Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
ླུང་ནད་ཅན་ལ་ཁ་ཟས་རྩུབ་བག་རྒྱས་པར་མི་འགྱུར་རོ་ཞེས་བྱས་ན་ལུས་དང་མཐུན་

པར་མི་འགྱུར་ཞེས་བྱ་བར་གོ་བ་དང་འདྲའོ། །ཕྱོགས་སྔ་མ་ལྟར་ན་ནི་ཕྲ་རྒྱས་ཀྱི་དོན་གནས་ཐོད་པའི་དོན་ཡིན་ཏེ། དེ་དག་ཏུ་གནས་མི་ཐོད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་གང་དང་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དང་ངོ་། །དེ་ཡང་དེ་གཉིས་ན་མེད་ཅེས་བྱ་
བ་ནི་སྡུག་བསྔལ་དེ་ཡང་གཟུགས་དང་གཟུགས་མེད་པའི་ཁམས་དེ་གཉིས་ན་མེད་དོ། །ཅིའི་ཕྱིར་ཞེ་ན། ཕ་རོལ་པོ་ལ་གནོད་པའི་རྒྱུ་མེད་པའི་ཕྱིར། ཕ་རོལ་པོ་ལ་གནོད་པའི་རྒྱུ་ནི་གནོད་སེམས་ལ་སོགས་པ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་འདི་
མཆོག་ཡིན་ནོ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའི་ནང་ན་འདི་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཧ་ཅང་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐར་པའི་རྒྱུ་ནི་ལམ་ཡིན་ལ་ཆད་པ་ནི་རྒྱུ་མེད་པ་ཅན་དུ་འདོད་པས་འཁྲུལ་པའི་ཕྱིར་ཆད་པར་ལྟ་བ་ཁ་ན་མ་ཐོ་བ་དང་
བཅས་པ་ཡིན་པས་ཁྱད་པར་ཡོད་དོ། །རང་གི་རྫས་ལ་ཀུན་དུ་རྨོངས་པའི་ཕྱིར་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ནི་རང་གི་རྒྱུད་དུ་གཏོགས་པའི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་དང་བདག་གི་ཉིད་དུ་འཛིན་པའི་ཕྱིར་རང་གི་རྫས་ལ་ཀུན་དུ་རྨོངས་པ་ཡིན་ལ། མཐར་འཛིན་
པར་ལྟ་བ་ཡང་དེ་དག་ཉིད་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་དེ་ཁོ་ན་དང་འདྲའོ། །ལྟ་བ་དེ་དག་ཇི་ལྟ་བར་དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་དེ་དང་འདྲའོ། །ཕ་རོལ་པོ་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར། ཅི་ཞེ་ན། འཇིག་ཚོགས་དང་མཐར་
འཛིན་པར་ལྟ་བ་དག་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་སྐབས་དང་སྦྱར་ཏེ་དེ་དག་ནི་ཕ་རོལ་པོ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་དོ། །མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་པའི་ང་རྒྱལ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་པའི་ང་རྒྱལ་ཡང་
སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་དང་། རང་གི་རྫས་ལ་ཀུན་དུ་རྨོངས་པའི་ཕྱིར་དང་། ཕ་རོལ་པོ་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ཡང་མི་འདོད་དེ། དེ་ལྟ་བས་ན་རྒྱུ་དེ་དག་གིས་འདི་གཉིས་ལུང་དུ་མ་

བསྟན་པ་ཉིད་མ་ཡིན་ནོ། །བསམ་པ་འདིས་སྔོན་གྱི་སློབ་དཔོན་གྱི་གཞུང་ལུགས་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ཉེ་བར་འགོད་པར་བྱེད་དོ། །རྣམ་པར་བརྟགས་པ་ནི་མི་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་སེར་སྐྱ་དང་འུག་པ་བ་ལ་སོགས་པ་བདག་ཏུ་སྨྲ་བ་རྣམས་
ཀྱིས་རྣམ་པར་བརྟགས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལུང་དུ་བསྟན་པ་ཡིན་ནོ། །དེ་དག་གི་རྣམ་པར་བརྟགས་པའི་མཐར་འཛིན་པར་ལྟ་བ་གང་ཡིན་པ་དེ་ཡང་མི་དགེ་བ་ཡིན་ཏེ། མ་བཤད་ཀྱང་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་དང་ཚུལ་མཚུངས་
པར་རྟོགས་པ་ཉིད་དོ། །ལྷག་མ་རྣམས་འདིར་མི་དགེ་བ། །ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷག་མ་ཉེ་བར་བཟུང་བའི་ཕྱིར་ཏེ། འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྷག་མ་ཉོན་མོངས་པ་ཅན་རྣམས་ནི་མི་དགེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་འཛིན་
པར་བྱེད་དོ། །དུ་ནི་མི་དགེ་བའི་རྩ་བ་དག་ཡིན། དུ་ནི་མ་ཡིན་ཞེས་བྱ་བ་ནི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་འདི་དག་ལས་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེས་ན་འདི་སྐད་དུ། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །ཞེས་ལན་འདེབས་པར་བྱེད་དེ། འདོད་
པའི་ཁམས་ན་འདོད་ཆགས་དང་ཁོང་ཁྲོ་བ་དང་། གཏི་མུག་གང་དག་ཡིན་པ་དེ་དག་ནི་རྣམ་པ་ལྔ་པོ་ཐམས་ཅད་ཀྱང་མི་དགེ་བའི་རྩ་བ་ཁོ་ན་ཡིན་གྱི་ཕྲ་རྒྱས་གཞན་དག་ནི་མ་ཡིན་ནོ། །རྨོངས་ཞེས་བྱ་བ་ནི་གཏི་མུག་གི་རྣམ་གྲངས་ཏེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་
པར་ལྡན་པ་གཏི་མུག་མ་གཏོགས་པའི་རྨོངས་པ་ཐམས་ཅད་དོ། །འདི་མདོ་ལས་མ་སྨོས་པར་ཇི་ལྟར་དེ་སྐད་ཅེས་བྱ་ཞེ་ན། མི་དགེ་བ་ཞེས་བྱ་བའི་སྐབས་ཡིན་པའི་ཕྱིར་དང་། ཕྱོགས་གཅིག་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་མི་དགེ་བ་ཡང་ཡིན་ལ་མི་དགེ་བའི་རྩ་བ་ཡང་ཡིན་
པ་དེ་ཁོ་ན་མི་དགེ་བའི་རྩ་བ་ཡིན་པར་འདོད་དོ་ཞེས་བྱ་བ་སྨོས་སོ། །དེ་ཁོ་ན་ཞེས་ངེས་པར་བཟུང་བའི་ཕྱིར་ལོག་པར་ལྟ་བ་ལ་སོགས་པ་ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་དག་མ་ཡིན་ནོ་ཞེས་བྱ་བར་འགྲུབ་པོ། །ལུང་མ་བསྟན་པའི་རྩ་བ་གསུམ། །ཞེས་བྱ་བ་ནི་ཕྲ་རྒྱས་དགུ་བཅུ་རྩ་

བརྒྱད་པོ་འདི་དག་ལས་ལུང་དུ་མ་བསྟན་པའི་རྩ་བ་ནི་གསུམ་ཡིན་ནོ་ཞེས་བྱའོ། །གསུམ་ཞེས་བྱ་བ་སྨོས་པ་ནི་ཉི་འོག་པའི་གཞུང་ལུགས་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། གསུམ་ཁོ་ན་ཡིན་གྱི་བཞི་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གསུམ་གང་ཞེ་ན། དེ་
ནི་སྲེད་དང་མ་རིག་བློ། །ཞེས་བྱ་བ་སྨོས་སོ། །དེ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ཡིན་པར་སྟོན་ཏོ་ཞེས་བྱ་བ་ནི། ལུང་མ་བསྟན་པའི་རྩ་བ་གསུམ། །ཞེས་བྱ་བའི་ལུང་དུ་མ་བསྟན་ཞེས་བྱ་བའི་སྒྲ་འདི་ཁོ་ནས་སྲེད་པ་དང་མ་རིག་པ་དང་བློ་དག་ཁྱད་པར་དུ་བྱས་སོ་ཞེས་སྟོན་པར་བྱེད་དོ། །འདིར་
ནི་བློ་ནི་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ་ཞེས་བྱ་བར་འདོད་དོ། །སྲེད་པ་གང་ཅུང་ཟད་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་དང་གཟུགས་མེད་པ་དག་སྐྱེས་པའི་ཚེ་གཞལ་མེད་ཁང་ལ་
སོགས་པ་ལ་སྟེ་འོས་འོས་སུ་སྦྱར་རོ། །མ་རིག་པ་གང་ཅུང་ཟད་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པ་དང་། འདོད་པའི་ཁམས་ན་ཡོད་པའི་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པ་དེ་དང་། དེ་བཞིན་དུ་ཤེས་རབ་གང་ཅུང་ཟད་ལུང་དུ་མ་
བསྟན་པ་ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་རུང་སྟེ། འདོད་པའི་ཁམས་ན་ཡོད་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པ་དང་། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་
ལྡན་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པའོ། །ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཐམས་ཅད་དང་། རྣམ་པར་སྨིན་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །རྣམ་པ་གཉིས་ཉིད་དུ་
འཇུག་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པ་གཉིས་ཀྱི་ངོ་བོ་ནི་རྣམ་པ་གཉིས་ཉིད་དོ། །རྣམ་པ་གཉིས་སུ་འཇུག་པས་ན་རྣམ་པ་གཉིས་སུ་འཇུག་པའོ། །དེའི་ཕྱིར་ཐེ་ཚོམ་ནི་རྩ་བ་ཡིན་པར་འོས་པ་མ་ཡིན་ཏེ། རྣམ་པ་གཉིས་སུ་འཇུག་པའི་སྒོ་ནས་གཡོ་བའི་ཕྱིར་རོ། །ཁེངས་པའི་མཚན་

ཉིད་ཀྱིས་ཞེས་བྱ་བ་ནི་ཁེངས་པའི་མཚན་ཉིད་དེས་མཐོན་པོར་འཇུག་སྟེ། དེའི་ཕྱིར་ང་རྒྱལ་ནི་རྩ་བ་ཡིན་པར་འོས་པ་མ་ཡིན་ནོ། །རྩ་བ་རྣམས་ནི་བརྟན་པ་དང་འོག་ནས་གནས་པ་དག་ཡིན་ཞེས་བྱ་བ་ནི་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་ཏེ། ཐེ་ཚོམ་ནི་མི་བརྟན་པའི་ཕྱིར་རྩ་བ་མ་ཡིན་
ལ། ང་རྒྱལ་ནི་མཐོན་པོར་འཇུག་པའི་ཕྱིར་རྩ་བ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ལུང་དུ་མ་བསྟན་པའི་སྲེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པའོ། །ལྟ་བ་ཡང་དེ་དག་ན་ཡོད་པ་དང་འདོད་པའི་ཁམས་ན་ཡོད་པ་འཇིག་ཚོགས་དང་མཐར་འཛིན་
པར་ལྟ་བའི་ངོ་བོ་ཉིད་དག་གོ། །མ་རིག་པ་ཡང་འདོད་པའི་ཁམས་ན་ཡོད་པ་དེ་དག་དང་མཚུངས་པར་ལྡན་པ་ཁོ་ན་དང་། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པ་ཐམས་ཅད་དོ། །སྲེད་པ་དང་ལྟ་བ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་དག་ཡིན་ཞེས་བྱ་བ་ནི་གང་ཞིག་རོ་
མྱོང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་སྒོམ་པ་དེ་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ཡིན་ནོ། །གང་ཞིག་བསམ་གཏན་ལ་བརྟེན་ནས་རྟག་པ་ལ་སོགས་པར་ལྟ་བ་སྐྱེད་པར་བྱེད་པ་དེ་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ཡིན་ནོ། །ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ནི་
གང་ཞིག་དེས་བདག་ནི་བསམ་གཏན་བཞི་ཐོབ་པ་ཡིན་གྱི་གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་རློམ་པ་སྟེ། དེ་ནི་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཡིན་ནོ། །དེ་ལ་འདི་ལ་སྲེད་པ་ཤས་ཆེ་ཞིང་སྲེད་པ་ལྷག་པ་སྒོམ་པའི་ངང་ཚུལ་ཡོད་པས་ན་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ཡང་
ན་སྲེད་པ་ཤས་ཆེ་བ་ཡང་ཡིད་ལ་བསམ་གཏན་པ་ཡང་ཡིན་པས་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལྷག་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་ཤས་ཆེ་བའི་བསམ་གཏན་པ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་དང་འདྲའོ། །དེ་དག་ཀྱང་མ་རིག་པའི་དབང་གིས་
འགྱུར་རོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པོ་དེ་དག་ཀྱང་མ་རིག་པའི་དབང་གིས་ཏེ། མ་རིག་པ་དང་ལྡན་པས་དེ་ལྟར་འགྱུར་རོ། །དེའི་ཕྱིར་མ་རིག་པ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་ཉོན་མོངས་པའི་རྣམ་པ་འདི་དག་ཀུན་དུ་

