Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
བས་འདིར་སྦྱོར་བ་དང་བར་ཆད་པ་མེད་པ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་ཐོབ་པ་ན་ཤེས་པ་བདུན་
འཐོབ་སྟེ། གཞན་གྱི་སེམས་ཤེས་པ་མ་གཏོགས་པ་ཆོས་ཤེས་པ་ལ་སོགས་པ་འཐོབ་པོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞི་བ་ལ་སོགས་པ་དང་རགས་པ་ལ་སོགས་པའི་རྣམ་པ་ཅན་ཞིག་ཡིན་ནི་ཀུན་རྫོབ་ཤེས་པ་ད་ལྟར་འབྱུང་བ་ཡིན་ནོ། །ཤེས་པ་བཞི་ལས་ཞེས་བྱ་བ་ནི་སྡུག་
བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་ལ་ཆོས་ཤེས་པ་གང་ཡང་རུང་བ་ཞིག་གོ། །འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རྗེས་སུ་ཤེས་པ་རྣམས་ནི་མ་ཡིན་ནོ།། །།བམ་པོ་ལྔ་བཅུ་ལྔ་པ། མངོན་པར་ཤེས་པ་ལྔ་ཞེས་བྱ་བ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་མ་གཏོགས་

སོ། །རྗེས་སུ་ཤེས་པ་བཞི་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་ལ་རྗེས་སུ་ཤེས་པའོ། །ཆོས་ཤེས་པ་གཉིས་ཞེས་བྱ་བ་ནི་འགོག་པ་དང་། ལམ་ལ་དམིགས་པ་དག་སྟེ། ཁམས་གསུམ་གྱི་གཉེན་པོ་ཉིད་དུ་རུང་བའི་ཕྱིར་རོ། །ཀུན་རྫོབ་ཤེས་
པ་མི་འཐོབ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་བདུན་ལས་འདོད་ཆགས་དང་བྲལ་བ་ནི་འཇིག་རྟེན་ལས་འདས་པས་ཐོབ་ཀྱང་ཀུན་རྫོབ་ཤེས་པ་འཐོབ་སྟེ། ཉོན་མོངས་པའི་རྣམ་པ་དེའི་གཉེན་པོ་ནི་འཇིག་རྟེན་ལས་འདས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་
རྫོབ་ཤེས་པ་ཡང་ཡིན་པས་དེ་ན་དེ་ལྟ་བུའི་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །མི་གཡོ་བ་རྟོགས་པར་བྱེད་པ་ན་ནི་ཀུན་རྫོབ་ཤེས་པ་གཉེན་པོའི་ངོ་བོ་དེ་ལྟ་བུ་མེད་པས་དེའི་ཕྱིར་དེ་ནི་མི་འཐོབ་པོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་ལ་གནས་པའི་ཕྱིར་དེ་ན་
ཟད་ཤེས་པ་འཐོབ་ཀྱི། མི་སྐྱེ་བ་ཤེས་པ་ནི་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ལ་གནས་པ་ནི་མི་གཡོ་བའི་ཆོས་ཅན་མ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་གྱིས་ནི་མི་སྐྱེ་བ་ཤེས་པ་ཡང་འཐོབ་པོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལ་ཡང་
ཤེས་པ་བདུན་ཁོ་ན་འཐོབ་ཅེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ཇི་ལྟར་འཐོབ་ཅེ་ན། གཞན་གྱི་སེམས་ཤེས་པ་ནི་བར་ཆད་མེད་པའི་ལམ་ལ་བཀག་གི །རྣམ་པར་གྲོལ་བའི་ལམ་ལ་ནི་མ་ཡིན་པས། དེའི་ཕྱིར་རྣམ་པ་གཅིག་སྤངས་པ་ནས་རྣམ་པ་བརྒྱད་སྤངས་པའི་བར་ལ་འཕགས་པའི་
གང་ཟག་དེ་ལམ་དེ་ལས་ལངས་ནས་མངོན་སུམ་དུ་བྱེད་པར་འགྱུར་བ་གཞན་གྱི་སེམས་ཤེས་པ་སྔ་མ་བས་ཁྱད་པར་དུ་འཕགས་པའི་གཞན་གྱི་སེམས་ཤེས་པ་འཐོབ་སྟེ། རྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་གཞན་གྱི་སེམས་ཤེས་པ་ཁྱད་པར་ཅན་དུ་འདོད་དོ། །འདོད་ཆགས་དང་བཅས་པ་དང་། འདོད་
ཆགས་དང་བྲལ་བ་གཉི་གས་རྣམ་པར་གྲོལ་བའི་ལམ་ལ་འཐོབ་བོ་ཞེས་བྱ་བ་ཡིན་ནོ། །སྦྱོར་བའི་ལམ་ལ་ནི་དེ་གཉིས་ཀྱིས་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་དེ་གཉིས་ཀྱིས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །རྣམ་པར་གྲོལ་བའི་ལམ་ལ་ཅིའི་ཕྱིར་རྩོད་ཅེ་ན།

ཁ་ཅིག་ན་རེ་མཐོང་བའི་ལམ་དང་འདྲ་བའི་ཕྱིར་དེ་ན་མངོན་པར་རྟོགས་པའི་རྗེས་ལས་བྱུང་བ་དང་འདྲ་བར་དེ་འཐོབ་པོ་ཞེས་ཟེར་རོ། །གཞན་དག་ན་རེ། མངོན་པར་རྟོགས་པ་ཡང་མེད་ལ། མཐོང་བའི་ལམ་དང་འདྲ་བ་ཡང་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་རྩོད་དོ། །དྲུག་འཐོབ་སྟེ་
སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་པ་རྣམས་སོ། །ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་དང་འདྲ་བའི་ཕྱིར་རོ་ཞེས་བྱ་བ་འདིར་མཐོང་བའི་ལམ་དང་ཅི་ཞིག་འདྲ་ཞེ་ན། འབྲས་བུ་འཐོབ་པ་
སྟེ། ཇི་ལྟར་མཐོང་བའི་ལམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་དེ་བཞིན་དུ་འདིས་ཀྱང་བར་ཆད་མེད་པའི་ལམ་གྱིས་སློབ་པའི་དབང་པོ་སྦྱོང་བ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དབང་པོ་རྣོན་པོས་
བསྡུས་པ་འདུས་བྱས་དག་འཐོབ་ལ། མཐོང་བའི་ལམ་ལ་ཡང་བར་ཆད་མེད་པའི་ལམ་གྱི་གནས་སྐབས་ན་ཀུན་རྫོབ་ཤེས་པ་མི་འཐོབ་པ་ལྟར་འདིར་ཡང་དེ་དང་འདྲའོ། །དེ་ལྟ་བས་ན་མཐོང་བའི་ལམ་དང་འདྲ་བའི་ཕྱིར་བར་ཆད་མེད་པའི་ལམ་ལ་ཀུན་རྫོབ་ཤེས་པ་མི་འཐོབ་པོ། །དེ་བཞིན་
དུ་དྲུག་འཐོབ་པོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་། ལམ་ཤེས་པ་རྣམས་སོ། །འདིར་ཡང་སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡང་མི་འཐོབ་ལ། བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་པའི་ཕྱིར་གཞན་གྱི་
སེམས་ཤེས་པ་ཡང་མ་ཡིན་ནོ། །ལྷག་མ་གང་ཞིག་ཡིན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཇི་ལྟར་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ་ལྷག་མ་ཡིན་ཞེ་ན། དེ་ཡི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་པོ། །ཞེས་འབྱུང་
བའི་ཕྱིར་རོ། །ས་བདུན་ལས་འདོད་ཆགས་དང་བྲལ་བ་དང་། མངོན་པར་ཤེས་པ་དང་། སྤེལ་མར་བསྒོམ་པ་དག་གི་རྣམ་པར་གྲོལ་བའི་ལམ་རྣམས་ཀྱང་ལྷག་མ་ཡིན་ཏེ། ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་ཐོབ་དང་སྤེལ་བསྒོམས་པའི། །བར་ཆད་མེད་པའི་ལམ་དག་

དང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གང་ཞིག་མི་གཡོ་བ་ཉིད་དུ་འཕོ་བ་དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་བཅུ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་བརྒྱད་ཀྱང་ལྷག་མ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བའི་སྦྱོར་བ་དང་ཁྱད་
པར་ཅན་གྱི་ལམ་ཐམས་ཅད་ཀྱང་ལྷག་མ་ཡིན་ཏེ། དེ་དག་གི་ཐོབ་པ་མ་སྨོས་པའི་ཕྱིར་རོ། །སློབ་པའི་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་བཤད་པའི་ལྷག་མ་ལ་བརྒྱད་འཐོབ་ཅེས་གང་བསྟན་པ་ཡིན་ནོ། །ཡང་དེ་ལྟར་ཁྱད་པར་དུ་ནི་མ་བྱས་ན། ཇི་ལྟར་ཁྱད་པར་རྟོགས་པར་འགྱུར་ཞེ་ན། མི་སློབ་པ་ནི་
གདོན་མི་ཟ་བར་ཤེས་པ་དགུ་འམ་བཅུ་འཐོབ་པ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་སློབ་པ་ནི་མངོན་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་སྤེལ་མར་བསྒོམ་པ་དང་། བསམ་གཏན་ལ་སོགས་པ་བསྡུའོ། །མངོན་པར་ཤེས་པ་མངོན་པར་སྒྲུབ་
པ་དང་། སྤེལ་མར་བསྒོམས་པའི་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་གང་ཡིན་པ་དེ་དག་ལ་གལ་ཏེ་དུས་ཀྱིས་རྣམ་པར་གྲོལ་བ་ཞིག་ཡིན་ན་ནི་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་འཐོབ་པོ། །གལ་ཏེ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི་དེ་ཉིད་བསྣན་ཏེ་
བཅུ་འཐོབ་པོ། །བརྒྱད་དམ་དགུ་འཐོབ་པོ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བས་ནི་བརྒྱད་འཐོབ་ལ། མི་གཡོ་བའི་ཆོས་ཅན་གྱིས་ནི་གཞན་གྱི་སེམས་ཤེས་པ་མ་གཏོགས་པ་དགུ་འཐོབ་སྟེ། དེའི་བར་ཆད་མེད་པའི་ལམ་དག་ལ་བཀག་པའི་ཕྱིར་རོ། །མངོན་པར་ཤེས་
པའི་རྣམ་པར་གྲོལ་བའི་ལམ་གཉིས་ཞེས་བྱ་བ་ནི་ལྷའི་རྣ་བ་དང་ལྷའི་མིག་གི་མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་དག་སྟེ། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ཞེས་འབྱུང་བའི་ཕྱིར་དེ་དག་གི་རྣམ་པར་གྲོལ་བའི་ལམ་དག་ཀྱང་ལུང་དུ་མ་བསྟན་པ་ཡིན་ལ། ཆོས་
ལུང་དུ་མ་བསྟན་པ་ལ་ནི་མ་འོངས་པ་འཐོབ་པ་མེད་དོ། །སོ་སོའི་སྐྱེ་བོ་ནི་འདོད་པ་དང་། བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་མ་སྨོས་པ་ནི་འདི་ལྟར་བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་གང་

ཡིན་པ་དེ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་འཐོབ་ལ། གཞན་གྱི་སེམས་ཤེས་པ་གཟུགས་མེད་པའི་ཁམས་ཀྱིས་བསྡུས་པ་ཡང་མེད་དེ། གཟུགས་ལ་བརྟེན་ནས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྦྱོར་བ་རྣམས་དང་མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་རྣམས་
དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་ཞེས་བྱ་བ་ནི་སྦྱོར་བའི་ལམ་རྣམས་དང་མངོན་པར་ཤེས་པ་གསུམ་གྱིས་རྣམ་པར་གྲོལ་བའི་ལམ་རྣམས་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་ཞེས་ཚིག་རྣམ་པར་སྦྱར་རོ། །སྩོགས་པ་ཞེས་བྱ་བའི་སྒྲས་
ནི་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ཡོན་ཏན་བསྡུས་ཏེ། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་ཞེས་བྱ་བ་ཡིན་ནོ། །བསམ་གཏན་གྱི་ས་པ་སྨོས་པ་ནི་ཉེར་བསྡོགས་བསྩལ་བའི་ཕྱིར་ཏེ། དེ་ལ་གཞན་གྱི་སེམས་ཤེས་པ་མེད་དོ། །མངོན་པར་
ཤེས་པ་གསུམ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་དང་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པའོ། །འདོད་པ་དང་བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་
རྣམ་པར་གྲོལ་བའི་ལམ་ཐ་མ་དེ་དག་དང་། བསམ་གཏན་གྱི་ས་པ་དག་གི་སྦྱོར་བའི་ལམ་དག་དང་། བསམ་གཏན་གྱི་ས་པ་ཁོ་ནའི་མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་དང་ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་
མཆེད་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུར་པ་རྣམས་ཀྱི་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་དེ་དག་ལ་དེ་དག་གིས་བསྡུས་པ་གང་ཡིན་པའི་ཀུན་རྫོབ་ཤེས་པ་མ་འོངས་པ་འཐོབ་པོ། །དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་མ་
གཏོགས་པ་ཕ་རོལ་གྱི་སེམས་ཤེས་པ་ཁྱད་པར་ཅན་ཡོན་ཏན་གྱི་ཁྱད་པར་ཐོབ་པ་མངོན་སུམ་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ཁོ་ན་ཡང་འཐོབ་པོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་ལ་ནི་གཞན་གྱི་སེམས་ཤེས་པ་མི་འཐོབ་པོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱི་འཁོར་ཡིན་པའི་

ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་མཐོང་བའི་ལམ་ལ་གཞན་གྱི་སེམས་ཤེས་པ་མི་འཐོབ་པ་དེ་བཞིན་དུ། དེའི་འཁོར་ལ་ཡང་མི་འཐོབ་པོ་སྙམ་དུ་བསམས་པ་ཡིན་ནོ། །སྔོན་མེད་པའི་ལམ་འཐོབ་པ་གཞན་ལ་ཞེས་རྒྱས་པར་འབྱུང་བ་ནི་སོ་སོའི་སྐྱེ་བོ་ཁོ་ནའི་སྔོན་མེད་པའི་ལམ་
འཐོབ་པ་གཞན་ལ་སྟེ། འདོད་པ་དང་བསམ་གཏན་གསུམ་ལས་འདོད་ཆགས་དང་མ་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་རྣམས་མ་གཏོགས་པ་སྦྱོར་བ་དང་། བར་ཆད་མེད་པ་དང་། ཁྱད་པར་ཅན་གྱི་ལམ་འཐོབ་པ་གང་ཡིན་པ་སྔོན་མེད་པའི་ལམ་ཐོབ་པ་དེ་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་མ་
འོངས་པ་འཐོབ་ཀྱི་གཞན་གྱི་སེམས་ཤེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མངོན་པར་ཤེས་པ་གསུམ་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་དག་གི་བར་ཆད་མེད་པའི་ལམ་ཐོབ་པ་གང་ཡིན་པ་སྔོན་མེད་པའི་ལམ་ཐོབ་པ་དེ་དེ་ལ་ཡང་ཀུན་རྫོབ་ཤེས་པ་ཁོ་ན་མ་འོངས་པ་འཐོབ་ཀྱི་
གཞན་གྱི་སེམས་ཤེས་པ་ནི་མ་ཡིན་ཏེ། དེ་ནི་གཉན་པོ་མ་ཡིན་པའི་ཕྱིར་རོ། །ཡང་ལམ་གང་ལ་ཞེས་བྱ་བ་ནི་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ལའོ། །ལམ་ས་གང་ཡིན་པ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དང་པོ་ཉིད་
དུ་ས་གང་ཐོབ་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་སྒོ་ནས་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་ཏེ། ས་དེ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། གལ་ཏེ་མི་ལྕོགས་པ་མེད་པའི་ས་ལ་བརྟེན་ཏེ། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་བསམ་
གཏན་དང་པོ་ཐོབ་ན་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་ཀུན་རྫོབ་ཤེས་པ་ཉེར་བསྡོགས་ཀྱི་ངོ་བོ་ཉིད་མི་ལྕོགས་པ་མེད་པའི་ས་པ་དང་། དངོས་གཞིའི་ངོ་བོ་ཉིད་བསམ་གཏན་དང་པོའི་ས་པ་འཐོབ་པོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་བརྟེན་ཏེ་བསམ་གཏན་དང་པོ་ལས་
འདོད་ཆགས་དང་བྲལ་ནས། བསམ་གཏན་གཉིས་པ་འཐོབ་ན་ཡང་དེ་ཁོ་ན་བཞིན་དུ་ཀུན་རྫོབ་ཤེས་པ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཀྱིས་བསྡུས་པ་དང་བསམ་གཏན་གཉིས་པའི་དངོས་གཞིས་བསྡུས་པ་འཐོབ་པོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཉེར་བསྡོགས་

