Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
 སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་པའི་
སེམས་དང་སེམས་ལས་བྱུང་བ་འཁོར་དང་བཅས་པ་དེ་དག་ཡིན་ཏེ། བསམ་པ་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་ཕྱིན་ཅི་ལོག་ཉིད་མ་ཡིན་ནོ། །ཇི་ལྟར་བསམ་པ་ཕྱིན་ཅི་ལོག་ཉིད་མ་ཡིན་ཞེ་ན། མོས་པར་འདུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མོས་པའི་འདུ་ཤེས་པ་ནི་མོས་པར་འདུ་ཤེས་པའོ། །དེ་ལྟ་བས་ན་

ཇི་ལྟར་མོས་པ་དེ་ཁོ་ན་ལྟར་འདུ་ཤེས་ཏེ། འདི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་གཅོད་དོ། །གལ་ཏེ་མི་དགེ་བ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འཛིན་པས་སོ། །མ་ཡིན་ཏེ། དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་དགེ་བ་ཡིན་ཞེ་ན། གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་ཞེས་བྱ་བ་སྨོས་ཏེ། བྱམས་པ་ནི་གནོད་སེམས་མེད་པའི་རང་བཞིན་ཡིན་པས་གནོད་སེམས་ཀྱི་གཉེན་པོའོ། །སྙིང་རྗེ་ནི་སྡུག་བསྔལ་སེལ་བའི་རྣམ་པ་ཡིན་པས་སྡུག་བསྔལ་ཉེ་
བར་བསྒྲུབ་པ་རྣམ་པར་འཚེ་བའི་གཉེན་པོ་ཡིན་ནོ། །དགའ་བ་ནི་ཡིད་བདེ་བའི་ངོ་བོ་ཡིན་པའི་ཕྱིར་མི་དགའ་བའི་གཉེན་པོའོ། །བཏང་སྙོམས་ནི་བར་མར་གནས་པའི་ཕྱིར་འདོད་པའི་འདོད་ཆགས་དང་གནོད་སེམས་དག་གི་གཉེན་པོ་ཡིན་པས་སོ། །དེ་ལ་དམིགས་པའི་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་
སེམས་ཅན་ལ་དམིགས་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ནི་སྣོད་ཀྱིས་སྣོད་ན་གནས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་སྣོད་ཀྱིས་སྣོད་ཅན་སེམས་ཅན་གྱི་འཇིག་རྟེན་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པ་དང་། དངོས་གཞི་སྦྱོར་བ་སྨོས་པའི་
ཕྱིར་རོ་ཞེས་བྱ་བ་ནི་ཅི་རིགས་པར་གསུམ་ཆར་ཡང་ས་དྲུག་དང་ལྔ་དང་བཅུ་པ་ཉིད་ཡིན་པ་དག་གི་རྒྱུ་བརྗོད་པ་ཡིན་ཏེ་དེ་ལས་མཉམ་པར་གཞག་པ་མ་ཡིན་པ་ནི་འདོད་པའི་ཁམས་དང་སྦྱོར་བ་ནི་ཉེར་བསྡོགས་དག་ཡིན་པར་ཅི་རིགས་པར་སྦྱར་རོ། །ས་དྲུག་པར་རྣམ་པར་གཞག་པ་ལ་ནི་ཉེར་བསྡོགས་མི་ལྕོགས་
པ་མེད་པ་ཡང་ཡིན་པར་འདོད་དེ། གསལ་བ་ཉིད་ཀྱིས་དངོས་གཞི་དང་འདྲ་བའི་ཕྱིར་རོ། །ས་སྔ་མ་རྣམ་པར་གཞག་པ་ལ་ལ་ནི་དངོས་གཞི་དག་ཁོ་ན་བཟུང་སྟེ། བསམ་གཏན་ཁྱད་པར་ཅན་ནི་དངོས་གཞིའི་བསམ་གཏན་དང་པོའི་ཁྱད་པར་ཡིན་པའི་ཕྱིར་རོ། །ས་བཅུ་པ་རྣམ་པར་གཞག་པ་ལ་ནི་མཉམ་པར་
གཞག་པ་མ་ཡིན་པ་འདོད་པའི་ཁམས་ཀྱང་ཡིན་པར་འདོད་ལ། སྦྱོར་བར་གྱུར་པ་ཉེར་བསྡོགས་རྣམས་ཀྱང་ཡིན་པར་བཟུང་ན་དངོས་གཞི་དག་ལྟ་སྨོས་ཀྱང་ཅི་དགོས། བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་གཞི་ནི་བསམ་གཏན་དག་པ་པའི་ས་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ།

བསམ་གཏན་དག་པ་པ་དག་གིས་ནི་ཉོན་མོངས་པ་མི་སྤོང་ངོ་ཞེས་སྔར་བཤད་ཟིན་ཏོ། །མོས་པ་ཡིད་ལ་བྱེད་པའི་ཕྱིར་དེ་དག་གི་ཉོན་མོངས་པ་རྣམས་མི་སྤོང་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་སྤང་ན། སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་དེ་དག་གིས་མི་སྤོང་སྟེ། ཆོས་
ཀྱི་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པས་ཉོན་མོངས་པ་སྤོང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་དག་གི་སྦྱོར་བས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱམས་པ་ལ་སོགས་པའི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་རོ། །དེ་དག་གི་གཉེན་པོ་ཉིད་དུ་བཤད་
དོ་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་གཉེན་པོ་ཉིད་དུ་བཤད་དེ། དེ་དག་ནི་རྣམ་པར་གནོན་པའི་སྤོང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་ཞེས་བྱ་བ་ལ། འདི་ལྟར་བར་ཆད་མེད་པའི་ལམ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་གནོད་སེམས་
ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པ་རྣམས་དེ་དག་གིས་ཐག་སྲིང་བར་བྱེད་དེ། དེའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །ཇི་ལྟ་ཞེ་ན། སྟོན་པར་བྱེད་དེ། བྱམས་པ་ལ་སོགས་པ་གསུམ་པོ་དག་འདོད་པའི་ཁམས་ཀྱི་ས་པ་དང་མི་ལྕོགས་པ་མེད་པའི་ས་པ་རྣམས་ནི་དངོས་
གཞིའི་ཚད་མེད་པ་དང་འདྲ་བ་དག་ཡོད་དོ། །སྦྱོར་བ་དང་དམིགས་པ་དང་རྣམ་པ་དང་ངོ་བོ་ཉིད་འདྲ་བའི་ཕྱིར་དངོས་གཞི་དག་དང་འདྲ་བ་ཡིན་ནོ། །ཚད་མེད་པ་གསུམ་པོ་དེ་དག་གིས་ཉོན་མོངས་པ་དེ་རྣམས་རྣམ་པར་མནན་ནས་སྤོང་བའི་ལམ་བར་ཆད་མེད་པའི་ལམ་རྣམས་ཀྱིས་རབ་ཏུ་སྤོང་བར་བྱེད་དོ། །རྐྱེན་སྟོབས་
དང་ལྡན་པ་རྙེད་ཀྱང་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་རྐྱེན་སྟོབས་དང་ལྡན་པ་རྙེད་དུ་ཟིན་ཀྱང་ཉོན་མོངས་པ་དེ་དག་གིས་མངོན་དུ་འགྱུར་བའི་སྒོ་ནས་མི་བརྫི་བ་ཡིན་ནོ། །ཆེན་པོ་ལ་ཞེས་བྱ་བ་ནི་མཛའ་བོའི་ཕྱོགས་ལ་སྟེ། མཛའ་བོའི་ཕྱོགས་ལ་ནི་བྱམས་པར་བྱ་སླ་བས་སོ། །རྒྱས་པར་བྱེད་དོ་
ཞེས་བྱ་བ་ནི་ཁྱབ་པར་བྱེད་དོ། །སྔོན་གྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་སྣང་བའི་སྒོ་ནས་ཞེས་བྱ་བ་ནི་སྔོན་བསོད་ནམས་ཀྱི་འབྲས་བུ་སྣང་བའི་སྒོ་ནས་གང་ཟག་དགེ་བའི་རྩ་བ་ཀུན་དུ་ཆད་པ་ལ་ཡང་འདིས་ནི་གང་གིས་ན་འདིའི་གཟུགས་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པའི་

བསོད་ནམས་ཞིག་བྱས་པར་གྱུར་ཏོ་ཞེས་ཡོན་ཏན་གཟུང་བར་ནུས་ལ། རང་སངས་རྒྱས་ལ་ཡང་འདིས་ནི་གང་གིས་ན་འདི་ལ་འདི་ལྟ་བུའི་གཟུགས་ལ་སོགས་པ་མེད་པའི་བསོད་ནམས་མ་ཡིན་པ་ཞིག་གདོན་མི་ཟ་བར་བྱས་པར་གྱུར་ཏོ་ཞེས་སྐྱོན་གཟུང་བར་ནུས་སོ། །སྡུག་བསྔལ་
ལས་ཐར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་སྙིང་རྗེ་ལ་སྦྱོར་བར་བྱེད་དོ། །མངོན་པར་དགའ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་དགའ་བ་ལ་སྦྱོར་བར་བྱེད་དོ། །དགའ་བ་དང་མི་ལྡན་ནོ་ཞེས་བྱ་བ་ནི་གསུམ་པ་དང་བཞི་པ་དག་ན་ཡིད་བདེ་བ་མེད་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ཅེས་
བྱ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཇི་སྐད་དུ་ཞེ་ན། རྣམ་པར་ཐར་པ་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་
གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་
རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱེད་དེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པ་སྟེ། འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་ཅད་དུ་ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པ་སྟེ། འདི་ལྟ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་
ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པ་སྟེ། འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །གཞན་ཡང་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་

སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པ་སྟེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་
སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཚོར་བ་དང་འདུ་ཤེས་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ་ཞེས་འབྱུང་ངོ་། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་བདག་ཉིད་ཀྱི་གཟུགས་རྣམས་ལ་རྣམ་པར་མ་བཤིག་པར་
ཕྱི་རོལ་གྱི་གཟུགས་རྣམས་ལ་ཡང་ལྟ་བ་ཡིན་ནོ། །རྣམ་པར་བསྔོས་པ་ལ་སོགས་པར་དམིགས་པའི་ཕྱིར་ཚུལ་ནི་མི་སྡུག་པ་བཞིན་རིག་པར་བྱའོ་ཞེས་བྱ་བ་ནི་འདོད་ཆགས་ལྷག་པའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོ་ལས་བརྩམས་ཏེ་ཅི་རིགས་པར། མི་སྡུག་མ་ཆགས་ས་བཅུ་དང་། །
དམིགས་པ་འདོད་སྣང་མིས་སྐྱེད་དགེ །ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །གྲངས་བཞིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་ནི་བསམ་གཏན་དང་པོའི་ས་པའི་རྣམ་པར་ཐར་པ་ཡིན་ལ། བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་
ཡང་བསམ་གཏན་གཉིས་པའི་ས་པའི་རྣམ་པར་ཐར་པ་ཡིན་ཏེ། འདི་གཉིས་ཀྱང་ཐག་བསྲིང་བའི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྨྲས་པ་བསམ་གཏན་གཉིས་པ་ལ་སོགས་པ་ནི་ཁ་དོག་གི་འདོད་ཆགས་མེད་དོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །
གང་ཞིག་ཡུལ་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་ངེས་པར་དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་ལ། བསམ་གཏན་གཉིས་པ་ལ་སོགས་པ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པས་དེའི་ཕྱིར་དེ་དག་ནི་ཁ་དོག་གི་འདོད་ཆགས་དང་བྲལ་བའོ་
ཞེས་བྱ་བར་གྲུབ་བོ། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །ཞེས་བྱ་བ་ནི་དག་པ་པ་དང་། ཟག་པ་མེད་པའོ། །གཞན་ན་ཡང་མཉམ་པར་མ་བཞག་པ་ཡོད་དེ་ཞེས་བྱ་བ་ནི་གཟུགས་མེད་པ་དག་གི་རྣམ་པར་སྨིན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལས་བསམས་ནས་བརྗོད་པ་ཡིན་