འབྱུང་བའི་སྐབས་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་རྩ་བ་སྟེ་རྒྱུ་ཡིན་ནོ། །ལུང་དུ་མ་བསྟན་པའི་སྐབས་ཀྱིས་གླེངས་པ་དང་། མདོ་ལས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཇིག་རྟེན་རྟག་པ་ཞིག་གམ།
འཇིག་རྟེན་མི་རྟག་པ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཅི་དེ་དག་ལུང་དུ་མ་བསྟན་པའི་ཕྱིར་ཡིན་ནམ་ཞེས་བྱ་བ་ནི་ཅི་དེ་དག་དགེ་བ་ཡང་མ་ཡིན་ལ་མི་དགེ་བ་ཡང་མ་ཡིན་པས་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པའི་དངོས་པོ་དག་ཏུ་སྟོན་ཏམ་ཞེས་བྱ་བ་ཡིན་
ནོ། །གཞག་པར་བྱ་བའི་འདྲི་བ་ལ་ལུང་དུ་མ་བསྟན་པ་ཞེས་བཤད་དོ་ཞེས་བྱ་བ་ནི་གང་ཞིག་གཞག་པར་བྱ་བ་ཉིད་ཀྱིས་ལུང་བསྟན་ཅིང་མ་བཤད་པའི་འདྲི་བ་དེ་ནི་ལུང་དུ་མ་བསྟན་པ་ཡིན་ལ། དེའི་དངོས་པོ་ནི་གཞི་ཡིན་པས་ལུང་དུ་མ་བསྟན་པའི་དངོས་པོའོ། །དེའི་ཞར་ལ་འདྲི་བ་ནི་རྣམ་
པ་བཞི་སྟེ་ཞེས་བྱ་བ་འདི་རྒྱས་པར་ཉེ་བར་འགོད་དེ། འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་བྱ་བ་ནི་འཆི་བ་ལྟ་བུ་དང་། སྐྱེ་བ་ལྟ་བུ་དང་། ཁྱད་པར་དུ་འཕགས་པ་ཉིད་ལྟ་བུ་དང་། བདག་གཞན་ཉིད་ལ་སོགས་པ་ལྟ་བུའོ་ཞེས་གྲངས་
བཞིན་དུ་མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པའི་དཔེར་བརྗོད་པ་ཡིན་ནོ། །འཆི་བར་འགྱུར་རོ་ཞེས་བྱ་བ་ནི་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ལ་འཆི་བ་དཔེར་བརྗོད་པ་ཡིན་ནོ། །ཉོན་མོངས་པ་ཅན་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་གྱི། ཉོན་མོངས་པ་མེད་པ་རྣམས་ནི་མ་
ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བ་ལ་སྐྱེ་བ་དཔེར་བརྗོད་པ་ཡིན་ནོ། །གང་ལ་ལྟོས་ཏེ་འདྲི་ཞེས་བྱ་བ་ནི་དྲིས་ནས་ལུང་བསྟན་པར་བྱ་བ་ལ་ཁྱད་པར་དུ་འཕགས་པ་ཉིད་དཔེར་བརྗོད་པ་ཡིན་ནོ། །ཅི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་ཞེས་བྱ་བ་ནི་གཞག་པར་ལུང་བསྟན་པར་བྱ་བ་
ལ་བདག་གཞན་ཉིད་དཔེར་བརྗོད་པ་ཡིན་ནོ། །ཅི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་ན་འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པར་བྱའོ་ཞེས་བྱ་བ་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མི་རྣམས་ནི་ཚེ་ཐུང་བ་ཚེ་ཕྱི་མར་འགྲོ་དགོས་པ་ཡིན་པས་དགེ་བ་སྤྱད་པར་བྱ་

སྟེ། སྐྱེས་པ་ལ་ནི་མི་འཆི་བ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཅི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་གཞན་མ་ཡིན་ཞེས་འདྲི་ན་གཞག་པར་བྱ་སྟེ་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ཀྱེ་གཽ་ཏ་མ་ཅི་ལགས། དེས་བྱས་ཤིང་དེས་མྱོང་ངམ་བྲམ་ཟེ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །
གཞན་གྱིས་བྱས་ཤིང་གཞན་གྱིས་མྱོང་ངམ་བྲམ་ཟེ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེས་བྱས་ཤིང་དེས་མྱོང་ངམ་ཞེས་ཞུས་ན་ཡང་འདི་ནི་ལུང་དུ་མི་བསྟན་པ་ཡིན་ནོ་ཞེས་གསུངས་ལ། གཞན་གྱིས་བྱས་ཤིང་གཞན་གྱིས་མྱོང་ངམ་ཞེས་ཞུས་ན་ཡང་འདི་ནི་ལུང་དུ་མི་བསྟན་པ་ཡིན་ནོ་ཞེས་གསུངས་ན། གཽ་
ཏ་མ་ཁྱོད་ཀྱིས་བཤད་པ་འདིའི་དོན་ཇི་ལྟ་བུ་ཞིག་ལགས། བྲམ་ཟེ་དེས་བྱས་ཤིང་དེས་མྱོང་ངོ་ཞེས་བྱ་བ་ནི་རྟག་པར་འགྱུར་རོ། །གཞན་གྱིས་བྱས་ཤིང་གཞན་གྱིས་མྱོང་ངོ་ཞེས་བྱ་བ་ནི་ཆད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདི་གཉིས་ཐུགས་སུ་ཆུད་ནས་དབུ་མའི་ལམ་གྱི་ཆོས་སྟོན་པར་མཛད་དོ་ཞེས་
གསུངས་པ་ལྟ་བུའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་བཙུན་པར་མའོ། །ཐམས་ཅད་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཡང་མགོ་གཅིག་ཏུ་ལུང་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རོ་ཞེས་བྱ་བ་འདི་འབའ་ཞིག་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་པ་འབའ་ཞིག་ཏུ་ནི་
མ་ཟད་དོ། །སློབ་དཔོན་གྱིས་གང་ཞིག་འདྲི་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཅི་གང་དག་འཆི་བར་འགྱུར་བ་དེ་དག་སྐྱེ་བར་འགྱུར་རམ་ཞེས་རྣམ་པ་དེ་ལྟ་བུར་འདྲི་བ་དེ་ལ་ཐམས་ཅད་ནི་སྐྱེ་བར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། ཉོན་མོངས་པ་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་གྱི་ཉོན་མོངས་པ་མེད་པ་རྣམས་ནི་མ་ཡིན་
ནོ་ཞེས་བྱ་བ་རྣམ་པར་ཕྱེ་སྟེ། ལུང་བསྟན་དགོས་པར་འགྱུར་རོ། །དེ་ལྟ་བས་ན་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་ཡང་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་ནི་མི་འཐད་ཀྱི་བྱེ་བྲག་ཏུ་སྨྲ་བས་དཔེར་བརྗོད་པ་ཉིད་དུ་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །བཙུན་པ་ར་མ་དེ་ཉིད་
ཀྱིས་མི་ལ་ཡང་གཉི་ག་ཡོད་དེ་ཞེས་བྱ་བ་སྨྲས་ཏེ། དམན་པ་ཉིད་དང་ཁྱད་པར་དུ་འཕགས་པ་ཉིད་དོ། །འདི་གཉིས་ནི་ལྟོས་པ་ཅན་དུ་ཡོད་པས་གཉི་གར་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་རྒྱུ་ཡིན་ནམ་འབྲས་བུ་ཡིན་ཞེས་འདྲི་ན་རྒྱུ་དང་འབྲས་བུ་ལ་ལྟོས་ནས་

རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ཞེས་མགོ་གཅིག་ཏུ་ལུང་བསྟན་ཞེས་བྱ་བ་དང་འདྲའོ། །དེ་ལ་ཅི་མི་འདི་ཁྱད་པར་དུ་འཕགས་པ་ཡིན་ནམ་དམན་པ་ཡིན་ཞེས་འདྲི་ན་གང་ལས་ལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན་པར་བྱ་སྟེ་ཞེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ཏེ། འདི་
ལྟར་འདྲི་བ་འདི་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བས་སོ། །སློབ་དཔོན་གྱིས་གཅིག་ཏུ་འདྲི་བ་ལ་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་གཞུང་འཛུགས་པར་བྱེད་དེ། ཅི་མི་འདི་ཁྱད་པར་དུ་འཕགས་པ་ཁོ་ན་ཞིག་གམ་དམན་པ་ཁོ་ན་ཞིག་ཡིན་ཞེས་གཅིག་ཏུ་འདྲི་བ་ལ་ནི་དམན་པའོ་ཞེའམ་ཁྱད་
པར་དུ་འཕགས་པའོ་ཞེས་གཅིག་ཏུ་ལུང་བསྟན་དུ་མི་རུང་བས་གང་ལ་ལྟོས་ཏེ་འདྲི་ཞེས་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་རིགས་སོ། །དེ་ལ་མི་ལ་ཡང་གཉི་ག་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱིས། ཕུང་པོ་དག་ལས་སེམས་ཅན་གཞན་ན་མ་ཞེས་བྱ་བ་
ཐམས་ཅད་སྨྲས་སོ། །སློབ་དཔོན་གྱིས་གཞག་པར་བྱ་བའི་འདྲི་བ་གང་ཡིན་པ་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་རྣམ་པ་བཞིའི་དཔེར་བརྗོད་པ་འདི་ནི་བཤད་ཟིན་ཏོ། །ཆོས་མངོན་པ་པ་རྣམས་ན་རེ་ཞེས་བྱ་བ་ནི་ཆོས་མངོན་པ་ཚན་དྲུག་པ་ཙམ་འདོད་པ་རྣམས་སོ། །སྡུག་བསྔལ་
གདགས་པ་ནས་ལམ་གདགས་པའི་བར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་གདགས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་ལྟ་བུའོ། །དོན་དང་ལྡན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དོན་དང་ཡང་དག་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཡོན་ཅན་གྱི་ཞེས་བྱ་བ་ནི་འདྲི་བ་པོ་གཡོན་ཅན་རྣམ་པར་
ཐོ་འཚམས་པའི་བསམ་པ་ཅན་གྱི་འདྲི་བ་ལུང་བསྟན་པ་ཡང་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བའི་དྲི་བའི་ཚིག་དེ་ཉིད་ཡིན་པར་རིག་པར་བྱའོ། །བཙུན་པར་མས་གང་གི་ཚེ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གང་གི་ཚེ་གཡོན་ཅན་དང་གཡོ་མེད་པ་དེ་གཉིས་ཅུང་ཟད་ཀྱང་མི་འདྲིའི་ཆོས་བཤད་དུ་གསོལ་
ཞེས་གསོལ་བ་འདེབས་པ་འབའ་ཞིག་ཏུ་ཟད་ལ། གཡོན་ཅན་དང་གཡོ་མེད་པ་དེ་གཉིས་ལ་ཡང་ཆོས་ནི་གཟུགས་ལ་སོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་རྒྱས་པ་འདི་དག་ཡིན་ནོ་ཞེས་བྱ་བར་ཅུང་ཟད་ཀྱང་ལུང་མི་སྟོན་གྱི། གང་དག་བཤད་པར་བྱ་བ་ཞེས་འདྲི་བ་འབའ་ཞིག་ཏུ་ཟད་ན་དེ་ཇི་ལྟར་ན་

གཡོན་ཅན་གཡོ་མེད་པ་དེ་གཉིས་ཀྱི་འདྲི་བ་ཡིན། ཇི་ལྟར་ན་ཆོས་མངོན་པའི་ལུང་སྟོན་པ་ཡིན། སློབ་དཔོན་གྱིས་གང་ཞིག་ཅེས་བྱ་བ་རྒྱས་པར་སྨྲས་ཏེ། གང་ཞིག་དེ་མི་ཤེས་ན་ལམ་སྨྲོས་ཤིག་ཅེས་ཟེར་ན་ཅི་དེས་ལམ་མ་འདྲེས་པ་ཡིན་ནམ། དེས་གསོལ་བ་འདེབས་པའི་སྒོ་ནས་དྲིས་སོ་སྙམ་དུ་
བསམས་པ་ཡིན་ནོ། །ཇི་ལྟར་ལམ་སྨྲོས་ཤིག་ཅེས་སྨྲ་བས་ལམ་གང་ཞིག་ཡིན་ཞེས་སྨྲ་བར་འགྱུར་བ་དེ་བཞིན་དུ་ཆོས་བཤད་དུ་གསོལ་ཞེས་སྨྲ་བས་ཆོས་གང་དག་ཡིན་ཞེས་སྨྲས་པར་འགྱུར་རོ། །དྲི་བ་ཉིད་ཀྱིས་དེ་ལུང་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་མང་མོ་ཞིག་ཡོད་ན་གང་དག་སྨྲ་བར་བྱ་ཞེས་དྲི་བ་
ཁོ་ནས་དྲིས་པ་དེའམ་ཆོས་དེ་རྣམས་ལུང་བསྟན་པའི་ཕྱིར་ཏེ། ཆོས་མང་བ་ཉིད་དུ་ལུང་བསྟན་པས་སོ། །ཇི་ལྟར་ན་དྲིས་ནས་ལུང་བསྟན་པ་མ་ཡིན་ཞེས་བྱ་བ་ནི་དྲིས་པས་ལུང་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དེ་གཉིས་ཀྱང་ཅུང་ཟད་ཀྱང་མི་འདྲིའི་གསོལ་བ་འདེབས་པ་འབའ་ཞིག་ཏུ་
ཟད་ལ་ཞེས་བྱ་བ་ནས། ཇི་ལྟར་ལུང་སྟོན་པ་ཡིན་ཞེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །སློབ་དཔོན་གྱིས་མདོ་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མདོ་འདི་ནི་ཚིག་ཕལ་པ་ཡིན་པ་ལས་ལེགས་པར་སྦྱར་བར་རྣམ་པར་གཞག་ནས་འདོན་པར་བྱེད་དོ། །ཆེད་དུ་བསམ་པར་བྱ་བའི་
ལས་བྱས་ནས་ཅི་ཞིག་སོ་སོར་ཡང་དག་པར་མྱོང་བར་འགྱུར། ཅི་བདེ་བའམ་སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞིག་ཅེས་དེ་སྐད་དུ་དྲིས་ན། ཆེད་དུ་བསམ་པར་བྱ་བ་ནི་དགེ་བ་ལ་སོགས་པ་ཐ་དད་པའི་ཕྱིར་ཆེད་དུ་བསམ་པར་བྱ་བ་དགེ་བ་ཟག་པ་དང་བཅས་པ་བྱས་པས་
ནི་བདེ་བའམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །ཆེད་དུ་བསམ་པར་བྱ་བའི་ལས་མི་དགེ་བ་བྱས་པས་ནི་སྡུག་བསྔལ་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ་ཞེས་རྣམ་པར་ཕྱེ་སྟེ་ལུང་དུ་བསྟན་པར་བྱ་བ་ཡིན་ནོ། །གལ་ཏེ་འདི་སྐད་དུ་བདག་
རགས་པ་ཡིན་པར་ཤེས་སོ་ཞེས་བྱ་བ་ནི་གཟུགས་སོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞིག་གམ་ཞེས་བྱ་བའི་བར་ཞེས་བྱ་བ་རབ་ཏུ་དབྱེ་བ་རྒྱས་པར་འབྱུང་བའི་བར་དུ་ཞེས་བྱ་བའི་སྒྲས་ནི་དེ་བཞིན་འོངས་པ་ཤི་ནས་མེད་པ་ཞིག་གམ། དེ་བཞིན་འོངས་པ་ཤི་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་

