང་ནི་སྐྱོ་བའི་རྣམ་པར་འཇུག་པ་ཡིན་པའི་ཕྱིར་ཏེ་

གོ་རིམས་བཞིན་ནོ། །རྣམ་པར་ཤེས་པ་དྲུག་གི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་པའི་ས་པ་ཡིན་པའི་ཕྱིར་འདོད་ཆགས་ནི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །ཞེ་སྡང་ནི་སྡུག་བསྔལ་གྱི་དབང་པོ་དང་མཚུངས་པར་ལྡན་ནོ། །ཡིད་
ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་པའི་ཕྱིར་འདོད་ཆགས་ནི་ཡིད་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །ཞེ་སྡང་ནི་ཡིད་མི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །བསོད་ནམས་ཀྱི་ལས་ཅན་རྣམས་དང་སྡིག་པའི་ལས་ཅན་རྣམས་ཀྱི་དང་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་བསོད་ནམས་
ཀྱི་ལས་ཅན་རྣམས་ཀྱི་ལོག་པར་ལྟ་བ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཏེ། བསོད་ནམས་བྱེད་པའི་འབད་པ་དོན་མེད་པར་མཐོང་བའི་ཕྱིར་རོ། །སྡིག་པའི་ལས་ཅན་རྣམས་ཀྱི་ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཏེ། རང་གིས་བྱས་པའི་སྡིག་པ་འབྲས་བུ་མེད་
པར་མཐོང་བའི་ཕྱིར་རོ། །ལྟ་བ་བཞི་དང་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཇི་ལྟར་ཆད་པར་ལྟ་བ་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཞེ་ན། དེ་མངོན་
པར་འདོད་པའི་ཕྱིར་རོ། །བཏང་སྙོམས་ཀུན་དུ་གནས་སོ་ཞེས་བྱ་བ་ནི་འཇིག་པའི་གནས་སྐབས་ན་གཞན་པའི་ཕྱིར་རོ། །ས་གང་ན་དབང་པོ་ཇི་སྙེད་ཅིག་ཡོད་པ་ཞེས་བྱ་བ་ནི། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །
བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་བྱ་བ་ལྟ་བུ་ཁོང་དུ་ཆུད་པར་བྱའོ། །ས་གོང་མ་དེ་ན་ཡང་མིག་དང་རྣ་བ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་རྣམ་པར་ཤེས་པའི་ཚོགས་བཞི་པོ་རྣམས་ནི། བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ་བསམ་གཏན་དང་པོ་ན་ནི་བདེ་བའི་དབང་པོ་རྣམ་པར་ཤེས་པའི་
ཚོགས་གསུམ་པ་དང་། ཡིད་བདེ་བའི་དབང་པོ་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་དང་། བཏང་སྙོམས་ཀྱི་དབང་པོ་རྣམ་པར་ཤེས་པའི་ཚོགས་བཞི་པ་ཡོད་དོ། །དེ་ཡན་ཆད་ཀྱི་ས་པ་ཁོ་ན་ན་ཡོད་དེ། བསམ་གཏན་གཉིས་པ་ན་ནི་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དག་ཡོད་དོ། །

གསུམ་པ་ན་ནི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དག་ཡོད་དོ། །བསམ་གཏན་བཞི་པ་དང་གཟུགས་མེད་པ་དག་ན་ནི་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡོད་དོ། །དེ་ལ་ཕྲ་རྒྱས་ཐམས་ཅད་ཀྱང་ཇི་ལྟར་འོས་འོས་སུ་ཚོར་བའི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ཏེ། དེ་ནི་ཞི་གནས་ཀྱིས་རྒྱུད་
བརླན་པའི་ཕྱིར་དགའ་བ་དང་སྐྱོ་བ་རྣམ་པར་གཞག་པ་ནི་མེད་དོ། །འགྱོད་པ་ལ་སོགས་པ་འདི་དག་ནི་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར། ཡིད་བདེ་བ་དང་མཚུངས་པར་མི་ལྡན་ལ། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་དང་ཡང་མཚུངས་པར་མི་ལྡན་ནོ། །ཆགས་པའི་
རྒྱུད་ལས་བྱུང་བས་ཞེས་བྱ་བ་ནི་ཆགས་པའི་རྒྱུ་ཅན་ཉིད་ཀྱིས་ཏེ། ཆགས་པས་ཀུན་ནས་བསླང་བ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དང་རྒྱགས་པ་ཞེས་བྱ་བ་ནི་བདེ་བ་དང་། ཡིད་བདེ་བ་དག་དང་ངོ་། །བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་རྒྱགས་
པ་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །མ་རིག་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མ་རིག་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ལ་ཡང་མཚུངས་པར་ལྡན་པ་དགག་པ་མེད་པ་ལྟར་བཏང་སྙོམས་ཀྱང་དེ་དང་འདྲའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ནི་མི་དགེ་བའི་ས་མང་པོ་པ་ཡིན་
པའི་ཕྱིར་ཏེ། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཞེས་འབྱུང་བས་སོ། །རྨུགས་པ་དང་རྒོད་པ་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཚོགས་དྲུག་ལ་ནི་མི་དགེ་བ་དང་ཉོན་མོངས་པ་ཅན་དག་སྲིད་པས་དེའི་ཕྱིར་དེ་དག་ནི་དབང་པོ་ལྔ་ཆར་དང་ཡང་
མཚུངས་པར་ལྡན་པ་སྲིད་དོ། །ཅི་རྨུགས་པ་དང་རྒོད་པ་དང་ཐེ་ཚོམ་ཁམས་གསུམ་པ་དག་གཟུང་ངམ་ཞེས་བྱ་བ་ནི་འདི་རྣམས་ནི་ཁམས་གསུམ་པ་ཡིན་པའི་ཕྱིར་དེ་དག་ཁོ་ན་བཀར་ཏེ་འདྲི་བར་བྱེད་དོ། །མི་དགེ་བའི་ཕུང་པོ་འདི་ནི་མ་འདྲེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་
སློང་དག་སྒྲིབ་པ་ལྔ་ནི་མི་དགེ་བའི་ཕུང་པོ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་སྨྲ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ་ཞེས་བྱ་བ་རྒྱས་པར་གཅིག་ཏུ་མི་དགེ་བར་