ནོ། །ཕྱོགས་སྔ་མ་ལ་ནི་གཟུགས་མེད་པ་མཉམ་པར་མ་བཞག་པ་ཞེས་བྱ་བ་འཆི་བའི་སྲིད་པའི་གནས་སྐབས་ཁོ་ནའི་ཡིན་པར་སྟོན་ཏོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་
སྒྲས་ནི་དངོས་གཞི་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་ས་འོག་མ་པ་ལ་རྒྱབ་ཀྱིས་ཕྱོགས་པར་རྣམ་པར་ཐར་པ་དག་ཅེས་བྱ་བ་དེའི་ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་འོག་མ་ལ་དམིགས་པས་
རྣམ་པར་ཐར་པ་ཞེས་བྱ་བའི་མིང་མི་འཐོབ་ཀྱི་རྣམ་པར་གྲོལ་བའི་ལམ་དག་ནི་གོང་མ་ལ་དམིགས་པའི་ཕྱིར་མིང་འཐོབ་བོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་བརྒྱད་པའོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །འདུ་ཤེས་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཞེས་བྱ་བ་ནི་འདུ་ཤེས་
ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྣམ་པར་ཐར་པའོ། །ཡང་ན་འདུ་ཤེས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྣམ་པར་ཐར་པའོ། །སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་
སྙོམས་པར་འཇུག་པའི་སྒྲིབ་པ་ནི་སྒྲིབ་པ་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་གཉིས་ཀྱི་དམིགས་པ་ནི་རྣམ་པར་བསྔོས་པ་ལ་སོགས་
པའི་གཟུགས་ཡིད་དུ་མི་འོང་བ་འོ། །གསུམ་པའི་དམིགས་པ་ནི་ཡིད་དུ་མི་འོང་བའོ། །དེའི་རྒྱུ་དང་འགོག་པ་དག་ཅེས་བྱ་བ་ནི་སྡུག་བསྔལ་དེའི་ཀུན་འབྱུང་བ་དང་འགོག་པ་དག་གོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཅེས་བྱ་བ་ནི་གོང་མ་དང་། འོག་མ་དང་། རང་གི་ས་པ་
ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་མ་བརྟགས་པས་འགོག་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་མ་བརྟགས་པས་འགོག་པ་ཡང་གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གང་དང་རང་གི་སའི། །སྡུག་བསྔལ་

སོགས་དང་རྗེས་ཤེས་ཕྱོགས། །ཞེས་བྱ་བ་འདིར་མ་སྨོས་པའི་ཕྱིར་རོ། །སྨྲས་པ་སོ་སོར་མ་བརྟགས་པས་འགོག་པ་གང་ཞིག་དེ་དག་གིས་དམིགས་པ་ཡིན་ཞེ་ན། འདིར་སྨྲས་པ། མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་ཏེ། གཟུགས་
མེད་པའི་རྣམ་པར་ཐར་པ་དེ་དག་ནི་མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་པ་སྲིད་པས་སོ། །དེ་དག་ཀྱང་ཉེར་བསྡོགས་བདུན་མ་གཏོགས་པས་གཞན་བཅུ་གཅིག་པོ་འདོད་པའི་ཁམས་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་
གཟུགས་མེད་པ་དག་ནི་བརྒྱད་ན་ཡོད་དོ། །བསྟན་བཅོས་ནི་ཁ་བསྐང་བ་དང་བཅས་པ་ཡིན་པས་བསྟན་བཅོས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ནམ་མཁའ་ཡང་གཅིག་ཡིན་ནོ་ཞེས་བྱ་བར་བརྗོད་པར་བྱ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པ་ཡིན་ནོ། །བསམ་གཏན་གཉིས་པའི་ས་པའི་ཁ་
དོག་གི་འདོད་ཆགས་མེད་པའི་ཕྱིར་ཞེས་བྱ་བ་ནི་སྤང་བར་བྱ་བ་བསམ་གཏན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་མེད་པ་ནི་མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །བདེ་བའི་སྙིང་པོས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། བདེ་བའི་སྙིང་པོ་ནི་བདེ་བ་ཐམས་
ཅད་ཀྱི་གོང་ན་འདུག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྐྱེད་པའི་ཕྱིར་ཏེ། གཡོ་བར་བྱས་པའི་ཕྱིར་བསམ་གཏན་གསུམ་པ་ལ་རྣམ་པར་ཐར་པ་རྣམ་པར་མི་གཞག་གོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་ན། ཅིའི་ཕྱིར་སྡུག་པའི་རྣམ་པར་ཐར་པ་སྐྱེད་པར་བྱེད་
ཅེ་ན་དེའི་ཕྱིར་མི་སྡུག་པས་རྒྱུད་ཞུམ་པར་རབ་ཏུ་དགའ་བར་བྱ་བའམ། རྟག་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །རྣམ་པར་ཐར་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་ཉེ་བར་བསྡུའོ། །འཕགས་པའི་རྫུ་འཕྲུལ་ཅི་ཞེ་ན། མངོན་པར་བསྒྲུབ་པའི་
ཆེད་དུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཐར་པ་ལ་སོགས་པ་ཐག་བསྲིང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་དབང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལ་དབང་བ་ཉིད་དེ་ཡང་ཉོན་མོངས་པ་མེད་པ་ལ་སོགས་

པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཆེད་ཡིན་ནོ། །དེ་ཡང་གང་གིས་དངོས་པོ་ཡོངས་སུ་བསྒྱུར་བ་དང་བྱིན་གྱིས་རློབ་པ་དང་ཚེ་གཏོང་བ་ལ་སོགས་པ་བྱེད་པའོ་ཞེས་བྱ་བ་ནི་དེ་ལ་དངོས་པོ་ཡོངས་སུ་བསྒྱུར་བ་ནི་དངོས་པོ་གང་ཞིག་ལ་ཇི་ལྟར་མོས་པ་དེ་ཁོ་ན་བཞིན་དུ་དེར་འགྱུར་བ་སྟེ། ཇི་ལྟར་
གསེར་ལ་སར་བྱ་བ་དེ་ལྟར་མོས་པའི་ཕྱིར་རོ། །བྱིན་གྱིས་རློབ་པ་ནི་དངོས་པོ་བསྟན་པ་ལ་དུས་འདི་སྲིད་དུ་གནས་པར་གྱུར་ཅིག་སྙམ་པ་སྟེ། ཚེ་གཏོང་བ་ཡང་དེ་དང་འདྲའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རི་རབ་རྡུལ་ཕྲ་རབ་ཀྱི་ནང་དུ་འཛུད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། གཞན་ཡང་མདོ་སྡེ་ལས་བལྟ་
བར་བྱའོ། །ཅིའི་ཕྱིར་གསུམ་པ་དང་བརྒྱད་པ་དག་ཁོ་ན་མངོན་སུམ་དུ་བྱ་བར་བཤད་ལ་གཞན་དག་ནི་མ་ཡིན་ཞེས་བྱ་བ་ལ། ཇི་ལྟར་གསུམ་པ་མངོན་སུམ་དུ་བྱ་བར་བཤད་ཅེ་ན། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་འབྱུང་ངོ་། །བརྒྱད་པ་ཡང་འདུ་ཤེས་དང་
ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་འབྱུང་བས་སོ། །དེ་ལ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་དག་ལ་སྙོམས་པར་ཞུགས་ཏེ་གནས་པ་ཞེས་བྱ་བའི་དོན་ཏོ་
ཞེ་ན་འདིར་སྨྲས་པ། རྣམ་པར་ཐར་པ་དང་པོ་དང་གཉིས་པ་བས་རྣམ་པར་ཐར་པ་གསུམ་པ་གནས་གྱུར་པའི་སྒོ་ནས་གཟུགས་ཅན་གྱི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤངས་པས་གཙོ་བོ་ཡིན་པའི་ཕྱིར་གསུམ་པ་མངོན་སུམ་དུ་བྱ་བར་བཤད་དོ། །དེ་བཞིན་དུ་བརྒྱད་པ་ཡང་གནས་གྱུར་པའི་སྒོ་ནས་གཟུགས་
མེད་པའི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་གཙོ་བོ་ཡིན་པས་མངོན་དུ་བྱ་བར་བཤད་དོ། །ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ནི་གཟུགས་ཀྱི་ཁམས་དང་སའི་མཐའ་ན་གནས་པ་ཡིན་ལ་སྲིད་པའི་རྩེ་མོ་ཡང་གཟུགས་མེད་པའི་ཁམས་དང་སའི་
མཐའ་ན་གནས་པ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བའི་བར་འབྱུང་བའོ། །དེ་ཁོ་ན་བཞིན་

དུ་ནང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ཞེས་བྱ་བ་ནས་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་ནང་གཟུགས་མེད་པར་
འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་
དང་དཀར་པོ་རྣམས་ལ་ལྟ་སྟེ་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་
ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་ལྟ་བུ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་
པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་ལྟ་བུ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ་ཞེས་བྱ་བའི་བར་དང་། ནང་གཟུགས་
མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་
ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པ་ཡིན་ནོ་ཞེས་བྱ་བའི་བར་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་དཔེར་ན་སྐར་མ་པ་བ་སངས་སམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་

ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ནས་རྒྱས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བྱ་བའི་བར་འབྱུང་སྟེ། སྔ་མ་བཞི་དང་འདི་བཞིན་བརྒྱད་དུ་འགྱུར་རོ། །གཉིས་ནི་རྣམ་པར་
ཐར་པ་དང་པོ་བཞིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཐར་པ་དང་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་བདག་ལ་ཡོད་པའི་གཟུགས་ལ་ལྟ་ཞིང་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་དག་ཀྱང་དེ་དང་འདྲའོ། །དེ་གཉིས་ལས་གཅིག་ནི་བདག་ཡོད་པའི་
གཟུགས་ལ་ལྟ་ཞིང་ཕྱི་རོལ་ན་ཡོད་པའི་གཟུགས་ལ་ལྟ་སྟེ་འདི་སྐད་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཉིས་པ་ཡང་དེ་ཁོ་ན་དང་འདྲ་སྟེ། ཁྱད་པར་ནི་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་ལྟ་བ་ཞེས་བྱ་བ་འདི་ཡོད་དོ། །གཞན་ཡང་
ཇི་ལྟར་རྣམ་པར་ཐར་པ་དང་པོ་བསམ་གཏན་དང་པོའི་ས་པ་དང་། འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་དང་། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་པ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །གཉིས་ནི་གཉིས་
པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཐར་པ་གཉིས་པའི་མཚན་ཉིད་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་དེ་ལྟ་བུ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་། བཞི་པ་དག་ཀྱང་དེ་དང་མཚན་ཉིད་དེ་དང་འདྲ་སྟེ། དེ་དག་ཀྱང་འདི་
སྐད་དུ་འབྱུང་སྟེ། གསུམ་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞེས་འབྱུང་ངོ་། །བཞི་པ་ནི་ནང་གཟུགས་མེད་པར་ཡང་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་
ལྟ་ཞིང་ཞེས་འབྱུང་ངོ་། །གཞན་ཡང་ཇི་ལྟར་རྣམ་པར་ཐར་པ་གཉིས་པ་བསམ་གཏན་གཉིས་པའི་ས་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་དང་གཟུགས་ན་སྤྱོད་པའི་གཟུགས་ལ་དམིགས་པ་ཡིན་པ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་བཞི་པ་