པ་ཞིག་གམ། དེ་བཞིན་འོངས་པ་ཤི་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞིག་གམ། ལུས་དེ་ཉིད་སྲོག་ཡིན་ནམ། ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ཞིག་གམ་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ། །དེ་ནི་དེས་དེ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཟག་དེ་ནི་ཕྲ་རྒྱས་
དེས་བཅིངས་སོ་ཞེས་བྱ་བར་ཤེས་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བྱ་བ་ལ་རང་གི་མཚན་ཉིད་ནི་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་དངོས་པོ་དེ་ལ་འདོད་ཆགས་པ་ནི་བདེ་བ་མྱོང་བར་འགྱུར་བའི་དངོས་པོ་ཁོ་ན་ལ་དམིགས་ཏེ་སྐྱེ་བས་རང་
གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བྱའོ། །བདེ་བ་མྱོང་བར་འགྱུར་བའི་དངོས་པོ་དམིགས་པར་བྱ་བ་དེས་ཁེངས་པར་འགྱུར་བས་ང་རྒྱལ་ཡང་རང་གི་མཚན་ཉིད་དག་གི་ཉོན་མོངས་པ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བའི་དངོས་པོ་དམིགས་ཏེ་ཁོང་ཁྲོ་བ་འབྱུང་བས། ཁོང་
ཁྲོ་བ་ཡང་རང་གི་མཚན་ཉིད་དག་གི་ཉོན་མོངས་པ་ཞེས་བྱའོ། །ཉོན་མོངས་པ་སྤྱི་པ་ནི་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་སྟེ། སྤྱི་པའིའམ་སྤྱིར་ཉོན་མོངས་པ་ཡིན་པས་ནི་ཉོན་མོངས་པ་སྤྱི་པ་དག་གོ། །དེ་དག་ནི་ཁྱད་པར་མེད་པར་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་དངོས་པོ་ལ་སྐྱེ་བར་
འགྱུར་ཏེ། དེའི་ཕྱིར་དེ་དག་ལ་དམིགས་ཏེ་སྐྱེས་པའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། །འདས་དང་ཉེར་གནས་ཞེས་བྱ་བ་ནི་འདས་པ་དང་ད་ལྟར་བྱུང་བའོ། །དངོས་པོ་གང་ལ་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་སྐྱེས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁྱད་པར་
མེད་པར་བརྗོད་པའི་ཕྱིར་འདོད་ཆགས་ལ་སོགས་པ་འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པ་ཡང་རུང་སྟེ། ཅི་རིགས་པར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུས་གསུམ་པའི་དངོས་པོ་གང་ལ་སྐྱེས་པ་མ་སྤངས་པའི་འདོད་ཆགས་ལ་སོགས་པ་དེ་
དག་གི་དངོས་པོ་དེ་དང་ལྡན་ཏེ། ཐག་པས་གླང་བུ་ཕུར་པ་ལ་བཏགས་པ་དང་འདྲའོ། །དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་གང་ཟག་ཐམས་ཅད་ལ་ཐམས་ཅད་འབྱུང་བ་མ་ཡིན་ཞེས་བྱ་བ་ནི་འགའ་ཞིག་ཁ་ཅིག་ལ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །

དེའི་ཕྱིར། གང་ལ་དེ་སྐྱེས་མ་སྤངས་པའི་ཞེས་དེ་དག་ཀྱང་ཁྱད་པར་དུ་བྱས་པ་ཡིན་ཏེ། མ་སྤངས་པ་ཞེས་བྱ་བའི་ཁྱད་པར་སྨོས་པ་འདི་ལྟར་འདོད་ཆགས་ལ་སོགས་པ་གང་དག་གིས་སྔོན་དངོས་པོ་དེ་དང་ལྡན་པར་གྱུར་པ་དེ་དག་གལ་ཏེ་སྤངས་པར་གྱུར་ནས་དེ་དག་གིས་དེ་དང་ལྡན་པ་མ་ཡིན་ཏེ།
སྤངས་པས་ཡུལ་ལ་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །ཡིད་ཀྱི་དེ་དག་མ་འོངས་པས་ཀུན་དང་ཞེས་བྱ་བ་ལ། ཡིད་ཀྱི་ཞེས་བྱ་བ་སྨོས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པ་རྣམས་ནི། གཞན་གྱི་རང་དུ་ས་པ་ཞེས་གཞན་དུ་རྣམ་པར་གཞག་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ནི་འདོད་ཆགས་དང་
ཁོང་ཁྲོ་བ་ཁྱད་པར་དུ་བྱ་བ་ཡིན་ཏེ། ང་རྒྱལ་ནི་གདོན་མི་ཟ་བར་ཡིད་ཀྱི་ཡིན་པའི་ཕྱིར་རོ། །མ་འོངས་པའི་དེ་དག་གིས་ནི་རིས་ལྔ་པ་དུས་གསུམ་པ་ཐམས་ཅད་དང་ཡང་བདག་ཉིད་ཇི་ལྟ་བ་བཞིན་ལྡན་པ་ཡིན་ནོ། །ཟག་པ་དང་བཅས་པའི་དངོས་པོ་གང་ཞིག་རང་གི་མཚན་ཉིད་པའི་ཉོན་མོངས་པས་
ཀྱང་འདོད་ཆགས་དང་བཅས་པ་མ་ཡིན་པ་དང་། ཞེ་སྡང་གིས་ཞེ་སྡང་དང་བཅས་པ་མ་ཡིན་པ་དང་། ང་རྒྱལ་གྱིས་ང་རྒྱལ་དང་བཅས་པ་མ་ཡིན་པ་དེ་ནི་མེད་དེ། འདོད་ཆགས་ལ་སོགས་པ་མ་འོངས་པ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་དམིགས་པ་དག་
ནི་དཔག་ཏུ་མེད་པ་ཞིག་ཡོད་དོ། །འདོད་ཆགས་དང་ཁོང་ཁྲོ་བ་མ་འོངས་པ་གཞན་དག་གིས་ནི་མ་འོངས་པའི་དངོས་པོ་ཁོ་ན་དང་ལྡན་ནོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་དམིགས་པ་ལ་ངེས་པ་ཡིན་པས་ཆོས་སྐྱེ་བར་འགྱུར་བའི་ཆོས་དེ་དག་གིས་མ་འོངས་པའི་དངོས་པོ་ཁོ་
ན་དང་ལྡན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱི་ཡུལ་ནི་ད་ལྟར་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་བ་གཞན་དག་གིས་ཞེས་སྨོས་ཀྱི་ང་རྒྱལ་མ་སྨོས་པ་ནི། མཐོང་སྤང་བྱ་ཉིད་ང་རྒྱལ་བཅས། །ཡིད་རྣམ་ཤེས་ཀྱི་ས་པ་ཡིན། །ཞེས་འབྱུང་བས་ང་རྒྱལ་རྣམས་ཡིད་ཀྱི་ས་ཡིན་པའི་
ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་པ་དག་གིས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཡིད་ཀྱི་ས་པ་དག་འབའ་ཞིག་ཏུ་ནི་མ་ཟད་ཀྱི་ཞེས་སྟོན་པར་བྱེད་དོ། །མི་སྐྱེ་བའི་ཆོས་ཅན་དེ་དག་གིས་ནི་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ཏེ་མི་སྐྱེ་བའི་ཆོས་ཅན་དེ་དག་ནི་མ་འོངས་པའི་

དུས་ཁོ་ན་ན་རྣམ་པར་གནས་ལ། དེ་དག་གི་དམིགས་པ་དག་ནི་འཕོ་བར་འགྱུར་རོ། །ཉོན་མོངས་པ་དང་ལྡན་པ་མི་སྐྱེ་བའི་ཆོས་ཅན་རྣམས་ནི་ལྕམ་པ་བཞིན་དུ་ཡུལ་ལ་མངོན་པར་ཕྱོགས་པ་ཁོ་ནར་གནས་ཏེ། འདི་ལྟར་མི་སྐྱེ་བའི་ཆོས་རྣམས་ནི་དམིགས་པ་ལ་དམིགས་ནས་
སྐྱེ་བར་འགྱུར་བ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཁ་ཅིག་གི་དམིགས་པ་ནི་འདས་པ་ཡིན་ནོ། །ཁ་ཅིག་ནི་ད་ལྟར་ཡིན་ནོ། །ཁ་ཅིག་ནི་མ་འོངས་པ་ཡིན་ནོ། །དེ་དག་ནི་དམིགས་པ་མི་སྐྱེ་བ་ཁོ་ནས་མི་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་མ་ཚང་བའི་ཕྱིར་ཏེ། གྲུབ་པའི་མཐའ་ནི་ཚོགས་པ་ནི་གནས་
སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི་རྫས་ཀྱི་འབྲས་བུ་ཅན་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་བྱ་བ་ནི་ལྟ་བ་ལ་སོགས་པའི་རིས་དུ་མ་དུས་གསུམ་པ་དག་གིས་ཀྱང་དུས་གསུམ་པའི་དངོས་པོ་རྣམ་པ་ལྔ་ཆར་དང་ལྡན་ཏེ་ཡང་དག་པར་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་སྤྱི་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཆར་ལ་དམིགས་པ་ཡིན་པའི་ཕྱིར་ཐམས་ཅད་ཀུན་ལ་འབྱུང་ངོ་། །ཇི་ལྟར་ན་འདས་པ་དང་མ་འོངས་པའི་དངོས་པོ་དེ་དང་ངམ། འདས་པ་དང་མ་འོངས་པའི་ཕྲ་རྒྱས་དེས་ལྡན་པའམ་
བྲལ་བ་ཡིན་ཏེ། ཇི་ལྟར་ན་མ་སྤངས་པ་དང་སྤངས་པའི་གནས་སྐབས་སུ་རྣམ་པར་གཞག །འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་འདུ་བྱེད་རྣམས་དུས་སུ་འཕོ་བར་བྱ་བའི་ཕྱིར་འཇུག་སྟེ། དེའི་ཕྱིར་དེ་དག་རྟག་པ་ཉིད་མ་
ཡིན་པར་དམ་འཆའོ། །དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཞེས་བྱ་བའི་མདོ་འདིའི་མགོ་ནི་འདི་སྐད་ཅེས་འབྱུང་བ་ཡིན་ཏེ། གཟུགས་འདས་པ་དང་མ་འོངས་པ་ཡང་མི་རྟག་ན་ད་ལྟར་བྱུང་བ་ལྟ་ཅི་སྨོས། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་ལྟ་བ་ནི་འདས་པའི་གཟུགས་
ལ་ལྟ་བར་མི་འགྱུར། མ་འོངས་པའི་གཟུགས་ལ་མངོན་པར་དགའ་བར་མི་འགྱུར་གྱི། ད་ལྟར་བྱུང་བའི་གཟུགས་ལ་ཡིད་བྱུང་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན།

འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན་གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །གལ་ཏེ་མ་འོངས་པའི་གཟུགས་ཤིག་ཡོད་པར་མ་
གྱུར་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པ་ཡིན་
ནོ། །དགེ་སློང་དག་གལ་ཏེ་ད་ལྟར་བྱུང་བའི་གཟུགས་ཤིག་ཡོད་པར་མ་གྱུར་ན་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་འཕགས་པ་ཉན་ཐོས་ལ་འདོད་
ཆགས་དང་བྲལ་བ་དེའི་ཚེ་འདས་པའི་ཡུལ་ལ་མི་ལྟ་བའི་བློ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གང་གི་ཚེ་འདས་པའི་གཟུགས་ལ་ལྟ་བ་དེའི་ཚེ་དེ་ལ་ཆགས་པ་ཡིན་ནོ། །མངོན་པར་དགའ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །དགེ་སློང་དག་གལ་ཏེ་ད་ལྟར་བྱུང་བའི་གཟུགས་
ཤིག་ཡོད་པར་མ་གྱུར་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ད་ལྟར་བྱུང་བའི་གཟུགས་ལ་ཡིད་བྱུང་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགོག་པར་བྱ་བའི་ཕྱིར་ཞུགས་པར་ཡང་མི་འགྱུར་བ་ཞིག་ན་ཞེས་བྱ་བ་འདི་ནི་མ་སྨོས་ཏེ། གཉི་ག་ལ་རབ་ཏུ་གྲུབ་པའི་
ཕྱིར་རོ། །གཉིས་ཕྱིར་ཞེས་བྱ་བ་ནི་སྔ་མ་ནི་ཞལ་ནས་གསུངས་པ་ཡིན་ནོ་ཞེས་རབ་ཏུ་བསྟན་པ་ཡིན་ནོ། །ད་ནི་རྣམ་གྲངས་ཀྱི་སྒོ་ནས་ཡིན་གྱི་ཞལ་ནས་ནི་མ་ཡིན་པས་ཁྱད་པར་ཡོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་ལ་དམིགས་པ་གང་ཡིན་པ་གཉིས་ལ་བརྟེན་པར་མི་
འགྱུར་རོ། །དེ་བས་ན་དམིགས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པར་བྱ་བ་ཡོད་ན་རྣམ་པར་ཤེས་པ་ཡིན་པས་སོ། །འདི་ལ་སྒྲུབ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡོད་པ་ལ་དམིགས་པ་ཁོ་ན་ཡིན་ཏེ། དམིགས་པའི་ངོ་བོ་ཉིད་ཡིན་པའི་

ཕྱིར་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །འབྲས་ཕྱིར་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བའི་ལས་འདས་པ་ནི་རང་གི་ངོ་བོར་ཡོད་པ་ཡིན་ཏེ། སྨིན་པའི་ཚེ་འབྲས་བུ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ད་ལྟར་གྱི་བཞིན་ནོ། །དངོས་པོ་གཞན་དུ་འགྱུར་གྱི་ཞེས་བྱ་བ་ནི་འདས་
པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་གཞན་དུ་འགྱུར་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རང་གི་མཚན་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། མ་འོངས་པ་ད་ལྟར་བྱུང་བའི་དུས་སུ་འགྱུར་བ་ན་མ་འོངས་
པའི་དངོས་པོ་འདོར་ཞིང་ད་ལྟར་བྱུང་བའི་དངོས་པོ་ནི་འཐོབ་པོ། །ད་ལྟར་བྱུང་བ་ཡང་འདས་པའི་དུས་སུ་འགྱུར་བ་ན་ད་ལྟར་བྱུང་བའི་དངོས་པོ་འདོར་ཞིང་འདས་པའི་དངོས་པོ་འཐོབ་པོ། །གསེར་ཞེས་བྱ་བ་དང་། འོ་མ་ཞེས་བྱ་བའི་དཔེ་གཉིས་ནི་གོ་རིམས་བཞིན་དུ་དབྱིབས་དང་ཡོན་ཏན་གཞན་ཉིད་
དུ་འགྱུར་བར་ཤེས་པར་བྱ་བའི་ཕྱིར་རོ། །མཚན་ཉིད་གཞན་དུ་གྱུར་པ་ནི་མཚན་ཉིད་འཇུག་པ་ཐོབ་པ་ལ་ལྟོས་ནས་ཐ་སྙད་རྗོད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཆོས་དུས་རྣམས་སུ་འཇུག་པ་ན་འདས་པའི་མཚན་ཉིད་དང་ལྡན་ལ། མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དང་ནི་མི་ལྡན་པ་མ་ཡིན་ནོ་
ཞེས་བྱ་བ་རྒྱས་པར་སྨྲས་ཏེ། མཚན་ཉིད་འཇུག་པ་ཐོབ་པ་ནི་མཚན་ཉིད་དང་ལྡན་པར་རྣམ་པར་གཞག་པ་དེ་ལས་གཞན་དང་མི་ལྡན་པ་མ་ཡིན་པ་ནི་བྲལ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར། དཔེར་ན་སྐྱེས་བུ་བུད་མེད་ཅིག་ལ་ཆགས་པ་ལྷག་མ་རྣམས་ལ་འདོད་ཆགས་དང་བྲལ་
བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དཔེར་རྗོད་པར་བྱེད་དོ། །དེ་བུད་མེད་ཅིག་ལ་ལྷག་པར་ཞེན་པར་གྱུར་ན། བུད་མེད་ལྷག་མ་རྣམས་ལ་འདོད་ཆགས་ཀྱི་ཐོབ་པ་ཁོ་ན་ཡོད་ཀྱི་ཀུན་དུ་འབྱུང་བ་ནི་མ་ཡིན་པ་ལྟ་བུའོ། །གནས་སྐབས་གཞན་དུ་འགྱུར་བ་པ་ནི་གནས་སྐབས་ལ་ལྟོས་ནས་ཐ་སྙད་རྗོད་པར་བྱེད་
དེ། ཆོས་དེ་གནས་སྐབས་གང་ན་བྱ་བ་མི་བྱེད་པའི་གནས་སྐབས་དེ་ན་ནི་མ་འོངས་པ་ཞེས་བྱ་ལ། གང་ན་བྱེད་པ་དེ་ན་ནི་ད་ལྟར་ཞེས་བྱའོ། །གང་ན་བྱས་ནས་འགགས་པ་དེ་ན་ནི་འདས་པ་ཞེས་བྱའོ། །དེའི་ཕྱིར་གནས་སྐབས་དང་གནས་སྐབས་སུ་ཕྱིན་ནས་གནས་སྐབས་གཞན་གྱི་སྒོ་ནས་མ་འོངས་

པའི་གནས་སྐབས་སུ་ཕྱིན་ནས་མ་འོངས་པ་ཞེས་བྱ་བ་ནས་འདས་པའི་གནས་སྐབས་སུ་ཕྱིན་ནས། འདས་པའི་ཞེས་བྱ་བའི་བར་གཞན་དང་གཞན་ཞེས་སྟོན་གྱི་རྫས་གཞན་གྱི་སྒོ་ནས་མ་ཡིན་ཏེ། མ་འོངས་པ་ལ་སོགས་པའི་གནས་སྐབས་སུ་ཕྱིན་པ་ལ་མཚན་ཉིད་ཐ་དད་པ་ནི་མེད་ཀྱི། མ་འོངས་
པ་ལ་སོགས་པ་ཞེས་བྱ་བའི་སྒྲར་སྟོན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་དཔེར་ན་རི་ལུ་གཅིག་ཅེས་བྱ་བ་རྒྱས་པར་དཔེར་རྗོད་པར་བྱེད་དོ། །དཔེར་ན་རི་ལུ་གཅིག་གི་ཤོ་མིག་ཏུ་བཞག་ཅིང་གནས་གཅིག་ཏུ་བཞག་ན་གཅིག་ཅེས་བྱ་ལ། དེ་བཞིན་དུ་བརྒྱའི་ཤོ་
མིག་ཏུ་བཞག་ན་བརྒྱ། སྟོང་གི་ཤོ་མིག་ཏུ་བཞག་ན་སྟོང་ཞེས་བྱ་བ་བཞིན་ཏེ། གནས་སྐབས་ཐ་དད་ལ་ལྟོས་ནས་ཡིན་གྱི། དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གནས་སྐབས་ཐ་དད་པའི་བྱེ་བྲག་ལས་གྲངས་རྗོད་པར་བྱེད་པའི་མིང་གཞན་འབྱུང་བར་ཟད་དོ། །སྔ་མ་
དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་ཞེས་བརྗོད་ཅེས་བྱ་བ་ནི། སྔ་མ་དང་ཕྱི་མ་ལ་ལྟོས་ནས་འདས་པ་དང་། མ་འོངས་པ་དང་ད་ལྟར་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། སྔ་མ་འདས་པ་དང་ད་ལྟར་ཁོ་ན་ལ་ལྟོས་ནས་མ་འོངས་པ་ཞེས་བྱའོ། །སྔ་མ་འདས་པ་དང་། ཕྱི་མ་མ་འོངས་པ་ལ་ལྟོས་ནས་
ད་ལྟར་ཞེས་བྱའོ། །ཕྱི་མ་ད་ལྟར་དང་མ་འོངས་པ་ཁོ་ན་ལ་ལྟོས་ནས་འདས་པ་ཞེས་བྱའོ། །དེ་བས་ན་གཞན་དང་གཞན་དུ་འགྱུར་བ་པ་ནི་སྔ་མ་དང་ཕྱི་མ་ལ་ལྟོས་ནས་ཐ་སྙད་རྗོད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དཔེར་ན་བུད་མེད་གཅིག་ལ་མ་ཞེས་བྱ་ལ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ་ཞེས་བྱ་བ་དཔེར་རྗོད་
པར་བྱེད་དེ། དཔེར་ན་བུད་མེད་གཅིག་ཅིག་ལ་བུ་མོ་ལ་ལྟོས་ནས་ནི་མ་ཞེས་ཀྱང་བྱ་ལ། མ་ལ་ལྟོས་ནས་ནི་བུ་མོ་ཞེས་ཀྱང་བྱ་བ་ལྟར་སྔ་མ་དང་ཕྱི་མ་ལ་ལྟོས་པ་ཡིན་གྱི་རྫས་གཞན་གྱི་སྒོ་ནས་ནི་མ་ཡིན་ནོ། །གྲངས་ཅན་གྱི་ཕྱོགས་ལ་བརླན་པར་བྱའོ་ཞེས་བྱ་བ་ནི་གྲངས་ཅན་གྱི་ཕྱོགས་དགག་པ་གང་ཡིན་
པ་དེ་ཉིད་དེའི་ཕྱོགས་དགག་པ་ཡིན་ཏེ། གྲངས་ཅན་གྱི་ཕྱོགས་ནི་སྔར་བཀག་ཟིན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །གཉིས་པ་བཙུན་པ་དབྱངས་སྒྲོགས་ཀྱིའང་དུས་འཆོལ་བར་འགྱུར་ཏེ། འདས་པའི་དུས་སུ་འདོད་པ་གང་ཡིན་པ་དེ་ད་ལྟར་དང་མ་འོངས་པར་ཡང་འགྱུར་རོ། །ཇི་ལྟ་ཞེ་ན་འདས་པ་ནི་འདས་

པའི་མཚན་ཉིད་དང་ལྡན་པ་ཡིན་ལ། མ་འོངས་པ་དང་ད་ལྟར་གྱི་མཚན་ཉིད་དག་ནི་མི་ལྡན་པ་མ་ཡིན་ཏེ། ལྡན་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མ་འོངས་པ་ཡང་མ་འོངས་པའི་མཚན་ཉིད་དང་ལྡན་ལ། འདས་པ་དང་ད་ལྟར་གྱི་མཚན་ཉིད་དག་ནི་མི་ལྡན་པ་མ་ཡིན་ནོ། །ད་
ལྟར་ཡང་ད་ལྟར་གྱི་མཚན་ཉིད་དང་ལྡན་ལ། འདས་པ་དང་མ་འོངས་པའི་མཚན་ཉིད་དག་ནི་མི་ལྡན་པ་མ་ཡིན་ནོ། །དེ་ལྟ་བས་ན་རེ་རེ་ཞིང་མཚན་ཉིད་གསུམ་ཆར་དང་ལྡན་པའི་ཕྱིར། འདས་པ་དང་མ་འོངས་པ་དང་ད་ལྟར་དུ་འགྱུར་ཏེ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་དག་ལ་ཡང་སྦྱར་བར་
བྱའོ། །འདིར་ཅི་ཞིག་མཚུངས་ཞེས་བྱ་བ་ནི། སྐྱེས་བུ་གཅིག་འབའ་ཞིག་དང་ལྡན་པ་དེ་བཞིན་དུ། ཆོས་ལ་མཚན་ཉིད་གཅིག་ཡོད་ཀྱི་མཚན་ཉིད་གཞན་གཉིས་མེད་དམ་ཅི་ན། གང་གི་ཕྱིར་དེ་སྐད་དུ་དཔེར་རྗོད་པར་བྱེད། དེ་ལྟ་བས་ན་མཚུངས་པ་མེད་དོ། །བཞི་པའི་ཡང་ཞེས་བྱ་བ་ནི་བཙུན་པ་
སངས་རྒྱས་ལྷའི་ཡང་ངོ་། །དུས་གཅིག་ལ་དུས་གསུམ་ཆར་དུ་འགྱུར་ཏེ་ཞེས་བྱ་བ་ནི་འདས་པའི་དུས་གཅིག་ཁོ་ན་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་རྣམ་པར་གཞག་པ་ཡོད་པས་སོ། །དེ་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་པ་དག་ནི་འདས་པ་དང་མ་འོངས་པ་ཡིན་ཏེ། སྐད་ཅིག་མ་སྔ་མ་ནི་འདས་པ་
ཡིན་ལ་དབུས་ཀྱི་སྐད་ཅིག་མ་ནི་ད་ལྟར་བྱུང་བ་ཡིན། ཕྱི་མ་ནི་མ་འོངས་པ་ཡིན་པས་འདས་པའི་དུས་ལ་དུས་གསུམ་ཆར་དུ་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས། དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱི་ནང་ན་གསུམ་པ་བཟང་སྟེ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་བཟང་ཞེ་ན་སྨྲས་པ། འདི་ལྟར་དེའི་ནི་བྱ་བ་ཡི། །
དུས་རྣམས་རྣམ་གཞག །བྱ་བ་ཡང་མིག་ལ་སོགས་པའི་བྱ་བ་ནི་ལྟ་བ་ལ་སོགས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཡང་རང་གི་དབང་པོའི་སྤྱོད་ཡུལ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བྱ་བས་རྣམ་པར་གཞག་ན་མིག་དེ་དང་འདྲ་བའི་བྱ་བ་གང་ཞིག་
ཡིན་ཏེ། གང་ཞིག་བྱ་བའི་མཚན་ཉིད་རང་གི་ལས་མི་བྱེད་པ་དེ་ནི་དེ་དང་འདྲ་བ་ཡིན་ལ། དེ་ལ་ཡང་ལྟ་བའི་མཚན་ཉིད་ཀྱི་བྱ་བ་མེད་ན་དེ་ཇི་ལྟར་ད་ལྟར་བྱུང་བ་ཡིན་སྙམ་དུ་བསམས་པ་ཡིན་ནོ། །འབྲས་བུ་འབྱིན་པ་དང་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་མིག་དེ་ནི་རང་གི་རྒྱུ་མཐུན་པའི་འབྲས་བུ་འཛིན་