ལ་བརྟེན་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་ནས་སྲིད་པའི་རྩེ་མོ་འཐོབ་ན་ཞེས་བྱ་བའི་བར་རྒྱས་པར་སྦྱར་བར་བྱའོ། །གང་གི་ཚེ་མི་ལྕོགས་པ་མེད་པའི་ས་ཟག་པ་མེད་པ་ལ་བརྟེན་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་འཐོབ་པ་དེའི་ཚེ་ཡང་དེ་
ཁོ་ན་བཞིན་དུ་ཀུན་རྫོབ་ཤེས་པ་དེ་འཐོབ་པོ། །གང་གི་ཚེ་བསམ་གཏན་དང་པོའི་དངོས་གཞིའི་ས་ལ་བརྟེན་ཏེ་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་ནས་ཟག་པ་མེད་པའི་བསམ་གཏན་དང་པོ་འཐོབ་པ་དེའི་ཚེ་ཡང་ཀུན་རྫོབ་ཤེས་པ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཀྱིས་
བསྡུས་པ་བསམ་གཏན་དང་པོའི་རྣམ་པ་དང་པོའི་གཉེན་པོར་གྱུར་པ་ནས། བརྒྱད་པའི་གཉེན་པོར་གྱུར་པའི་བར་འཐོབ་སྟེ། ས་དེ་ནི་དེའི་ཚེ་དང་པོར་འཐོབ་བོ། །རྣམ་པར་གྲོལ་བའི་ལམ་དགུ་པ་ལ་ནི་ཀུན་རྫོབ་ཤེས་པ་མ་འོངས་པ་བསམ་གཏན་གཉིས་པའི་དངོས་གཞིས་བསྡུས་པ་ཡང་འཐོབ་
པོ། །དེ་བཞིན་དུ་ཟག་པ་མེད་པའི་བསམ་གཏན་ཁྱད་པར་ཅན་གྱི་ས་པ་ལ་བརྟེན་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཟག་པ་མེད་པ་ལ་བརྟེན་ཏེ་ཀུན་རྫོབ་ཤེས་པ་འཐོབ་པའི་བར་སྦྱར་བར་བྱའོ། །གང་ལས་ཆགས་བྲལ་བྱ་ཕྱིར་ཞེས་བྱ་བ་ནི་ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རོ། །
གང་ཐོབ་པ་ཞེས་བྱ་བ་ནི་ས་གང་ཞིག་ཐོབ་པ་ནི་གང་ཐོབ་པ་སྟེ། དེ་གཉི་གར་ཡང་ཟག་པ་མེད་པའི་ཤེས་པ་དེའི་འོག་མ་ཡང་འཐོབ་པོ། །ཇི་ལྟ་ཞེ་ན། འགྲེལ་པ་ལས་ས་གོང་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་ཡང་ཞེས་བྱ་བ་སྨོས་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་ས་གང་ཡིན་པ་འབའ་ཞིག་ཏུ་མ་
ཟད་ཀྱི་ཞེས་བྱ་བ་ཡིན་ནོ། །སྦྱོར་བའི་ལམ་ལ་སོགས་པ་ཞེས་བྱ་བ་ལ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་བསྡུའོ། །ལམ་ཡང་རྣམ་པ་གཉིས་ཡིན་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །འདོད་ཆགས་དང་བྲལ་བས་
ས་གང་ཞིག་ཐོབ་པ་ཞེས་བྱ་བ་ནི་ས་གོང་མ་པ་སྟེ། དེའི་ས་པ་དང་ས་འོག་མ་པའི་ཟག་པ་མེད་པའི་ཤེས་པ་རྣམས་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ། ཟག་པ་མེད་པའི་བསམ་གཏན་གཉིས་པ་ལ་བརྟེན་ནས་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱེད་ན། ལམ་ས་གང་ཡིན་པ་སྟེ།

བསམ་གཏན་གཉིས་པའི་ས་པ་ཡིན་པ་དེའི་ས་པའི་ཟག་པ་མེད་པའི་ཤེས་པ་ཡང་འཐོབ་ལ། རྣམ་པར་གྲོལ་བའི་ལམ་དགུ་པ་ལས་ས་གང་ལས་འདོད་ཆགས་དང་བྲལ་བར་བྱེད་པ་སྟེ། ས་གསུམ་ལས་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ས་པ་བསམ་གཏན་གསུམ་པའི་ས་པའི་
ཟག་པ་མེད་པའི་ཤེས་པ་ཡང་འཐོབ་པོ། །ས་འོག་མ་པ་བསམ་གཏན་དང་པོའི་ས་པ་དང་། བསམ་གཏན་ཁྱད་པར་ཅན་གྱི་ས་པ་དང་། མི་ལྕོགས་པ་མེད་པའི་ས་པའི་ཟག་པ་མེད་པའི་ཤེས་པ་ཡང་འཐོབ་སྟེ། ས་འོག་མ་པ་ཡང་དེའི་སྦྱོར་བའི་ལམ་ལ་སོགས་པ་ཡིན་པ་སྲིད་པས་དེ་ལྟ་བུ་འཐོབ་པར་
འགྱུར་རོ། །འོན་ཏེ་བསམ་གཏན་གསུམ་པའི་ཉེར་བསྡོགས་ལ་བརྟེན་ཏེ་བསམ་གཏན་གཉིས་པ་ལས་འདོད་ཆགས་དང་བྲལ་བར་བྱེད་ན། དེ་ན་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་བརྒྱད་ལ་ཉེར་བསྡོགས་ཏེ་ཟག་པ་དང་བཅས་པ་ཡིན་པས་དེའི་ས་པའི་ཟག་པ་མེད་པའི་ཤེས་པ་མི་འཐོབ་
སྟེ། དེ་མེད་པའི་ཕྱིར་རོ། །ས་འོག་མ་པའི་ཟག་པ་མེད་པའི་ཤེས་པ་བསམ་གཏན་གཉིས་པའི་ས་པ་དང་། བསམ་གཏན་དང་པོའི་ས་པ་དང་། མི་ལྕོགས་པ་མེད་པའི་ས་པ་དེ་ལྟ་བུ་ནི་འཐོབ་པོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །ཟད་པ་ཤེས་པ་ཟག་བཅས་ཀྱང་། །ཞེས་
བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཟག་པ་མེད་པ་ཡང་ཞེས་བྱ་བ་ཡིན་ཏེ། དགྲ་བཅོམ་པར་གྱུར་ནས་ཡོན་ཏན་ཟག་པ་དང་བཅས་པ་གང་དག་མངོན་སུམ་དུ་བྱེད་པ་དེ་དག་གནས་སྐབས་དེ་ན་འཐོབ་པར་འགྱུར་རོ། །ཚད་མེད་པ་དང་རྣམ་པར་ཐར་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་
ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་བསྡུའོ། །སྤྲོག་མ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་དང་ཆོས་མཐུན་པར་ཞེས་བྱ་བ་ནི་སྤྲོག་མ་གང་ཞིག་ཐག་པས་གཞུངས་ཏེ་བཅིངས་པ་ཐག་པ་བཅད་ནས་སྤྲོག་མ་དབུགས་ཕྱིན་པ་ལྟ་བུ་ཞེས་བྱ་སྟེ། དབུགས་ཕྱིན་
པ་ལྟ་བུ་དང་འདྲ་བའི་སྒྲར་བརྗོད་པའི་ཕྱིར་རོ། །སྤྲོག་མ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་དེ་དང་ཆོས་མཐུན་པར་ཏེ། ཇི་ལྟར་སྤྲོག་མ་དེ་ཐག་པས་གཞུངས་ཏེ་བཅིངས་པ་ལས་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅད་དེ། མི་