ཡང་དེ་དང་འདྲའོ། །གཞན་སྡུག་པའི་རྣམ་པར་ཐར་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་ས་པ་དང་། གཟུགས་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་ལ་དམིགས་པ་ཡིན་པ་ལྟར་སྔོན་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་ཟིལ་གྱིས་གནོན་པའི་སྐྱེ་
མཆེད་དག་ཀྱང་དེ་དང་འདྲ་སྟེ། འདིར་ནི་ཁ་དོག་བཞི་ཅན་རྣམ་པར་ཕྱེ་ནས་བཟུང་བ་འབའ་ཞིག་ཏུ་ཟད་དོ། །སྡུག་པའི་རྣམ་པར་ཐར་པའི་ངོ་བོ་ཉིད་མ་ཆགས་པ་ཡིན་པ་ལྟར་འདི་དག་གི་ཡང་དེ་དང་འདྲའོ། །ཇི་ལྟར་སྡུག་པའི་རྣམ་པར་ཐར་པ་འདི་འཁོར་དང་བཅས་པར་བཟུང་བས་ཕུང་པོ་ལྔའི་རང་
བཞིན་ཡིན་པ་ལྟར་འདི་དག་ཀྱང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ་ཞེས་བྱ་བ་ནི་དམིགས་པ་ཟིལ་གྱིས་གནོན་པ་མ་ཡིན་པའོ། །ཇི་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་གིས་དམིགས་པ་ཟིལ་གྱིས་གནོན་ཅེ་ན། དེའི་ཕྱིར་ཇི་ལྟར་འདོད་
པ་བཞིན་དུ་མོས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་དག་གིས་སྔོན་པོ་དང་སེར་པོ་ལ་སོགས་པར་མོས་པའི་ཕྱིར་ཏེ། སྐད་ཅིག་ལ་སྔོན་པོ་དང་སྐད་ཅིག་ལ་སེར་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའམ་རྣམ་པར་བསྔོས་པ་ལ་སོགས་པ་ཡིད་དུ་མི་འོང་བ་ཡིད་དུ་འོང་བར་མོས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྐྱེ་བའི་
ཕྱིར་རོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་སྡུག་པར་དམིགས་ཀྱང་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དག་གིས་དམིགས་པ་ཟིལ་གྱིས་གནོན་པ་ཡིན་ནོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་བར་ཆད་མེད་པར་ཟད་པར་ས་ལ་སོགས་པར་
རྒྱས་ཤིང་ཁྱབ་པར་བྱེད་པས་དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་འབྱུང་
བའི་ཕྱིར་རོ། །ཁ་ཅིག་ན་རེ་རླུང་གི་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གང་དག་རླུང་ལ་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་མི་འདོད་པ་དེ་དག་ན་རེ་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ཞེས་བྱ་བ་ནི་འཇུག་པ་

ཉིད་འཇུག་པ་ལས་བྱུང་བ་ཅན་ཡིན་པའམ་འཇུག་པ་ལས་བྱུང་བ་ཡིན་ནོ། །གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་ཐར་པ་དག་པས་གོང་མ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཁྱད་པར་དུ་འཕགས་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་པས་
གོང་མ་ཟད་པར་གྱི་སྐྱེ་མཆེད་ཁྱད་པར་དུ་འཕགས་ཏེ། འདི་སྐད་དུ་རྣམ་པར་ཐར་པ་དག་བསྐྱེད་ནས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་ལ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་བསྐྱེད་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །འགོག་པ་ལས་
གཞན་པའི་རྣམ་པར་ཐར་པ་ཞེས་བྱ་བ་ནི་དེ་ནི་གཅིག་ཏུ་འཕགས་པའི་རྒྱུད་ལ་ཡོད་པའི་ཕྱིར་རོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདྲིས་པ་དག་ཡིན་ནོ། །སྦྱོར་བ་ལས་བྱུང་བ་ནི་མ་འདྲིས་པ་དག་ཡིན་ནོ། །ལྷག་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ལྷག་མ་
གང་ཞིག་ཡིན་ཞེ་ན། རྣམ་པར་ཐར་པ་དང་པོ་གསུམ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བརྒྱད་དེ་དེ་དག་ནི་མིའི་རྟེན་ཅན་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུང་གི་མཐུས་སྐྱེད་པའི་ཕྱིར་ཏེ་ལྷ་ལ་སོགས་པ་གཞན་ན་ནི་ལུང་མེད་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་
གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སམ། གཟུགས་ཀྱི་ཁམས་སུ་སྟེ། ས་གོང་དུ་སྐྱེས་པ་དེའི་གོང་མའི་བསམ་གཏན་དང་གཟུགས་མེད་པ་གང་ཡིན་པ་དེ་ནི་དེ་བས་ཁྱད་པར་དུ་འཕགས་པས་གཟུགས་མེད་པ་དང་
བསམ་གཏན་གྱི་ཁྱད་པར་རོ། །གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་དེ་ལུང་མེད་པར་ཇི་ལྟར་སྐྱེད་དེ། ལྷག་མ་ནི་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལུང་གི་མཐུས་སྐྱེད་པའི་ཕྱིར་རོ་ཞེས་བཤད་པས་དེའི་ཕྱིར་འབྲེལ་པ་དེས་ན་ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཞེས་བྱ་བ་རྒྱས་པར་
འདྲིའོ། །རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ་ཞེས་བྱ་བ་ནི་ཉེ་བ་ལས་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ཇི་ལྟ་ཞེ་ན། འགའ་ཞིག་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ནས་དེ་ལས་ཡོངས་སུ་ཉམས་ཏེ་རྗེས་ཁོ་ན་ལ་གཟུགས་ཀྱི་

ཁམས་སུ་སྐྱེ་ན་གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པའི་ཕྱིར་དེ་ལ་གཟུགས་ཀྱི་ཁམས་སུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེའོ། །ཡང་དང་ཡང་དུ་གོམས་པ་ལས་ཀྱང་འགའ་ཞིག་གཟུགས་མེད་པའི་སྙོམས་པར་འཇུག་པ་
ལ་ཡང་དང་ཡང་དུ་མཉམ་པར་བཞག་ནས་དེ་ལས་ཡོངས་སུ་ཉམས་ཏེ། གཟུགས་ཀྱི་ཁམས་སུ་སྐྱེ་ན་དེའི་གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་སུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེའོ། །དེ་བཞིན་དུ་རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡོངས་སུ་ཉམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པ་ལ་ཡང་དེ་ཁོ་ན་བཞིན་དུ་དེའི་སྙོམས་པར་འཇུག་པ་སྐྱེ་སྟེ། དེའི་གོང་དུ་སྐྱེས་པ་ལ་ཡང་དེ་དང་འདྲའོ། །ལས་ཀྱི་སྟོབས་ཀྱིས་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་
པར་སྨིན་པ་ཉེ་བར་གནས་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བས་ནི་གོང་མ་གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་ནུས་སོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པ་ལ་ལས་ཀྱི་
སྟོབས་ཀྱིས་ནི་ས་གོང་མ་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་ལས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལས་འདོད་ཆགས་དང་བྲལ་བས་ནི་གོང་དུ་སྐྱེ་བར་མི་ནུས་སོ། །རྒྱུ་དང་ལས་
ཀྱི་སྟོབས་དེ་དག་གིས་བསམ་གཏན་དང་པོ་ལ་སོགས་པར། བསམ་གཏན་གཉིས་པ་ལ་སོགས་པ་ཇི་ལྟར་སྐྱེ་ཞེ་ན། རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ལམ་གྱི་སྟོབས་ཀྱིས་ནི་ས་གོང་མའི་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །ཆོས་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་
ཆོས་ཉིད་ཅེས་བྱ་བ་འདི་ཅི་ཞེ་ན། མདོ་སྡེ་པ་ཁ་ཅིག་ན་རེ་ཆོས་འཇུག་པ་ཤས་ཆེན་པོ་འདི་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དེ་སྐྱེས་པའི་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ། རང་བཞིན་དང་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་

སྨྲ་བ་ཁ་ཅིག་ན་རེ་ཡང་། གཞན་ལས་དེའི་ལུང་མ་མནོས་པར་ཚེ་རབས་སྔ་མའི་སྐལ་བ་མཉམ་པའི་རྒྱུ་ལས་རྒྱུ་མཐུན་པའི་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་ཡིན་ནོ་ཞེས་ཟེར་རོ། །དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འཇིག་པའི་དུས་དེ་ན་
དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་ཞེས་བྱ་བའི་ཐ་ཚིག་སྟེ། འཇུག་པ་ནི་ཆོས་དེ་དག་ཉིད་ཀྱི་བྱེད་པ་གང་ཡིན་པའོ། །འདི་དག་ལ་འཇུག་པ་ཤས་ཆེ་ཞིང་མཆོག་ཏུ་གྱུར་པ་ཡོད་པས་ན་འཇུག་པ་ཤས་ཆེ་བ་དག་གོ། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །འདི་སྐད་དུ་དགེ་བ་དེ་དག་བདག་ཉིད་མཆོག་ཏུ་གྱུར་པ་
ཐོབ་པའི་ཕྱིར་ཏེ། དེ་སྐྱེ་བ་དང་མཐུན་པའི་བདག་ཉིད་དུ་རེད་པའི་ཕྱིར་གཞན་ལས་ལུང་མནོས་པ་མེད་པར་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཡོད་ན་བསམ་གཏན་སྐྱེའོ་ཞེས་བཤད་པ་ཡིན་ནོ། །ཆོས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ཀྱི་
རྣམ་པ་ཁམས་དང་ས་དང་། དམིགས་པ་དང་རྣམ་པ་ལ་སོགས་པ་སྟེ་ཅི་རིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བྱ་བ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་པའི་ཆོས་དེ་སྟེ་གྲངས་བཞིན་དུ་ལུང་ནི་སྨྲ་བར་བྱེད་པ་གང་དག་ཡིན་པ་དེ་དག་དེ་འཛིན་པར་བྱེད་པ་ཡིན་ལ།
རྟོགས་པ་ནི་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་འཛིན་པར་བྱེད་པ་ཡིན་ནོ། །རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ཞེས་བྱ་བ་ནི་ལོ་སྟོང་དུ་གནས་སོ་ཞེས་བྱ་བའོ། །ལུང་ནི་ཡུན་རིང་དུ་གནས་སོ་ཞེས་བྱ་བ་ནི་ལོ་སྟོང་གི་འོག་ཏུ་ཡང་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱོགས་འདི་དག་ཉིད་རིགས་པར་ལྟའོ། །གང་
ཡིན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་ཆོས་མངོན་པའི་མཛོད་ཀྱི་མཚན་ཉིད་འདི་ལས་ཆོས་མངོན་པ་བཤད་པ་གང་ཡིན་པ་འདི་ཉིད་སྟོན་པས་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མཚན་ཉིད་དུ་བཤད་དམ་ཞེ་ན། དེའི་ཕྱིར། བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི།
ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་བྱ་བ་འདི་རྒྱས་པར་སྨོས་ཏེ། ཁ་ཆེའི་ཡུལ་ན་འཁོད་པས་ན་ཁ་ཆེའོ། །བྱེ་བྲག་ཏུ་བཤད་པས་རྩེན་པས་ན་བྱེ་བྲག་ཏུ་སྨྲ་བའོ་ཞེས་དེ་ནི་རྣམ་པར་བཤད་ཟིན་ཏོ། །ཁ་ཆེ་ཡིན་ལ་བྱེ་བྲག་ཏུ་སྨྲ་བ་མ་ཡིན་པ་ཡང་ཡོད་དེ། འདུལ་བ་ཤེས་པ་ལ་སོགས་