ཅིང་འཕེན་པ་ཡང་ཡིན་ལ། འབྲས་བུ་འབྱིན་པ་ཡང་ཡིན་ཏེ། མཇུག་ཐོགས་སུ་རྒྱུ་མཐུན་པའམ་སྐྱེས་བུ་བྱེད་པའི་འབྲས་བུ་འབྱིན་ཏོ། །ལྟ་བའི་བྱ་བ་མི་བྱེད་ཀྱང་འབྲས་བུ་གཞན་བྱེད་དེ། དེ་ལ་འབྲས་བུ་འབྱིན་པ་དང་། འཛིན་པ་ཡོད་པའི་ཕྱིར་དེ་ནི་ད་ལྟར་བྱུང་བ་ཞེས་བྱ་བར་རྣམ་པར་གཞག་
གོ།། །།བམ་པོ་བཞི་བཅུ་རྩ་གཅིག་པ། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་སྨིན་པའི་རྒྱུ་ལ་སོགས་པ་ཡང་བསྡུ་སྟེ། དེ་དག་ནི། ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་འབྱུང་བས།
འབྲས་བུ་འབྱིན་པའི་སྒོ་ནས་བྱེད་པ་ཡོད་པའི་ཕྱིར། བྱེད་པ་ཡོད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་དེ་དག་ཀྱང་ད་ལྟར་བཞིན་དུ་བྱ་བ་ཡོད་པའི་ཕྱིར་ད་ལྟ་ཉིད་དུ་ཐལ་བར་འགྱུར་བས། མཚན་ཉིད་འཆོལ་བར་འགྱུར་རོ། །གལ་ཏེ་ཁྱོད་གང་དག་ལ་འབྲས་བུ་འཛིན་པ་
དང་འབྱིན་པ་གཉི་ག་ཡོད་པ་དེ་དག་ནི་ད་ལྟར་ཡིན་གྱི། གང་དག་ལ་གཅིག་ཡོད་པ་དེ་དག་ནི་མ་ཡིན་ནོ་ཞེས་སྨྲ་ན། དེའི་ཕྱིར་བྱ་བ་ཕྱེད་དུ་ཞེས་བྱ་བ་སྨོས་ཏེ། ཐལ་བར་འགྱུར་རོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བྱ་བ་ཕྱེད་ཡོད་པར་ཐལ་བར་འགྱུར་བ་སྟེ། འདས་པ་དེ་དག་ཕྱེད་ད་ལྟར་ཡིན་ནོ་
ཞེས་བྱ་བར་ཐལ་བར་འགྱུར་རོ། །འདས་པ་དེ་དག་འབྲས་བུ་འཛིན་པའི་མཚན་ཉིད་ཀྱི་བྱ་བ་ཞིག་པའི་ཕྱིར་འདས་པའི་མཚན་ཉིད་དང་ཡང་ལྡན་ལ། ད་ལྟར་གྱི་འབྲས་བུ་འབྱིན་པའི་ཕྱིར་ད་ལྟར་གྱི་མཚན་ཉིད་དང་ཡང་ལྡན་ཏེ་དེ་ཉིད་མཚན་ཉིད་འཆོལ་བའི་ཉེས་པ་ཡིན་ནོ། །འདས་པ་ལ་སོགས་
པའི་མཚན་ཉིད་དུ་འདོད་པ་ནི། བྱ་བ་ཞིག་པ་ནི་འདས་པ་ཡིན་ལ་བྱ་བ་མ་ཐོབ་པ་ནི་མ་འོངས་པ་ཡིན། བྱ་བ་ཐོབ་ལ་མ་ཞིག་པ་ནི་ད་ལྟར་ཡིན་ནོ་ཞེས་བྱ་བ་ཡིན་པས་སོ། །བགེགས་སུ་བྱེད་ཅེས་བྱ་བ་ནི་བགེགས་བྱེད་པ་སུ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་བགེགས་སུ་བྱེད་ཅེས་
བྱ་བ་ནི། འདི་ལ་བགེགས་བྱེད་པ་སུ་ཡོད་ཅེས་བྱ་བ་སྟེ། བྱ་བའི་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་རྐྱེན་རྣམས་མ་ཚོགས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་དེ་ལ་འདི་སྙམ་དུ་རྒྱུ་དང་མཚུངས་པ་དེ་མ་ཐག་པ་ལ་སོགས་པ་རྐྱེན་རྣམས་མ་ཚོགས་པ་ཡིན་ཏེ། དེའི་ཕྱིར་དུས་ཐམས་ཅད་དུ་ནི་བྱ་བ་མི་བྱེད་དོ་སྙམ་

དུ་སེམས་ན་མི་རུང་སྟེ། རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །རྐྱེན་རྣམས་མ་ཚོགས་པར་རྟག་ཏུ་ནི་མི་རུང་སྟེ། འདི་ལྟར་ཁྱེད་ནི་རྐྱེན་རྣམས་ཡོད་པ་ཉིད་དུ་ཁས་ལེན་ལ་ཡོད་པ་རྣམས་ནི་ཞིག་པ་མ་ཡིན་པའི་ཕྱིར་རོ། །བྱ་བ་འདས་པ་དང་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་གྲུབ་པའི་མཐའ་ལས་བྱ་བ་ཞིག་པ་ནི་འདས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བས་བྱ་བ་འདས་པ་ཞེས་བྱ་བ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་ལ། ཡང་བྱ་བ་གཞན་ཞིག་ཡོད་དམ་ཅི་ན་གང་གི་ཕྱིར་འདས་པ་ལ་སོགས་པ་ཉིད་དུ་བརྗོད། གལ་ཏེ་ཡོད་ན་ནི་ཐུག་
པ་མེད་པར་ཐལ་བར་འགྱུར་རོ། །ཇི་སྟེ་མེད་ན་ནི་ཇི་ལྟར་འདས་པ་ལ་སོགས་པ་ཞེས་བྱའོ། །འོན་ཏེ་འདས་པ་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཞིག་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་འདུས་མ་བྱས་པ་ཡིན་པའི་ཕྱིར་འདུས་
མ་བྱས་ཡིན་པས་རྟག་ཏུ་ཡོད་དོ་ཞེས་བྱ་བར་འགྱུར་ཏེ་བྱ་བ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེས་ན་ནི་ཅི་ཞེ་ན། དེའི་ཕྱིར་གང་གི་ཚེ་ཆོས་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། བྱ་བ་བྱེད་པར་མི་ནུས་པ་ཉིད་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་
ནི་སྐྱོན་དེར་ཡང་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་བྱ་བ་ལ་ཡང་བྱ་བ་གཞན་ཡོད་ཅེས་བྱ་བའི་ཐལ་བའམ། འདུས་མ་བྱས་སུ་ཐལ་བའི་ཉེས་པ་དེར་ཡང་འགྱུར་བ་ཞིག་ན། དེ་ནི་གཞན་ཡང་མ་ཡིན་པས་འདི་ནི་ཉེས་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེའི་
བདག་ཉིད་ཁོ་ནར་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ཁོ་ན་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྔོན་ཅི་ཞིག་མ་བྱུང་བར་གྱུར་ཅེས་བྱ་བར་ནི་མ་འོངས་པའི་གནས་སྐབས་ན་སྟེ། གལ་ཏེ་བྱ་བ་ཡིན་ནོ་ཞེ་ན་ནི་གཞན་མ་ཡིན་པའི་ཕྱིར་ཆོས་ཉིད་མེད་དོ་ཞེས་སྨྲས་པར་
འགྱུར་རོ། །ཕྱིས་ཅི་ཞིག་མེད་ཅེས་བྱ་བ་ནི་འདས་པའི་གནས་སྐབས་ན་སྟེ། གལ་ཏེ་བྱ་བ་ཡིན་ནོ་ཞེ་ན་ནི་ཆོས་དང་བྱ་བ་དག་ནི་གཞན་མ་ཡིན་པའི་ཕྱིར་ཆོས་ཉིད་མེད་དོ་ཞེས་སྨྲས་པར་འགྱུར་རོ། །གལ་ཏེ་མ་བྱུང་བ་ལས་བྱུང་བར་མི་འདོད་ན་ད་ལྟར་བྱུང་བ་འགྲུབ་པར་མི་འགྱུར་རོ། །

གལ་ཏེ་བྱུང་ནས་ཀྱང་ཡང་མི་འབྱུང་བར་མི་འདོད་ན་འདས་པའི་དུས་འགྲུབ་པར་མི་འགྱུར་རོ། །མ་འོངས་པ་ནི་གང་ཞིག་མ་བྱུང་བ་ལས་རེ་ཞིག་མི་འབྱུང་བ་ཡིན་ནོ་ཞེས་བྱ་བར་ཤུགས་ཀྱིས་གོ་བར་འགྱུར་རོ། །ཚིག་གི་དོན་ནི་དེ་ལྟར་ན་དུས་གསུམ་འགྲུབ་ཀྱི་དེ་ལྟ་མ་ཡིན་ན་ནི་འགྲུབ་པར་མི་
འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་དང་འཇིག་པ་དག་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་སྐྱེ་བ་དང་འཇིག་པ་དག་མི་རུང་ངོ་། །དེ་ལྟ་བས་ན་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར། རྟག་པ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ནི་ཚིག་ཙམ་དུ་ཟད་དོ། །
ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡང་ཡོད་ལ་སྐྱེ་བ་དང་འཇིག་པ་དག་དང་ལྡན་ནོ་ཞེས་བྱ་བའི་ཚིག་གི་ལུགས་ནི་སྔོན་མ་ཐོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏམ་ཚིག་གི་ལུགས་འདི་ནི་སྔ་ཕྱི་འགལ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རང་བཞིན་ཡང་ནི་རྟག་ཏུ་
ཡོད། །ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་དེ་དུས་ཐམས་ཅད་ན་ཡོད་དོ་ཞེས་བྱ་བར་འདོད་དོ། །གལ་ཏེ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུས་ཐམས་ཅད་དུ་ཡང་ཡོད་ན་དེས་ན་གཟུགས་ལ་སོགས་པའི་དངོས་པོ་རྟག་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ།
དངོས་པོ་ཡང་ནི་རྟག་མི་འདོད། །དེ་ལྟ་ཡིན་ན་གདོན་མི་ཟ་བར་རང་བཞིན་དེ་ལས་དངོས་པོ་གཞན་ཡིན་ནོ་ཞེ་ན། དེའི་ཕྱིར། རང་བཞིན་ལས་ཀྱང་དངོས་མི་གཞན། །ཞེས་སྨྲས་སོ། །དེ་ལྟ་བས་ན་འདི་ནི་འདོད་རྒྱལ་ཙམ་དུ་ཟད་པའི་ཕྱིར། དབང་ཕྱུག་ཐ་སྙད་ཡིན་པར་གསལ་ཏེ་རིགས་པ་ནི་མེད་དོ། །
སྔོན་བྱུང་བ་གང་ཡིན་པ་ནི་འདས་པ་ཡིན་ལ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དུ་མེད་དོ་ཞེས་སྟོན་པར་བྱེད་དོ། །རྐྱེན་ཡོད་ན་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མ་འོངས་པ་ཡིན་ནོ་ཞེས་བྱ་བ་ནི་མེད་ཀྱང་རྒྱུ་ཡོད་པའི་སྒོ་ནས་རྣམ་པར་འཇོག་གོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་བྱས་ནས་ཞེས་བྱ་བ་ནི་སྔོན་
བྱུང་བ་དང་འབྱུང་བར་འགྱུར་རོ་ཞེས་བྱས་ནས་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་པ་ཉིད་དོ། །རྒྱུ་ལ་སྐུར་པ་འདེབས་པར་ལྟ་བ་དགག་པའི་ཕྱིར་འདས་པ་ཡོད་དོ་ཞེས་གསུངས་སོ། །འབྲས་བུ་ལ་སྐུར་པ་འདེབས་པར་ལྟ་བ་པ་དགག་པའི་ཕྱིར། མ་འོངས་པ་ཡོད་དོ་ཞེས་གསུངས་སོ། །འདས་

པ་བྱུང་བར་གྱུར་ཏེ། མ་འོངས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ་ཞེས་བརྗོད་པར་བྱ་བ་ལས་ཡོད་དོ་ཞེས་གསུངས་སོ་ཞེས་སྨོས་པ་ནི་ཡོད་ཅེས་བྱ་བའི་སྒྲ་ཚིག་གི་ཕྲད་ཡིན་པའི་ཕྱིར་རོ། །ཚིག་གི་ཕྲད་ནི་དུས་གསུམ་པའི་ཡུལ་ཅན་ཡིན་པས་བྱུང་བར་གྱུར་
ཏོ། །འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ལ་ཡང་ཡོད་དོ། །དཔེར་ན་སྨྲ་བ་པོ་མར་མེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དཔེར་ན་སྨྲ་བ་པོ་མར་མེ་སྔ་ན་མེད་པ་ཡོད་དོ། །ཕྱིས་མེད་པ་ཡོད་དོ་ཞེས་སྨྲ་ཡང་རྫས་སུ་ཡོད་པ་མ་ཡིན་པ་ལྟ་བུ་དང་། ཡང་དཔེར་ན་སྨྲ་བ་པོ་མར་མེ་དེ་ཤི་བ་ནི་ཡོད་མོད་
ཀྱི། ཁོ་བོས་ནི་མ་བསད་དོ་ཞེས་ཟེར་ཡང་ཡོད་ཅེས་བྱ་བའི་སྒྲ་སྦྱར་བས་ཤི་བ་དེ་ཡོད་པ་ནི་མ་ཡིན་པ་ལྟ་བུའོ། །བྱེ་བྲག་ཏུ་སྨྲ་བ་ལྟར་ན་འགགས་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་པ་བདེན་མོད་ཀྱི་དེ་ནི་མར་མེའི་ངོ་བོ་ཉིད་འཛིན་པ་ཁོ་ནར་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྫས་
སུ་ཡོད་པ་ཉིད་མ་ཡིན་པ་ཡང་འདས་པ་དང་མ་འོངས་པ་ཡང་ཡོད་དོ་ཞེས་གསུངས་ཀྱི། དེ་ལྟ་མ་ཡིན་ན་འདས་པ་དང་མ་འོངས་པ་མི་འགྲུབ་པ་ཁོ་ནར་འགྱུར་ཏེ། གལ་ཏེ་མཚན་ཉིད་དེ་ཁོ་ན་བཞིན་དུ་ཡོད་པར་གྱུར་ན་འདས་པ་དང་མ་འོངས་པ་ཉིད་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །གལ་ཏེ་འདས་པ་སྔོན་བྱུང་བ་ཞིག་ཡིན་ན། འོ་ན་བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་གཙུག་ཅན་རྣམས་ལ་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། འཕགས་པའི་གླེང་གཞི་ཡུལ་ན་ལན་དར་སངས་རྒྱས་ཀྱིས་གསུངས་པའི་མདོ་ཡང་དག་པར་ལྡན་པའི་ལུང་ལས་
འཕགས་པ་མཽད་གལ་གྱི་བུ་བསད་དོ་ཞེས་གླེང་བ་དང་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་གཙུག་ཅན་རྣམས་ཀྱིས་འདི་ལྟར་བསད་པ་མེད་དོ་ཞེས་སྨྲས་པ་ཡོད་དོ། །དེའི་ཕྱིར་མདོ་ལས་འདི་སྐད་དུ་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་གཙུག་ཅན་མཚམས་མེད་པ་བྱེད་པ་རྣམས་ལས་འདས་པ་དེ་ནི་མེད་དོ་ཞེས་དེ་སྐད་
དུ་སྨྲའོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཅི་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་གཙུག་ཅན་དེ་དག་མཚམས་མེད་པའི་ལས་དེ་སྔོན་བྱུང་བ་ཉིད་དུ་མི་འདོད་པར་གྱུར་ཏམ། འདི་སྐད་དུ་བཤད་པ་ཡིན་ཏེ། དེ་དག་ལས་དེ་སྔོན་བྱུང་བ་ཉིད་དུ་ནི་འདོད་པར་གྱུར་མོད་ཀྱི་འོན་ཀྱང་དེ་དག་ལས་འདས་པ་དེ་ནི་མེད་