སློབ་པའི་རྒྱུད་ལ་མི་སྡུག་པ་ལ་སོགས་པའི་ཡོན་ཏན་ཇི་སྐད་བཤད་པ་རྣམས་འབྱུང་བ་ན་དབུགས་ཕྱིན་པ་ལྟ་བུ་ཡིན་ནོ། །དབུགས་ཕྱིན་པ་ནི་སྲོག་ཆགས་ཀྱི་ཆོས་ཡིན་པའི་ཕྱིར་ལྟ་བུ་ཞེས་བྱ་བར་སྨོས་སོ། །ཅིའི་ཕྱིར་ཞེ་ན། རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་ན་ཞེས་བྱ་བ་སྨོས་ཏེ། རྒྱལ་པོ་ཐམས་
ཅད་པས་ལྷག་པའི་རྒྱལ་པོ་ནི་རྒྱལ་སྲིད་ཆེན་པོའོ། །དེའི་ངོ་བོ་ནི་རྒྱལ་སྲིད་ཆེན་པོ་དེ་ཉིད་དོ། །ཉོན་མོངས་པའི་གཞན་གྱི་དབང་དང་བྲལ་བའི་ཕྱིར་རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་དེ། རང་གི་སེམས་ལ་དབང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཐོབ་པའི་དགྲ་བཅོམ་པ་ལ་ཆོས་དགེ་བ་ཐམས་
ཅད་སྐྱེས་ལྟ་བུའི་ཐོབ་པ་དག་གིས་བསྩུ་བའི་ཕྱིར་ཡོན་ཏན་དེ་དག་ཐོབ་པར་འགྱུར་ཏེ། དཔེར་ན་རྒྱལ་པོ་ཡང་རྒྱལ་པོ་འགའ་ཞིག་གིས་རྒྱལ་སྲིད་ཆེན་པོ་ཐོབ་ན་ཡུལ་གྱི་མི་རྣམས་གོས་ལ་སོགས་པའི་སྐྱེས་ཀྱིས་བསྩུ་བ་དེ་དང་འདྲའོ། །དེ་བཞིན་དུ་ཉོན་མོངས་པའི་ཐོབ་པ་བཅད་ན་རང་གི་ཐོབ་
པ་རྙེད་པའི་ཕྱིར་ཡོན་ཏན་རྣམས་དབུགས་ཕྱིན་པ་བཞིན་དུ་དེ་དག་ཆེས་སྦྱངས་པའི་ཐོབ་པ་སྐྱེའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པའི་ཁམས་སུ་དགྲ་བཅོམ་པ་ཉིད་ཐོབ་ན་ནི་ཅི་རིགས་པར་མི་སྡུག་པ་ལ་སོགས་པ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་ཁམས་གསུམ་པ་ཐོབ་པོ། །གཟུགས་
དང་གཟུགས་མེད་པའི་ཁམས་དག་ཏུ་དགྲ་བཅོམ་པ་ཐོབ་ན་ནི་གོ་རིམས་བཞིན་དུ་ཁམས་གཉིས་པ་དང་། ཁམས་གསུམ་པ་འཐོབ་སྟེ། དེ་བཞིན་དུ་སའི་སྒོ་ནས་ཀྱང་རྟོགས་པར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་ཞིག་གིས་དགྲ་བཅོམ་པ་ཉིད་ཐོབ་ན་ནི་དེའི་ས་པ་ཁོ་ནའི་
ཡོན་ཏན་འཐོབ་པོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གང་ཇི་སྙེད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སློབ་དཔོན་ནི་འཁོར་བ་ན་འདྲིས་པ་གང་རྣམ་པར་ཉམས་པ་ལས་ཡང་རྙེད་ཅིང་མངོན་སུམ་དུ་བྱེད་པ་དེ་ཡང་མ་འོངས་པ་མི་འཐོབ་སྟེ། འཁོར་བ་ན་ཐོབ་པ་བཏང་བའི་ཕྱིར་རོ། །འདི་ནི་བསམ་
གཏན་དང་ཚད་མེད་པ་ལ་སོགས་པ་འཁོར་བ་ན་འདྲིས་པ་མ་ཡིན་པ་ཁྱད་པར་ཅན་གང་ཟག་པ་མེད་པ་དང་མཐུན་པ་གང་ཡིན་པ་དེ་མངོན་སུམ་དུ་གྱུར་ན། དེ་དང་མཐུན་པ་ཁོ་ན་མ་འོངས་པ་འཐོབ་པོ་ཞེས་སྟོན་ཏོ། །སློབ་དཔོན་འདུས་བཟང་ཡང་དོན་དེ་ཉིད་འཆད་དེ་སྔོན་རྙེད་ཟིན་པ་ནི་མི་

འཐོབ་པོ། །གང་རྣམ་པར་ཉམས་པ་ལས་ཀྱང་རྙེད་པ་དེ་ཡང་མི་འཐོབ་སྟེ། ཤུགས་ཀྱིས་ན་གང་སྔོན་མ་རྙེད་པ་དེ་ནི་འབད་ནས་མངོན་དུ་བྱེད་པའི་ཕྱིར་འཐོབ་པོ། །ལམ་རྒྱུན་མ་བཅད་པ་ནི་འབད་ནས་མངོན་དུ་བྱེད་པས། དེས་འཕངས་པ་ཡང་སྟོབས་དང་ལྡན་པའི་ཕྱིར་མ་
འོངས་པ་འཐོབ་པོ། །སྔོན་རྒྱུན་བཅད་པ་ནི་ཐོབ་པ་རྒྱུན་བཅད་པའི་ཕྱིར་འབད་པ་མེད་པར་མངོན་སུམ་དུ་འགྱུར་ཏེ། བྱ་བ་བྱས་པ་དང་འབྲས་བུ་བྱུང་ཟིན་པའི་ཕྱིར་ཤུགས་ཉམས་པས་དེ་མངོན་དུ་གྱུར་ན་མ་འོངས་པ་འཐོབ་པ་མེད་ཀྱི། མ་འོངས་པ་གང་ཞིག་འབད་ནས་བསྐྱེད་པ་དེ་ནི་འཐོབ་པོ་སྙམ་དུ་བསམས་
པ་ཡིན་ནོ། །དེ་ལྟ་ཡིན་ན་རེ་ཞིག་ཀུན་རྫོབ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་གང་ཡིན་པ་དེ་ནི་འཕགས་པའི་རྒྱུད་ལ་མངའ་བ་ཁོ་ན་ཡིན་པར་གཟུང་སྟེ། འཁོར་བ་ན་འདྲིས་པ་མ་ཡིན་པའི་ཕྱིར་རོ། །འདིར་སློབ་དཔོན་དབྱིག་བཤེས་ཀྱིས་བྲིས་པ་ནི། འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་
འདི་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཏང་བའི་ཕྱིར་འདི་ནི་མ་ཐོབ་པ་ཡིན་ཏེ། དེ་ལྟ་བས་ན་ཐོབ་པ་བཏང་བ་ཡང་ཕྱིས་རྙེད་ན་ཐོབ་པར་འགྱུར་བ་ཁོ་ནའོ་ཞེས་ཟེར་ཞེས་གྲགས་ཏེ། དེ་ཇི་ལྟར་ན་སྔོན་མེད་པ་ཡིན། ཇི་ཙམ་དུ་སྔོན་རྙེད་པ་ཞེས་བྱ་བ་དེ་ལྟ་བུ་ནི་འཇིག་རྟེན་ན་སྔོན་མེད་པར་གྲགས་པ་མ་
ཡིན་ནོ་ཞེའོ། །གཞན་དག་ན་རེ་འདི་ནི་ཚེ་གཅིག་གི་དབང་དུ་བྱས་ནས་བཤད་པ་ཡིན་གྱི་ཚེ་རབས་གཞན་དུ་ནི་མ་ཡིན་ཏེ། ཚེ་འདི་ཁོ་ན་ལ་རྣམ་པར་ཉམས་པ་ལས་ཡང་རྙེད་པ་གང་ཡིན་པ་དེ་ནི་མི་འཐོབ་སྟེ། ཐོབ་པ་བཏང་བའི་ཕྱིར་རོ། །ཚེ་རབས་གཞན་ན་རྙེད་པ་གང་ཡིན་པ་དེ་ནི་ཐོབ་སྟེ། རྙེད་པ་བརྗེད་
པའི་ཕྱིར་རོ་ཞེས་ཟེར་རོ། །འཐོབ་པ་ནི་རྣམ་པ་བཞི་ཞེས་བྱ་བ་ལ། རྙེད་པ་ཉིད་འཐོབ་པ་ཡིན་པས་ན། རྙེད་པ་འཐོབ་པ་སྟེ། མ་འོངས་པ་རྙེད་པ་ཉིད་འཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་བསྟེན་པ་ཉིད་དང་། གཉེན་པོ་ཉིད་དང་། ཐག་བསྲིང་བ་ཉིད་ཐོབ་པ་ཡིན་པས་
ཞེས་བརྗོད་པར་བྱའོ། །བསྟེན་པ་ནི་ཅི་ཞིག་ཡིན་ཐག་བསྲིང་བའི་བར་ནི་ཅི་ཞིག་ཡིན་ཞེ་ན། བསྟེན་པ་ནི་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པའོ། །གཉེན་པོ་ནི་ལམ་ཡིན་ཏེ། ཇི་སྐད་དུ་མདོ་ལས་ལུས་བསྒོམས་པ། སེམས་བསྒོམས་པ་ཞེས་འབྱུང་བ་ལྟ་བུ་སྟེ། ལུས་དང་སེམས་ཀྱི་གཉེན་པོ་བསྒོམས་པ་

ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་གཉེན་པོ་ནི་བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་གང་ཡིན་པ་སྟེ། འདི་ལྟར་ལུས་བསྒོམས་པ་དང་། སེམས་བསྒོམས་པ་དང་། ཚུལ་ཁྲིམས་བསྒོམས་པ་ནི་དགེ་སློང་ཞེས་བྱའོ། །ཇི་ལྟར་ལུས་བསྒོམས་པ་ཡིན་ཞེ་ན། ལུས་ལ་འདོད་ཆགས་དང་
བྲལ་བ། སྲིད་པ་དང་བྲལ་བ་སྐོམ་པ་དང་བྲལ་བ། དགའ་བ་དང་བྲལ་བ། འཆུམས་པ་དང་བྲལ་བའོ་ཞེས་འབྱུང་ངོ་། །ཡང་ན་ལུང་ལས་གཟུགས་ཀྱི་འདོད་ཆགས་ཟད་པར་བྱེད་པའི་བར་ཆད་མེད་པའི་ལམ་གང་ཡིན་པ་དེ་ཡིན་ཏེ། དེས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་འབྱུང་ངོ་། །ཐག་བསྲིང་བ་ནི་ཉོན་
མོངས་པའི་ཐོབ་པ་གཅོད་པའོ། །མ་འོངས་པ་རྣམས་ཀྱི་ནི་གཅིག་གོ་ཞེས་བྱ་བ་ནི་རྙེད་པ་འཐོབ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་གའོ་ཞེས་བྱ་བ་ནི་རྙེད་པ་དང་བསྟེན་པ་ཐོབ་པ་དག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཁྱད་
པར་མེད་པར་རྙེད་པ་དང་བསྟེན་པ་ཐོབ་པ་དག་ནི། དགེ་བ་འདུས་བྱས་རྣམས་ཀྱི་ཡིན། །ཞེས་བཤད་པ་ལ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཁྱད་པར་མེད་པར་གཉེན་པོ་དང་ཐག་བསྲིང་བ་འཐོབ་པ་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡིན་ཞེས་བཤད་པ་དེའི་ཕྱིར་འདི་
ལྟར་དགེ་བ་ཟག་པ་དང་བཅས་པ་འཐོབ་པར་འདོད་པ་གང་དག་ཡིན་པའི་འཐོབ་པ་བཞི་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར་རྙེད་པ་དང་བསྟེན་པ་འཐོབ་པ་དག་ཡིན་ལ། ཟག་པ་དང་བཅས་པ་དག་ཡིན་པའི་ཕྱིར་གཉེན་པོ་དང་ཐག་བསྲིང་བ་འཐོབ་པ་དག་ཡིན་ནོ། །འོ་ན་འདུས་བྱས་ཀྱི་དགེ་བ་ཟག་པ་དང་བཅས་
པ་མ་ཡིན་པ་ཟག་པ་མེད་པ་གང་དག་ཡིན་པ་དང་། ཉོན་མོངས་པ་ཅན་ལུང་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་གི་ཐོབ་པ་དུ་ཞེ་ན། ཟག་པ་མེད་པ་རྣམས་ཀྱི་གཉིས་ཡིན་ཞེས་བྱ་བ་སྨོས་ཏེ། རྙེད་པ་དང་བསྟེན་པ་འཐོབ་པ་དག་ཡིན་ནོ། །ཉོན་མོངས་པ་ཅན་ལུང་དུ་མ་བསྟན་པ་རྣམས་ཀྱི་ཅི་ཞེ་ན། འཐོབ་པ་
གཉིས་ཡིན་ཏེ། གཉེན་པོ་དང་། ཐག་བསྲིང་བ་འཐོབ་པ་དག་གོ། །སྔ་མ་ནི་དབང་པོ་རྣམས་ཀྱི་ཡིན་ཞེས་བྱ་བ་ནི་མིག་ལ་སོགས་པའི་ནི་སྡོམ་པ་འཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་མ་ནི་ལུས་ཀྱི་ཡིན་ཞེས་བྱ་བ་ནི་རྣམ་པར་འཇིག་པ་འཐོབ་པའོ། །ཡང་ཐོབ་པ་དེ་གཉིས་གོ་རིམས་བཞིན་དུ་

ལུང་གིས་བསྟན་པའི་ཕྱིར་དབང་པོ་དྲུག་པོ་འདི་དག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། དབང་པོ་སྡོམ་པ་དེ་ནི་དྲན་པ་དང་ཤེས་བཞིན་གྱི་ངོ་བོ་ཉིད་ཡིན་པར་བཤད་ལ། རྣམ་པར་འཇོག་པ་ཡང་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་བསྲིང་བ་ཡིན་ནོ། །དེ་གཉིས་ཞེས་བྱ་བ་རྒྱས་པར་འབྱུང་བ་
ནི་སྡོམ་པ་དང་རྣམ་པར་འཇིག་པ་འཐོབ་པ་དག་ནི་གོ་རིམས་བཞིན་དུ་གཉེན་པོ་དང་ཐག་བསྲིང་བ་འཐོབ་པའི་ཁོངས་སུ་ཡང་འདུས་ལ། གཉི་ག་ཡང་གཉི་གའི་ཁོངས་སུ་འདུས་སོ་ཞེས་བྱས་ཀྱང་འགལ་བ་མེད་དོ། །གང་ཟག་ཐམས་ཅད་ཀྱིས་འཐོབ་པ་སྤྱིར་བཤད་ཀྱི་ཞེས་བྱ་བ་ནི། ཟད་པ་ཤེས་ལ་ཟག་
བཅས་ཀྱང་། །ཞེས་འབྱུང་བའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཟད་པ་ཤེས་པའི་སྐད་ཅིག་མ་ལས་ཡོན་ཏན་ཐོབ་པར་བཤད་པ་ཡིན་ནོ། །སྟོབས་བཅུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སྟོབས་ལ་སོགས་པ་ཐུགས་རྗེ་
ཆེན་པོ་ལ་ཐུག་པ་འདི་དག་མ་འདྲེས་པ་བཅོ་བརྒྱད་དུ་རྣམ་པར་འཇོག་གོ། །ཁ་ཅིག་ནི་སྟོབས་ལ་སོགས་པ་མ་གཏོགས་པ་མ་འདྲེས་པ་བཅོ་བརྒྱད་གཞན་བརྗོད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ། ཅ་ཅོ་མི་མངའ། འཕྱར་བ་མི་མངའ། འདུ་ཤེས་ཐ་དད་པ་མི་མངའ།
ཐུགས་ལུང་དུ་མ་བསྟན་པ་མི་མངའ། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ། འདས་པ་ལ་ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ། མ་འོངས་པ་ལ་ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ། ད་ལྟར་བྱུང་བ་ལ་ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་
རྗེས་སུ་འབྲང་བ་ཡིན། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། འདུན་པ་ཉམས་པ་མི་མངའ། བརྩོན་འགྲུས་ཉམས་པ་མི་མངའ། དྲན་པ་ཉམས་པ་མི་མངའ། ཏིང་ངེ་འཛིན་ཉམས་པ་
མི་མངའ། རྣམ་པར་གྲོལ་བ་ཉམས་པ་མི་མངའ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཅ་ཅོ་ཞེས་བྱ་བ་ནི་བབ་ཅོལ་དུ་སྨྲ་བའོ། །འཕྱར་བ་ནི་རྩེ་བར་སེམས་པའོ། །འདུ་ཤེས་སྣ་ཚོགས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྒོ་ནས་བདེ་

བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཡུལ་དག་ལ་འདུ་ཤེས་ཐ་དད་པ་ཉིད་དོ། །ལྷག་མ་ནི་གོ་སླའོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལམ་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་
པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་།
སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མདོ་ལས་འབྱུང་བ་ནི། ཚེ་དང་ལྡན་པ་དེ་བཞིན་གཤེགས་པའི་སྟོབས་ནི་བཅུ་སྟེ། བཅུ་གང་ཞེ་ན། ཚེ་དང་ལྡན་པ་འདི་ལ་དེ་བཞིན་གཤེགས་པ་ནི་གནས་
ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་མ་ཡིན་པ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོ་ཡིན་ཏེ། སྟོབས་དེ་དང་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་ལས་ཀྱི་ཆོས་ཡང་དག་པར་བླངས་པ་འདས་པ་དང་། མ་འོངས་པ་
པ་དང་། ད་ལྟར་བྱུང་བ་རྣམས་ལ་གནས་དང་། རྒྱུ་དང་། གཞི་དང་རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་གོང་མ་ལྟར་རྣམ་པར་སྨིན་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་
པའི་སྟོབས་གཉིས་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་དག་པ་ཡང་

དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་སེམས་ཅན་གཞན་
རྣམས་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཞི་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །
ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཁམས་སྣ་ཚོགས་དང་། ཁམས་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་ལྔ་པ་ཡིན་ཏེ། སྟོབས་
དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་
སྟོབས་དྲུག་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་
པའི་སྟོབས་བདུན་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ་ཚེ་གཅིག་ཀྱང་དགོངས། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་།
བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་ནས་འཇིག་པ་དང་ཆགས་པའི་བསྐལ་པ་དུ་མའི་བར་དུ་ཡང་རྗེས་སུ་དགོངས་ཏེ། གང་དུ་བདག་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་

འདི་ཙམ་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེའི་མཐའ་ནི་འདི་སྲིད་ཅིག་ཡིན་པར་གྱུར་པ་ན་སེམས་ནི་དེ་དག་བྱུང་ངོ་། །བདག་གནས་དེ་ནས་ཤི་འཕོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་
ཕྱོགས་དང་བཅས། གླེང་གཞི་དང་བཅས་པར་རྗེས་སུ་དགོངས་སོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པ་ཡིན་ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་ལྷའི་
སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་རྣམས་ཀྱང་གཟིགས་ལ་སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་བདེ་འགྲོ་ལ་སོགས་པར་འགྲོ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་
ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བའི་ལས་ཀྱི་ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་འགྲོ་ལོག་
པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡང་དག་པའི་ལྟ་བ་ཅན་ཏེ། ཡང་དག་པའི་ལྟ་བའི་ལས་ཀྱི་ཆོས་
ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་སུ་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་དགུ་
པ་སྟེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཟག་པ་རྣམས་ཟད་པའི་ཕྱིར་མཐོང་བའི་ཆོས་ཁོ་ན་ལ་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་

རྫོགས་པར་བྱས་ཏེ། བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་གསུངས་སོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པས་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པ་ཡིན་
ཏེ། སྟོབས་དེ་དང་ཞེས་བྱ་བ་སྔ་མ་བཞིན་དུ་འབྱུང་ངོ་། །གནས་དང་གནས་མིན་ཤེས་པ་བཅུ། །ཞེས་བྱ་བ་ལ་གནས་དང་། གནས་མ་ཡིན་པ་ནི་གནས་དང་གནས་མིན་ཏེ། དེ་མཁྱེན་པ་ཉིད་སྟོབས་ཡིན་ནོ། །དེ་ནི་ཤེས་པ་བཅུ་ཡིན་ཏེ། ཤེས་པ་བཅུའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན།
གནས་དང་གནས་མ་ཡིན་པ་ནི་མདོར་བསྡུ་ན་འདུས་བྱས་དང་འདུས་མ་བྱས་སོ། །དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་རྣམས་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་དབྱེའོ། །དེ་བཞིན་དུ་འདུས་མ་བྱས་ཀྱང་དགེ་བ་
དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེའོ། །དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་ཆོས་བཅུ་ཆར་ཡིན་ཏེ། དེ་ཆོས་བཅུ་ཆར་ལ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཤེས་པ་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་གཞི་དང་འདུས་མ་བྱས་དགེ་བའོ། །རྗེས་སུ་
ཤེས་པ་ནི་བདུན་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དྲུག་དང་འདུས་མ་བྱས་དགེ་བའོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་དག་གི་ནི་དྲུག་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སོ། །འགོག་པ་ཤེས་པའི་ནི་གཅིག་སྟེ། འདུས་
མ་བྱས་དགེ་བ་ཁོ་ནའོ། །ལམ་ཤེས་པའི་ནི་གཉིས་ཏེ། ཟག་པ་མེད་པ་དག་གོ། །གཞན་གྱི་སེམས་ཤེས་པའི་ནི་གསུམ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་དང་། ཟག་པ་མེད་པ་མཚུངས་པར་ལྡན་པ་དག་གོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་ཡུལ་ནི་ཆོས་དགུ་ཡིན་ཏེ། འདུས་མ་བྱས་
ལུང་དུ་མ་བསྟན་པ་མ་གཏོགས་སོ། །དེ་ལྟར་བྱས་ན་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ཡང་ཇི་ལྟར་ན་ཆོས་བཅུ་ལ་གནས་དང་གནས་མ་ཡིན་པ་ཞེས་བྱ་ཞེ་ན། སྲིད་པ་ནི་གནས་སོ། །མི་སྲིད་པ་ནི་གནས་མ་ཡིན་པའོ། །ཡང་ན་བུད་མེད་སངས་རྒྱས་ཉིད་བྱེད་པར་

འགྱུར་བ་གང་ཡིན་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སྐྱེས་པ་བྱེད་བར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡིན་ནོ། །བུད་མེད་ཚངས་པ་ཉིད་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སྐྱེས་པ་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡིན་ནོ་ཞེས་
བྱ་བ་དང་། དེ་བཞིན་དུ་སྡུག་བསྔལ་འགོག་པ་འདི་ནི་གནས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་ཞུགས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ལས་འབྲས་ལ་བརྒྱད་ཅེས་བྱ་བ་ནི་ལས་ཟག་པ་དང་བཅས་པ་དང་དེའི་རྣམ་པར་སྨིན་པ་ནི་
སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པས་བསྡུས་པའི་ཕྱིར་འགོག་པ་དང་ལམ་ཤེས་པ་དག་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པ་དེ་དག་ལ་དམིགས་པའི་ཤེས་པ་བརྒྱད་སྲིད་དོ། །བསམ་གཏན་སྩོགས། །དབང་པོ་མོས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་དག་ལ་བསམ་གཏན་ལ་སོགས་པ་
ཡོད་པས་ན་བསམ་གཏན་ལ་སོགས་པ་སྟེ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའོ། །བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་
པར་འཇུག་པ་དང་འགོག་པའི་སྙོམས་པར་འཇུག་པ་དང་གཉིས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དབང་པོ་ནི་དབང་པོ་རྣམས་སོ། །མོས་པ་ནི་སེམས་ལས་བྱུང་བའོ། །བསམ་གཏན་ལ་སོགས་པ་དང་། དབང་པོ་རྣམས་དང་མོས་པ་དག་ཅེས་ཟླས་དབྱེ་བ་ཡིན་ཏེ། དེ་དག་ལ་ནི་
འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུའོ། །ཇི་ལྟ་ཞེ་ན། བསམ་གཏན་ལ་སོགས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་བྱེ་བྲག་གིས་དེ་དག་ལ་དམིགས་པའི་ཤེས་པ་དགུ་སྲིད་དོ། །དེ་དག་འདུས་བྱས་ཡིན་པའི་ཕྱིར་འགོག་
པ་ཤེས་པ་ནི་མ་ཡིན་ནོ། །དད་པ་ལ་སོགས་པའི་དབང་པོ་དག་ལ་ཡང་དབང་པོ་ཆུང་ངུ་དང་། འབྲིང་དང་ཆེན་པོའི་བྱེ་བྲག་གིས་གཙོ་བོ་དང་གཙོ་བོ་མ་ཡིན་པ་མཁྱེན་པ་གང་ཡིན་པ་དེ་ནི་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཡིན་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་