པ་དང་། མདོ་སྡེ་པ་བཙུན་པ་ལ་སོགས་པ་གང་དག་ཡིན་པའོ། །བྱེ་བྲག་ཏུ་སྨྲ་བ་ཡིན་ལ་ཁ་ཆེ་མ་ཡིན་པ་ཡང་ཡོད་དེ། ཉི་འོག་པའི་བྱེ་བྲག་ཏུ་སྨྲ་བ་གང་དག་ཡིན་པའོ། །དེ་བས་ན་ཁྱད་པར་གཉི་ག་སྨོས་ཏེ། བདག་གིས་ནི་འདིར་དེ་དག་གི་ལུགས་ཀྱི་གྲུབ་པའི་ཆོས་མངོན་པ་གང་ཡིན་པ་དེ་ཕལ་
ཆེར་བཤད་དོ། །ཤུགས་ཀྱིས་ན་གཞན་གྱི་ལུགས་ཀྱིས་གྲུབ་པ་ཡང་བསྟན་ཏོ་ཞེས་བཤད་པ་ཡིན་ནོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་སམ། གཞན་གྱི་ལུགས་ཀྱང་རུང་ཚིག་འདི་ལ་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གིས་ཉེས་ཏེ་བདག་གི་སྐྱོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དམ་
ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་བྱ་བ་སྨོས་ཏེ། རྟོགས་པ་དང་ལུང་གི་མཚན་ཉིད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ལ་སྟེ་བརྗོད་པ་ལ་ཚད་མ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་སྲས་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡིན་ཏེ། ཆོས་ཐམས་ཅད་
རྣམ་པ་ཐམས་ཅད་དུ་རྟོགས་པར་བྱ་བ་ལ་ཐུགས་གཅུགས་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་མིག་ཏུ་གྱུར་པ་ལམ་དང་ལམ་མ་ཡིན་པ་ཡང་དག་པར་སྟོན་པར་བྱེད་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་
ལས་འདས་ཤིང་སྟེ། འདིས་ནི་འཇིག་རྟེན་ལོང་བར་གྱུར་པ་ཉིད་སྟོན་ཏོ། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །ཞེས་བྱ་བ་ལ། དཔང་དུ་གྱུར་པ་ནི་མངོན་སུམ་དུ་མཐོང་བ་སྟེ། བཅོམ་ལྡན་འདས་ཀྱི་དཔང་དུ་གྱུར་པའི་སྐྱེ་བོ་བཅོམ་ལྡན་འདས་ནི་ལམ་དང་ལམ་མ་ཡིན་པ་མཁྱེན་པ་ཡིན་
ནོ་ཞེས་བྱ་བར་དེ་ཁོ་ན་ཉིད་རྟོགས་པ་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ཟད་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ན་མ་རིག་པའི་མུན་པས་དེ་ཁོ་ན་ཉིད་མ་མཐོང་བ་རང་དགར་གྱུར་པ་བཅོས་སུ་མི་བཏུབ་པ་རང་གི་ལྟ་བས་རྟོག་གེ་ངན་པར་ཞུགས་པ་ཁྱེད་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་
ཚིག་དང་དོན་གྱི་སྒོ་ནས་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པ་འདིས་ནི་སྔར་བཤད་པའི་ཚིགས་སུ་བཅད་པའི་དོན་གྱི་གཏན་ཚིགས་ཀྱི་ངོ་བོ་ཉེ་བར་བཀོད་པ་ཡིན་ཏེ།

སངས་རྒྱས་དང་སངས་རྒྱས་ཀྱི་སྲས་རྣམས་ཡོངས་སུ་མྱ་ངན་ལས་འདས་ཏེ། འགྲོ་བ་མགོན་མེད་པ་ན་བསྟན་པ་ནུབ་པར་བྱེད་པའི་རྒྱུ་ལྟ་བ་ལ་སོགས་པ་སྐྱོན་གྱི་དྲི་མ་རང་ཉམས་སུ་གྱུར་པས་དགའ་མགུར་རང་དགར་དེང་སང་འཇིག་རྟེན་འདི་ན་སྤྱོད་དོ། །དེ་བས་ན་དེ་
ལྟར་ལྐོག་མར་སྲོག་ཕྱིན་འདྲ་སྟེ་སྲོག་ལྐོག་མར་ཕྱིན་པ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རིག་ལ་སྐྱོན་རྣམས་ཀྱང་སྟོབས་དང་ལྡན་པའི་དུས་སུ་རིག་ནས་ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས་ཞེས་བྱ་བ་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་
བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་བརྒྱད་པའོ།། །།བམ་པོ་དྲུག་ཅུ་པ། ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེས་བྱ་བ་ནི། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །
ཞེས་འབྱུང་བས་དོན་གྱིས་ནི་སློབ་དཔོན་གྱིས་འདི་ཁོ་ན་ཐར་པའི་ཐབས་ཡིན་གྱི་འདི་ལས་ཐར་པའི་ཐབས་གཞན་མེད་དེ། དེ་ལྟ་བས་ན་ཐར་པ་འདོད་པ་རྣམས་ཀྱིས་འདི་ལ་བག་ཡོད་པར་བྱའོ་ཞེས་བཤད་པས། གླེང་བ་པོས་ཀྱང་ཅི་འདི་ལས་ཞེས་བྱ་བ་རྒྱས་པར་འདྲི་བ་ལ་མེད་དོ་ཞེས་བྱ་བ་
སྨྲས་སོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། མུ་སྟེགས་ཅན་རྣམས་ནི་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལ་ཞེན་པ་ཡིན་པས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའོ། །དེའི་ངོ་བོ་ནི་ཉིད་དེ། དེའི་ཕྱིར་གཞན་ལ་ཐར་པ་མེད་དོ། །དོན་
འདི་ནི་བསྟོད་པ་བྱས་པས་ཀྱང་བཤད་དེ། ཡིད་ལ་ང་རུ་འཛིན་དང་བཅས་ན་སྐྱེ་རྒྱུན་ཞི་མ་འགྱུར། །བདག་ཏུ་ལྟ་བ་ཡོད་ན་སྙིང་ལས་ངར་འཛིན་མི་གཡོ་ལགས། །གང་ཕྱིར་འགྲོ་ལ་བདག་མེད་སྨྲ་བའི་སྟོན་པ་གཞན་མེད་པ། །དེའི་ཕྱིར་ཁྱོད་ཀྱི་ལུགས་ལས་ཉེར་ཞི་བྱེད་པའི་ལམ་གཞན་མེད། །
ཅེས་བྱ་བ་ཡིན་ནོ། །འདི་ལ་སྒྲུབ་པ་ནི་སེར་སྐྱ་དང་འུག་པ་པ་ལ་སོགས་པ་ལ་ནི་ཐར་པ་མེད་དེ། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བའི་སྐྱེས་བུ་བཞིན་ནོ། །ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་དུ་འཇིག་རྟེན་

འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་ལྟ་བ་ཐ་དད་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ལྟ་བུ་སྟེ། བདག་ཏུ་ལྟ་བ་ཡོད་ན་བདག་ལ་ཆགས་པ་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་འབྱུང་ངོ་། །བདག་ཏུ་མངོན་པར་བརྗོད་པ་འདི་
ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི་ཞེས་བྱ་བ་ལ། བདག་ཏུ་མངོན་པར་བརྗོད་པ་ནི་བདག་ཏུ་འདོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་བྱ་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕུང་པོའི་རྒྱུད་ལས་གཞན་པ་བརྟགས་པ་ལ་ནི་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། མངོན་སུམ་དང་
རྗེས་སུ་དཔག་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་མེད་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ལུང་ནི་རྗེས་སུ་དཔག་པའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་
པ་ཡིན་ཏེ་ཞེས་བྱ་བ་ལ་བར་ཆད་བྱེད་པ་མེད་ན་ཞེས་བྱ་བ་ནི་དམིགས་པའི་བགེགས་བྱེད་པ་ཧ་ཅང་ཉེ་བ་དང་ཧ་ཅང་རིང་བ་ལ་སོགས་པ་མེད་ནའོ། །མངོན་སུམ་ཞེས་བྱ་བ་ནི་དམིགས་པའི་ཁྱད་པར་ཡིན་ཏེ། མངོན་སུམ་ཉིད་དུ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དམིགས་པ་
ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ་འདིས་དམིགས་པར་བྱེད་པས་ན་དམིགས་པའོ། །ཡུལ་དྲུག་ཅེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་དང་ཆོས་ཀྱི་སྐྱེ་མཆེད་ཚོར་བ་ལ་སོགས་པའི་མཚན་ཉིད་དང་རྣལ་འབྱོར་པའི་ཡུལ་ལུང་དང་རྣམ་པར་རྟོག་པ་ལས་འདས་
པའོ། །ཡིད་ཅེས་བྱ་བ་ཅི་ཞེ་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། འགགས་མ་ཐག་པའི་ཡིད་ནི་མཇུག་ཐོགས་སུ་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཆགས་པའམ་སྡང་བའམ། བདེ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་དེ་ལྟ་བུ་ལ་
སོགས་པ་རྣམ་པར་ཤེས་སོ། །གཞན་དག་ན་རེ་རང་རིག་པས་དམིགས་སུ་ཞེས་ཟེར་རོ། །མངོན་སུམ་རྣམ་པ་གཉིས་པོ་འདི་ནི་གཟུང་བའི་རྣམ་པ་དང་འཛིན་པའི་རྣམ་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དུ་མངོན་སུམ་མི་འཇུག་པ་དེར་ནི་རྗེས་