དོ་ཞེས་ལས་དེ་ལ་རྫས་སུ་མེད་པར་ལོག་པར་རྟོག་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ནི་ངོ་བོ་ཉིད་གང་ལ་དེ་དག་ལོག་པར་རྟོག་པའི་ལས་འདས་པ་དེ་ནི་ཡོད་དོ་ཞེས་རྒྱས་པར་གསུངས་ཏེ། དེ་ལྟ་བས་ན་འདས་པ་ནི་རང་གི་ངོ་བོ་ཡོད་དོ་ཞེས་ཞིབ་ཏུ་བཤད་པ་ཡིན་ནོ། །མདོ་དེ་ལས་ནི་འདས་པ་ནི་སྔོན་
བྱུང་བའི་ལས་གང་ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་བྱ་བར་དགོངས་ནས་ལས་དེ་ཡོད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་དེ་ལ་དེས་ཀུན་དུ་དྲངས་པ་སྟེ། སྔོན་བྱུང་བའི་ལས་ཀྱིས་ཀུན་དུ་དྲངས་ཤིང་བཞག་པ་འབྲས་བུ་སྐྱེད་པའི་མཐུ་ཡོད་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །
དགོངས་པ་འདིས་གསུངས་སོ་ཞེས་བྱ་བར་ཅི་མངོན་ཞེ་ན། དེ་ལྟ་མ་ཡིན་ཏེ་རང་གི་ངོ་བོ་ཉིད་ཁོ་ནར་ཡོད་ན་འདས་པ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ལས་དེ་རང་གི་མཚན་ཉིད་དུ་ཡོད་ཅིང་ད་ལྟར་བྱུང་བའི་མཚན་ཉིད་དུ་ཡོད་ན། འདས་པ་ཞེས་བྱ་བ་འགྲུབ་པར་མི་འགྱུར་གྱི། ད་ལྟར་
བྱུང་བ་ཁོ་ནར་འགྲུབ་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུད་དེ་ལ་དེས་ཀུན་དུ་དྲངས་པ་ཞེས་བྱ་བ་རྒྱས་པར་དེ་སྐད་དུ་བཤད་ན་ནི་ལས་འདས་པ་དེ་ཡོད་དོ་ཞེས་བྱ་བར་འགྲུབ་པར་འགྱུར་རོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་ལྟར་འདས་པ་དང་མ་
འོངས་པ་རྫས་སུ་མེད་དོ་ཞེས་བྱ་བ་དེ་ལྟ་བུར་རོ། །གལ་ཏེ་ད་ལྟར་གྱི་དུས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ད་ལྟར་གྱི་ངོ་བོར་མ་བྱུང་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །མི་རུང་སྟེ་དུས་ནི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ། ད་ལྟར་བྱུང་བའི་
དུས་ནི་མིག་ཅེས་བྱ་བའི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །རྫས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། ད་ལྟར་གྱི་དུས་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་ན་དེ་ཇི་ལྟར་ན་ད་ལྟར་དེ་ཉིད་རང་གི་བདག་ཉིད་དུ་མ་བྱུང་བ་ལས་འབྱུང་བར་འགྱུར་ཏེ་འདི་ལྟར། དེ་ཉིད་
དུས་དང་གཏམ་གཞི་དང་ཞེས་བཤད་དོ། །འོན་ཏེ་མིག་གི་བདག་ཉིད་དུ་མ་བྱུང་བ་ལས་འབྱུང་ངོ་ཞེ་ན་ནི་མ་འོངས་པའི་མིག་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དམིགས་པ་ཙམ་ཞིག་ཡིན་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲ་ནི་སྐྱེད་པར་བྱེད་པ་ཉིད་བཟློག་པའི་ཕྱིར་ཏེ། ཆོས་

རྣམས་དེའི་རྣམ་པར་སྐྱེ་བའི་དམིགས་པ་ནི་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མ་འོངས་པ་བསྐལ་པ་སྟོང་ན་འབྱུང་བར་ཞེས་བྱ་བ་ནི་མ་འོངས་པ་ཉེ་བ་ཡང་སྐྱེད་པར་བྱེད་པ་ཡིན་པར་མི་རུང་ན་དུས་ཤིན་ཏུ་རིང་མོ་ཞིག་ན་འབྱུང་བར་འགྱུར་བ་གང་ཡིན་པ་ལྟ་བུ་སྨོས་ཀྱང་ཅི་
དགོས་ཏེ། འབྲས་བུ་ནི་དུས་སྔ་ལ་རྒྱུ་ནི་དུས་ཕྱི་བ་ཡིན་ནོ་ཞེས་བྱ་བར་ནི་རུང་བ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་རྣམ་པར་ཤེས་པ་འགག་པར་བྱེད་ཀྱི་འཁོར་བའི་འཇུག་པ་དང་འགལ་བའི་ཕྱིར་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །
བྱུང་བར་གྱུར་པ་དང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ད་ལྟར་གྱི་གནས་སྐབས་སུ་གཟུགས་བྱུང་བར་གྱུར་པ་དང་འབྱུང་བར་འགྱུར་བ་དེ་ལྟར་དམིགས་པ་ནི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་དེ་ལ་དེ་ལྟར་དམིགས་ཀྱི་ཡོད་དོ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་ཤེ་ན། དེའི་ཕྱིར་
འདས་པའི་གཟུགས་སམ་ཚོར་བ་དྲན་པ་ན་ཡོད་དོ་ཞེས་བྱ་བར་ནི་སུ་ཡང་མི་ལྟའོ། །འོ་ན་ཅི་ཞེ་ན། གཟུགས་དེ་ཚོར་བ་དང་མིག་གི་རྣམ་པར་ཤེས་པས་མྱོང་བའི་སྟོབས་ཀྱིས་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཉམས་སུ་མྱོང་བ་བཞིན་འབྱུང་བར་གྱུར་ཏོ་ཞེས་བྱ་བར་དྲན་ནོ། །སློབ་དཔོན་ཉིད་ཀྱིས་ཀྱང་
ཇི་ལྟར་ཞེས་བྱ་བ་རྒྱས་པར་གཏན་ཚིགས་སུ་བསྡུ་བ་བཤད་དེ་ད་ལྟར་གྱི་གཟུགས་ཁོ་ན་བཞིན་དུ་བྱུང་བར་གྱུར་པ་དང་། འབྱུང་བར་འགྱུར་བ་ཡང་འཛིན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཡང་དེ་དེ་བཞིན་དུ་ཡོད་དོ་ཞེ་ན་ནི་ཞེས་བྱ་བ་ནི་ད་ལྟར་ཇི་ལྟ་བ་བཞིན་ཡིན་ན་ནི་དེ་ད་ལྟར་དུ་འགྱུར་རོ། །
འོན་ཏེ་དེ་ཁོ་ན་བཞིན་དུ་མེད་དོ་ཞེ་ན་ནི་མེད་པར་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བར་འགྲུབ་པོ། །ད་ལྟར་གྱི་གཟུགས་སུ་མེད་པའི་ཕྱིར་དང་དེ་ཡང་དྲན་པའི་ཕྱིར་རོ། །མ་ཡིན་ཏེ་སིལ་བུ་ལ་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སིལ་བུ་ལ་མི་འཛིན་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ། གཟུགས་
འདི་སྔོན་ནི་སིལ་བུ་མ་ཡིན་ལ། ད་ནི་སིལ་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་དེ་ལ་མི་འཛིན་པའི་ཕྱིར་རོ། །གལ་ཏེ་ཡང་གཟུགས་དེ་ཁོ་ན་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཡང་ད་ལྟར་གྱི་གནས་སྐབས་ཀྱི་གཟུགས་གོང་བུར་གྱུར་པ་དེ་འདས་པ་དང་མ་འོངས་པའི་གནས་སྐབས་ན་རྡུལ་ཕྲ་

རབ་ཏུ་གྱེས་པ་ཡིན་ཏེ། དེའི་ཕྱིར་ད་ལྟར་བཞིན་དུ་མི་འཛིན་ཏོ་ཞེ་ན། དེ་ལྟ་ན་ནི་རྡུལ་ཕྲ་རབ་རྣམས་དེའི་སོ་ན་འདུག་པས་རྟག་པར་འགྱུར་ཏེ། མ་འོངས་པ་དང་ད་ལྟར་བྱུང་བ་དང་འདས་པ་དག་ཀྱང་དེ་དག་ཉིད་དེ་དག་ཡིན་ནོ། །དེ་ལྟ་ཡིན་ན་ནི་རྡུལ་ཕྲ་རབ་རྣམས་བསགས་པ་དང་གྱེས་པ་ཙམ་ཁོ་
ནར་འགྱུར་གྱི་ཅུང་ཟད་སྐྱེ་བ་ཡང་མེད་ལ་འགག་པ་ཡང་མེད་པས་ཡ་མཚན་ཅན་འཚོ་བྱེད་རྣམས་ཀྱིས་རྩོད་པ་བསླངས་པ་ཡིན་ནོ། །ཡང་དེ་ལྟར་འདོད་ན་དགེ་སློང་དག་མིག་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ལ་འགགས་པ་ན་ཡང་གང་དུ་ཡང་བསགས་པར་མི་འགྱུར་རོ། །དགེ་སློང་
དག་དེ་ལྟ་བས་ན་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་མེད་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པའི་མདོ་ཡང་བོར་བར་འགྱུར་རོ། །ཡང་ཅི་ལྟར་ན་མདོ་འདི་བོར་ཞིང་འགལ་བར་བྱས་པ་ཡིན་ཞེ་ན། འདི་ལྟར་མིག་རང་གི་ངོ་བོར་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ་ཞེས་གསུངས་པའི་
བཀའ་འདི་ལ་ཡང་གནོད་པ་བྱས་པ་ཡིན་ལ། འགགས་པ་ན་ཡང་གང་དུ་ཡང་བསགས་པར་མི་འགྱུར་རོ་ཞེས་གསུངས་པའི་བཀའ་འདི་ལ་ཡང་གནོད་པ་བྱས་པ་ཡིན་ཏེ། འདས་པའི་དུས་ན་དེའི་རྡུལ་ཕྲ་རབ་རྣམས་སིལ་བུའི་བསགས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །
རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་རྣམས་ཀྱང་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་བདག་ཉིད་མ་ཡིན་པ་རྣམས་ཀྱང་ཇི་ལྟར་ན་སིལ་བུ་ཉིད་ཡིན། བསགས་པ་ཉིད་དམ་སིལ་བུ་ཉིད་གཅིག་ཏུ་འགྱུར་ན། ལུས་ཅན་རྣམས་ལ་འགྱུར་གྱི་ལུས་ཅན་མ་ཡིན་པ་རྣམས་ལ་ནི་མ་
ཡིན་ནོ། །དེ་དག་ཀྱང་ཇི་ལྟར་བྱུང་ཞིང་ཉམས་སུ་མྱོང་བ་དྲན་ཏེ་ཞེས་བྱ་བ་ནི་ད་ལྟར་གྱི་ངོ་བོ་དག་ཁོ་ན་དྲན་ནོ། །གལ་ཏེ་ཡང་དེ་དག་ད་ལྟར་གྱི་དག་ཇི་ལྟ་བ་དེ་བཞིན་དུ་ཡོད་དོ་ཞེ་ན་ནི་རྟག་པར་འགྱུར་རོ། །འོན་ཏེ་དེའི་ངོ་བོར་མེད་དོ་ཞེ་ན་ནི་མེད་པ་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་
ནོ། །སྐྱེ་མཆེད་བཅུ་གསུམ་པ་ཡང་དམིགས་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གསུམ་དུ་སྐོང་བ་ནི་སྐྱེ་མཆེད་བཅུ་གསུམ་པའོ། །དེ་ཡང་རྣམ་པར་ཤེས་པའི་དམིགས་པར་འགྱུར་ཏེ། མེད་པར་དམིགས་པ་ཉིད་དུ་འདོད་ན་ནི་དེ་ལ་དམིགས་པའི་རྣམ་པར་ཤེས་པར་