བྱེ་བྲག་གིས་ཐ་དད་པ་དེ་དག་ལ་ཡང་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་སྲིད་དོ། །མོས་པ་སྣ་ཚོགས་པ་དེ་དག་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་གསུམ་པ་ཡིན་པས་དེ་དག་ལ་དམིགས་པའི་ཕྱིར་དེ་ཁོ་ན་བཞིན་དུ་འགོག་པ་ཤེས་པ་མ་གཏོགས་
པ་ཤེས་པ་དགུ་སྲིད་དེ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱང་དེ་དང་འདྲའོ། །དེ་ལ་ཁམས་ནི་སློབ་དཔོན་འདུས་བཟང་ན་རེ། སྔོན་གོམས་པའི་བག་ཆགས་ཀྱིས་ཡང་དག་པར་གྲུབ་པའི་བསམ་པ་ལ་བྱའོ་ཞེས་ཟེར་རོ། །དེ་ཡང་སེམས་དང་སེམས་ལས་བྱུང་བ་ཁྱད་པར་ཅན་དེ་དང་དེ་
དག་ཡིན་ཏེ། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ལ་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ལམ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ལམ་ནི་དམྱལ་བ་ལ་སོགས་པར་འགྲོ་
བ་མང་པོ་ཞིག་ཡོད་དེ། དམྱལ་བར་འགྲོ་བའི་ལམ་ནས་ལྷར་འགྲོ་བ་དང་འགོག་པར་འགྲོ་བའི་བར་ཡིན་ནོ། །དེ་ལ་དམྱལ་བར་འགྲོ་བའི་ལམ་གང་ཡིན་པ་དེ་ནི་རྒྱུ་ཡིན་ཏེ་དེ་དག་གིས་བསྒྲུབ་པའི་ཕྱིར་རོ། །ལམ་ནི་སྒྲུབ་པ་ཡིན་པར་རུང་སྟེ། དེས་བྲལ་བསྒྲུབ་པར་བྱེད་ན་འགོག་པ་གོ་ཇི་ལྟ་
ཞེ་ན། དེ་ཡང་སྒྲུབ་པ་ཡིན་ཏེ། དེར་བསྒྲུབ་པའི་ཕྱིར་རོ། །ཡང་ན་བསྒྲུབས་པའི་འབྲས་བུ་ཡིན་པའི་ཕྱིར་སྒྲུབ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ལམ་འབྲས་བུ་དང་བཅས་པར་གཟུང་ན་ནི་ཞེས་བྱ་བ་སྨོས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདིར་རྒྱུན་ཡིན་པར་འདོད་དེ། འདི་
ལྟར་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་འབྱུང་ངོ་། །འཇིག་ཚོགས་འབྱུང་བ་དང་བྲལ་བར་འགྲོ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འབྱུང་བ་ནི་འདིར་ཀུན་འབྱུང་བ་ཡིན་པར་འདོད་དེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་
པོ་ཆེན་པོ་འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ་། །འབྲལ་བ་ནི་འཇིག་ཚོགས་འགོག་པ་ཡིན་ནོ། །འདི་ལ་དེ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཡོད་པས་ན་ཐམས་ཅད་དུ་འགྲོ་བའོ། །འདི་ནི་ཐམས་ཅད་དུ་འགྲོ་བ་ཡང་ཡིན་ལ་ལམ་ཡང་ཡིན་པས་ཐམས་ཅད་དུ་འགྲོ་བའི་

ལམ་སྟེ། དེ་མཁྱེན་པའོ། །དེ་ཉིད་སྟོབས་ཡིན་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཏེ། དེ་ནི་ཤེས་པ་བཅུ་ཡིན་པར་སྦྱར་བར་བྱའོ། །གལ་ཏེ་ཟག་པ་ཟད་པ་ཤེས་པ་འགོག་པ་ཤེས་པ་ཁོ་ན་ཡིན་ན་ཞེས་བྱ་བ་ནི་ཟག་པ་རྣམས་ཟད་ཅིང་འགག་པར་ཤེས་པ་སྟེ། ཟག་པ་མེད་
པའི་འགོག་པ་ལ་དམིགས་པའི་ཤེས་པ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཤེས་པ་དྲུག་ཡིན་ཏེ། འགོག་པ་ཤེས་པའི་རིགས་ཁོ་ན་ཆོས་ཤེས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པར་བྱས་པའི་ཕྱིར་རོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུད་ལ་ཞེས་བྱ་བ་ནི་ཟག་པ་ཟད་པ་ན་ཤེས་པ་གང་
ཡིན་པ་དེ་ནི་ཟག་པ་ཟད་པའི་ཤེས་པའོ་ཞེས་བྱ་བའི་དོན་ཏེ། ཟག་པ་ཟད་པའི་རྒྱུད་ལ་ནི་ཤེས་པ་ཐམས་ཅད་འབྱུང་བས་ཤེས་པ་བཅུ་ཡིན་ནོ། །གཞན་དུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འཛམ་བུའི་གླིང་ལས་གཞན་དུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །སྟོབས་བཅུ་ནི་
འཛམ་བུའི་གླིང་གི་སྐྱེས་པའི་རྟེན་ཅན་ཡིན་ཏེ། སངས་རྒྱས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཤེས་པ་རྣམ་པ་བཅུ་པོ་དེ་ཉིད་གཞན་གྱི་ནི་སྟོབས་ཞེས་མི་བྱའི་ཞེས་བྱ་བ་ནི་གཞན་ལ་ནི་དེ་ཡོད་མོད་ཀྱི་ཐོགས་པ་ཡོད་པའི་ཕྱིར་སྟོབས་མ་ཡིན་གྱི། གང་ཐོགས་པ་མེད་པ་
དེ་སྟོབས་མ་འདྲེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རབ་ཏུ་འབྱུང་བར་འདོད་པའི་ཕྱིར་བཏང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རབ་ཏུ་འབྱུང་བར་འདོད་པ་ནི་རབ་ཏུ་འབྱུང་བར་འདོད་པའོ། །རབ་ཏུ་འབྱུང་བར་འདོད་པའི་མི་དེ་སླར་བཏང་བ་ན་ནི་རབ་ཏུ་འབྱུང་བར་འདོད་པའི་མི་ཕྱིར་
བཏང་བའོ། །འདི་ནི་ཇི་ལྟར་གཞན་གྱི་ཤེས་པ་ཐོགས་པར་འགྱུར་བའི་དཔེར་བརྗོད་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འདོད་པའི་མི་ཞིག་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པར་བལྟས་ན། མ་མཐོང་ནས་སླར་བཏང་སྟེ་རབ་ཏུ་མ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །
བཅོམ་ལྡན་འདས་ཀྱིས་ནི་གཟིགས་ནས་རབ་ཏུ་བྱུང་ངོ་། །དེའི་དབང་དུ་བྱས་ནས་དགེ་སློང་རྣམས་ཀྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཉིད་ཀྱིས་གང་དགྲ་བཅོམ་པ་ཉིད་འཐོབ་པའི་ལས་དེ་བྱས་ཏེ། ལས་རྣམས་ནི་སའི་ཁམས་ལ་རྣམ་པར་མི་སྨིན།

ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་གསུངས་སོ། །ཡང་འདི་སྐད་དུ། འབྱུང་ཁུངས་རྡོ་ཡི་གསབ་གསེབ་ན། །བག་ལ་ཞ་བའི་གསེར་བཞིན་དུ། །
ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་མཐོང་། །ཞེས་བྱ་བ་གསུངས་སོ་ཞེས་གྲག་གོ། །སྐྱེ་བ་ལ་སོགས་པའི་མཐའ་མ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འཆི་འཕོ་བའི་མཐའ་མ་ཤེས་པ་བསྡུའོ། །སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱ་བ་ལ། སྲེད་མེད་ཅེས་བྱ་བ་འདི་ནི་
སྟོབས་ཀྱི་མིང་ཡིན་ནོ། །གང་ལ་སྟོབས་དེ་ཡོད་པ་དེ་མིང་སྲེད་མེད་ཀྱི་བུ་ཞེས་བྱ་བ་སྟེ། སྟོབས་མཆོག་དང་ཚན་པོ་ཆེ་བཞིན་ནོ། །བཙུན་པ་ཞེས་བྱ་བ་ནི་དཔེས་སྟོན་པའི་གནས་བརྟན་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སྐུའི་སྟོབས་ཐུགས་ཀྱི་སྟོབས་བཞིན་དུ་མི་འདོད་ན་ཡེ་ཤེས་ཀྱི་སྟོབས་
མཐའ་ཡས་པ་བཟོད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བཟོད་པའི་ངང་ཚུལ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ཚིགས་ན་ཞེས་བཤད་པར་རུས་པའི་ཚིགས་ཀྱི་ཁྱད་པར་ཉེ་བར་དགོད་པའི་ཕྱིར། ཀླུ་མདུད་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སངས་རྒྱས་རྣམས་ཀྱི་ཚིགས་ནི་
ཀླུ་མདུད་པ་ལྟ་བུ་ཡིན་ནོ། །གླུ་མདུད་པ་ནི་ཀླུ་སྦྲེལ་བ་ཡིན་ནོ། །རང་སངས་རྒྱས་རྣམས་ཀྱི་ཚིགས་ནི་ལུ་གུ་རྒྱུད་ལྟ་བུ་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ནི་གཟེར་བུས་བཏབ་པ་ལྟ་བུ་ཡིན་ནོ། །གླང་ཆེན་སྩོགས། བདུན་ཅུས་ཀླགས་པའི་སྟོབས་ཡིན་ནོ། །ཞེས་བྱ་བ་ནི་གླང་ཆེན་ལ་སོགས་པ་
སྟེ། གླང་པོ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་དང་བདུན་ཡིན་ནོ། །དེའི་སྟོབས་བཅུར་བསྒྲེས་པ་སྟེ། ཇི་ལྟ་ཞེ་ན། སྨྲས་པ་གླང་པོ་ཆེ་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་
ཡིན་ནོ། །དེ་བཞིན་དུ་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་ཚན་པོ་ཆེ་གཅིག་གི་སྟོབས་ཡིན་པ་ནས། དེ་བཞིན་དུ་སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུ་གཅིག་གི་སྟོབས་ཡིན་ཏེ། འདི་ནི་གོང་དུ་བཅུར་བསྒྲེ་བའི་ལུགས་ཡིན་ནོ། །གོང་དུ་བཅུ་འགྱུར་དུ་