སུ་དཔག་པས་དམིགས་པ་ཡིན་ནོ། །དཔེར་ན་དབང་པོ་ལྔ་ལྟ་བུའོ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལྟ་བུའོ། །རྒྱུ་ཞིང་དང་ཆུ་ལ་སོགས་པ་ཡོད་ཀྱང་རྒྱུ་གཞན་ས་བོན་གྱི་མཚན་ཉིད་མེད་ན་འབྲས་བུ་མེད་པར་མཐོང་ལ་ས་བོན་དེ་ཡོད་ན་ནི་ཡང་མྱུ་གུ་ཡོད་པར་
མཐོང་ངོ་། །དཔེར་ན་མྱུ་གུ་ལྟ་བུའོ་ཞེས་བྱ་བ་ནི་དཔེ་ཉེ་བར་བཀོད་པ་ཡིན་ནོ། །དེ་ལྟར་དཔེ་ཉེ་བར་བཀོད་ནས་དངོས་བསྟན་པའི་ཕྱིར་ཡུལ་སྣང་བར་གྱུར་པ་དང་རྒྱུ་ཡིད་ལ་བྱེད་པ་ཡོད་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དུ་གྱུར་པ་དང་། དེ་སྐྱེད་པ་རྒྱུ་ཡིད་
ལ་བྱེད་པ་ཡོད་དུ་ཟིན་ཀྱང་ཡུལ་འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པར་མཐོང་ལ་ཡང་ཡོད་པར་མཐོང་ངོ་། །གང་དག་གི་ཞེ་ན། གྲངས་བཞིན་དུ་སྟོན་ཏེ། ལོང་བ་དང་འོན་པ་ལ་སོགས་པའི་ནི་མེད་དོ། །མ་ལོང་བ་དང་མ་འོན་པ་ལ་སོགས་པའི་ཡོད་དོ། །སྩོགས་པ་ཞེས་བྱ་
བའི་སྒྲས་ནི་སྣའི་དབང་པོ་ལ་སོགས་པ་ཉམས་པའི་བསྡུའོ། །དེའི་ཕྱིར་དེ་ལ་ཡང་རྒྱུ་གཞན་མ་ངེས་པའི་ངོ་བོ་ཅི་ཞིག་གྲངས་བཞིན་དུ་མེད་པ་དང་ཡོད་པ་ཁོ་ནར་ངེས་སོ། །དེ་ཡང་ཅི་ཞིག་ཡིན་ཞེ་ན། སྨྲས་པ་ལྟོས་པར་བྱ་བའི་རྒྱུ་གཞན་གང་ཡིན་པ་དེ་ནི་དབང་པོ་སྟེ་མིག་ལ་སོགས་པ་ཡིན་ནོ་
སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་སྒྲུབ་པ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་སྐྱེད་པར་བྱེད་པར་འདོད་པ་ཡུལ་དང་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དངོས་པོ་འདི་ནི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། རེས་འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་རོ། །གང་ཞིག་རེས་
འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་པར་བྱེད་པ་དེ་ནི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །དཔེར་ན་མྱུ་གུ་སྐྱེད་པར་བྱེད་པ་ཞིང་དང་ཆུ་དང་ས་བོན་གྱི་མཚན་ཉིད་ཀྱི་རྒྱུ་གཞན་དང་ལྷན་ཅིག་རང་གི་འབྲས་བུ་མྱུ་གུ་སྐྱེད་པར་བྱེད་པ་རེས་འགའ་ཁོ་ན་རང་གི་འབྲས་བུ་སྐྱེད་
པར་བྱེད་པ་ལྟ་བུ་སྟེ། ས་བོན་ཡོད་པའི་གནས་སྐབས་ན་མྱུ་གུ་སྐྱེད་པར་བྱེད་པའི་ཕྱིར་དང་། ས་བོན་མེད་པའི་གནས་སྐབས་ན་རང་གི་འབྲས་བུ་སྐྱེད་པར་མི་བྱེད་པའི་ཕྱིར་རོ། །ཡུལ་དང་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དངོས་པོ་དེ་ཡང་དེ་དང་འདྲ་སྟེ། དེ་ནི་མ་ལོང་བ་དང་མ་འོན་པའི་

གནས་སྐབས་ན་ནི་རང་གི་འབྲས་བུ་རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་མཚན་ཉིད་སྐྱེད་པར་བྱེད་པ་ཡིན་ལ། ལོང་བ་དང་འོན་པའི་གནས་སྐབས་ན་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་རྒྱུ་གཞན་དང་ལྷན་ཅིག་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ནི་དབང་པོ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་
ན་དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་གཅོད་དེ། འདི་ལ་རྒྱུ་གཞན་ཞིག་ཡོད་དོ་ཞེས་བྱ་བ་དེ་ཁོ་ན་ཙམ་ཞིག་ཏུ་ཡོངས་སུ་གཅོད་ཀྱི་དེ་དབང་པོ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེ་ན་འདི་ནི་དྲང་སྲོང་ཆེན་པོའི་སྨོན་ནས་ཤེས་པའི་ཡོངས་སུ་བཅད་པའི་ཕྱིར་དང་། མིག་གི་རྣམ་པར་ཤེས་པ་ལ་
སོགས་པའི་རྒྱུ་མིག་གི་དབང་པོ་ལ་སོགས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ལ། ཐམས་ཅད་རྩོད་པ་མེད་པའི་ཕྱིར་གྲུབ་པ་ཁོ་ན་ཡིན་ནོ། །བདག་ནི་དེ་ལྟར་ཡོད་པ་མ་ཡིན་པས་བདག་མེད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །སྒྲུབ་པ་ནི་དོན་གྱིས་ན་འདི་སྐད་དུ་བདག་ནི་མེད་དེ། ཚད་མས་
མི་དམིགས་པའི་ཕྱིར་གཏན་མེད་པ་ལྟ་བུའོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་ཡོད་དེ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་བརྗོད་དགོས་པའི་ཕྱིར་རོ། །གལ་ཏེ་དེ་ཡོད་ན་དེ་སྨྲོས་ཤིག །ཚིག་ཙམ་གྱིས་ནི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ་
ཞེས་བཟློག་ཏུ་མི་རུང་ངོ་། །འོ་ན་གང་གནས་མའི་བུ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་གནས་མའི་བུ་ནི་འཕགས་པ་མང་པོས་བཀུར་བའི་སྡེ་པ་དག་སྟེ། འདིས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་མ་ངེས་སོ་ཞེས་སྟོན་པར་བྱེད་དེ། གནས་མའི་བུ་
རྣམས་ནི་སངས་རྒྱས་པ་ཡིན་པའི་ཕྱིར་ཐར་པ་མི་འདོད་པ་མ་ཡིན་ནོ། །ཡང་ན་བདག་མེད་དོ་ཞེས་བྱ་བ་འདིས་ཕྱོགས་འདི་སྐྱོན་དང་བཅས་པ་ཡིན་ནོ་ཞེས་ཕྱོགས་སྔ་མ་འགལ་བར་སྟོན་ཏེ། གནས་མའི་བུའི་སྡེ་དག་རང་གི་ཕྱོགས་ཡིན་པས་སོ། །འདི་ནི་རེ་ཞིག་དཔྱད་པར་བྱ་བ་
ཡིན་ཏེ་ཞེས་བྱ་བ་ནི་དེའི་སྡེའི་གང་ཟག་བཏགས་པར་ཡོད་པ་ཡིན་པས་ཉེས་པ་མེད་དོ་སྙམ་དུ་བསམས་པའོ། །རྫས་སུ་ཞེས་བྱ་བ་ནི་ཅི་ཞིག་བཏགས་པར་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེས་གླེངས་པ་དང་། སློབ་དཔོན་གྱིས་གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་

པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི་རྫས་སུ་ཡོད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཇི་ལྟར་གཟུགས་ལ་སོགས་པ་སྒྲ་ལ་སོགས་པ་ལས་དངོས་པོ་ཐ་དད་པ་ལྟར་འདོད་ན་ནི་གཟུགས་ནི་སྒྲ་ལས་མཚན་ཉིད་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གང་ཟག་
རྫས་སུ་ཡོད་དོ་ཞེས་ཁས་བླངས་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཇི་ལྟར་འོ་མ་དང་ཁྱིམ་དང་། དམག་ལ་སོགས་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་དང་རྩྭ་དང་ཤིང་དང་སོ་བག་དག་དང་། གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་
པ་དེ་དག་ལས་དངོས་པོ་གཞན་ཡིན་པར་མི་འདོད་ཀྱི། དེ་དག་ཉིད་ཀྱི་སྤྱི་ཙམ་དུ་ཟད་དོ་ཞེས་བྱ་བ་དེ་ལྟར་འདོད་ན་ནི། གང་ཟག་བཏགས་པར་ཡོད་དོ་ཞེས་ཁས་བླངས་པ་ཡིན་ཏེ། གཟུགས་ལ་སོགས་པ་དང་རྩྭ་ལ་སོགས་པ་དང་། གླང་པོ་ཆེ་ལ་སོགས་པ་ལས་གཞན་པ་འོ་མ་དང་། ཁྱིམ་
དང་དམག་ཅེས་བྱ་བའི་དངོས་པོ་ནི་ཅི་ཡང་མེད་དོ། །དེ་ལས་ཅིར་འགྱུར་ཞེས་བྱ་བ་ནི་དེ་ལས་ཉེས་པ་ཅིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་གལ་ཏེ་རྫས་སུ་ཡོད་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་ལ་བརྟེན་ནའོ། །གང་ཟག་དེ་རང་བཞིན་ཐ་དད་པའི་ཕྱིར་ཏེ་མཚན་ཉིད་ཐ་དད་པའི་ཕྱིར་ཕུང་པོ་
རྣམས་ལས་གཞན་ནོ་ཞེས་བརྗོད་པར་བྱའི་ཕུང་པོའི་སྤྱི་ཙམ་ནི་མ་ཡིན་ནོ། །ཕན་ཚུན་གྱི་ཕུང་པོ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མཚན་ཉིད་ཐ་དད་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ལས་ཚོར་བའི་ཕུང་པོ་གཞན་ཡིན་པ་ལྟར་ཕུང་པོ་དག་ལས་གང་ཟག་ཀྱང་དེ་དང་འདྲ་བར་འགྱུར་ཏེ། གང་ཟག་ནི་གཟུགས་
ཀྱི་ཕུང་པོ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ་ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བུར་ཡང་ཐལ་བར་འགྱུར་ཞེས་བྱ་བ་ནི་འདུས་མ་བྱས་ཡིན་པ་
དེའི་ཕྱིར་གནས་མའི་བུ་རྣམས་མུ་སྟེགས་ཅན་གྱི་ལྟ་བར་ཐལ་བར་འགྱུར་རོ། །དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ནི། མཁའ་ལ་ཆར་ཉིས་ཅི་ཞིག་བྱ། །དེ་གཉིས་འབྲས་བུ་པགས་པ་ཡོད། །གལ་ཏེ་པགས་འདྲ་དེ་མི་རྟག །གལ་ཏེ་མཁའ་འདྲ་འབྲས་བུ་མེད། །སྙམ་དུ་