ཡང་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས་དེ་སྐད་དུ་སྨྲས་པ་དང་། སློབ་དཔོན་གྱིས་འོ་ན་སྐྱེ་མཆེད་བཅུ་གསུམ་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །བྱེ་བྲག་ཏུ་སྨྲ་བས་མིང་དེ་ཉིད་དམིགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་བཅུ་གསུམ་པ་ཞེས་བྱ་བའི་མིང་གང་ཡིན་པ་དེ་དམིགས་པ་
ཡིན་ནོ། །དེ་ལྟ་ན་ནི་འོ་ན་མིང་ཉིད་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་གྱི་བརྗོད་པར་བྱ་བ་སྐྱེ་མཆེད་བཅུ་གསུམ་པ་མེད་པའི་མཚན་ཉིད་ནི་མ་ཡིན་ནོ། །གཞན་ཡང་གང་ཞིག་སྒྲའི་སྔ་ན་མེད་པ་ལ་དམིགས་པ་དེའི་དམིགས་པ་ཡང་ཅི་ཞིག་ཡིན་ཞེས་བྱ་བའི་ཚིག་གི་ལྷག་མ་ཡིན་ནོ། །དེ་ལྟ་བུའི་
གནས་སུ་བྱེ་བྲག་ཏུ་སྨྲ་བས་སྒྲ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དམིགས་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །སློབ་དཔོན་གྱིས་དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ་གལ་ཏེ་གང་ཞིག་གང་སྒྲའི་སྔ་ན་མེད་པ་ལ་དམིགས་པ་དེས་སྒྲ་ཁོ་ན་ལ་དམིགས་པ་ཡིན་གྱི་སྔ་ན་མེད་པ་ལ་ནི་མ་ཡིན་
ན་གང་ཞིག་སྒྲ་མེད་པ་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདིར་ཡང་འགྱུར་བ་ཡིན་ནོ། །གལ་ཏེ་མ་འོངས་པའི་གནས་སྐབས་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་ནི་ཇི་སྟེ་དེས་སྔ་ན་མེད་པ་ནི་འདི་གང་གི་ཡིན་པ་མ་འོངས་པའི་གནས་སྐབས་དེ་ལ་དམིགས་ཏེ། དེ་
ལྟ་བས་ན་གང་ཞིག་སྒྲ་སྔ་ན་མེད་པ་དོན་དུ་གཉེར་བར་བྱེད་པ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་མི་འགྱུར་རོ་སྙམ་དུ་སེམས་ན་དེའི་ཕྱིར་ཡོད་ན་ཇི་ལྟར་མེད་པའི་བློར་འགྱུར་ཞེས་བྱ་བ་སྨོས་ཏེ། སྔ་ན་མེད་པ་འདི་གང་གི་ཡིན་པའི་སྒྲ་དེ་ཡོད་ན་ཇི་ལྟར་གང་ཞིག་སྔ་ན་མེད་པ་ལ་དམིགས་པ་དེ་ལ་
མེད་པའི་བློར་འགྱུར། གལ་ཏེ་ད་ལྟར་མེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་དེ་ལ་འདི་སྙམ་དུ་ད་ལྟར་མེད་དོ་སྙམ་པ་དེ་ལྟ་བུར་དེ་ལ་དམིགས་པ་མེད་པའི་བློ་འབྱུང་ངོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ་གཅིག་པའི་ཕྱིར་རོ། །མ་འོངས་པ་གང་ཡིན་པ་དེ་ཉིད་ད་ལྟར་ཡིན་གྱི་དེ་ལས་གཞན་པ་ནི་མ་
ཡིན་པས་ཇི་ལྟར་ན་ད་ལྟར་གྱི་དེ་ཁོ་ན་ལ་མེད་པའི་བློ་འབྱུང་བར་འགྱུར། ཡང་ན་དེའི་བྱེ་བྲག་གང་ཡིན་པ་ཞེས་བྱ་བ་ནི་ཡང་ན་མ་འོངས་པ་དེའི་ཁྱད་པར་ཕྱིས་ད་ལྟར་གྱི་གནས་སྐབས་དག་ན་འབྱུང་བ་གང་ཡིན་པ་ཁྱད་པར་དེ་མེད་ན་མེད་དོ་སྙམ་པའི་བློ་འབྱུང་བ་ཡིན་ན་ནི། དེ་མ་བྱུང་བ་ལས་

འབྱུང་བར་འགྲུབ་སྟེ། ཁྱད་པར་དེ་སྔོན་མ་བྱུང་བ་ལས་ཕྱིས་འབྱུང་བ་དེས་འགྲུབ་ཅེས་བྱ་བ་ཡིན་ནོ། །ཡོད་པ་དང་མེད་པ་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་གྱི་གནས་སྐབས་ན་ནི་ཡོད་པ་ཡིན་ལ་འདས་པ་དང་མ་འོངས་པའི་གནས་སྐབས་དག་ན་ནི་མེད་པ་ཡིན་པས་གཉི་ག་རྣམ་པར་
ཤེས་པའི་དམིགས་པ་ཡིན་ནོ། །གལ་ཏེ་མེད་པ་རྣམ་པར་ཤེས་པའི་དམིགས་པ་ཡིན་ན། འོ་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྲིད་པ་ཐ་མ་པས་འདི་སྐད་དུ་འཇིག་རྟེན་ན་མེད་པ་གང་ཡིན་པ་དེ་བདག་གིས་ཤེས་སོ་ཞེས་བྱ་བ་དེ་ནི་མི་སྲིད་དོ་
ཞེས་གསུངས་སོ་ཞེས་འབྱུང་བའི་ཕྱིར་མེད་པ་ལ་དམིགས་པའི་རྣམ་པར་ཤེས་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །སློབ་དཔོན་གྱིས་མདོ་འདི་དགོངས་པ་གཞན་ཡིན་པར་བསྟན་པའི་ཕྱིར་མངོན་པའི་ང་རྒྱལ་ཅན་གཞན་དག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། མདོ་འདི་ལ་དགོངས་པ་ནི་ཏིང་ངེ་
འཛིན་ཡོངས་སུ་མ་དག་པ་ང་རྒྱལ་ཅན་གཞན་དག་སྦྱོར་བའི་གནས་སྐབས་ན་སྣང་བས་ཏེ་ལྷའི་མིག་གི་སྣང་བ་མེད་བཞིན་དུ་ཡོད་པར་ལྟའི་བདག་ནི་ལྷའི་མིག་གི་སྔ་ལྟས་སྣང་བ་ཡོད་པ་ཁོ་ན་ལ་ཡོད་དོ་ཞེས་བྱ་བར་ལྟའོ་ཞེས་བྱ་བ་འདི་ཡིན་ནོ། །འདིའི་རྟོག་པར་ཡང་ག་ལ་འགྱུར་ཞེས་བྱ་བ་ནི་བློ་
ཐམས་ཅད་ཀྱི་ཡུལ་ཡོད་པ་ཉིད་དུ་རྣམ་པར་གཞག་ན་འདི་འཇིག་རྟེན་ན་མེད་པ་གང་ཡིན་པ་དེ་ཞེས་རྒྱས་པར་གསུངས་པ་གང་ཡིན་པ་དེ་ལྟ་བུར་བརྟག་པ་སྟེ་དཔྱོད་པ་དང་ཐེ་ཚོམ་དུ་ཡང་ག་ལ་འགྱུར་བློ་རྣམས་ཀྱི་དམིགས་པ་ཡོད་པ་དང་། མེད་པ་ཉིད་གཅིག་ཡིན་ན་ནི་རྟོག་པ་འདི་སྲིད་ཀྱི་
གཞན་དུ་ནི་མ་ཡིན་ནོ། །ཡང་ན་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་གལ་ཏེ་དེ་དག་ཀྱང་ཡོད་པ་ཁོ་ན་ལ་ཡོད་པར་མཐོང་གི་མེད་པ་ལ་ནི་མ་ཡིན་ལ་གཞན་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅི་ཞིག་ཡོད་དེ། བློ་རྣམས་ཀྱི་དམིགས་པ་ཡོད་པ་དང་མེད་པ་ཉིད་གཅིག་ཡིན་ན་ནི་འདི་
ཁྱད་པར་ཡོད་དོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་བློ་དག་མེད་པ་ལ་དམིགས་པ་ཡིན་པ་ཞེས་བྱ་བར་རོ། །འདིར་དཔེར་བརྗོད་པ་ནི་ཡོད་པ་ལ་ཡང་ཡོད་པར་ཤེས་ལ་མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་བྱ་བ་འདི་ཡིན་ཏེ། དངོས་པོ་ཡོད་པ་ལ་ཡང་ཡོད་

པ་ཉིད་དུ་ཤེས་སོ། །ཁྱད་པར་དུ་འགྲོའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་ཤེས་པར་འགྱུར་བའོ། །མེད་པ་ལ་ཡང་མེད་པ་ཉིད་དུ་ཤེས་པས་བློ་དག་མེད་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལྟ་བས་ན་དེ་ཡང་གཏན་ཚིགས་སུ་མི་རུང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་
སྨྲས་པ་ཞེས་སྨྲས་པ་གང་ཡིན་པའོ། །དེ་སྔོན་དུ་འགྲོའོ་ཞེས་བྱ་བ་ནི་ལས་སྔོན་དུ་འགྲོ་བའི་སེམས་ཀྱི་ཁྱད་པར་ལས་སོ། །བདག་ཏུ་སྨྲ་བ་དགག་པ་ནས་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་མཇུག་ནས་གནས་མའི་བུའི་གཞུང་ལུགས་དགག་པ་ནས་སོ། །འོ་ན་ནི་སྐྱེ་བ་མ་བྱུང་བ་ལས་འབྱུང་བ་
ཞེས་བྱ་བར་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་སྔོན་མེད་པ་ལས་ད་འབྱུང་བས་སྔོན་མེད་པ་ལས་འབྱུང་བར་གྲུབ་པ་ཡིན་ནོ། །སྐྱེ་བ་ནི་སྐྱེ་བ་དང་ལྡན་པ་དང་ལྷན་ཅིག་ཚུལ་འདྲ་བའི་ཕྱིར་ཡང་ཐམས་ཅད་ཡོད་པ་ཁོ་ན་ཡིན་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྒྱུ་དང་འབྲས་བུ་མ་འོངས་པ་ན་ཡོད་པ་འབའ་ཞིག་
ཏུ་མ་ཟད་ཀྱི་སྐྱེ་བ་ཡང་ཡོད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་གང་ལ་གང་ཞིག་ནུས། །ཞེས་བྱ་བ་ནི་འབྲས་བུ་གང་ལ་རྒྱུ་གང་ཞིག་ནུས་ཏེ། རྒྱུ་དང་ཇི་སྐད་བཤད་པའི་སྐྱེ་བ་དང་འབྲས་བུ་མ་འོངས་པ་ཡང་ཡོད་པས་སོ། །བྱེ་བྲག་ཏུ་སྨྲ་བས་ད་ལྟར་དུ་བྱེད་པ་ནུས་པ་ཡིན་ནོ་ཞེས་སྨྲས་
པ་དང་སློབ་དཔོན་གྱིས་ད་ལྟར་དུ་བྱེད་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། སྐྱེ་བ་ནི་ད་ལྟར་དུ་བྱེད་པ་མ་ཡིན་ཏེ་དེ་ནི་ཡོད་པའི་ཕྱིར་དེ་སྐད་དུ་འདྲི་བ་ཡིན་ནོ། །གལ་ཏེ་ཡུལ་གཞན་དུ་འདྲེན་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ད་ལྟར་དུ་བྱེད་པ་རྒྱུས་འབྲས་བུ་ཡུལ་གཞན་དུ་འདྲེན་པ་ཡིན་ནོ་
སྙམ་དུ་སེམས་ནི་འདི་ལ་རྟག་པར་ཐལ་བར་འགྱུར་རོ་ཞེས་སྨྲས་ཏེ། འབྲས་བུ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཡུལ་ནས་ཡུལ་གཞན་དུ་འདྲེན་པ་འབའ་ཞིག་ཏུ་ཟད་ཀྱི་སྐྱེ་བ་ནི་ཅུང་ཟད་ཀྱང་མེད་པས་རྟག་པར་ཐལ་བར་འགྱུར་རོ། །གཟུགས་ཅན་མ་ཡིན་པ་ཚོར་བ་ལ་སོགས་པ་ལ་ཡང་ཡུལ་
གཞན་དུ་འདྲེན་པ་ཇི་ལྟ་བུ་སྟེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཡུལ་ན་མི་གནས་པའི་ཕྱིར་དེ་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེ་འདྲེན་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མ་བྱུང་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བར་འགྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་རང་གི་ངོ་བོའི་ཁྱད་

པར་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྒྱུས་འབྲས་བུ་འདིའི་རང་གི་ངོ་བོ་ཁྱད་པར་དུ་བྱེད་དེ་དེས་ན་འབྲས་བུའི་ཁྱད་པར་ཡིན་ནོ་སྙམ་དུ་སེམས་ན་འདིར་མ་བྱུང་བ་ལས་འབྱུང་བ་གྲུབ་པ་ཡིན་ནོ་ཞེས་སྨྲས་ཏེ་ཁྱད་པར་མ་བྱུང་བ་ལས་འབྱུང་ཞིང་སྐྱེའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཡུལ་ན་དུས་གསུམ་སྟེ་ཅི་ཞེ་ན་
ཐམས་ཅད་ཡོད་ཅེས་བྱ་བར་སྐབས་དང་སྦྱར་རོ། །ཇི་ལྟར་ཡོད་པ་དེ་བཞིན་དུ་བཤད་ཟིན་ཏོ་ཞེས་བྱ་བ་ནི་སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་ནོ། །རྒྱུ་ཡོད་ན་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མ་འོངས་པ་ཡིན་ནོ། །བྱུང་ནས་མ་ཞིག་པ་གང་ཡིན་པ་དེ་ནི་ད་ལྟར་ཡིན་ནོ་ཞེས་བྱ་བ་སྟེ། དེ་སྐད་
དུ་ཐམས་ཅད་ཡོད་པར་སྨྲ་བ་ནི་བསྟན་པ་ལ་ལེགས་པ་ཡིན་ནོ། །ཇི་ལྟར་ན་དེས་སམ་དེར་ལྡན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ན་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དེས་སམ། ཇི་ལྟར་ན་འདས་པ་དང་མ་འོངས་པའི་དངོས་པོ་དེར་ལྡན་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལས་སྐྱེས་པ་དེའི་རྒྱུའི་
ཕྲ་རྒྱས་ཡོད་པའི་ཕྱིར་ཉོན་མོངས་པ་དེས་ལྡན་ལ་ཞེས་བྱ་བ་ནི་འདས་པ་དེ་ལས་སྐྱེས་པ་ནི། དེ་ལས་སྐྱེས་པའོ། །མ་འོངས་པ་དེའི་རྒྱུ་ནི་དེའི་རྒྱུའོ། །དེ་ནི་དེ་ལས་སྐྱེས་པ་ཡང་ཡིན་ལ་དེའི་རྒྱུ་ཡང་ཡིན་པས་དེ་ལས་སྐྱེས་པ་དེའི་རྒྱུའོ། །ཕྲ་རྒྱས་ནི་ས་བོན་ནོ། །དེ་ལས་སྐྱེས་པ་དེའི་རྒྱུའི་ཕྲ་རྒྱས་
ཡོད་པའི་ཕྱིར་གོ་རིམས་བཞིན་དུ་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དེས་ལྡན་ནོ། །འདི་ལས་འདས་པ་དང་མ་འོངས་པའི་དངོས་པོ་དེ་ལ་དམིགས་པ་ཡོད་པས་ན་དེ་ལ་དམིགས་པའི་ཉོན་མོངས་པའོ། །དེའི་ཕྲ་རྒྱས་ཏེ། དེ་ཡོད་པས་གོ་རིམས་བཞིན་དུ་འདས་པ་དང་མ་འོངས་པའི་
དངོས་པོ་དང་ལྡན་པ་ཡིན་ནོ། །ཆོས་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ། །འདས་པ་ལ་སོགས་པའི་དུས་རྣམས་རྣམ་པར་གཞག་པ་ལ་དེ་དག་གི་ཐ་སྙད་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་རྣམ་གྲངས་ཀྱང་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་རིམས་ཀྱི་ཚད་ཡོད་དོ། །གང་སྐྱེས་
པ་དེ་འགགས་ཞེས་སྨྲས་ནས་དཔེ་བསྟན་པའི་ཕྱིར་གཟུགས་སྐྱེ་ལ་གཟུགས་འགག་གོ་ཞེས་བྱ་བ་སྨོས་ཏེ། རྫས་གཞན་ནི་མ་ཡིན་པའི་ཕྱིར་རོ། །གཞན་སྐྱེ་ལ་གཞན་འགག་སྟེ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་གཞན་མ་འོངས་པ་སྐྱེ་ལ་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་

