Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 143
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ཡིན་ནོ། །མ་རིག་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡང་རིས་ལྔ་ཆར་ལ་དམིགས་པ་ཡིན་ པའི་ཕྱིར་སྡུག་བསྔལ་དང་འགོག་པ་ལ་སོགས་པའི་བདེན་པ་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་ལ་ཡང་དམིགས་པ་མ་ཡིན་ནམ། དེའི་ཕྱིར་འདི་སྡུག་བསྔལ་དང་འགོག་པ་ལ་སོགས་པའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་ཉེས་པ་མེད་དེ། རིས་ལྔ་ཆར་ལ་དམིགས་པ་ཡིན་མོད་ཀྱི། རིས་དེ་རྣམས་ལ་ཀུན་འབྱུང་བའི་ངོ་བོའི་རྣམ་པར་དམིགས་པར་བྱེད་པས། དེས་ན་དེ་ལྟར་དམིགས་པའི་ཕྱིར་དེ་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་ཡང་སྦྱར་བར་བྱའོ། །དེ་ ལྟ་ཡིན་ན་གང་དག །གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། འདོད་ཆགས་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་དོ་ཞེས་འཆད་པར་བྱེད་པ་དེ་དག་གི་རྣམ་པར་བཤད་པ་ལ་ཡང་བརྒལ་བའི་ ལན་ནི་དེ་གཉིས་ཁོ་ན་བརྗོད་དགོས་སོ། །དེ་ལྟར་ན་ཆོས་མངོན་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་ཞེས་བྱ་བ་ནི་ཕྲ་རྒྱས་བཅུ་ལ། རྣམ་པའི་དབྱེ་བ་ནི། བདག་དང་བདག་གི་རྟག་ཆད་དང་། །མེ་དང་དམན་ལ་མཆོག་ ལྟ་དང་། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བྱེ་བྲག་གི་དབྱེ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་ཡིན་ནོ། །ཁམས་ཀྱི་དབྱེ་བ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའོ། །དེ་ལ་འདོད་ཆགས་ཀྱི་ ཕྲ་རྒྱས་ནི་བྱེ་བྲག་དང་། ཁམས་ཀྱི་དབྱེ་བ་དག་གིས་རྣམ་པ་བཅོ་ལྔ་ཡིན་ནོ། །དེ་ལ་ཕན་ཚུན་རྣམ་པ་ཐ་དད་པ་ནི་མེད་དོ། །འདོད་ཆགས་ནི་ཐམས་ཅད་ཆགས་པའི་རྣམ་པ་ཡིན་པས་སོ། །དེ་ལྟ་བས་ན་རྣམ་པའི་དབྱེ་བས་ནི་རྣམ་པར་མི་གཞོག་གོ། །ཁོང་ཁྲོ་བའི་ཕྲ་རྒྱས་ནི་བྱེ་བྲག་ གི་དབྱེ་བས་རྣམ་པ་ལྔ་ཡིན་ནོ། །ཕན་ཚུན་རྣམ་པ་ཐ་དད་པ་ནི་མེད་དེ། ཐམས་ཅད་ཁོང་ཁྲོ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཁམས་ཀྱི་དབྱེ་བ་ཡང་མེད་དེ། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་དེ་མེད་པའི་ཕྱིར་རོ། །ང་རྒྱལ་གྱི་ཕྲ་རྒྱས་ནི་བྱེ་བྲག་དང་ཁམས་ཀྱི་དབྱེ་བ་དག་ གིས་རྣམ་པ་བཅོ་ལྔ་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་ཁེངས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མ་རིག་པའི་ཕྲ་རྒྱས་དག་ཀྱང་དེ་དག་ཁོ་ནས་རྣམ་པ་བཅོ་ལྔ་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་མི་གསལ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་ དག་ཉིད་ཀྱི་ཐེ་ཚོམ་རྣམ་པ་བཅུ་གཉིས་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་ཐེ་ཚོམ་ཟ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ལྟ་བའི་ཕྲ་རྒྱས་ནི་རྣམ་པ་དང་། བྱེ་བྲག་དང་། ཁམས་ཀྱི་དབྱེ་བས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་ནོ། །སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་ བྱ་ཞེས་བྱ་བ་ལ། བཟོད་པ་ཡིས་གཞོམ་བྱ་ཞེས་བྱ་བ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་བ་བཟློག་པའི་ཕྱིར་རོ། །སྲིད་རྩེ་ལས་སྐྱེས་ཞེས་སྨོས་པ་ནི་སྲིད་རྩེའི་ཉོན་མོངས་པས་མཐོང་བས་སྤང་བར་བྱ་བའི་ནི་མཐོང་བའི་ལམ་འབའ་ཞིག་ཀྱང་གཞན་གྱི་ས་པ་ལས་ཁྱད་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་པའི་བསྒོམ་པའི་ལམ་སྲིད་པའི་རྩེ་མོའི་གཉེན་པོར་གྱུར་པ་ནི་མེད་དོ། །ས་ལྷག་མ་དག་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ས་དག་ནའོ། །ཅི་རིགས་པར་ཞེས་བྱ་བ་ནི་འདོད་པའི་ཁམས་ན་ནི་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་ བ་ཡིན་ལ། དེ་ཡན་ཆད་ས་ལྷག་མ་དག་ན་ནི་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་བ་ཡིན་ཏེ། དེ་དག་འཕགས་པ་རྣམས་ཀྱི་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། དེ་དག་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །བསྒོམ་པའི་ལམ་ནི་འཇིག་རྟེན་ པ་དང་། འཇིག་རྟེན་ལས་འདས་པ་དང་རྣམ་པ་གཉིས་ཏེ། འདི་ལྟར་བསྟན་བཅོས་ལས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ནི་མཐོང་བའི་ལམ་གྱིས་སྤོང་ལ། སོ་སོའི་སྐྱེ་བོ་ནི་བསྒོམ་པའི་ལམ་གྱིས་སྤོང་ངོ་ཞེས་གསུངས་སོ། །བཟོད་པས་གཞོམ་མིན་ བསྒོམ་ཁོ་ནས། །ཞེས་བྱ་བ་ལ། བཟོད་པས་གཞོམ་མིན་ཞེས་བྱ་བ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་བ་ཉེ་བར་གཟུང་བའི་ཕྱིར་ཏེ། འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱི་ས་ཐམས་ཅད་ན་ཅི་རིགས་པར་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའི་ཕྲ་ རྒྱས་གང་དག་བཟོད་པས་གཞོམ་པར་བྱ་བ་མ་ཡིན་གྱི། ཤེས་པས་གཞོམ་པར་བྱ་བ་ཡོད་པ་དེ་དག་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་གཉི་གའི་ཡང་རྟག་ཏུ་བསྒོམ་པའི་ལམ་འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པས་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །སྲིད་པའི་རྩེ་མོའི་ནི་འཇིག་ རྟེན་ལས་འདས་པ་ཁོ་ནས་ཡིན་ཏེ། འཇིག་རྟེན་པའི་ལམ་ས་གོང་མ་མེད་པའི་ཕྱིར་རོ། །ཕྱི་རོལ་པ་རྣམས་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་མི་སྤོང་བ་ཁོ་ན་སྟེ་ཞེས་བྱ་བ་ནི་དེ་དག་གི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་རྣམ་པར་གནོན་པར་བྱེད་ཀྱི། མཐོང་བས་སྤང་བར་བྱ་བ་རྣམས་ནི་ས་ཐམས་ ཅད་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཞོམ་པར་བྱ་བ་ཁོ་ན་ཡིན་ནོ། །འདི་ལྟར་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། ཀུན་དགའ་བོ་འདི་ན་ལ་ལ་སྲོག་གཅོད་པ་སྤོང་ བ་ནས་ལོག་པར་ལྟ་བ་སྤོང་བའི་བར་དུ་ཡིན་ལ། འདི་ལ་ཡང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། རྫུ་འཕྲུལ་དང་ལྡན་ པ། ལྷའི་མིག་དང་ལྡན་པ། གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ན་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་ པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་སེམས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལོག་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ། ལས་དེ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང་། དམྱལ་བ་ཡང་དེ་ཁོ་ན་ན་སྲིད་པའི་ཕྱིར་རོ། །སྔོན་གྱི་མཐའ་ལ་རྟོག་ པ་རྣམས་ལས་རྟག་པར་སྨྲ་བ་རྣམས་ཞེས་བྱ་བ་ནི་ཚངས་པའི་དྲ་བའི་མདོ་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་པ་ཡིན་ཏེ། གང་དག་ཚེ་སྔ་མ་མཐོང་བའི་རྗེས་སུ་འབྲངས་ཏེ་དེ་ལྟ་བུའི་ལྟ་བ་སྐྱེས་པ་དེ་དག་ནི་སྔོན་གྱི་མཐའ་ ལ་རྟོག་པ་ཡིན་ནོ། །དེ་ལས་རྟག་པར་སྨྲ་བ་མང་པོ་ཞིག་གསུངས་པ་དེ་དག་གི་ནང་ནས་དཔེར་བརྗོད་པ་གཅིག་ཅིག་བསྟན་པར་བྱ་སྟེ། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཀུན་དུ་སྦྱངས་པའི་རྒྱུ་ དང་། སྤོང་བའི་རྒྱུ་དང་། བསྒོམ་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ལེགས་པར་ཡིད་ལ་བྱས་པའི་རྒྱུས་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་འཇིག་པ་དང་འཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་ འགྱུར་ཞིང་། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལྟར་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་ལྟ་བ་དེ་དག་ནི་རྟག་པར་སྨྲ་བ་དེས་བདག་དང་འཇིག་རྟེན་ལ་དམིགས་པ་ན་འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཚངས་པའི་དྲ་བའི་མདོ་དེ་ཉིད་ལས་སྔོན་གྱི་མཐའ་ལ་རྟོག་པ་རྣམས་ལས་ལ་ལ་རྟག་པར་སྨྲ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་ འབྱུང་བ་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། དགེ་སློང་དག་འཇིག་རྟེན་འཇིག་ཅིང་འཇིག་རྟེན་ཞིག་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཞིང་དེར་གཟུགས་བཟང་བ་ཡིད་ལས་བྱུང་བ་དབང་པོ་མ་ཚང་བ་མེད་ཅིང་དམན་པ་མ་ཡིན་པ། ཡན་ལག་དང་ཉིང་ལག་ ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་ལ་གནས་པ། རང་གི་འོད་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་ཟས་སུ་དགའ་བ་ཟ་བ། ཚེ་རིང་བ། དུས་རིང་པོར་གནས་པར་འགྱུར་བ། གང་ཡིན་པའི་དུས་དེ་ལྟ་བུ་ཡང་ཡོད་དོ། །དགེ་ སློང་དག་འཇིག་རྟེན་འཆགས་ཤིང་འཇིག་རྟེན་འཆགས་ན་ནམ་མཁའ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པ་མངོན་པར་འགྲུབ་པར་འགྱུར་ལ། དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་ ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་བར་འགྱུར་ཞིང་། དེ་དེ་ན་གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཚེ་རིང་པོ་དུས་རིང་པོར་གནས་སོ། །དེ་ནས་སེམས་ཅན་དེ་དུས་རིང་མོ་ཞིག་འདས་པ་དང་མི་དགའ་བར་གྱུར་ནས་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་ པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་སོ། །སེམས་ཅན་དེ་ཡང་སེམས་ལ་དེ་ལྟར་སྨོན་ལ། སེམས་ཅན་གཞན་དག་ཀྱང་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་སེམས་ཅན་དེ་དང་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་ སེམས་ཅན་དེ་འདི་སྙམ་དུ་བདག་གཅིག་པུ་ཟླ་མེད་ཅིང་། གཡོག་མེད་པར་ཚེ་རིང་པོ་ཞེས་བྱ་བ་ནས་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་ལ་ཞེས་བྱ་བའི་བར་དུ་སྟེ། སེམས་ལ་ཡང་དེ་ལྟར་སྨོན་ལ། སེམས་ ཅན་འདི་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་པས་སེམས་ཅན་འདི་དག་ནི་བདག་གིས་སྤྲུལ་ཏེ། བདག་ནི་སེམས་ཅན་འདི་དག་གི་དབང་ཕྱུག་དང་། བྱེད་པ་པོ་དང་། སྤྲུལ་པ་པོ་དང་། འབྱིན་པ་པོ་དང་། འབྱིན་བྱེད་དང་། དངོས་པོ་རྣམས་ཀྱི་ཕར་གྱུར་པ་ ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་གིས་སེམས་ཅན་འདི་གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཚེ་རིང་པོ་དུས་རིང་པོར་གནས་པ་མཐོང་སྟེ། སེམས་ཅན་དེ་དུས་རིང་མོ་ཞིག་འདས་པ་དང་། མི་དགའ་བར་གྱུར་ནས་སེམས་ཅན་ གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་སོ། །སེམས་ཅན་འདིའི་སེམས་ལ་ཡང་དེ་ལྟར་སྨོན་ལ། བདག་ཅག་ཀྱང་འདིར་སེམས་ཅན་འདི་དང་སྐལ་བ་མཉམ་པར་སྐྱེས་པས་བདག་ཅག་ནི་སེམས་ཅན་འདིས་སྤྲུལ་པ་སྟེ། སེམས་ཅན་འདི་ནི་བདག་ཅག་གི་དབང་ཕྱུག་ནས་དངོས་པོ་རྣམས་ཀྱི་ཕར་གྱུར་པའི་བར་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ནས་དེ་དག་གི་ནང་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་གནས་དེ་ནས་ཤི་འཕོས་ཏེ། དེ་ལྟ་བུར་མི་ རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེ་རིམ་གྱིས་ནར་སོན་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་ནས་སྐྲ་དང་ཁ་སྤུ་དག་བྲེགས་ཏེ། གོས་ཁ་དོག་བསྒྱུར་བ་གྱོན་ནས་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང་། དེ་དགོན་པ་ན་འདུག་ཀྱང་རུང་ཤིང་ དྲུང་ན་འདུག་ཀྱང་རུང་ཞེས་བྱ་བ་ནས་རྒྱས་པར་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔོན་གྱི་ལུས་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། དེ་འདི་སྙམ་དུ་གང་གིས་བདག་ཅག་སྤྲུལ་པའི་ཚངས་པ་གང་ཡིན་པ་འདི་ནི་ རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཡིན་ནོ། །བདག་ཅག་གང་དག་ཚངས་པ་དེས་སྤྲུལ་པ་དེ་དག་ནི་མི་རྟག་མི་བརྟན་པ་ཐེར་ཟུག་མ་ཡིན་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་དུས་ཀྱང་ཡོད་དོ་ཞེས་གསུངས་སོ། །དེ་ལྟར་ན་ མཐར་འཛིན་པར་ལྟ་བ་དེས་འདོད་པའི་ཁམས་ལ་ཡང་དམིགས་པ་ཡིན་ཏེ། དེའི་ཕྱིར་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཚངས་པའི་དྲ་བའི་མདོ་དེ་ཉིད་ལས། རྒྱུ་མེད་པ་ལས་ཀུན་དུ་འབྱུང་བར་སྨྲ་བ་སྟེ། སྔོན་གྱི་མཐའ་ལ་རྟོག་ པ་རྣམས་ལས་ཞེས་བྱ་བ་སྐབས་དང་སྦྱར་རོ། །འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། ཇི་ལྟ་ཞེ་ན། གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པ་ཞེས་བྱ་བའི་ལྷ་དག་ཡོད་དེ། སེམས་ཅན་དེ་དག་འདུ་ཤེས་བསྐྱེད་པས་གནས་ དེ་ནས་ཤི་བར་འགྱུར་རོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་གནས་དེ་ནས་ཤི་འཕོས་ནས་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོང་བར་འགྱུར་ཞེས་བྱ་བ་ནས་སྔོན་གྱི་ལུས་རྗེས་སུ་དྲན་པར་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་སྙམ་དུ་ བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་འདི་སྙམ་དུ་བདག་སྔོན་མ་བྱུང་བ་ལས་ད་བདག་བྱུང་བ་ལས་ན་བདག་དང་འཇིག་ རྟེན་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་ན་བདག་དང་འཇིག་རྟེན་ལ་དམིགས་པ་ན་ལོག་པར་ལྟ་བ་དེས་འདོད་པའི་ཁམས་ལ་ཡང་དམིགས་པ་ཡིན་པས་དེ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བར་གསུངས་པ་ཡིན་ནོ། ། ཡང་ཇི་ལྟར་ན་དེ་རྣམས་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་དེ་ལོག་པར་ལྟ་བ་ཡིན་ཞེ་ན། བདག་དང་འཇིག་རྟེན་གྱི་རྒྱུ་སྔོན་བྱས་པ་དགེ་བ་ཟག་པ་དང་བཅས་པའམ། མི་དགེ་བ་མ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ཀྱིས་སྐུར་པ་འདེབས་པར་བྱེད་པའི་ ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དེ་རྣམས་ལ་གཟུགས་ན་སྤྱོད་པའི་ལྟ་བ་དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གི་སྐབས་ལས་བསམས་ནས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་རྣམས་འདོད་པའི་ཁམས་ལ་མི་དམིགས་པ་ནི་མ་ཡིན་ཏེ། འདོད་ ཆགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཁ་ཅིག་ནི་དེ་དག་འདོད་པ་ན་སྤྱོད་པའི་ལྟ་བ་མ་ཡིན་གྱི། དེ་དག་ནི་ལོག་པའི་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ད། དེ་དག་ནི་ལྟ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་དག་གི་ལྟར་ནི་རིགས་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ་ཡོངས་ སུ་ཉམས་པའི་ཕྱིར་ཏེ། ལྷ་སྦྱིན་བཞིན་ནོ་ཞེས་ཟེར་རོ། །དཔེར་ན་ལྷ་སྦྱིན་གྱིས་དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ནས་སྡིག་པའི་བསམ་པ་སྐྱེད་པས་རྫུ་འཕྲུལ་ལས་ཡོངས་སུ་ཉམས་པ་ལྟ་བུ་སྟེ་མདོ་ལས་ འབྱུང་བའི་ཕྱིར་རོ། །མདོ་ལས་ནི་འདི་སྐད་དུ་དེ་ནས་ལྷ་སྦྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཏེ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བྱིན་ཀྱང་ཅི་མ་རུང་། དགེ་སློང་གི་དགེ་འདུན་ནི་བདག་གི་འཁོར་དུ་བྱས་ལ། བཅོམ་ལྡན་འདས་ནི་མཐོང་བའི་ཆོས་ ལ་བདེ་བར་གནས་པ་དང་ལྡན་ཞིང་ཐུགས་ལས་ཆུང་ངུར་གནས་པར་གསོལ་ལོ་སྙམ་པ་དེ་ལྟ་བུའི་སྡིག་པའི་བསམ་པའི་རྣམ་པ་དེ་སྐྱེས་སོ། །ལྷ་སྦྱིན་གྱིས་སེམས་དེ་སྐྱེས་མ་ཐག་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་སོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་བཞིན་དུ་དེ་དག་ཀྱང་ལྟ་བ་ བསྐྱེད་པ་དང་དུས་མཉམ་དུ་ཡོངས་སུ་ཉམས་པ་ཡིན་ནོ་ཞེའོ། །དེ་དག་ལ་བདག་ཏུ་འཛིན་པ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་། རིལ་པོར་འདུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལོག་པར་ཞུགས་པའི་ལྟ་བ་ཐམས་ ཅད་ལོག་པར་ལྟ་བ་ཡིན་ཏེ། ལོག་པར་རྟོག་པའི་ཕྱིར་རོ། །གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཆད་པར་ལྟ་བ་སྒྲོ་འདོགས་པར་བྱེད་པ་ཡིན་ཞེ་ན། བསྟན་པ་འདི་ནི་མིང་བརྩན་པར་བྱས་པ་ཡིན་ནོ། །འཕགས་པ་རྣམས་ཀྱིས་སྤང་བའི་ཕྱིར་རོ་ཞེས་བྱ་བ་ནི་ བོར་བའི་ཕྱིར་རོ། །སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མཆོག་དང་། གཙོ་བོར་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ་མཆོག་ཏུ་ཞེས་བྱ་བའི་སྒྲ་སྦྱར་བས་ཀྱང་ཁྱད་པར་གྱི་དོན་འདིར་ འགྱུར་རོ་ཞེས་ཟེར་རོ། །རྒྱུ་མ་ཡིན་ལ་རྒྱུར་ལྟ་བའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །ལམ་མ་ཡིན་པ་ལ་ལམ་དུ་ལྟ་བའི་ཕྱིར་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་སངས་རྒྱས་ པ་རྣམས་ཀྱི་ལྟར་ན་ཡང་ཐར་པ་ཐོབ་པར་བྱེད་པ་ཡིན་མོད་ཀྱི། དེ་དེ་ཙམ་དུ་ནི་མ་ཟད་པས་དེའི་ཕྱིར་དེ་ལས་གཞན་པ་དག་གི་ལྟ་བ་ཡིན་ནོ། །འདིར་ཡང་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་གྲག་གོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་མཆོག་ཏུ་འཛིན་པ་ནི་ ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ། །དེའི་ཕྱིར་ཕུང་པོ་གཞན་བསྡུ་བའི་དོན་དུ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་དགོས་སོ། །ཅིའི་ཕྱིར་ཀུན་ འབྱུང་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེ་ན་ཞེས་བྱ་བ་ནི་རྒྱུ་ལ་ལོག་པར་ཞུགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བྱས་པའི་རྒྱུར་མངོན་པར་ཞེན་པ་ཡང་ཞེས་བྱ་བ་ནི་བདག་རྟག་པ་བྱེད་པ་པོ། །གཅིག་པུས་བྱས་པ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱིས་སྤོང་བར་ འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བ་ཁོ་ནས་སྤོང་བར་འགྱུར་རོ། །འོ་ན་གང་མེ་དང་ཆུར་འཇུག་པ་ལ་སོགས་པས་མཐོ་རིས་སུ་སྐྱེ་བའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་འདག་པར་ལྟ་བ་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་རྒྱུར་མངོན་པར་ཞེན་པ་འདི་ནི་དེས་བྱས་པ་མ་ཡིན་ན། ཇི་ལྟར་ སྡུག་བསྔལ་མཐོང་བས་སྤང་བར་འགྱུར། དེ་ལྟ་བས་ན་འདི་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས། དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡུག་བསྔལ་ལ་ལོག་ པར་ཞུགས་པའི་ཕྱིར་རོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཏེ། ཇི་ལྟར་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན་དེས་མཐོ་རིས་སུ་འགྲོ་བའམ་འདག་པར་ལྟ་བའི་ཕྱིར་རོ། །སློབ་དཔོན་གྱིས་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཟག་པ་དང་བཅས་པའི་དངོས་པོ་ ཐམས་ཅད་སྡུག་བསྔལ་ཡིན་པས། ཟག་པ་དང་བཅས་པ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ལྟ་བའི་ངོ་བོ་ཉིད་དམ། ལྟ་བའི་ངོ་བོ་ཉིད་མ་ཡིན་ཡང་། ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བར་ཐལ་བར་འགྱུར་རོ། ། དེ་ལྟ་ཡིན་ན་ནི་ཀུན་འབྱུང་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །གཞན་འདི་ཡང་བརྗོད་དགོས་ཏེ། ཡང་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལམ་མཐོང་བས་སྤང་བར་བྱ་བ་གཞན་ཇི་ལྟ་བུ་ཞིག་ཡོད་པས་དེ་བརྗོད་དགོས་ཏེ། གང་ ཞིག་བ་ལང་གི་ཚུལ་ཁྲིམས་ལ་སོགས་པས་འདག་པ་ནས་བདེ་བ་དང་། སྡུག་བསྔལ་ལས་རྣམ་པར་འདས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ལྟ་བ་དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འདི་ཡང་རྒྱུ་མ་ཡིན་པ་ལ་རྒྱུར་ཡིད་ཆེས་པ་ཡིན་པས་སྡུག་ བསྔལ་མཐོང་བས་སྤང་བར་བྱ་བའོ་ཞེས་འདོན་པས་སོ།། །།བམ་པོ་སུམ་ཅུ་རྩ་དགུ་པ། བྱེ་བྲག་ཏུ་སྨྲ་བས་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞིག་ལམ་ མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་བརྒྱད་ལ་དམིགས་པར་བྱེད་པ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་ པ་ཕྲ་རྒྱས་བརྒྱད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་དམིགས་པ་ཡིན་ཞིང་། དེ་དག་ཀྱང་ཟག་པ་དང་བཅས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་ལ། དེ་ཡང་དེ་ལ་ལོག་པར་རྟོག་པ་ཡིན་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་གང་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཟག་གང་ཞིག་ལ་ལམ་མེད་དོ་སྙམ་དུ་ལམ་ལ་དམིགས་པ་ལ་ལོག་པར་ལྟ་བ་འམ། ཐེ་ཚོམ་ཡོད་པའི་གང་ཟག་དེ་ཐར་པའི་ལམ་མེད་དོ་ཞེས་ལྟ་བ་འམ། ཐེ་ཚོམ་ཟ་བ་ན་སྟེ། ཅི་ལམ་ འདི་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་བ་ན་ཇི་ལྟར་ལོག་པར་ལྟ་བ་དེས་ལོག་པར་ལྟ་བ་འདིས་སམ། ཐེ་ཚོམ་འདིས་འདག་གོ་སྙམ་དུ་ཡིད་ཆེས་པར་འགྱུར་ཞིང་རྟོག་པར་འགྱུར་ཏེ། ལོག་པར་ལྟ་བ་དང་། ཐེ་ཚོམ་ཁོ་ནས་དེ་ལ་འདག་པར་ཡིད་ཆེས་པ་མེད་དོ། །འོན་ཏེ་ཐར་པའི་ ལམ་གཞན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འོན་ཏེ་གྲངས་ཅན་ལ་སོགས་པས་བརྟགས་པའི་ཐར་པའི་ལམ་གཞན་མཆོག་ཏུ་བཟུང་ཞིང་བླངས་ནས། འདི་ནི་ཐར་པའི་ལམ་ཡིན་གྱི། སངས་རྒྱས་པའི་ནི་མེད་དོ་ཞེས་སྨྲའོ་ཞེ་ན། དེ་ཡང་གྲངས་ཅན་པས་བརྟགས་པ་དེ་ཁོ་ནས་དག་ པར་ཡིད་ཆེས་ཀྱི། ལོག་པར་ལྟ་བ་དེས་ན་མ་ཡིན་པའི་ཕྱིར། དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ཡང་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པར་མི་འགྲུབ་བོ། །འོ་ན་ཅི་ཞེ་ན། གྲངས་ཅན་པ་ལ་སོགས་པས་ཀུན་བརྟགས་ པའི་ལམ་ཁོ་ན་ལ་དམིགས་པ་ཡིན་ནོ། །ཉེས་པ་གཞན་འདི་ཡང་ཡོད་པས། ཡང་གང་ཞིག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། ལོག་པར་ལྟ་བ་གང་ཞིག་ཀུན་འབྱུང་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ལོག་པར་ལྟ་བས་དག་པར་ཡིད་ཆེས་པར་འགྱུར་ བ་དེ་ཡང་། ཅིའི་ཕྱིར་དེ་དག་མཐོང་བས་སྤང་བར་བྱ་བ་མ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ཅིའི་ཕྱིར་ཀུན་འབྱུང་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ ཕྱིར་དེ་ལྟར་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པར་ཡང་མི་སྲིད་ལ། ལམ་མཐོང་བས་སྤང་བར་བྱ་བ་ཡིན་དུ་ཡང་ཧ་ཅང་ཐལ་བ་ལ་སོགས་པའི་ཉེས་པ་ཡོད་པ་དེའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་ཐེ་ཚོམ་བསྐུར་བ་འདི་བྱས་ཀྱིས། རང་གི་གཞུང་ལུགས་ནི་མ་བསྟན་ཏོ། །གཞན་དག་ན་རེ་རྣལ་འབྱོར་སྤྱོད་ པའི་གཞུང་ལུགས་ལ་ལྟོས་ནས་དེ་ལྟར་བྱས་སོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱང་ཉོན་མོངས་པ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་བརྗོད་དེ། ཇི་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདི་དག་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་ དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་བཅུ་ཡིན་པ་དེ་བཞིན་དུ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བཅུ་དང་། འགོག་པ་མཐོང་བས་ སྤང་བར་བྱ་བ་བཅུ་དང་། ལམ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་བཞི་བཅུ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་བརྟགས་པ་མ་ཡིན་པ་དང་། ཆད་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང་། འདོད་ཆགས་ དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་དྲུག་སྟེ། འདོད་པ་ན་སྤྱོད་པའི་ཕྲ་རྒྱས་བཞི་བཅུ་རྩ་དྲུག་ཏུ་འགྱུར་རོ། །གཟུགས་ན་སྤྱོད་པ་བཞི་བཅུ་རྩ་གཅིག་སྟེ། ཁོང་ཁྲོ་བ་མ་གཏོགས་པ་དེ་དག་ཉིད་ཡིན་ནོ། །གཟུགས་ན་སྤྱོད་པ་དག་ཇི་ལྟ་བར་གཟུགས་ མེད་པ་ན་སྤྱོད་པ་རྣམས་ཀྱང་དེ་དང་འདྲའོ། །དེ་ལ་ཁ་ཅིག་ལན་འདེབས་པར་བྱེད་པ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་འདི་ལ་སྨྲ་བར་བྱ་སྟེ། སྡུག་བསྔལ་ ལ་སོགས་པའི་སྒོ་ནས་ལོག་པར་ཞུགས་པའི་ཕྱིར། ཧ་ཅང་ཐལ་བར་མི་འགྱུར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་མོད་ཀྱི། འོན་ཀྱང་ཁ་ཅིག་ནི་སྡུག་བསྔལ་གྱི་སྒོ་ནས་ལོག་པར་ཞུགས་པ་ཡིན་ལ། ཁ་ཅིག་ནི་ཀུན་ འབྱུང་བའི་སྒོ་ནས་ལོག་པར་ཞུགས་པ་ཡིན་ནོ། །ཁ་ཅིག་ནི་འགོག་པའི་སྒོ་ནས་ལོག་པར་ཞུགས་པས་ལོག་པར་ཞུགས་པ་ཡིན་ལ། ཁ་ཅིག་ནི་ལམ་གྱི་སྒོ་ནས་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་གང་དག་སྡུག་བསྔལ་གྱི་སྒོ་ནས་སྡུག་བསྔལ་ལ་ ལོག་པར་ཞུགས་པ་དེ་དག་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་རྟག་པ་དང་བདག་ཏུ་འཛིན་པས་སྡུག་བསྔལ་གྱི་སྒོ་ནས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ལྟ་བས་ན་སྡུག་བསྔལ་མཐོང་བས་ སྤང་བར་བྱ་བ་ཡིན་ནོ། །ལམ་ལ་ལོག་པར་ཞུགས་པ་གང་ཞིག་གིས་འདི་ལྟ་སྟེ། གྲངས་ཅན་པ་དང་། གཅེར་བུ་པ་ལ་སོགས་པས་རང་གི་ཀུན་བརྟགས་པའི་ལམ་བཟུང་ནས། སངས་རྒྱས་པ་རྣམས་ལ་ཐར་པའི་ལམ་མེད་དོ་ཞེས་ལོག་པར་ལྟ་བ་སྐྱེད་པར་བྱེད་པའི་ལོག་པར་ལྟ་ བ་དེ་ལ་ཡང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཆོག་ཏུ་ལྟ་བར་བྱེད་དེ། དེ་དག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འདི་ནི། ལམ་ལ་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་ལམ་ མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞིག་ཀུན་འབྱུང་བའི་སྒོ་ནས་ལོག་པར་འཇུག་པར་འགྱུར་བ་ཡང་མེད་ལ། གང་ཞིག་འགོག་པའི་སྒོ་ནས་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡང་མེད་དེ། དེ་ལྟ་བས་ན་ ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་དང་། ལམ་མཐོང་བས་སྤང་བར་བྱ་བ་དག་ཁོ་ན་ཡིན་ནོ། །ཡང་ཇི་ལྟར་ཀུན་འབྱུང་བ་དང་། འགོག་པའི་སྒོ་ནས་ལོག་པར་མི་འཇུག་ཅེ་ན། འདི་ལ་སློབ་དཔོན་འདུས་བཟང་ན་རེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་ནི་ཀུན་འབྱུང་བ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། དེའི་ལུས་སུ་མི་འཐད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལུས་ནི་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་དང་། ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་ཡིན་ ན། ཀུན་འབྱུང་བ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་མངོན་པར་ཞེན་པས་ནི་འདི་རྒྱུ་མེད་པ་ལས་སྐྱེ་བར་ལྟ་བར་འགྱུར་ཏེ། གང་ལ་རྒྱུའི་བློ་མེད་པའི་ཕྱིར་རོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དག་ནི་རྗེས་སུ་ཐ་དད་པ་མ་ཡིན་པའི་ཕྱིར། དེས་དབང་ཕྱུག་ལ་སོགས་ པའི་ཕུང་པོ་ཡང་སྤང་བར་འགྱུར་རོ། །འགོག་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་ཡིད་ཆེས་པས་ན་འགོག་པའི་ཐབས་ལ་རྟོག་པ་མི་སྲིད་པ་ཁོ་ན་ཡིན་ནོ། །ཇི་ལྟ་ཞེ་ན། འགོག་པ་མེད་དོ་སྙམ་དུ་ལྟ་བའི་རྗེས་ལ། དེའི་ཐབས་ལ་རྟོག་པ་ནི་དན་མེད་པར་འགྱུར་ རོ། །དེ་ལྟར་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལུས་སུ་མི་འཐད་དོ། །དེ་ལྟ་ན་ལམ་མེད་དོ་སྙམ་དུ་ལྟ་བའི་རྗེས་ལ་ལམ་དུ་ཡོངས་སུ་རྟོག་པ་མི་འཐད་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་ཡང་མི་འགྱུར་རོ། །གང་ལ་ ལམ་ལ་དམིགས་པ་ལོག་པར་ལྟ་བ་འམ། ཐེ་ཚོམ་ཐར་པའི་ལམ་མེད་དོ་སྙམ་པའི་ལྟ་བ་འམ། ཐེ་ཚོམ་ཟ་བ་ཡོད་པ་དེ་ཇི་ལྟར་དེས་འདག་པར་ཡིད་ཆེས་པར་འགྱུར་ཞེ་ན། འཕགས་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་མངོན་པར་ཞེན་པ་ནི་འཐད་པ་ཁོ་ ན་སྟེ། དེ་ལ་རིགས་པར་འཛིན་པའི་ཕྱིར་རོ། །དེས་ནི་གང་གིས་ན་དེ་ཡང་དག་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་རིགས་པའི་བློ་སྐྱེ་བར་འགྱུར་བ་ཐར་པའི་ལམ་གཞན་ཞིག་སྙིང་ལ་གཞག་པ་ཡིན་ཏེ། ཐར་པའི་ལམ་གཞན་མེད་དོ་ཞེས་བྱ་བ་གང་ཡིན་པ་དང་། ཐར་པའི་ལམ་གཞན་ཡོད་དམ། འོན་ཏེ་མེད་སྙམ་དུ་ཐེ་ཚོམ་ཟ་བ་གང་ཡིན་པ་འདི་ནི་རིགས་པ་ཡིན་ནོ་སྙམ་དུ་སེམས་པས་སོ། །རིགས་པའི་སྒོ་ནས་ནི་འདག་པའི་ཐབས་ལེན་པར་འཐད་དོ། །དེས་ཐར་པའི་ལམ་གཞན་ལ་དམིགས་པ་སྙིང་ལ་གཞག་པ་གང་ཡིན་པ་འདི་ཉིད་ཚུལ་ ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་དེའི་ཡུལ་ཡིན་ཏེ། རང་གི་རིས་ཙམ་ལ་དམིགས་པའི་ཕྱིར་རོ། །འོན་ཏེ་དེ་དང་མཚུངས་པར་རྟག་ཏུ་རུང་བའི་ཕྱིར་འགོག་པ་མཐོང་བས་སྤང་བར་བྱ་བར་ཡང་ཐལ་བར་འགྱུར་ཏེ། དེ་ནི་གང་གིས་ན་དེ་ཡང་ དག་པའི་ཐར་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་རིགས་པར་འཛིན་པར་འགྱུར་བ་ཐར་པའི་གནས་གཞན་ཞིག་སྙིང་ལ་གཞག་པ་ཡིན་ནོ། །དེའི་ཕྱིར་དེ་ནི་འདྲའོ་ཞེ་ན། དེ་ནི་མ་ཡིན་ཏེ། རྟག་པ་དང་ཞི་བར་འཛིན་པར་མཚུངས་ན་དེ་ལ་སྐུར་པ་འདེབས་པ་ལ་འདག་པར་ མངོན་པར་ཞེན་པ་མི་འཐད་པའི་ཕྱིར་རོ། །རྫས་དང་རྫས་མ་ཡིན་པར་རྟོག་པ་ཐ་དད་པ་ཡོད་ན་འགའ་ཞིག་ཐར་པའི་ཐབས་ཚོལ་བར་བྱེད་ལ། དེ་ལ་ནི་གདོན་མི་ཟ་བར་ཐར་པ་ཡོད་དོ་སྙམ་པའི་ངེས་པ་ཡོད་དོ། གང་གདོན་མི་ཟ་བར་ཐར་པ་ཡོད་དོ་སྙམ་པའི་ངེས་པ་ཡོད་པ་དེ་ནི་དེ་ལ་རྟག་པ་ དང་ཞི་བར་ཡང་འཛིན་ཏོ། །དེ་ལྟ་མ་ཡིན་ན་དེ་དོན་དུ་གཉེར་བ་མི་འཐད་པའི་ཕྱིར་རོ། །དེ་ལ་དཔེར་ན་ཆོས་འདི་པ་རྣམས་ལ་མྱ་ངན་ལས་འདས་པ་རྫས་དང་རྫས་མ་ཡིན་པར་རྟོག་པ་ཐ་དད་ཀྱང་རྟག་པ་དང་། ཞི་བར་འཛིན་པར་མཚུངས་པའི་ཕྱིར་དེ་ལ་སྐུར་པ་འདེབས་པའི་ལྟ་བ་ནི་སྐྱོན་ ཁོ་ན་ཡིན་པ་ལྟར། གང་གིས་ཐར་པའི་གནས་ཅུང་ཟད་ཅིག་སེམས་ལ་བཞག་པ་དེ་ཡང་རྟག་པ་དང་ཞི་བར་འཛིན་པར་མཚུངས་པའི་ཕྱིར་ཐར་པ་ལ་སྐུར་པ་འདེབས་པ་ལ་རིགས་པར་འཛིན་པ་མི་འཐད་དོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་ ནི་འཕགས་པའི་ལམ་ལས་ངོ་བོ་ཉིད་དང་། རྣམ་པའི་སྒོ་ནས་ཐ་དད་པ་ཡིན་གྱི། རྟག་པ་དང་ཞི་བར་འཛིན་པ་ལ་ནི་ཐ་དད་པ་མེད་པས་མཚུངས་པར་རྟག་ཏུ་རུང་བ་མེད་དོ། །དེའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ པ་སྲིད་ཀྱི། འགོག་པ་མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདིར་ཆོས་མངོན་པ་པ་རྣམས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་གཉིས་སུ་འདོད་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཇི་ལྟ་བུ་ཞིག་ནི་སྡུག་བསྔལ་མཐོང་ བས་སྤང་བར་བྱ་བར་རྣམ་པར་འཇོག །ཇི་ལྟ་བུ་ཞིག་ལམ་མཐོང་བས་སྤང་བར་བྱ་བར་རྣམ་པར་འཇོག་སྟེ། གང་ཞིག་བ་ལང་གི་ཚུལ་ཁྲིམས་ལ་སོགས་པས་འདག་པར་ཡིད་ཆེས་པ་དེ་དག་ཀྱང་ལམ་མ་ཡིན་པ་ལ་ལམ་དུ་ནི་ལྟའོ་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་གང་ཞིག་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་སྡུག་བསྔལ་དམིགས་པ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། གང་ཞིག་ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་དེ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་ དང་བརྟུལ་ཞུགས་ལ་སོགས་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ལམ་ལ་ལོག་པར་ཞུགས་པ་མ་ཡིན་ཞིང་། ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་ཇི་ལྟ་བ་དེ་ལྟར་གནོད་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་ལ་དམིགས་པ་ནི་རགས་ པ་དང་། རིང་དུ་སོང་བ་མ་ཡིན་པ་དང་། བསམ་པ་བརྟན་པོ་མ་ཡིན་པ་དང་། འབད་པ་ཆུང་ངུས་གཞོམ་པར་བྱ་བ་ཡིན་ལ། ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་ནི་དེ་ལས་བཟློག་པ་མ་ཡིན་པས་སོ། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ དག་ནི་ལྟ་བ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །འཇིག་ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ་ཞེས་བྱ་བ་ནི་བདག་གིར་ལྟ་བ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དག་ན་རེ་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་བདག་ཏུ་ལྟ་ བ་དང་། བདག་གིར་ལྟ་བ་ཐམས་ཅད་བདག་ཏུ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་ན་བདག་གིར་ལྟ་བ་ཕྱིན་ཅི་ལོག་ཡིན་ཞེས་བྱ་བ་སྨོས་ཏེ། བདག་གིར་ལྟ་བ་ལ་ཕྱིན་ཅི་ལོག་ཅེས་མི་བྱའོ། །ཕ་རོལ་པོས་ཇི་ལྟར་ན་ཕྱིན་ཅི་ལོག་མ་ཡིན་ཞེས་ བྱ་བ་སྨྲས་པ་དང་། བྱེ་བྲག་ཏུ་སྨྲ་བས་ཕྱིན་ཅི་ལོག་གི་མདོ་ལས་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མདོ་ལས་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པ་ཞེས་འབྱུང་གི །བདག་གི་སྙམ་དུ་ཞེས་བྱ་བར་མི་འབྱུང་བའི་ཕྱིར་རོ། །མདོ་ལས་དེ་སྐད་དུ་བསྟན་པ་ནི་ཡོད་མོད་ཀྱི། དེ་ཡང་བདག་ཏུ་ལྟ་བ་ལས་དོན་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལས་ནི་བདག་ཁོ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དབང་བྱེད་པར་ལྟ་བ་ནི་བདག་གིར་ལྟ་བར་འགྱུར་བར་བཤད་དེ། བདག་ལ་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། བདག་གིར་ཡང་ལྟའོ་ཞེས་བྱ་བའི་ཐ་ཚིག་ གོ། །བདག་ཏུ་ལྟ་བ་འདི་ཉིད་སྒོ་གཉིས་ཅན་ཡིན་ནོ་ཞེས་བྱ་བ་ནི་བདག་དང་བདག་གི་སྒོ་ཅན་ཏེ། རྫས་སུ་ནི་གཅིག་ཡིན་ནོ། །ངར་འཛིན་པ་དང་། ང་ཡིར་འཛིན་པའི་སྒོ་གཉིས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་བདག་ཅེས་བྱ་བ་དང་པོར་བསྟན་པ་འདི་ལས་ བདག་གི་ཞེས་བྱ་བ་དྲུག་པར་བསྟན་པ་ལྟ་བ་གཞན་ཞིག་ཡིན་ན་ནི་བདག་གི་ཞེས་བྱ་བ་དང་། བདག་གི་ཕྱིར་ཞེས་བྱ་བ་འདི་ཡང་འགྱུར་རོ། །ལྟ་བ་ཐ་དད་པ་ཞེས་བྱ་བ་སྐབས་དང་སྦྱར་ཏེ། བདག་གི་ཞེས་བྱ་བ་ནི་གསུམ་པར་བསྟན་པའི་ཕྱིར་ལ། བདག་གི་ཕྱིར་ཞེས་བྱ་བ་ནི་བཞི་པར་ བསྟན་པའི་ཕྱིར་རོ། །དེ་ཡང་འདོད་པ་མ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་ལོག་མ་ཡིན་ཞེ་ན་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དག་ ལས་གཞན་ཆད་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་ལྟ་བ་དང་། འདོད་ཆགས་ལ་སོགས་པའོ། །རྒྱུ་གསུམ་གྱིས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་དང་། ངེས་པར་རྟོག་པ་དང་། སྒྲོ་འདོགས་ པ་དག་གིས་ཕྱིན་ཅི་ལོག་རྣམས་རྣམ་པར་གཞག་སྟེ། གང་ལ་རྒྱུ་འདི་དག་རིལ་གྱིས་ཡོད་པ་དེ་དག་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་གོ། །གང་ལ་རིལ་གྱིས་མེད་པ་དེ་དག་ནི་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཙམ་ཞིག་གིས་འདག་པར་དམིགས་པའི་ཕྱིར་རོ་ ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་འདག་གོ་སྙམ་དུ་དམིགས་པ་ལ་ངེས་པར་རྟོག་པར་བྱེད་དོ། །འདི་ལྟར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་གཅིག་ཏུ་ཕྱིན་ཅི་ལོག་པ་མ་ཡིན་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་འདག་པའི་རྒྱུར་མི་ འགྱུར་བ་ནི་མ་ཡིན་གྱི། འབའ་ཞིག་གིས་མི་འགྱུར་བར་ཟད་དོ། །འདིའི་སྒྲོ་འདོགས་པའི་རྣམ་པ་ཉིད་ཇི་ལྟ་བུ་ཞེ་ན། དེ་ཙམ་གྱིས་འདག་པའི་རྒྱུའི་དངོས་པོར་སྒྲོ་འདོགས་པའི་ཕྱིར་རོ། །གལ་ཏེ་ངེས་པར་རྟོག་པར་མི་བྱེད་པ་ཕྱིན་ཅི་ལོག་མ་ཡིན་ན་འོ་ན་མདོ་ལས་གསུངས་པ་ གང་ཡིན་པ་དེ་ཇི་ལྟ་བུ་སྟེ། འདུ་ཤེས་ཀྱང་ངེས་པར་རྟོག་པར་བྱེད་པ་མ་ཡིན་ལ། སེམས་ཀྱང་ངེས་པར་རྟོག་པར་བྱེད་པ་ནི་མ་ཡིན་ནོ། །ཕྱིན་ཅི་ལོག་བཅུ་གཉིས་ཡིན་ནོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞི་པོ་རེ་རེ་ལ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་དག་ཡོད་པས་སོ། །ཇི་ལྟ་ཞེ་ན། མི་རྟག་པ་ལ་རྟག་གོ་སྙམ་དུ་ཞེས་བྱ་བ་ནས་རྒྱས་པར་དེ་བཞིན་དུ་བདག་མེད་ལ་བདག་གོ་སྙམ་པའི་བར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་བདེའོ་སྙམ་དུ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་གསུམ་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་དེ་ཉིད་གསུམ་ནས་བདག་མེད་པ་ལ་ བདག་གོ་སྙམ་དུ་དེ་ཉིད་གསུམ་གྱི་བར་ཡིན་ནོ། །དེ་ལ་བརྒྱད་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་གསུམ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་ཡང་གསུམ་དང་། སྡུག་བསྔལ་ལ་བདེའོ་སྙམ་དུ་ལྟ་བ་ ཕྱིན་ཅི་ལོག་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་ལྟ་བ་ཕྱིན་ཅི་ལོག་གོ། །བཞི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །གང་དག་ཅེ་ན། གང་དག་སྡུག་བསྔལ་དང་མི་གཙང་བ་ལ་འདུ་ཤེས་དང་ཕྱིན་ཅི་ལོག་པ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་བདེའོ་སྙམ་དུ་ འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཀྱང་གཉིས་ཏེ་བཞིའོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་ལ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ལའོ། །དེ་དག་ནི་ཕྱིན་ཅི་ལོག་དག་ཏུ་ ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ནི་སེམས་ཅན་གྱི་འདུ་ཤེས་ཀུན་དུ་འབྱུང་བའི་ཕྱིར་དང་། སེམས་ཅན་ནོ་སྙམ་པའི་སེམས་ཀུན་དུ་འབྱུང་བའི་ཕྱིར་དེ་དག་གི་འདུ་ཤེས་སུ་ཡང་ཅིའི་ཕྱིར་མི་འདོད། སེམས་ཅན་ལ་དམིགས་པའི་འདུ་ཤེས་དང་། སེམས་ཕྱིན་ཅི་ལོག་དག་ཀྱང་ཡོད་པར་ཅིའི་ཕྱིར་མི་ འདོད་དེ། བདག་ཏུ་ཕྱིན་ཅི་ལོག་པ་དག་ཀྱང་ཅི་སྟེ་ཡོད་པར་འདོད་པར་མི་བྱེད་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བུད་མེད་དང་བདག་ལ་སེམས་ཅན་དུ་འདུ་ཤེས་པ་མེད་པར་ནི་འདོད་པའི་འདོད་ཆགས་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་བདག་མེད་པ་ ལ་བདག་གོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་འདི་དག་ཀྱང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གྱུར་ཏོ། །རྒྱས་པར་ཞེས་འབྱུང་བའི་ཕྱིར་འདི་ལྟར་སྦྱར་བར་བྱ་སྟེ། སྡུག་བསྔལ་ལ་བདེའོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་པ་ནས་བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་ ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དེ་སྤོང་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་ལྟ་བས་ཀུན་ནས་བསླང་བ་ཁོ་ན་སྟེ། ལྟ་བ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་སེམས་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི་གཞན་ནི་མ་ཡིན་ཏེ། ལྟ་བ་དང་མཚུངས་པར་མི་ལྡན་པ་ དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་འདུ་ཤེས་དང་སེམས་འཁྲུལ་པ་འདི་ཡང་ཡོད་མོད་ཀྱི། འདི་ལྟར་དེ་ནི་ལྟ་བས་ཀུན་ནས་བསླང་བ་མ་ཡིན་པས་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཞེས་བྱ་བ་ སྨོས་ཏེ། བུད་མེད་མཐོང་བའི་ཚེ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འཕགས་པ་རྣམས་ཀྱིས་ནི་དེའི་དུས་སུ་དེ་ལྟར་མཐོང་བའི་འཁྲུལ་པ་ཁོ་ནས་ལོག་པའི་ཤེས་པ་ཡིན་ཏེ། མགལ་མེའི་འཁོར་ལོ་དང་། རི་མོའི་གནོད་སྦྱིན་ལ་ འཁྲུལ་པ་བཞིན་ནོ། །དཔེར་ན་མགལ་མེའི་འཁོར་ལོ་མྱུར་དུ་བསྐོར་ན་དེའི་དུས་ཙམ་དུ་འཁོར་ལོའོ་སྙམ་དུ་འཁྲུལ་པ་སྐྱེའི་ཕྱིས་ནི་མ་ཡིན་པ་དང་། རི་མོར་བྲིས་པའི་གནོད་སྦྱིན་མཐོང་ནས་དེའི་དུས་སུ་གནོད་སྦྱིན་ནོ་སྙམ་དུ་འཁྲུལ་པ་སྐྱེའི་ཕྱིས་ནི་མ་ཡིན་པ་དེ་དང་འདྲའོ། །འཕགས་པ་ ནི་འདི་ལ་ངེས་པར་རྟོག་པ་ཡིན་པའི་ཕྱིར་བདེ་བ་འམ་གཙང་བར་འཁྲུལ་པའམ། སེམས་ཅན་དུ་འཁྲུལ་པའང་རུང་། ཡུད་ཙམ་པར་ཟད་ཀྱི། འདི་ཕྱིན་ཅི་ལོག་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ཉམས་པ་ ཅུང་ཟད་འབྱུང་མོད་ཀྱི། འོན་ཀྱང་མྱུར་བ་ཁོ་ནས་མི་སྣང་བ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་གསུངས་པས་སོ། །གལ་ཏེ་འདུ་ཤེས་དང་སེམས་འཁྲུལ་པ་དེ་ཕྱིན་ཅི་ལོག་མ་ཡིན་ན་ཕྱོགས་གསུམ་པ་འཛིན་པ་གཞན་ཁ་ཅིག་གིས། འོ་ན་གནས་ བརྟན་ཀུན་དགའ་བོས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཕགས་པ་ངག་གི་དབང་ཕྱུག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་པས་ཟིལ་ནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏམ་ཁྱོད་ཀྱི་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་ གསོལ། །ཞེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོ་ཡི་ཕྱིར། །འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུངས། །དེ་ཕྱིར་འདོད་ཆགས་ལྡན་པ་ཡི། །རྒྱུ་མཚན་སྡུག་པ་སྤང་བར་གྱིས། །ཞེས་སྨྲས་ཏེ། དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ་ཚིགས་སུ་བཅད་ པ་འདིས་ནི་དེ་ལ་ཡང་ཕྱིན་ཅི་ལོག་ཡོད་པ་ཉིད་དུ་ཡོངས་སུ་བསྟན་པས་སོ། །དེ་ལྟ་བས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་སྡེ་པ་གཞན་གྱི་གཞུང་ལུགས་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུང་དང་འགལ་བར་བྱས་ལ། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཀྱང་སྡེ་པ་གཞན་ དག་གི་ལུང་དང་འགལ་བར་བྱས་པ། དེའི་ཕྱིར་སློབ་པས་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་ཐམས་ཅད་མ་སྤངས་པ་ཁོ་ནའོ་ཞེས་ཟེར་རོ། །མདོ་དང་འགལ་བ་ཡང་སྤོང་བར་བྱེད་དོ། །མདོ་གང་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཁུངས་སུ་ཁྱེར་ཏེ། འོང་བ་འདི་ལྟར་ འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་དེ་སྤོང་བར་བྱེད་དོ་ཞེས་བྱ་བའི་བར་གང་ཡིན་པ་འདི་ལྟ་སྟེ། དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་དེ་དག་ཀྱང་སྡུག་བསྔལ་ལ་སོགས་པ་འཕགས་ པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་སྤོང་བར་འགྱུར་གྱི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དེ་མེད་པར་ནི་མ་ཡིན་ནོ་ཞེས་ཐབས་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཐབས་ལེགས་པར་བརྗོད་པའི་ཕྱིར་མདོ་སྡེ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །འདི་ནི་སྡུག་ བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་མཐོང་བའི་ལམ་ཁོ་ནའི་དབང་དུ་མཛད་པ་ནི་མ་ཡིན་ནོ། ། འོ་ན་ཅི་ཞེ་ན། བསྒོམ་པའི་ལམ་གྱི་དབང་དུ་མཛད་པ་ཡང་ཡིན་ཏེ། བསྒོམ་པའི་ལམ་ཟག་པ་མེད་པའི་འཕགས་པའི་བདེན་པ་ལ་དམིགས་པའི་ཁོ་ནས་སོ། །འཇུག་པའི་བྱེ་བྲག་ལས་ནི་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་ པར་ཞེས་བྱ་བ་ལ། ཁྱད་པར་ནི་ཏིང་ངེ་འཛིན་དེ་ལ་བརྟེན་པའི་ཆོས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དག་གོ། །དེ་ཐོབ་པར་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །ཁྱད་པར་ཐོབ་པར་བྱ་བ་དེ་མ་ཐོབ་ཅིང་མངོན་དུ་མ་བྱས་པར་བདག་གིས་ཁྱད་པར་ཐོབ་པར་བྱ་བ་དེ་ཐོབ་པོ་སྙམ་ པ་ནི་མངོན་པའི་ང་རྒྱལ་ཡིན་ནོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ཞེས་བྱ་བ་ནི་ཡོན་ཏན་དང་མི་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པའི་ང་རྒྱལ་ལོག་པའི་ཡུལ་ཅན་ནི་ལོག་པའི་ང་རྒྱལ་ལོ། །ལོག་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་ དག་ལ་ཁྱད་པར་ཅི་ཡོད་ཅེ་ན། མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་དང་འདྲ་བའི་ཡོན་ཏན་ཐོབ་པའི་བསམ་པ་ཡིན་པས་གཞི་དང་བཅས་པ་ཡིན་ནོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལས་བདག་ནི་ཡོན་ཏན་དང་ལྡན་པ་ཡིན་ནོ་སྙམ་པ་ཡིན་ པས་གཞི་མེད་པ་ཡིན་ནོ། །ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་སྟེ། བདག་དང་འདྲའོ་སྙམ་པ་དང་། བདག་དམན་ནོ་སྙམ་པ་ཞེས་བྱ་བ་ལ་ཡང་ང་རྒྱལ་གྱི་རྣམ་པ་ཞེས་བརྗོད་པར་བྱའོ། །ལྟ་བ་ལ་བརྟེན་པའི་ང་རྒྱལ་གསུམ་སྟེ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་དབང་ དུ་བྱས་ནས་ལྟ་བ་ལ་བརྟེན་པ་ཞེས་བརྗོད་དེ། སྔར་ནི་ངའོ་སྙམ་དུ་བདག་ཏུ་ལྟ་བ་འབྱུང་ལ། ཕྱིས་ནི་མཇུག་ཐོགས་སུ་ང་རྒྱལ། །ལྷག་པའི་ང་རྒྱལ་དང་། ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་འདི་དག་འབྱུང་ངོ་། །འདི་དག་ཀྱང་གོ་རིམས་བཞིན་ཡིན་ཏེ། ཇི་ལྟ་ཞེ་ན། བདག་ མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་ལྟ་བ་ལ་བརྟེན་པའི་ལྷག་པའི་ང་རྒྱལ་ཡིན་ནོ། །བདག་དང་འདྲའོ་སྙམ་པ་ང་རྒྱལ་གྱི་རྣམ་པ་ནི་ལྟ་བ་ལ་བརྟེན་པའི་ང་རྒྱལ་ཡིན་ནོ། །བདག་དམན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པའི་ཅུང་ཟད་སྙམ་པའི་ང་རྒྱལ་ཡིན་ ནོ། །གཉིས་པའི་ནི་འདི་ལས་བཟློག་སྟེ། གོ་རིམས་བཞིན་དུ་སྦྱར་ཏེ། བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ་ཞེས་བྱ་བ་ནི་ལྟ་བ་ལ་བརྟེན་པའི་ཅུང་ཟད་སྙམ་པའི་ང་རྒྱལ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་རྣམས་སོ། །གསུམ་ པ་ནི་བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ལྟ་བ་ལ་བརྟེན་པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམས་ཡིན་ནོ། །རབ་ཏུ་བྱེད་པ་ལས་བསྟན་པ་ཡོངས་སུ་བཟུང་སྟེ་ཞེས་བྱ་བ་ནི་ རབ་ཏུ་བྱེད་པའི་རྐང་པ་ལས་བསྟན་པ་ཡིན་ནོ། །དེ་ཡང་གང་ཞིག་ཅེ་ན། སྔར་བཤད་པ་སྟེ་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པ་འམ། མཉམ་པ་དང་མཉམ་མོ་སྙམ་པ་ལ་སོགས་པ་བསྟན་པ་ཡིན་ནོ། །བདག་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་དམན་པ་ལས་ལྟོས་ན་ང་ རྒྱལ་ཡང་ཡིན་ཏེ། ང་རྒྱལ་གྱི་མཚན་ཉིད་ནི་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པའམ་མཉམ་པ་དང་ཞེས་བསྟན་པའི་ཕྱིར་རོ། །འདི་མཉམ་པ་ལ་ལྟོས་ན་ནི་ལྷག་པའི་ང་རྒྱལ་ཡང་ཡིན་ཏེ། ལྷག་པའི་ང་རྒྱལ་གྱི་མཚན་ཉིད་ནི་མཉམ་པ་བས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ཞེས་ བསྟན་པའི་ཕྱིར་རོ། །འདི་ཁྱད་པར་དུ་འཕགས་པ་ལ་ལྟོས་ན་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཡང་ཡིན་ཏེ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་མཚན་ཉིད་ནི་ཁྱད་པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ཞེས་བསྟན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་སྨོས་པ་ནི་ངའོ་ སྙམ་པའི་ང་རྒྱལ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་གྱི། ལྷག་མ་དག་མ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་བྱ་བ་དང་། ལྷག་མ་དག་ཀྱང་མཐོང་བས་སྤང་བར་བྱ་བ་མ་ཡིན་གྱི། ངའོ་སྙམ་པའི་ང་རྒྱལ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །གསོད་སོགས་ ཀུན་ནས་དཀྲིས་པའོ། །ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་བསྡུའོ། །དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ འདིའི་དམིགས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཁོ་ན་ཡིན་པས་སོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པར་ནི་བྱེད་མོད་ཀྱི། བསྒོམ་པས་སྤང་བར་བྱ་བ་འབའ་ཞིག་ལ་ནི་མ་ཡིན་པས་དེའི་ཕྱིར་དེ་དག་ནི་བསྒོམ་པས་ སྤང་བར་བྱ་བ་མ་ཡིན་ནོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་མི་རྟག་པ་ཉིད་ལ་དོན་དུ་གཉེར་བའོ། །ཅི་དེ་ལ་ཡང་དོན་དུ་གཉེར་བ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། མདོ་ལས་ཇི་སྐད་དུ། བདག་ཇི་སྲིད་གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་བ་དེ་སྲིད་དུ་ནད་དང་བཅས་ པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་ནད་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་སྟེ། འདི་ལྟར་བདག་འདི་ཆད་པར་གྱུར་ཅིང་ཞིག་པར་གྱུར་ལ་འབྱུང་བར་མི་འགྱུར་ན་དེ་ཙམ་གྱིས་བདག་ཉིད་འདི་ཡང་དག་པར་ཀུན་ནས་འཆད་པ་ཡིན་ནོ་སྙམ་དུ་སེམས་ སོ་ཞེས་འབྱུང་བ་ལྟ་བུའོ། །སྐྱེ་བའི་སྲེད་པའི་ཕྱོགས་གཟུང་ངོ་ཞེས་བྱ་བ་ནི་བདག་ནི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྐྱེ་བའི་སྲེད་པ་ཀུན་དུ་མི་འབྱུང་བའོ། །ཕྱོགས་སྨོས་པས་ནི་དབང་པོར་གྱུར་ཅིག་སྙམ་པ་དེ་ལྟ་ བུ་ལ་སོགས་པ་དེ་ལྟ་བུ་ནི་ཀུན་དུ་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལུས་ངན་པོར་གྱུར་ཅིག །བུད་མེད་དུ་གྱུར་ཅིག་སྙམ་པ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་རྣམས་ཀྱང་ཡོད་དོ་ཞེས་བཤད་ལ་ཞེས་བྱ་ བ་ནི། མཐོང་དང་བསྒོམ་པས་ཟད་བྱ་བ། །ཞེས་འབྱུང་བའི་ཕྱིར་རོ། །འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །ཞེས་བྱ་བ་ནི་གང་དུ། མཐོང་དང་བསྒོམ་པས་ཟད་བྱ་བ། །བསྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་ སྲེད་ཅེས་བྱ་བའི་གཞུང་འདིས་བསྒོམ་པས་སྤང་བར་བྱ་བའི་ཚད་ཡོངས་སུ་བཅད་པ་ཡིན་ནོ། ད་ནི་འཕགས་པ་ལ་རྣམ་པ་ལ་སོགས་པ་དེ་དག་ཀུན་དུ་མི་འབྱུང་བར་བསྟན་པའི་ཕྱིར། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །ཞེས་བྱ་བ་སྨོས་སོ། །སོགས་པ་སྨོས་ པས་ནི་འཇིག་པའི་སྲེད་པའི་བར་བཟུང་ངོ་ཞེས་བྱ་བ་ནི་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་དང་། འཇིག་པའི་སྲེད་པ་དང་། སྐྱེ་བའི་སྲེད་པའི་ཕྱོགས་བསྡུའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་འབྱུང་བ་ནི་ཀུན་དུ་མི་འབྱུང་བའོ། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ་ཞེས་བྱ་བ་ ནི་དེ་དག་ནི་དེ་སྔོན་དུ་འགྲོ་བ་ཉིད་ཀྱིས་རྒྱས་པར་བྱས་པའི་ཕྱིར་རོ། །རྐེད་པ་བཅག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་རྒྱས་པར་བྱེད་པ་མེད་པས་རྐེད་པ་བཅག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གསོད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་ཏེ། དེ་ལ་གོམས་པས་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པར་བྱེད་པའི་ཕྱིར་རོ། །འགྱོད་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་དག་ཅེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བས་ཀུན་དུ་འགྲོ་བ་སྟེ། རིགས་ ལྔ་ཆར་ལ་ཡང་དམིགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་དག་གི་མཐུས་རིས་གཞན་པའི་ཉོན་མོངས་པ་དག་ཀྱང་སྐྱེའོ་ཞེས་འཆད་པར་འགྱུར་བས་རིས་ལྔ་ཆར་གྱི་རྒྱུའི་དངོས་པོར་གནས་པ་ཡིན་ནོ་ཞེས་ཟེར་རོ། །ཕྲ་རྒྱས་བཅུ་གཅིག་པོ་ཞེས་བྱ་བ་རྒྱས་པར་ འབྱུང་བ་ལ། ལྟ་བ་བདུན་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལྟ་བ་གཉིས་པོ་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་བདུན་ནོ། །ཐེ་ཚོམ་གཉིས་ནི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་ སྤང་བར་བྱ་བ་དག་གོ། །མ་རིག་པ་གཉིས་ནི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཁོ་ན་སྟེ། ཕྱོགས་གཅིག་གི་སྒོ་ནས་ཡིན་གྱི། མཐའ་དག་གི་སྒོ་ནས་ནི་མ་ཡིན་ནོ། །མ་རིག་པ་གང་དག་ཀུན་དུ་འགྲོ་བ་དེ་དག་དང་མཚུངས་པར་ལྡན་པ་དང་། མ་འདྲེས་པ་དེ་དག་ ཁོ་ན་ཀུན་དུ་འགྲོ་བ་ཡིན་གྱི། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཕྲ་རྒྱས་བཅུ་གཅིག་ནི་ཀུན་དུ་འགྲོ་བ་ཡིན་ཏེ། ཕྲ་རྒྱས་དགུ་ནི་མཐའ་དག་གི་སྒོ་ནས་ཡིན་ལ། གཉིས་ནི་ཕྱོགས་གཅིག་གི་སྒོ་ནས་ཡིན་པས་སོ། །མ་འདྲེས་པ་ཞེས་བྱ་བའི་དོན་ཅི་ ཞེ་ན། འདི་སྐད་དུ་འཆད་དེ། འགྲོགས་པ་ནི་འདྲེས་པ་ཞེས་བྱའོ། །འདྲེས་པ་མེད་པས་ན་མ་འདྲེས་ཏེ། ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་བཅོམ་ལྡན་འདས་མ་འདྲེས་ལ། དགེ་སློང་གི་དགེ་འདུན་མ་འདྲེས་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱང་ལོགས་ ཤིག་ལ། དགེ་སློང་གི་དགེ་འདུན་ཡང་ལོགས་ཤིག་གོ་སྙམ་དུ་དགོངས་པ་ཡིན་ནོ། །འདྲེས་པ་མེད་པར་སྤྱོད་པས་ན་མ་འདྲེས་པ་སྟེ། ཕྲ་རྒྱས་གཞན་དང་ལྷན་ཅིག་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདི་དག་རང་གི་ ཁམས་མཐའ་དག་ལ་དམིགས་པར་བྱེད་པ་དེའི་ཕྱིར་ཀུན་དུ་འགྲོ་བ་ཞེས་བྱའོ། །སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་འདག་པར་ཡིད་ཆེས་པར་འགྱུར་བ་འམ། འདོད་པའི་ཁམས་མཐའ་དག་རྒྱུ་མ་ཡིན་པ་ལ་ རྒྱུར་ཡིད་ཆེས་པར་འགྱུར་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དེ་ལྟ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཀུན་དུ་འགྲོ་བ་མ་ཡིན་ནོ་སྙམ་བསམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལན་ནི་རང་གི་ཁམས་བྱེ་བྲག་དུ་མས་ཐ་དད་པས་མ་ལུས་ པ་མཐའ་དག་ཅིག་ཅར་དུ་དམིགས་སོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བའི་བར་རྣམ་པ་ལྔ་པོ་ཐམས་ཅད་ཀྱང་ཅིག་ཅར་དུ་དམིགས་ཏེ། ཀུན་དུ་འགྲོ་བ་ཉིད་ཡིན་ལ། ཀུན་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཡིན་པར་ལྟའོ་ ཞེས་བྱ་བ་འདི་ཡིན་ནོ། །གང་ལ་བདག་ཏུ་ལྟ་བ་ཡོད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་ལའོ། །དེ་ལ་བདག་ལ་སྲེད་པ་ཡོད་དེ། དེ་དག་ནི་བདག་ཏུ་མངོན་པར་ཞེན་པའི་གཞི་ཡིན་པའི་ཕྱིར་རོ། །གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་སྟེ། ཉེ་བར་ལེན་པའི་ ཕུང་པོ་ལྔའི་མཚན་ཉིད་ཀྱི་དངོས་པོ་གང་ལའོ། །མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་དོན་དུ་གཉེར་བ་ནི་སྲེད་པའི་མཚན་ཉིད་དོ། །ཁ་ཅིག་དེ་ལ་དེའི་དོན་དུ་གཉེར་བ་ཡོད་ཅེས་བྱ་བ་འདོན་ ཏེ། དངོས་པོ་དེ་ལ་གང་ཟག་དེའི་དོན་དུ་གཉེར་བ་ཡོད་པ་ནི་དེ་ལ་དེའི་དོན་དུ་གཉེར་བ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེས་ཀྱང་ང་རྒྱལ་དུ་འགྱུར་ཞེས་བྱ་བ་ནི་དེའི་སྒོ་ནས་ཁེངས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་སྲེད་པ་དང་། ང་རྒྱལ་དག་ཀུན་དུ་འགྲོ་བ་ ཉིད་ཡིན་ནའོ། །སྲེད་པ་དང་ང་རྒྱལ་གྱི་མཚན་ཉིད་འདི་གཉི་ག་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་། བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་ཅི་ཞིག་གིས་སྤང་བར་བྱ་བ་ཡིན། གང་གིས་སྤང་བར་བྱ་བ་ནི་ཅི་ཞིག་གིས་སྤང་བར་བྱ་སྟེ། ཅི་མཐོང་ བས་སྤང་བར་བྱ་བ་ཡིན་ནམ། འོན་ཏེ་བསྒོམ་པས་སྤང་བར་བྱ་བ་ཡིན་ཞེས་བྱ་བའོ། །གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ལ་ཞེས་བྱ་བ་ངེས་པ་འདི་ཡིན་ལ་བཞག་ནས་འདྲི་བར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཁོ་ན་བཞིན་དུ་འདི་གཉི་ག་མཐོང་བས་སྤང་བར་བྱ་བ་ཉིད་དུ་འགྱུར་བས་འདིར་དྲི་ཅི་དགོས་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དམིགས་པ་ཅན་མ་ཡིན་པ་ཡང་མ་ཡིན་ལ། དེ་དག་མཐོང་ བས་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ནོ། །འདི་ལ་སློབ་དཔོན་གྱིས་ལན་དུ། འདྲེས་པ་ལ་དམིགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྲེད་པ་དང་ང་རྒྱལ་དག་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཅན་ཁོ་ན་ཞིག་ཡིན་པར་ གྱུར་ན་ནི་དེ་དག་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་ན་དེ་ལྟ་ནི་མ་ཡིན་ནོ། །དེ་བས་ན་འདྲེན་མ་ལ་དམིགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ཏེ། ལྷག་མ་བསྒོམ་པས་སྤང་བྱ་ཡིན། །ཞེས་བྱ་བར་མཚན་ཉིད་ངེས་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ཡང་སློབ་དཔོན་ འདི་ཉིད་ཀྱིས་བཟློག་སྟེ་བཤད་པ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཞེ་ན། དེ་གཉི་ག་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྟ་བའི་སྟོབས་བསྐྱེད་པ་ནི་མཐུའོ། །དེ་ ལ་ལྟ་བའི་སྟོབས་བསྐྱེད་པས་བཅུག་པའི་ངང་ཚུལ་ཅན་ཡོད་པས་ན་དེ་གཉིས་ནི་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ནོ། །དེའི་ངོ་བོ་ཉིད་དེ། དེའི་ཕྱིར་དེ་གཉིས་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ད་ནི་བྱེ་བྲག་ཏུ་སྨྲ་བ་ཉོན་མོངས་པ་འདི་གཉིས་རང་གི་མཚན་ཉིད་པ་ཡིན་ གྱི། སྤྱི་པ་ཡིན་པ་ནི་མ་ཡིན་ཏེ་ཞེས་རང་གི་ཕྱོགས་འཇོག་པར་བྱེད་དོ། །གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་སྲེད་པ་དང་ང་རྒྱལ་དག་ཡོད་མོད་ཀྱི། རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་ཐམས་ཅད་ལ་ཅིག་ཅར་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་ཕྱོགས་གཅིག་པ་ ལ་དམིགས་པ་ཅན་ཡིན་ནོ། །དེ་ལྟ་བས་ན་ཀུན་དུ་འགྲོ་བ་དག་མ་ཡིན་ནོ། །དེས་ན་གང་དག་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྷག་མ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རེས་འགའ་ནི་སྐལ་བ་མི་ མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉི་ག་ལ་དམིགས་ཞེས་བྱའི། རེས་འགའ་ནི་ཁམས་གསུམ་ལ་དམིགས་སོ་ཞེས་དེ་སྐད་དུ་ནི་མ་བཤད་དེ། འདོད་པའི་ཁམས་ན་གནས་པ་རེས་འགའ་ནི་སྐལ་བ་མི་མཉམ་པ་ གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་གཅིག་ན་དམིགས་སོ། །རེས་འགའ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ལ་དམིགས་སོ། །བདག་དང་བདག་གིར་མི་འཛིན་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཚངས་པ་དེ་ལ་བདག་ཉིད་དམ་བདག་གི་ཉིད་དུ་མི་ འཛིན་པ་དེའི་ཕྱིར། ཚངས་པ་ལ་སེམས་ཅན་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་མ་ཡིན་ནོ། །གང་གི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་དེས་ཀུན་ནས་བསླང་བ་དེའི་ཕྱིར་ཚངས་པ་དེ་ལ་རྟག་པར་ལྟ་བ་ཡང་མཐར་འཛིན་པར་ལྟ་བ་མ་ཡིན་ནོ། །འོ་ན་འདིའི་ལྟ་བ་གང་ཞིག་ཡིན་ཞེས་བྱ་བ་ནི་ ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། བདག་ཏུ་ལྟ་བའོ། །འདི་ནི་ལྟ་བ་མ་ཡིན་གྱི་འདི་ནི་ལོག་པའི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་ལོག་པར་དམིགས་པའི་ཕྱིར་ལོག་པའི་ཤེས་པ་ཡིན་ནོ། །ལོག་པར་དམིགས་པའི་ཤེས་རབ་ཐམས་ཅད་ལྟ་བ་ཡིན་པར་ནི་མི་འདོད་དེ། རང་གི་ལུས་ ཁོ་ན་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་གི་ཤེས་རབ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེས་ཀུན་ནས་བསླང་བའི་རྟག་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བ་ཡིན་པར་འདོད་ཀྱི། གཞན་དག་ནི་མ་ཡིན་ནོ། །གང་ཞིག་ངའོ་སྙམ་དུ་ངར་འཛིན་པའི་རྟེན་དུ་གྱུར་པའི་དེ་ཁོ་ན་འཇིག་ཚོགས་ལ་ལྟ་བ་ཡིན་ན། ཚངས་པ་ཆེན་པོ་ལ་སེམས་ཅན་དུ་ལྟ་བ་ནི་ངའོ་སྙམ་དུ་ངར་འཛིན་པའི་རྟེན་དུ་ཡང་མི་འགྱུར་ཏེ། དེའི་ཕྱིར། བདག་དང་བདག་གིར་མི་འཛིན་པའི་ཕྱིར་ཞེས་བཤད་དོ། །དེ་དག་དང་ནི་ལྷན་ཅིག་གང་། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །ཐོབ་ པ་རྣམས་ནི་འབྲས་བུ་མི་གཅིག་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པ་རྣམས་དང་། ཐོབ་པ་དེ་དང་ལྡན་པ་ནི་འབྲས་བུ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་གཅིག་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཀུན་དུ་འགྲོ་བའི་ཆོས་ཀྱི་ཐོབ་པ་དག་ནི་ཀུན་དུ་འགྲོ་བ་མ་ཡིན་པར་རྣམ་པར་གཞག་གོ། ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལྷན་ཅིག་འབྱུང་བ་དག་ཀྱང་ཀུན་དུ་འགྲོ་བ་ཡིན་པར་རྣམ་པར་གཞག་པ་དེའི་ཕྱིར་མུ་བཞིར་བྱའོ། །མུ་དང་པོ་ནི་མ་འོངས་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་སོ་ཞེས་བྱ་བ་ནི་འདི་དག་ནི་ཀུན་དུ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བའི་རྒྱུས་ཀུན་དུ་ འགྲོ་བ་ནི་མ་ཡིན་ཏེ། མ་འོངས་པའི་གནས་སྐབས་སུ་ཀུན་དུ་འགྲོ་བའི་རྒྱུ་རྣམ་པར་མི་གཞག་པའི་ཕྱིར་རོ། །གཉིས་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ལྷན་ཅིག་འབྱུང་བ་རྣམས་སོ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་དང་ལྷན་ཅིག་འབྱུང་བ་དག་འདས་པ་དང་ད་ལྟར་བྱུང་བ་ཡིན་པའི་ཕྱིར་ཀུན་དུ་འགྲོ་ བའི་རྒྱུ་ཡིན་ནོ། །ཀུན་དུ་འགྲོ་བའི་ཕྲ་རྒྱས་ནི་མ་ཡིན་ཏེ། ཕྲ་རྒྱས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །གསུམ་པ་དང་། བཞི་པ་དག་ནི་སྦྱར་བར་བྱ་སྟེ། གསུམ་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དེ་དག་དང་ ལྷན་ཅིག་འབྱུང་བ་མ་འོངས་པ་རྣམས་དང་ཐོབ་པ་ལ་སོགས་པའོ། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བྱ་བ་ནི་དྲུག་ཁོ་ན་ཞེས་ངེས་པར་གཟུང་བ་ཡིན་ཏེ། འདི་ལྟར། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ ཕྱིར་འདོད་ཆགས་ལ་སོགས་པ་ནི་ཟག་པ་མེད་པ་ལ་དམིགས་པ་མི་རུང་བས་སོ། །དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་། ཐེ་ཚོམ་དག་དང་མཚུངས་པར་ལྡན་པ་གང་ཡིན་པ་དང་། མ་འདྲེས་པའི་མ་རིག་པ་གང་ཡིན་པ་དེ་ནི་མ་རིག་པའི་ཕྲ་རྒྱས་ ཏེ་གཅིག་གོ། །འགོག་པ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་གསུམ་དང་། དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ཡང་གསུམ་པོ་དེ་དག་ཉིད་དེ་དྲུག་པ་དང་ས་ན་ཡོད་དོ། །དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་འདི་རྣམས་ལ་སྤྱོད་ཡུལ་འགོག་པ་དང་ལམ་ དེ་དག་ཡོད་པས་དེའི་སྤྱོད་ཡུལ་ཅན་དག་སྟེ། དེ་རྣམས་ལ་གོ་རིམས་བཞིན་དུ་གསུམ་གྱི་སྤྱོད་ཡུལ་ཏེ། དམིགས་པ་ནི་རང་གི་ས་པའི་འགོག་པ་སྟེ། བདག་ཉིད་ཀྱི་སའི་འགོག་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ས་དྲུག་པ་དང་། རྗེས་སུ་ཤེས་ པའི་ཕྱོགས་དང་མཐུན་པ་ས་དགུ་པ་ནི་ལམ་སྤྱོད་ཡུལ་ཅན་གྱི་ཕྲ་རྒྱས་གཞན་གསུམ་གྱི་དམིགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འགོག་པ་ལ་དམིགས་པའི་ཕྲ་རྒྱས་དེ་དག་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོའི་བར་ས་དགུ་པ་ཡིན་ལ། དེ་རྣམས་ལ་འདོད་པ་ན་ སྤྱོད་པ་རྣམས་ཀྱི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་ཆོས་ཀྱི་འགོག་པ་ཁོ་ན་ཡིན་ཞིང་། བསམ་གཏན་དང་པོའི་ས་པ་རྣམས་ཀྱི་དམིགས་པ་ཡང་བསམ་གཏན་དང་པོའི་ས་པའི་ཆོས་ཀྱི་འགོག་པ་ཁོ་ན་ཡིན་པ་དེ་བཞིན་དུ་སྲིད་པའི་རྩེ་མོ་པ་རྣམས་ཀྱི་དམིགས་པ་ཡང་སྲིད་པའི་རྩེ་ མོ་པའི་ཆོས་ཀྱི་འགོག་པ་ཁོ་ནའི་བར་དུ་ཡིན་ནོ། །ལམ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་གྱི་ས་པ་དང་། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་ས་པའི་བར་དུ་ས་དྲུག་པ་དེ་ཐམས་ཅད་ནི་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ གསུམ་པོ་དེ་དག་གི་དམིགས་པ་ཁོ་ན་ཡིན་ནོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པ་སྟེ། ས་དགུ་པོ་དེ་ ཐམས་ཅད་ནི་བསམ་གཏན་དང་པོའི་ས་པའི་ཕྲ་རྒྱས་རྣམས་ཀྱི་དམིགས་པ་ཁོ་ན་ཡིན་པ་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་ས་པ་རྣམས་ཀྱི་དམིགས་པའི་བར་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་གི་སྤྱོད་ཡུལ་ཅན་རྣམས་ཀྱི་དམིགས་པ་འགོག་པ་ནི་རང་གི་ས་པ་ཁོ་ན་ཡིན་ལ། ལམ་ ནི་ས་དྲུག་པ་འམ་ས་དགུ་པ་ཡང་དེ་རྣམས་ཀྱི་དམིགས་པ་ཡིན་ཞེ་ན། འདི་ལ་གཏན་ཚིགས་བསྟན་པའི་ཕྱིར། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཕན་ཚུན་གྱི་རྒྱུ་ཡིན་ཞེ་ན། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ས་དྲུག་པ་ནི་ཆོས་ཤེས་པའི་ ཕྱོགས་དང་མཐུན་པ་གཞན་དང་། འོག་མ་པ་འམ། གོང་མ་པ་འམ། མཉམ་པ་འམ། ཁྱད་པར་ཅན་གྱི་ལམ་རྗེས་སུ་ཤེས་པའི་ཕྱོགས་ཀྱི་ཡང་རྒྱུར་འགྱུར་ལ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ས་དགུ་པ་དེ་ཡང་དེའི་རྒྱུ་ཁོ་ན་ཡིན་པར་སྦྱར་བར་བྱ་སྟེ། འདི་རྒྱས་པར་ནི་ ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་ལྟར་ན་ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་རྣམས་ཀྱི་དམིགས་པ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པའི་ས་པ་ནས་བསམ་གཏན་བཞི་པའི་ས་ པའི་བར་ཡིན་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་མི་ལྕོགས་པ་མེད་པའི་ས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་བར་ཡང་ལམ་ལ་དམིགས་པ་བསམ་གཏན་དང་པོའི་ས་པ་དེ་རྣམས་ཀྱི་དམིགས་པ་ཉིད་ཡིན་པ་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་ས་པ་རྣམས་ ཀྱི་བར་གྱི་དམིགས་པ་ཡིན་ནོ།། །།བམ་པོ་བཞི་བཅུ་པ། གལ་ཏེ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ཀྱང་ཕན་ཚུན་གྱི་རྒྱུ་ཅན་ཡིན་པས་ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་ལོག་པའི་ལྟ་བ་ལ་སོགས་པས་གཟུགས་དང་གཟུགས་མེད་པའི་གཉེན་པོ་ འགོག་པ་དང་ལམ་ཞེས་བྱ་བ་ལ། ཆོས་ཤེས་པ་ལ་ཡང་དམིགས་པར་བྱེད་ན་གོ་ཅིའི་ཕྱིར་ལོག་པར་ལྟ་བ་ལ་སོགས་པ་དེ་དག་ཉིད་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་ཡང་དམིགས་པར་མི་བྱེད་དེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ནི་ཕན་ཚུན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྗེས་སུ་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པས་དེ་རྣམས་དེ་ལ་དམིགས་པར་མི་བྱེད་དོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པས་གཟུགས་དང་གཟུགས་མེད་པའི་གཉེན་པོ་ ཡིན་ཡང་དམིགས་པར་བྱེད་དོ། །འོ་ན་ནི་ཆོས་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གྲུབ་པའི་མཐའ་ལས། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཤེས་པ་ནི་གཟུགས་དང་ གཟུགས་མེད་པའི་གཉེན་པོ་ཡིན་ནོ། །དེའི་ངོ་བོ་ཉིད་དེ། དེའི་ཕྱིར་གཟུགས་དང་གཟུགས་མེད་པའི་ས་པའི་ལོག་པར་ལྟ་བ་ལ་སོགས་པ་ས་དགུ་པའི་དམིགས་པ་ཡིན་པར་འགྱུར་རོ། །དེ་མཐའ་དག་ཀྱང་གཉེན་པོ་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་ཤེས་པ་དེ་མཐའ་དག་ནི་ གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གཉེན་པོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཅུང་ཟད་ཅིག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་ལ་སོགས་པ་ཆོས་ཤེས་པའི་བསྒོམ་པའི་ལམ་གྱིས་བསྡུས་པ་དག་དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་ ཏེ། གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གཉེན་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆོས་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་མ་ཡིན་ནོ། །གཞན་ཡང་མཐའ་དག་གི་ཡང་མ་ཡིན་ཏེ་ཞེས་བྱ་བ་རྒྱས་ པར་སྨོས་ཏེ། ཆོས་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པའི་ཁམས་མཐའ་དག་གི་གཉེན་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཞེས་འབྱུང་བས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ རོ། །འདིར་དང་པོ་མེད་པའི་ཕྱིར་དང་། དང་པོ་རྣམས་ཀྱི་མ་ཡིན་པའི་ཕྱིར་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་པ་ཡིན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཆོས་ཤེས་པ་རྣམས་ནི་དང་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་ ལ་ཆོས་ཤེས་པ་དག་གཟུགས་དང་གཟུགས་མེད་པ་ཇི་སྐད་བཤད་པའི་གཉེན་པོ་དེ་ཉིད་དུ་མེད་པའི་ཕྱིར་དང་། ཆོས་ཤེས་པ་དེ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་དང་པོ་མཐོང་བས་སྤང་བར་བྱ་བ་དག་གི་གཉེན་པོ་ཉིད་མ་ཡིན་པའི་ཕྱིར་ ཆོས་ཤེས་པ་ནི་དེའི་ས་པ་སྟེ། གཟུགས་དང་གཟུགས་མེད་པའི་ས་པའི་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་མ་ཡིན་ནོ། །དེ་ལྟར་ན་ཟག་པ་མེད་པ་ལ་དམིགས་པ་ཁམས་གསུམ་པ། བཅོ་བརྒྱད་མ་གཏོགས་པ་ཕྲ་རྒྱས་ལྷག་མ་བརྒྱད་ཅུ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ ཡིན་ནོ་ཞེས་བྱ་བར་གཞག་པ་ཡིན་ནོ། །སྤང་བར་བྱ་བ་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཐོབ་པ་བཅད་པས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་དགེ་བའི་ཆོས་ལ་འདུན་པ་མངོན་པར་དད་པའི་ངོ་བོ་ནི་ཡང་དག་པའི་ལྟ་བ་ཡིན་པས། ཐོབ་པ་བཅད་པས་སྤང་བར་བྱ་བ་ མ་ཡིན་པ་ལྟར་འདི་ཡང་དེ་དང་འདྲ་བར་འགྱུར་བས་དེའི་ཕྱིར་ཟག་པ་མེད་པ་ལ་དམིགས་པ་མ་ཡིན་ནོ། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞེས་བྱ་བ་ནི་འགོག་པ་དང་། ལམ་དག་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་མཚན་ཉིད་ལས་འདས་པའི་ཕྱིར་རོ། །དེ་ལ་ཞེ་སྡང་མེད་དོ། ། ཡང་དག་པའི་དོན་དུ་དག་པའི་ཕྱིར་ཞེས་བྱ་བ་ནི་འགོག་པ་ནི་ཉོན་མོངས་པའི་དྲི་མ་སྤངས་པའི་ཕྱིར་ཡང་དག་པའི་དོན་དུ་དག་པ་ཡིན་ལ། ལམ་ཡང་འདིས་དོན་དམ་པར་དག་པར་འགྱུར་བའི་ཕྱིར་དོན་དམ་པར་དག་པ་ཡིན་པས། གང་ཞིག་དེ་ཉིད་ལ་དག་པའོ་སྙམ་དུ་འཛིན་པ་ནི་ཚུལ་ཁྲིམས་ དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ་ཞེས་བྱ་བ་རྣམ་པར་གཞག་ཏུ་མི་རུང་བའི་ཕྱིར་རོ། །དེ་གཉིས་ནི་མཆོག་ཀྱང་ཡིན་ཏེ་ཞེས་བྱ་བ་ནི་ཡང་དག་པའི་དོན་དུ་དག་པའི་ཕྱིར་འགོག་པ་དང་། ལམ་དེ་དག་ནི་མཆོག་ཡིན་ནོ། །དངོས་པོ་དམན་པ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་ འཛིན་པ་ཡིན་པར་རུང་ན་འགོག་པ་དང་། ལམ་དེ་དག་ནི་དེ་ལྟ་བུ་ཡང་མ་ཡིན་པས་དེ་གཉིས་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་མ་ཡིན་ནོ། །དུ་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར། དུ་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་ཞེས་བྱ་བ་ནི། དུ་ནི་ དམིགས་པ་ཁོ་ནའི་སྒོ་ནས་ཞེས་ངེས་པར་བཟུང་ནས་དྲི་བར་མི་བྱེད་པ་ནི་འདི་ལྟར་གང་དག་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དེ་དག་ནི་གདོན་མི་ཟ་བར་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་རྒྱས་པར་འགྱུར་རོ། །གང་དག་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་བ་དེ་དག་ ནི་དམིགས་པའི་སྒོ་ནས་མ་ཡིན་ཏེ། ཟག་པ་མེད་པ་དང་སྐལ་བ་མི་མཉམ་པའི་ས་ལ་དམིགས་པའི་ཕྲ་རྒྱས་དག་ཡིན་ནོ། །ཕྲ་རྒྱས་ཀྱི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་ན་ས་དེ་དག་པའི་རྐྱེན་རྣམས་ནི་དེ་དག་བསྐྱེད་པར་བྱ་བ་ལ་མཐུན་པར་མི་འགྱུར་རོ། །དེ་དག་ནི་དེ་རྣམས་ཀྱི་རྗེས་སུ་མཐུན་ པ་མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པ་ལ་སོགས་པ་དེ་དག་ནི་ལོག་པར་ལྟ་བ་ལ་སོགས་པ་དེ་རྣམས་ཀྱི་རྗེས་སུ་མཐུན་པ་མ་ཡིན་ནོ། །རླུང་ནད་ཅན་ལ་ཁ་ཟས་རྩུབ་པོ་རྒྱས་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ར