བསམས་པ་ཡིན་ནོ། །ལོང་བ་ལྟ་བུའི་ཚིག་དོན་མི་གསལ་བ་འདི་ཞེས་བྱ་བ་འདི་ལོང་བ་དང་འདྲ་བས་ན་ལོང་བ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་མི་གསལ་བ་སྟེ། དོན་མི་མངོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་རྣམས་ལ་དམིགས་ནས་ཞེས་བྱ་བ་ནི་བཟུང་ནས་ཞེས་བྱ་བའི་དོན་ཏེ། ཇི་ལྟར་
དཔེར་ན་གཟུགས་ལ་སོགས་པ་བཟུང་ནས་འོ་མ་འདོགས་ཀྱི། གཟུགས་ལ་སོགས་པ་ལ་མ་གཏོགས་པའི་འོ་མ་མེད་པ་ལྟར་གང་ཟག་ཀྱང་དེ་དང་འདྲ་བས་གང་ཟག་བཏགས་པའི་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་རྣམས་ལ་
བརྟེན་ཏེ་གནས་ནས་སོ། །སྐྱོན་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཕུང་པོ་དེ་དག་ཉིད་ལ་གང་ཟག་འདོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་ཟག་འདོགས་པའི་རྐྱེན་ནི་ཕུང་པོ་དག་ཡིན་གྱི་གང་ཟག་ནི་མ་ཡིན་ནོ། །གང་ཟག་ནི་དེ་ཁོ་ན་བཞིན་དུ་བཏགས་པའི་ཡོད་པ་ཡིན་
པས་སྐྱོན་དེ་ཉིད་དུ་འགྱུར་རོ། །ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ་ཞེས་བྱ་བ་ལ། གནས་མའི་བུ་རྣམས་ཀྱི་བསམ་པ་ནི་གང་ཟག་རྫས་སུ་ཡོད་པ་ལ་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །
དངོས་པོ་གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་པ་གང་ཞིག་རང་གི་ཉེ་བར་ལེན་པ་རྒྱུར་བྱས་ནས་འདོགས་པ་དེ་ནི་རྫས་སུ་ཡོད་དེ། དཔེར་ན་མེ་ལྟ་བུའོ་སྙམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་གཞན་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། འཇིག་རྟེན་དང་འགལ་བ་དང་
རང་གི་གྲུབ་པའི་མཐའ་དང་འགལ་བ་སྟོན་པར་བྱེད་དོ། །རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདུས་མ་བྱས་ལྟ་བུར་རོ། །ཆད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཕུང་པོ་བཞིན་དུའོ། །རེ་ཞིག་འཇིག་རྟེན་ན་ནི་ཤིང་ལ་སོགས་པ་མེ་འབར་བ་ལ་བུད་ཤིང་ཞེས་བྱ་བ་རྒྱས་པར་འབྱུང་བ་
འདིས་ནི་དཔེ་མ་གྲུབ་པ་ཉིད་དུ་སྟོན་ཏེ། མེ་དང་བུད་ཤིང་དག་ནི་གཞན་པ་ཉིད་དུ་འདོད་དོ། །དེས་དེ་ཚིག་པ་དང་སྲེག་པར་བྱེད་ཅེས་བྱ་བ་ནི་མེ་དེས་བུད་ཤིང་དེ་ཚིག་པར་བྱེད་སྲེག་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་གཞོབ་ཏུ་འབྱིན་ཅིང་ཐལ་བར་རློག་གོ། །རྒྱུར་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་

བྱ་བ་ནི་ཐལ་བར་རློག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་ཚིག་པ་དང་སྲེག་པར་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་དག་ཡིན་ནོ་ཞེས་ཟེར་རོ། །བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བུད་ཤིང་དང་མེ་དེ་གཉི་ག་འབྱུང་བ་ཆེན་པོ་བཞི་དང་རྒྱུར་བྱས་པའི་གཟུགས་བཞི་པོ་
གཟུགས་ནས་རེག་བྱའི་བར་ཞེས་བྱ་བ་རྫས་བརྒྱད་པ་ཡིན་ཏེ། གྲུབ་པའི་མཐའ་ལས། འདོད་ན་དབང་པོ་མེད་པ་ཡི། །སྒྲ་མེད་རྡུལ་ཕྲན་རྫས་བརྒྱད་དོ། །ཞེས་བྱ་བའི་ཕྱིར་རོ། །དུས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་བུད་ཤིང་ནི་སྔ་ལ་མེ་ནི་འཕྱིའོ། །དུས་ཐ་དད་པ་དག་ཀྱང་གཞན་པ་ཉིད་
དུ་མཐོང་སྟེ་ས་བོན་དང་མྱུ་གུ་དག་ལྟ་བུའོ། །མི་རྟག་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བ་དང་ལྡན་པ་གཟུགས་ལ་སོགས་པ་མི་རྟག་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་ཉིད་ལ་ཞེས་བྱ་བ་ནི་དེ་གཉི་གའི་མཚན་ཉིད་ཀྱི་སྤྱི་ལའོ། །དེ་གཉིས་ཀྱང་མཚན་ཉིད་ཐ་
དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་བོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་མཚན་ཉིད་དེ་ལྟ་བུ་དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་སྟེ། སའི་ཁམས་ལ་སོགས་པའི་མཚན་ཉིད་གཞན་ཡིན་པའི་ཕྱིར་རོ། །མཚན་ཉིད་ཐ་དད་པ་རྣམས་ནི་གཞན་ཉིད་ཡིན་པར་མཐོང་
སྟེ། གཟུགས་དང་ཚོར་བ་ལ་སོགས་པ་ལྟ་བུའོ། །རྒྱུར་བྱས་པའི་དོན་ཡང་བརྗོད་དགོས་ཏེ་ཞེས་བྱ་བ་ནི་གཞན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་དེའི་རྒྱུ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་འབྱུང་བ་གསུམ་གྱི་མཚན་ཉིད་ཀྱི་བུད་ཤིང་དེ་ནི་དྲོ་བའི་མཚན་ཉིད་ཀྱི་མེ་དེའི་རྒྱུར་
རུང་བ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཕྱིར་བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །དེ་གདགས་པའི་རྒྱུ་ཡང་མ་ཡིན་ཞེས་བྱ་བ་ནི་མེ་གདགས་པའི་འོ། །གལ་ཏེ་རྒྱུར་བྱས་པའི་དོན་རྟེན་གྱི་དོན་ནམ་ཞེས་བྱ་བ་ནི་བུད་ཤིང་རྒྱུར་བྱས་ནས་ཞེས་བྱ་བ་བུད་ཤིང་ལ་བརྟེན་ནས་ཞེས་བྱ་
བའི་ཐ་ཚིག་གོ། །ལྷན་ཅིག་འབྱུང་བའི་དོན་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་དོན་བུད་ཤིང་དང་ལྷན་ཅིག་འབྱུང་བ་ཉིད་དུ་བཟུང་ནས་ཞེས་བྱ་བའི་དོན་ཏོ། །རྟེན་ནམ་ལྷན་ཅིག་འབྱུང་བ་དག་ཡིན་པར་འགྱུར་ཞེས་བྱ་བ་ནི་རྟེན་དུ་གྱུར་པ་དང་ལྷན་ཅིག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་

སྟེ། གནས་མའི་བུ་རྣམས་གཞན་ཉིད་དུ་གསལ་བར་དམ་འཆའ་བ་ཡིན་ནོ། །ད་མད་ན་ཞེས་བྱ་བ་ནི་ཕུང་པོ་མེད་ནའོ། །འབྱུང་བ་གཞན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་པ་དེ་ཡང་ཞེས་བྱ་བ་ནི་དྲོ་བ་ཉིད་དང་
ལྡན་པ་འབའ་ཞིག་དྲོ་བར་མ་ཟད་ཀྱི་གཞན་མེ་འབར་བ་དང་འབྲེལ་པའི་ས་ལ་སོགས་པ་དེ་ཡང་དྲོ་བར་འགྲུབ་པོ། །དེའི་ཕྱིར་ཇི་ལྟར་དེ་གཞན་ཉིད་ཡིན་ན་ཉེས་པ་མེད་པ་ལྟར་འདི་ཡང་དེ་དང་འདྲའོ། །དེས་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་མེད་པར་འགྱུར་རོ། །ཤིང་ལ་སོགས་
པ་ཞེས་བྱ་བ་ནི་ཤིང་དང་རྩྭ་དང་བ་ལང་གི་ལྕི་བ་ལ་སོགས་པའོ། །བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་གང་ཟག་གོ། །བརྗོད་པར་མི་བྱ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཤེས་བྱ་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བར་རོ། །འོ་ན་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། དེ་ནི་འདས་པ་ལ་སོགས་པ་ལས་ལྔ་པ་ཡང་མ་ཡིན་ལ་ལྔ་པ་མ་
ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ཀྱང་མིག་ལ་སོགས་པ་ཡོད་ན་དེ་དམིགས་པའི་ཕྱིར་མིག་ལ་སོགས་པ་རྒྱུར་བྱས་ནས་གཟུགས་འདོགས་སོ་ཞེས་བཏགས་པ་ཡིན་པར་བརྗོད་པར་བྱའོ། །དམིགས་པར་བྱེད་ན་ཞེས་བྱ་
བ་ནི་ཉེ་བར་མཚོན་པར་བྱེད་ན་སྟེ། དེའི་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ་གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་དང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་བར་དུ་
ཡིན་པ་དང་མ་ཡིན་པར་བརྗོད་པར་མི་བྱ་བ་ཡང་དེ་དང་འདྲའོ། །འོ་མ་འམ་ཆུ་དམིགས་པར་བྱེད་ན་ཞེས་བྱ་བ་ནི་དཔེར་བརྗོད་པ་གཉིས་སོ། །དེ་ལྟ་བས་ན་དེ་ནི་འདི་སྐད་དུ་གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འོ་མ་དམིགས་པར་བྱེད་ན་ནི་འོ་མ་མིག་
གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ། །དེ་བཞིན་དུ་གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་

ལ་བརྟེན་ནས་ཆུ་དམིགས་པར་བྱེད་ན་ནི་ཆུ་མིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བྱ་བ་འདི་ཐམས་ཅད་ཀྱང་བརྗོད་
པར་བྱའོ། །འོ་མ་དང་ཆུ་གཉིས་བཞི་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ་ཞེས་བྱ་བ་ནི་གལ་ཏེ་གཟུགས་རྣམས་ཞེས་བྱ་བ་ནས་རེག་བྱ་རྣམས་ཞེས་བྱ་བའི་བར་དུ་བརྗོད་ན་ནི་འོ་མ་དང་ཆུ་བཞི་ཚན་དུ་ཐལ་བར་འགྱུར་ཏེ་འོ་མ་དང་ཆུ་རྣམ་པ་བཞི་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ནི་གློ་བུར་
པ་ཡིན་པས་འདིར་མ་གཏོགས་སོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པ་འདུས་པའི་སྤྱི་ཁོ་ན་ལ་འོ་མ་འམ་ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ཀྱི་སྤྱི་ཁོ་ན་ལ་གང་ཟག་འདོགས་སོ་ཞེས་བྱ་བར་གྲུབ་བོ། །གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ་ཞེས་བྱ་བ་དང་།
གཟུགས་རྣམས་དམིགས་ན་གང་ཟག་དམིགས་ཞེས་བྱ་བ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཅེ་ན། ཕྱོགས་སྔ་མ་ལ་ནི་གཟུགས་རྣམས་རྒྱུ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ལ་ནི་རྒྱུ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་རྣམས་རྒྱུར་བྱས་ནས་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན་
ནོ། །དེ་ལ་གལ་ཏེ་གཟུགས་རྣམས་རྒྱུ་ཉིད་ཡིན་པར་འདོད་ལ་གང་ཟག་དེ་ཡང་ཕུང་པོ་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ་ཞེ་ན། འོ་ན་ནི་ཁྱེད་ལ་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ལྟ་བུར་ཐལ་བར་འགྱུར་ཏེ། ཇི་ལྟར་ཁྱེད་ཀྱི་གཟུགས་རྣམས་གང་ཟག་དམིགས་པའི་
རྒྱུ་ཡིན་ལ་དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱ་བ་ལྟར། སྣང་བ་དང་མིག་དང་ཡིད་ལ་བྱེད་པ་དག་ཀྱང་གཟུགས་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་སྣང་བ་ལ་སོགས་པ་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ། །དེ་དག་ནི་དེ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་བ་
ལ་སོགས་པ་དེ་དག་ནི་གཟུགས་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་ཟག་གཟུགས་ལས་རང་བཞིན་ཐ་མི་དད་པར་འགྱུར་ཏེ། དམིགས་པ་དེ་ཁོ་ནས་དམིགས་པར་བྱ་བ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །གཟུགས་ཁོ་ན་ལ་དེ་འདོགས་པར་ཞེས་བྱ་བ་ནི་གང་ཟག་དེ་འདོགས་