གཞན་ད་ལྟར་གྱི་འགག་གོ། །དུས་ཀྱང་སྐྱེ་སྟེ། ཆོས་སྐྱེ་བ་དུས་ཀྱིས་བསྡུས་པའི་ཕྱིར་རོ། །དུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ཉིད་དུས་གཏན་གཞི་དང་། །ཞེས་མཚན་ཉིད་འབྱུང་བའི་ཕྱིར་རོ། །དུས་ལས་ཀྱང་ཆོས་སྐྱེའོ། །ཅིའི་ཕྱིར་ཞེ་
ན། མ་འོངས་པའི་དུས་སྐད་ཅིག་མ་དུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མ་འོངས་པའི་སྐད་ཅིག་མའི་ཚོགས་ཀྱི་དུ་མ་ཞིག་ལས་སྐད་ཅིག་མ་འགའ་ཞིག་སྐྱེ་བ་དེའི་ཕྱིར་དུས་ལས་ཀྱང་སྐྱེའོ་ཞེས་བྱའོ། །ཞར་ལ་འོངས་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དཔྱད་པ་ནི།
ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་བྱ་བའི་ཞར་ལ་འོངས་པ་ཡིན་ནོ། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་བྱ་བ་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཀུན་དུ་འགྲོ་བ་རྣམས་ཀྱིས་སོ། །དེ་ཡི་ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་བྱ་བ་ནི། སྤངས་པའི་རྣམ་པའི་ཡུལ་
ཅན་གྱི་ཕྲ་རྒྱས་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ཆེན་པོའི་ཆེན་པོའི་རྣམ་པ་སྤངས་ཀྱང་ཆེན་པོའི་འབྲིང་པོ་ལ་སོགས་པ་ཕྲ་རྒྱས་ལྷག་མ་མ་སྤངས་པ་རྣམས་ཀྱིས་ལྡན་པ་ཡིན་ནོ། །འདི་ལྟར་འདི་ཆེན་པོའི་ཆེན་པོའི་རྣམ་པ་སྤངས་པས་བྲལ་བ་ཡིན་ཡང་ལྷག་མ་དེ་དག་གིས་ལྡན་
པ་ཁོ་ན་ཡིན་ནོ། །བསྡུས་ཏེ་རྣམ་པར་འཆད་པར་བྱེད་དེ་ཞེས་བྱ་བ་ནི་མདོར་བསྡུས་ནས་རྣམ་པར་འཆད་པར་བྱེད་དོ། །སུ་དག་གཅིག་ཅེ་ན་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །བཅུ་དྲུག་པོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་རྣམ་པ་ལྔ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་
མཐོང་བས་སྤང་བར་བྱ་བ་བཞི་དང་། ལྔ་པ་བསྒོམ་པས་སྤང་བར་བྱ་བ་དང་། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་བར་དུ་རྣམ་པ་ལྔ་སྟེ། བཅོ་ལྔ་དང་བཅུ་དྲུག་པ་ཟག་པ་མེད་པ་སྟེ། ཆོས་ནི་བཅུ་དྲུག་གོ། །ཆོས་འདི་དག་ཀྱང་གང་དག་མཐོང་བས་སྤང་བར་བྱ་བ་དེ་དག་ནི་ཕུང་པོ་བཞིའི་
ངོ་བོ་ཉིད་ཡིན་ནོ། །གང་དག་བསྒོམ་པས་སྤང་བར་བྱ་བ་དེ་དག་ནི་ཕུང་པོ་ལྔའི་ངོ་བོ་ཉིད་ཡིན་ནོ། །ཇི་ལྟ་ཞེ་ན་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་དེ་དག་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་ཚོར་བའི་ཕུང་པོ་ཡིན་ནོ། །འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ། །

ཕྲ་རྒྱས་གང་དག་ཡིན་པ་དང་དེ་དག་དང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་སེམས་པ་ལ་སོགས་པ་གང་དག་ཡིན་པ་དང་། ཚོར་བ་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་ལྡན་པ་མ་ཡིན་པ་ཐོབ་པ་དང་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་གང་དག་ཡིན་པ་དེ་ནི་འདུ་བྱེད་ཀྱི་ཕུང་
པོ་ཡིན་ནོ། །དེ་དག་དང་མཚུངས་པར་ལྡན་པ་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། དེ་ལྟར་ན་མཐོང་བས་སྤང་བར་བྱ་བ་ནི་ཕུང་པོ་བཞིའི་ངོ་བོ་ཉིད་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་ནི་དེ་ལས་གཞན་པའི་ཟག་པ་དང་བཅས་པའི་ཆོས་རྣམས་
ཡིན་ནོ། །ཇི་ལྟར་ཞེ་ན་ཕྱི་དང་ནང་གི་གཟུགས་ཟག་པ་དང་བཅས་པ་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཟག་པ་མེད་པ་དང་མཐོང་བས་སྤང་བར་བྱ་བ་མ་གཏོགས་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དག་ནི་ཕུང་པོ་བཞི་སྟེ། དེ་ལྟར་ན་བསྒོམ་
པས་སྤང་བར་བྱ་བ་ནི་ཕུང་པོ་ལྔའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །སེམས་ཀྱང་བཅུ་དྲུག་སྟེ་དེ་དག་ཉིད་དོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སེམས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བའི་བར་ལྔ་དང་། དེ་བཞིན་དུ་གཟུགས་ན་སྤྱོད་པ་དང་
གཟུགས་མེད་པ་ན་སྤྱོད་པ་ལྔ་ལྔ་དང་ཟག་པ་མེད་པའི་སེམས་ཏེ་སེམས་བཅུ་དྲུག་གོ། །དེ་དག་ནི་ཆོས་བཅུ་དྲུག་ལ་དམིགས་པ་ཡིན་པར་བརྗོད་དོ། །འདི་ལ་ནི་ཕྲ་རྒྱས་འདི་སྙེད་ཅིག་ཅེས་བྱ་བ་ནི་ཆོས་འདི་ལ་ནི་ཕྲ་རྒྱས་སེམས་དེ་དང་མཚུངས་པར་ལྡན་པ་གང་དག་ཡིན་པ་འདི་
སྙེད་ཅིག་དམིགས་པའམ་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བརྟག་པར་བྱའོ། །སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་
འདོད་པ་ན་སྤྱོད་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཚིག་རྣམ་པར་སྦྱར་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་རང་གི་གསུམ་དང་གཟུགས་སུ་གཏོགས་པ་གཅིག་དང་དྲི་མ་མེད་པ་ནི། རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་ཅེས་བྱ་བ་ཡིན་ནོ། །དེ་དག་ནི་རང་གི་གསུམ་

དང་གཟུགས་སུ་གཏོགས་པ་གཅིག་དང་དྲི་མ་མེད་པ་ཡང་ཡིན་ལ་རྣམ་པར་ཤེས་པ་ཡང་ཡིན་པས། རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་ཞེས་བྱ་བས་ཏེ། དེ་དག་གི་སྤྱོད་ཡུལ་ལོ། །རེ་ཞིག་སྡུག་བསྔལ་དང་ཀུན་འབྱུང་ཞེས་བྱ་བ་རྒྱས་
པར་འབྱུང་བ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་གོ་རིམས་བཞིན་དུ་བཅུ་དང་བདུན་དང་དེ་དག་དང་ལྷན་ཅིག་འབྱུང་བ་དང་། དེ་རྣམས་ཀྱིས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང་བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་བཞི་
དང་དེ་དག་དང་ལྷན་ཅིག་འབྱུང་བ་དང་དེ་རྣམས་ཀྱིས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང་། ཟག་པ་དང་བཅས་པའི་གཟུགས་ཐམས་ཅད་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་གཞན་དག་སྟེ། ཆོས་འདི་དག་ནི་སེམས་ལྔའི་དམིགས་པ་ཡིན་ནོ། །གང་དག་གི་ཡིན་ཞེ་ན།
རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་ཅེས་བྱ་བ་སྨོས་ཏེ། འདོད་པ་ན་སྤྱོད་པ་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱིའོ། །ཇི་ལྟ་ཞེ་ན་རེ་ཞིག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་
དུ་འགྲོ་བ་དང་ཀུན་དུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་འདོད་པའི་ཁམས་སུ་སྐྱེས་པ་འཇིག་རྟེན་པའི་ལམ་གྱི་འདོད་པ་ན་སྤྱོད་པའི་ཆོས་ལ་
དམིགས་པའི་གནས་སྐབས་སམ། གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པའི་ཁམས་ལ་ལྟ་བའི་གནས་སྐབས་ན་གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་གཅིག་ཁོ་ན་དང་། ཟག་པ་མེད་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། སེམས་ལྔའི་དམིགས་པ་ཡིན་ནོ། །
འདོད་པ་ན་སྤྱོད་པའི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་དག་གིས་དམིགས་པ་ནི་མ་ཡིན་ཏེ། ཟག་པ་མེད་པ་ལ་དམིགས་པའི་སེམས་དག་ནི་འགོག་པ་དང་ལམ་དག་ལ་དམིགས་པའི་ཕྱིར་ཟག་པ་དང་བཅས་པ་ལ་དམིགས་པ་དག་ཀྱང་འགོག་པ་དང་ལམ་མཐོང་

བས་སྤང་བར་བྱ་བ་ཙམ་ལ་དམིགས་པའི་ཕྱིར་རོ། །ས་གོང་མའི་ཉོན་མོངས་པ་ཅན་རྣམས་ཀྱི་ཡང་མ་ཡིན་ཏེ། ས་འོག་མ་ལ་དམིགས་པ་མ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་ནི་དགེ་བའི་ཡང་མ་ཡིན་ཏེ། རིང་བ་ཉིད་བཞིས་རིང་བའི་ཕྱིར་རོ། །དེ་བཞིན་དུ་ཀུན་འབྱུང་
བ་མཐོང་བས་སྤང་བར་བྱ་བ་ཡང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམ་པ་གཉིས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་གཅིག་ཁོ་ན་དང་
ཟག་པ་མེད་པ་སྟེ། ལྔ་ཁོ་ནའི་དམིགས་པ་ཡིན་ནོ། །འདིར་ཡང་བཤད་པ་ནི་སྔ་མ་བཞིན་དུ་བྱའོ། །བསྒོམ་པས་སྤང་བར་བྱ་བ་དག་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་སེམས་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་། བསྒོམ་པས་སྤང་
བར་བྱ་བ་ཅི་རིགས་པར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་གཅིག་ཁོ་ན་དང་། ཟག་པ་མེད་པ་དང་ལྔ་ཁོ་ནའི་དམིགས་པ་ཁོ་ན་ཡིན་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །གཟུགས་ཁམས་ལས་སྐྱེས་རང་གི་དང་། །
འོག་གསུམ་གོང་གཅིག་དྲི་མེད་ཀྱི། །ཞེས་བྱ་བ་ནི། རང་གི་གསུམ་དང་འོག་མའི་གསུམ་ནི་རང་གི་དང་འོག་གསུམ་སྟེ། རང་གི་དང་འོག་མ་གསུམ་དང་གོང་མ་གཅིག་དང་། དྲི་མ་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་ན་སྤྱོད་པ་
ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་དག་གི་སྐབས་ཡིན་པའི་ཕྱིར་རོ། །དེ་དག་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ་རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བ་དང་།
བསྒོམ་པས་སྤང་བར་བྱ་བ་སྟེ། སྔ་མ་བཞིན་དུ་བཤད་པར་བྱའོ། །ཁམས་འོག་མ་པ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་སེམས་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་།

བསྒོམ་པས་སྤང་བར་བྱ་བ་ཐོས་པ་ལས་བྱུང་བའམ་བསམས་པ་ལས་བྱུང་བ་དང་། གཟུགས་མེད་པའི་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པའི་ཁོ་ན་དང་། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་
མཐུན་པའི་དམིགས་པ་ཡིན་ནོ། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །ཞེས་བྱ་བ་ནི་ཁམས་གསུམ་དུ་གཏོ
Luận tạng Tây Tạng (Tengyur) — Tập 143 | Tra cứu Kinh điển | Tàng Kinh Việt