གསུངས་པའི་ཕྱིར་རོ། །འདོད་ན་སྒྲིབ་རྣམས་ཡོད་ཀྱི་ཁམས་གཞན་ན་མེད་དོ་ཞེས་བྱ་བ་ནི་འགྲེལ་པ་དང་མདོའི་ཚིག་གཅིག་པ་ཉིད་དུ་སྦྱོར་བ་ཡིན་ནོ། །སྒྲིབ་རྣམས་ཞེས་བྱ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་དག་གི་སྒྲིབ་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །
མི་མཐུན་དང་། ཟས་དང་བྱ་བ་གཅིག་པའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པ་དང་། ཟས་དང་བྱ་བ་གཅིག་པ་ཅན་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ངོ་བོའི་རྐྱེན་མེད་ཀྱང་ངོ་བོ་གཙོར་བསྟན་པ་ཡིན་ནོ། །ཡང་ན་མི་མཐུན་པ་དང་ཟས་དང་བྱ་བ་གཅིག་པས་ན་མི་མཐུན་པ་དང་། ཟས་དང་
བྱ་བ་གཅིག་པའི་ཕྱིར་ཞེས་བྱ་བའོ། །མི་མཐུན་པ་དང་གཉེན་པོ་དང་། །ཞེས་བྱ་བ་ནི། འདིར་ཚིག་ལེའུར་བྱས་པ་དང་མཐུན་པར་མི་མཐུན་པ་ནི་གཉེན་པོ་ཡིན་པར་འདོད་དེ། ཉོན་མོངས་པ་དང་འགལ་བའི་ཕྱོགས་ནི་མི་མཐུན་པའི་ཕྱིར་རོ། །ཆོས་མངོན་པ་ལས་ནི་ནག་པོའི་ཕྱོགས་ནི་མི་
མཐུན་པ་ཡིན་ལ་དཀར་པོའི་ཕྱོགས་ནི་གཉེན་པོ་ཡིན་ནོ་ཞེས་བྱ་བར་གྲགས་སོ། །ཁ་ཟས་ཀྱི་དྲོད་མི་ཟིན་པ་ཞེས་བྱ་བ་ནི་མ་འོས་པར་མང་དུ་ཟོས་པའི་ལུས་ཤིག་ཤིག་པོར་འགྱུར་བ་གང་ཡིན་པའོ། །ཟས་མ་ཡིན་པ་ཞེས་བྱ་བ་ནི་གཉེན་པོའོ། རྨུགས་པ་དང་གཉིད་ཀྱིས་ནི་ཤེས་རབ་ཀྱི་
ཕུང་པོ་ལ་ཇི་ཞེ་ན། གནོད་པར་བྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རྟོག་པ་འདི་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གོ་རིམས་གང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཞེས་ཕུང་པོ་རྣམས་རྣམ་པར་འཇོག་པའི་གོ་རིམས་དེ་ཉིད་ཀྱིས་
དེ་དག་གི་མི་མཐུན་པར་གྱུར་པའི་སྒྲིབ་པ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྒོད་པ་དང་འགྱོད་པ་དང་། རྨུགས་པ་དང་གཉིད་དང་། ཐེ་ཚོམ་ཞེས་འདོན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕུང་པོ་བས་ཏིང་ངེ་འཛིན་གྱི་ཕུང་པོ་གོང་ནས་འབྱུང་བའི་ཕྱིར་རྒོད་པ་དང་འགྱོད་པའི་སྒྲིབ་པ་
ལྔར་སྨོས་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་ཡིན་ཏེ། དེའི་ཕྱིར་འདི་ནི་གཏན་ཚིགས་སུ་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་ནི་གཏན་ཚིགས་གང་ཡིན་སྙམ་ནས་སྨྲས་པ་དེའི་ཕྱིར་གྲངས་བཞིན་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པའི་སྒྲིབ་པ་འདི་གཉིས་ཀྱིས་ཏིང་ངེ་