པར་ཏེ་འགྱུར་ན་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །འདི་ནི་གཟུགས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམིགས་པ་གཅིག་པ་ཉིད་ཡིན་ན་གཟུགས་དང་གང་ཟག་དག་ཡོངས་སུ་གཅོད་པར་མི་འགྱུར་རོ། །འོན་ཏེ་འདི་ནི་གཟུགས་སོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་དེ་
ལྟར་ཡོངས་སུ་མི་གཅོད་ན་ནི་ཇི་ལྟར་གཉི་ག་དམ་བཅའ། གཟུགས་ཁོ་ན་དམ་བཅའ་དགོས་པར་འགྱུར་ཏེ། དེ་དམིགས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ཇི་ལྟར་ཞེ་ན། གང་ཡང་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལ་བརྟེན་ནས་གང་ཟག་
དམིགས་པར་བྱེད་ཅེས་སྨྲས་པའི་ཚིག་དེའི་དོན་ཅི་ཞིག་ཡིན་ཞེ་ན། ཅི་རེ་ཞིག་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ། འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེས་བྱ་བ་ཡིན། གལ་ཏེ་སྒྲ་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ལ། དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་
བྱའོ་ཞེ་ན་ནི། དེ་ལྟ་ན་ནི་འོ་ན་སྒྲ་ཡང་རྣ་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། དེ་དག་ནི་དེ་མི་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་སྒྲ་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེ་ན་ནི། ཅི་དམིགས་པ་དེ་ཁོ་ནས་དམིགས་སམ་འོན་ཏེ་གཞན་གྱིས། གལ་ཏེ་
དེ་ཁོ་ནས་སོ་ཞེ་ན་ནི་གང་ཟག་སྒྲ་ལས་རང་བཞིན་ཐ་མི་དད་པའམ། སྒྲ་ཁོ་ན་ལ་དེ་འདོགས་པར་འགྱུར་ན་འདི་ནི་སྒྲའོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཡོངས་སུ་གཅོད་འོན་ཏེ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི་གཟུགས་ཀྱང་ཡོད་དོ། གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་
དམ་བཅའ་སྟེ། དམིགས་པའི་དབང་གིས་དེ་ཡོད་པར་དམ་བཅའ་བར་ཟད་དོ། །ཕྱོགས་འདིས་ཆོས་ཀྱི་བར་དག་ལས་ཀྱང་སྦྱར་བར་བྱའོ། །སྔོན་པོ་ལས་སེར་པོ་ལྟ་བུ་ཞེས་བྱ་བ་ནི་གང་གི་ཚེ་ཡོངས་སུ་གཅོད་པས་སྔོན་པོ་དམིགས་པ་དེའི་ཚེ་སེར་པོ་མི་དམིགས་སོ། །ཕྱིས་དམིགས་
པ་ནི་དམིགས་པ་གཞན་གྱིས་དམིགས་ཏེ་སེར་པོ་དེ་ཡང་སྔོན་པོ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲགས་སོ། །དེ་ལྟ་ན་གང་ཟག་ཀྱང་དམིགས་པ་གཞན་གྱིས་དམིགས་པས་གཟུགས་ལས་གཞན་པར་འགྱུར་རོ། །དེ་བཞིན་དུ་སྐད་ཅིག་མ་ལས་སྐད་ཅིག་མ་གཞན་གཞན་ཡིན་པ་བཞིན་ནོ་ཞེས་

དཔེར་བརྗོད་པར་བྱའོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ཇི་ལྟ་ཞེ་ན། འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་པར་དམིགས་པའི་ཕྱིར་གཞན་ཡིན་པར་འགྱུར་ཏེ། དཔེར་ན་རྫ་བོ་ཆེའི་སྒྲ་ལས་རྫ་རྔའི་སྒྲ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་
གཞན་བཞིན་ཏེ། ཇི་སྐད་དུ་གོང་དུ་སྔོན་པོ་ལས་སེར་པོ་ལྟ་བུ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་གཞན་བཞིན་ནོ་ཞེས་བཤད་པ་ལྟ་བུའོ། །འོན་ཏེ་གཞན་གྱིས་སོ་ཞེ་ན་ནི་ཞེས་བྱ་བ་ནས་རྒྱས་པར་ཆོས་ཀྱི་བར་དག་ལས་ཀྱང་བརྗོད་པར་བྱ་བས་ན་ཡུལ་མཚན་ཉིད་ཐ་དད་པ་དང་མཚན་ཉིད་ཐ་དད་
མ་ཡིན་པ་དུས་ཐ་དད་པར་དམིགས་པས་གཞན་པ་ཉིད་དུ་བསྟན་པ་ཁོ་ན་ཡིན་ནོ། །འོ་ན་གཟུགས་དང་གང་ཟག་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཇི་ལྟར་གཟུགས་དང་གང་ཟག་དག་གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ། དེ་དག་དམིགས་པ་དག་
ཀྱང་གཞན་དང་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་ན་འོ་ན་ནི་དེས་ན་འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་དམིགས་པ་འདུས་བྱས་དེ་ཡང་བརྗོད་པར་བྱ་བ་མ་ཡིན་པས་གྲུབ་པའི་མཐའ་ཉམས་པ་ཡིན་ནོ། །གྲུབ་པའི་མཐའ་གང་ཟག་ཁོ་ན་བརྗོད་པར་བྱ་བ་
མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ཉམས་པར་འགྱུར་ཏེ། འདུས་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འདི་ཡོད་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་འདི་གཟུགས་རྣམས་སམ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་མ་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་
ཀྱིས་གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་འདི་གསུངས་ཏེ། དེ་སྐད་དུ་གསུངས་པས་གང་ཟག་ནི་བརྗོད་པར་བྱ་བ་ཁོ་ན་ཡིན་གྱི་བརྗོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྒྲ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་གང་ཟག་
ནི་གཟུགས་ཀྱི་རྣམ་པར་ཤེས་པས་མི་དམིགས་ཏེ། དེའི་དམིགས་པའི་རྐྱེན་དུ་མ་གྱུར་པའི་ཕྱིར་སྒྲ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདིར་དྲི་བཞིན་ནོ། །རོ་བཞིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། དེ་བཞིན་དུ་འདི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་མི་

དམིགས་པ་ཉིད་དུ་བརྗོད་པར་བྱ་སྟེ་འདི་ནི་ཕྱོགས་ཡིན་ནོ། །ཉེ་བར་དགོད་པ་འདིས་ནི་དམ་བཅས་པ་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པའི་སྐྱོན་བརྗོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་གཉིས་ལ་བརྟེན་ནས་ཞེས་གསུངས་ཀྱི་གསུམ་ལ་བརྟེན་ནས་སྐྱེའོ་ཞེས་ནི་མ་
གསུངས་པས་འདིས་ནི་མདོ་དང་འགལ་བ་ཡིན་ནོ། །དགེ་སློང་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུ་ནི་མིག་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེ་བའི་རྐྱེན་ནི་རྒྱུ་ཡིན་ནོ། །རིང་བ་ནི་རྐྱེན་ཁོ་ན་ཡིན་ནོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་ནི་རྒྱུའོ། །རྐྱེན་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་
རོ། །གཞན་དག་ན་རེ་འདི་གཉིས་ནི་རྣམ་གྲངས་ཡིན་ནོ་ཞེས་ཟེར་རོ། །གང་ཟག་གཟུགས་ལས་གཞན་ཡིན་ཞེས་བྱ་བའི་ཕྱོགས་སུ་ཐལ་བར་འགྱུར་ཏེ། རྣ་བའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་སྒྲ་བཞིན་ནོ། །དེ་བཞིན་དུ་གང་ཟག་སྒྲ་ལས་གཞན་ཡིན་ཞེས་བྱ་བའི་
ཕྱོགས་སུ་ཐལ་བར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་ཟག་གཟུགས་དང་སྒྲ་དག་ལས་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་སུ་ཐལ་བར་འགྱུར་ཏེ། སྣའི་རྣམ་པར་ཤེས་པས་རྣམ་པར་
ཤེས་པར་བྱ་བ་ཡིན་པའི་ཕྱིར་དྲི་བཞིན་ནོ་ཞེས་བྱ་བ་སྟེ། འདི་ནི་སྦྱོར་བའི་ཕྱིར་ཕྱོགས་ཡིན་ནོ། །རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ཡིན་གྱི་ཞེས་འབྱུང་བའི་ཕྱིར་གང་ཟག་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་འདི་དག་གི་རྟེན་ཡིན་ནོ་ཞེས་བྱ་བ་འདི་ནི་ཞར་ལ་བཤད་
པར་ཟད་ཀྱི་འདི་དཔེར་བརྗོད་པ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཡིད་ནི་དབང་པོ་འདི་དག་གི་རྟེན་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་ལྟོས་པའི་དབང་པོ་རྣམས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གང་ཟག་ཡུལ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་མདོ་སྡེ་ཚད་མར་བྱ་ནའོ། །དེས་ན་ཅིར་
འགྱུར་ཞེ་ན། གལ་ཏེ་ཡུལ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གི་ཡུལ་ཡང་མ་ཡིན་ན་འོ་ན་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བ་རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མདོ་ལས་གཞན་གྱིས་གཞན་གྱི་སྤྱོད་

ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་མིག་ལ་སོགས་པ་ལྔའི་ཚད་མར་བྱས་ན་རང་གི་ཡུལ་འཁྲུལ་པ་མེད་དོ། །རང་གི་ཡུལ་ལ་འཁྲུལ་པ་མེད་ན་ཡང་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ནི་ཡིད་
ཀྱི་དབང་པོ་ཡང་འཁྲུལ་པ་མེད་པར་འགྱུར་ཏེ། མདོ་ལས་དབང་པོ་དྲུག་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཕྱིར་རོ། །འགའ་ཞིག་གིས་སྲོག་ཆགས་དྲུག་པོ་ཁྱི་དང་བྱ་དང་ཝ་དང་ཆུ་སྲིན་བྱིས་པ་གསོད་དང་སྦྲུལ་དང་སྤྲེའུ་རྣམས་སྦྲེལ་ནས་བར་དུ་མདུད་པ་བོར་ཏེ། བོར་བ་དེ་དག་
གྲོང་དང་ནམ་མཁའ་དང་། དུར་ཁྲོད་དང་། ཆུའི་ནང་དང་གྲོག་མཁར་དང་། ནགས་ཚལ་གྱི་ནང་འདོད་པའི་ཕྱིར་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་དེ་བཞིན་དུ་དབང་པོ་དྲུག་པོ་འདི་དག་ཀྱང་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་ཡིན་ནོ་ཞེས་དེ་ལྟར་འདིར་དཔེ་ཙམ་དུ་བྱའོ། །གལ་ཏེ་མདོའི་ཚིག་ཡོད་
བཞིན་དུ་ཡང་ཡིད་ཀྱི་དབང་པོ་འཁྲུལ་པ་ཡིན་ན་ནི། དེ་ལྟ་ན་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་འཁྲུལ་པར་འགྱུར་རོ། །འཁྲུལ་ན་ནི་གང་ཟག་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པར་འགྱུར་རོ་ཞེ་ན། །འདིར་དེ་ནི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་ཀྱི་ཞེས་བྱ་
བ་རྒྱས་པར་སྨོས་ཏེ། སྲོག་ཆགས་དྲུག་པ་ལྟ་བུའི་མདོ་དེ་ལས་ནི། མིག་ལ་སོགས་པའི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་སོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་དབང་པོ་ལྔ་ལ་མཐོང་བ་ལ་སོགས་པར་འདོད་པར་མི་སྲིད་པའི་ཕྱིར་རོ། །འདི་ལྟར་འདི་དག་ལ་
མཐོང་བ་དང་ཐོས་པ་ལ་སོགས་པར་འདོད་པ་མི་སྲིད་དེ། གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ནི་རྣམ་པར་ཤེས་པ་ཞེས་མིག་གི་རྣམ་པར་ཤེས་པ་ལ་ཡང་མཐོང་བ་ལ་སོགས་པར་འདོད་པ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་འདི་དག་ལ་མཐོང་བ་དང་ཐོས་པ་ལ་སོགས་པ་འདོད་པ་མི་སྲིད་ཅེ་ན། རྣམ་
པར་རྟོག་པ་མེད་པའི་ཕྱིར་རོ། །དེ་དག་གི་དབང་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོ་ཡིན་པར་གསུངས་ཏེ་དབང་པོ་དང་འདྲ་བའི་ཕྱིར་རོ། །དེ་ནི་དེ་དག་གི་དབང་གིས་དྲངས་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། གལ་ཏེ་མིག་གི་སྒོ་དང་རྣ་བ་ལ་སོགས་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་

ལ་སོགས་པ་སྐྱེས་པར་མ་གྱུར་ན་གཞན་དུ་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཅན་དེ་སྐྱེ་བར་འགྱུར། དེའི་ཕྱིར་དེ་དག་གི་དབང་གིས་དྲངས་པ་ཡིན་ནོ་ཞེས་བྱ་བར་ཤེས་པས་ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་སོགས་པ་ལྟ་བུ་དེ་རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་
ཞིང་གཟུགས་ལ་སོགས་པ་འདོད་པ་ཡིན་ནོ། །ཡིད་ཀྱི་དབང་འབའ་ཞིག་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ཀྱི་དབང་གིས་དྲངས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པ་མིག་ལ་སོགས་པའི་ཡུལ་ལ་མི་འདོད་པ་ཉིད་དོ། །འོ་ན་ཅི་ཞེ་ན། རང་
གི་ཡུལ་ཆོས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་ཏེ། དེའི་ཕྱིར་གལ་ཏེ་དེ་ལྟ་ན་ཡིད་ཀྱི་དབང་པོ་ཡང་འཁྲུལ་པ་མེད་པར་འགྱུར་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་ཉེས་པ་མེད་དོ། །གང་ཟག་ནི་མ་ཡིན་པས་ཞེས་བྱ་བ་ཅི་ཞེ་ན་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའོ། །དེ་ལྟ་བས་ན་
གང་ཟག་འདི་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། དོན་གྱིས་ན་འདི་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བཤད་ཀྱི་དོན་གྱི་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་ནི་མ་བཤད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ནི་
ཡུལ་འདྲ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མིག་ལ་སོགས་པ་ནི་རྣམ་པར་ཤེས་པར་བྱ་བ་ཡང་ཡིན་གྱི་མངོན་པར་ཤེས་པར་བྱ་བ་འབའ་ཞིག་ཏུ་ནི་མ་ཟད་དོ། །བདག་མེད་པས་ཞེས་བྱ་བ་ནི་མིག་གིས་ཏེ། མིག་གི་རྣམ་པར་ཤེས་པས་ཞེས་བྱ་བའི་དོན་ཏོ། །ངེས་པའི་དོན་གྱི་མདོ་ལ་བརྟེན་པར་
གསུངས་ཞེས་བྱ་བ་ནི་དགེ་སློང་དག་བཞི་པོ་འདི་དག་ནི་བརྟེན་པ་ཡིན་ནོ། །བཞི་གང་ཞེ་ན། ཆོས་ལ་བརྟེན་གྱི་གང་ཟག་ལ་མ་ཡིན་པ་དང་། དོན་ལ་བརྟེན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་ལ་བརྟེན་གྱི་དྲང་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་བརྟེན་གྱི་རྣམ་པར་ཤེས་པ་
ལ་མ་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །བཏགས་པ་ལ་ལྷུང་བར་ཟད་ཅེས་བྱ་བ་ནི་གང་ཁོ་ན་ལ་ཐ་སྙད་གདགས་པའི་དོན་དུ་བདག་གོ་ཞེས་གདགས་པར་བྱ་བ་དེ་ཁོ་ན་ལ་བདག་ཏུ་མངོན་པར་ཞེན་པར་ཟད་དོ། །འདིར་དཔེར་བརྗོད་པ་ནི། འདི་ལ་བདག་གམ་སེམས་ཅན་མེད། །ཅེས་བྱ་བ་འདི་དང་།

གང་ཟག་དམིགས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ཡིན་ནོ། །དེ་ཡང་འགའ་ཡང་མི་དམིགས་སོ། །ཞེས་བྱ་བ་འདི་ཡང་དཔེར་བརྗོད་པ་ཡིན་ཏེ། གང་ཞིག་སྟོང་པ་ཉིད་གོམས་པར་བྱེད་པའི་རྣལ་འབྱོར་པ་ཡང་མེད་དོ། །བདག་ཏུ་ལྟ་བ་དང་ཞེས་བྱ་བ་ནས་སྲོག་ཏུ་ལྟ་བར་
འགྱུར་ཞེས་བྱ་བའི་བར་ནི་ཉེས་དམིགས་དང་པོའོ། །མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར་ཞེས་བྱ་བ་ནི་གཉིས་པའོ། །ལམ་གོལ་བར་ཞུགས་པར་འགྱུར་ཞེས་བྱ་བ་ནི་གསུམ་པའོ། །འདིའི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང་ཞེས་བྱ་བ་ནས་རྣམ་པར་གྲོལ་བར་མི་འགྱུར་ཞེས་བྱ་བའི་
བར་ནི་བཞི་པའོ། །འདིའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ལྔ་པའོ། །འོ་ན་ནི་དེ་དག་གི་སྟོན་པ་ཡང་སངས་རྒྱས་མ་ཡིན་ཞེས་བྱ་བ་ནི་དེ་དག་ལ་སངས་རྒྱས་ཀྱི་བཀའ་ཚད་མ་མ་ཡིན་པས་སོ་སྙམ་དུ་བསམས་པའོ། །འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་
བྱ་བ་འདི་འགའ་ཞིག་གིས་མདོ་སྡེ་རྣམས་སྒྲོ་བཏགས་སོ་སྙམ་དུ་བསམས་པ་ཡིན་ནོ། །སྡེ་པ་གཞན་ཐམས་ཅད་ལས་ཞེས་བྱ་བ་ནི་གོས་དམར་བའི་སྡེ་པ་ལ་སོགས་པ་ལས་སོ། །མདོ་དང་མི་འགལ་བ་ནི་མདོ་སྡེ་དང་འགལ་བ་མེད་པའོ། །ཆོས་ཉིད་དང་ཡང་མི་འགལ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་
ཆོས་ཉིད་དང་ངོ་། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་དེ་དག་ནི་བདག་གི་ངོ་བོ་ཉིད་ཀྱང་མ་ཡིན་ལ། དེ་དག་ལ་ཡང་བདག་མེད་པས་ཆོས་ཐམས་ཅད་ནི་བདག་མེད་པའོ། །གཉིས་ལ་བརྟེན་ནས་ཞེས་བྱ་བ་ནི་མིག་དང་གཟུགས་རྣམས་ནས། ཡིད་དང་ཆོས་རྣམས་ཀྱི་བར་ལའོ། །
བདག་མེད་པ་ནི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་རྣམས་ཡིན་ནོ་ཞེས་སྨྲས་ན་རེ་ཞིག་སྔར་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་བསལ་ཏེ། བདག་གཞན་ཡིན་པའི་ཕྱིར་དེ་ནི་བོར་བར་འགྱུར་རོ། །
དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་མེད་པས་སོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྗེས་སུ་དྲན་པ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་རྗེས་སུ་དྲན་པར་གྱུར་ཏམ། རྗེས་སུ་དྲན་ནམ་རྗེས་སུ་དྲན་པར་འགྱུར་གྱི་གང་

ཟག་ནི་མ་ཡིན་ནམ། ཅིའི་ཕྱིར་བདག་ནི་འདས་པའི་དུས་ན་གཟུགས་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ་ཞེས་གསུངས་ཏེ། བདག་ཅེས་གསུངས་པའི་ཕྱིར་གང་ཟག་ལ་བྱ་བར་སྟོན་ཏོ། །གང་ཟག་དེ་ལྟར་རྣམ་པ་དུ་མས་རྗེས་སུ་དྲན་པ་དེ་དག་དེ་ལྟར་རྗེས་སུ་དྲན་ནོ་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ་། །འདི་ལ་ནི་མ་
བཏོན་པ་ཁོ་ན་སྐབས་ཡིན་ནོ་ཞེས་བྱ་བ་ནི་བདག་མེད་ཅེས་འདོན་པ་ཡིན་ན་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་འཛིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་ཚོགས་ལ་ལྟ་བའི་མུ་ནི་ཉི་ཤུ་འབྱུང་སྟེ། བདག་གཟུགས་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་དང་། བདག་གཟུགས་དང་ལྡན་
པ་དང་། གཟུགས་བདག་གི་ཡིན་པ་དང་། གཟུགས་ལ་བདག་གནས་པ་ཞེས་བྱ་བ་ནས་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་བརྗོད་པར་བྱའོ། །ཕུང་པོ་དང་རྒྱུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ཕུང་པོ་བཞིན་དང་རྒྱུན་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བཏུང་བ་ལ་སོགས་པ་བསྡུའོ། །སྐད་ཅིག་
མ་གཅིག་ལ་མང་པོ་རྣམས་འདུས་པ་ནི་ཕུང་པོའོ། །སྐད་ཅིག་མ་མང་པོ་ལ་འདུས་པ་དག་ནི་རྒྱུན་ནོ། །ཕུང་པོའི་དཔེ་ནི་ཆོས་མང་པོ་དག་ལ་གང་ཟག་འདོགས་པར་སྟོན་ཏོ། །རྒྱུན་གྱི་དཔེ་ནི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་དག་ནི་རྒྱུན་མང་པོ་ཉིད་ཡོད་ན་གང་ཟག་འདོགས་པར་སྟོན་ཏོ། །འདི་ཇི་
ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་རྒྱུད་ལ་གང་དུ་བཞེད་པར་གཏད་པ་ཙམ་གྱིས་ཕྱིན་ཅི་མ་ལོག་པའི་མཁྱེན་པ་སྐྱེ་བ་གང་ཡིན་པའི་མཐུ་འདི་ཡོད་ཀྱི། གང་ཟག་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྨྲས་པ། འདས་པ་ལ་སོགས་པ་གསུངས་པའི་ཕྱིར་ཏེ།