སྐྱེད་པ་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཕྱེད་ཡིན་ཞེས་བྱ་བ་ནི་དང་པོར་དེ་ཁོ་ན་བཞིན་དུ་བསྡོམས་ལ་སྟོབས་མཆོག་ལ་སོགས་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ། །དེ་གཉིས་སུ་བསྒྱུར་བ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ནོ། །སློབ་དཔོན་ནི་ཇི་ལྟར་ཆེས་ཆེ་བ་དེ་ལྟར་རུང་ངོ་ཞེས་ཕྱོགས་
སྔ་མ་ཉིད་གཞུང་འཛུགས་ཏེ། གཏན་ཚིགས་ནི་དེ་ལྟ་མ་ཡིན་ན། མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །གཞན་དུ་ན་ལྷས་བྱིན་གྱིས་བསད་པའི་གླང་པོ་ཆེ་ཞབས་ཀྱི་མཐེ་བོས་ར་བ་དང་འོབས་བདུན་འདོར་བར་ཡང་མི་འགྱུར་རོ། །འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་
ཡིན་ཞེས་བྱ་བ་ནི་སྟོབས་འདི་ནི་འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་ཡིན་གྱིས་འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བདུན་ལས་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་གཟུགས་ཡིན་ཞེས་བྱ་བ་ནི་གཞན་དག་ན་རེ་སྟོབས་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་འཇམ་པ་ཉིད་ལ་སོགས་པ་
སྔར་བཤད་པ་དག་ལས་དོན་གཞན་དུ་གྱུར་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་ལྔ་བཅུ་དྲུག་པ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་ཤཱ་རིའི་བུ་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་ཡིན་ཏེ། མི་འཇིགས་པ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །བཞི་གང་ཞེ་ན། ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ན་
ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་ཡང་རུང་འགའ་ཡང་ཆོས་དང་མཐུན་པས་རྒོལ་ཞིང་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་ངས་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་པ་དང་འཇིགས་པ་
མེད་པར་གྱུར་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་། ཚངས་པའི་འཁོར་ལོ་བསྐོར། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་འདི་ནི་མི་འཇིགས་པ་དང་པོ་ཡིན་ནོ། །ཀྱེ་མ་ང་ཟག་པ་ཟད་པ་ལ་འདི་ན་ཟག་པ་འདི་དག་མ་སྤངས་སོ་

ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གཉིས་པ་ཡིན་ནོ། །འདི་ནི་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ན་བར་དུ་གཅོད་པར་མི་འགྱུར་རོ་
ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གསུམ་པ་ཡིན་ནོ། །འདི་ན་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པའི་ལམ་དུ་གསུངས་པ་ངེས་པར་འབྱིན་པ་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་ལ་སྡུག་བསྔལ་གྱི་མཐར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་མ་
ཡིན་ནོ་ཞེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་ཏེ། །འདི་ནི་མི་འཇིགས་པ་བཞི་པ་ཡིན་ནོ་ཞེས་འབྱུང་ངོ་། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་མངོན་
པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། དེ་ཁོ་ན་བཞིན་དུ་ཆོས་རྣམས་རྣམ་པ་བཅུར་ཕྱེ་ནས་སྦྱར་བར་བྱའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཤེས་པ་དྲུག་གམ་བཅུ་དང་ས་བཅུ་གཅིག་གིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་ཟག་པ་ཟད་པར་གྱུར་
པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། འདིར་ཡང་ཁོ་ན་བཞིན་དུ་ཆོས་རྣམས་རྣམ་པ་བཅུར་ཕྱེ་ནས་ཤེས་པ་དྲུག་གམ་བཅུར་སྦྱར་བར་བྱའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་འགོག་པ་དང་། ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་དང་། ས་ཐམས་ཅད་ཀྱིས་
བསྡུས་པ་ཇི་ལྟ་བར་ངས་གང་དག་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་མི་འཇིགས་པ་གསུམ་པ་ཡང་དེ་དང་འདྲའོ། །འདིར་ཡང་དེ་ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཁོ་ན་བར་དུ་གཅོད་པ་ཡིན་
གྱི། འགོག་པ་དང་ལམ་གྱི་བདེན་པས་བསྡུས་པ་ནི་མ་ཡིན་པས། ཤེས་པ་བརྒྱད་དོ་ཞེས་སྦྱར་བར་བྱའོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་འམ་དགུ་དང་། ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ངས་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་

པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །འདི་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ལམ་འབྲས་བུ་དང་བཅས་པ་གཟུང་ན་ནི་ཤེས་པ་བཅུའོ་དེ་འབྲས་བུ་མེད་པ་གཟུང་ན་ནི་དགུའོ་ཞེས་བྱ་བར་སྦྱར་རོ། །མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་འདི་དག་གིས་ཀྱང་
མི་སྐྲག་པར་འགྱུར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ནི་ཤེས་པ་རྣམས་མི་འཇིགས་པ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་ནི་ཤེས་པས་བྱས་པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེས་འཆད་དོ། །ཡང་ན་མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་ཞེས་བྱ་བ་ནི་འདི་ཐམས་ཅད་སློབ་
དཔོན་གྱི་ཚིག་ཁོ་ན་ཡིན་ཏེ། འདི་ལྟར་དེ་ནི་འཇིགས་པའི་གཉེན་པོས་སེམས་ལས་བྱུང་བའི་ཆོས་ཡིན་ལ་འཇིགས་པ་ཡང་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ཤེས་པ་རྒྱུར་གྱུར་པ་འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་བས་ན་ཇི་ལྟར་ཤེས་པ་ཉིད་མི་འཇིགས་པ་ཡིན་ཏེ། ཤེས་པས་བྱས་
པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེའོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་འཁོར་ལ་རྗེས་སུ་སྟོན་པར་འོས་སོ། །
གསུམ་གང་ཞེ་ན། དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཐུགས་རྗེ་ཅན། དོན་བཞེད་པ་ཕན་པར་བཞེད་པ་ཐུགས་རྗེ་སྟེ། ཉན་ཐོས་རྣམས་ལ་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདི་ནི་ཁྱེད་ལ་བདེ་བར་བྱེད་པ་འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་ཆོས་སྟོན་པར་མཛད་ཅིང་། ཉན་ཐོས་དེ་དག་དེ་ལ་
ཉན་པར་བྱེད། རྣ་བ་གཏོད་པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལས་མི་འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་དགྱེས་པར་ཡང་མི་འགྱུར་གྱི། ཡིད་བདེ་བ་ཡང་མ་ཡིན་ཐུགས་ཡ་ཡ་
པོར་ཡང་མི་འགྱུར་གྱི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་

དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་དེ་དག་དེ་ལ་ཉན་པར་མི་བྱེད། །རྣ་བ་གཏོད་པར་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་མི་བྱེད། སྟོན་པའི་བསྟན་པ་ལས་
འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ། ཐུགས་མ་རངས་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་
འཕགས་པས་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་ཁ་ཅིག་ནི་དེ་ལ་ཉན་པར་བྱེད་པ་ནས་སྟོན་པའི་
བསྟན་པ་ལས་མི་འགལ་བའི་བར་དུ་བྱེད་ལ། ཁ་ཅིག་ནི་ཉན་པར་མི་བྱེད་པ་ནས་སྟོན་པའི་བསྟན་པ་ལས་འགལ་བའི་བར་དུ་བྱེད་ན། དེས་དེ་བཞིན་གཤེགས་པ་ཀུན་དུ་དགྱེས་པར་ཡང་མི་འགྱུར། ཡིད་བདེ་བ་ཡང་མ་ཡིན། ཐུགས་ཡ་ཡ་པོར་ཡང་མི་འགྱུར་ལ། ཀུན་ནས་མནར་སེམས་
སུ་ཡང་མི་འགྱུར། །མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ། ཐུགས་མ་རངས་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན་
ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡིན་ནོ་ཞེས་འབྱུང་ངོ་། །དྲན་དང་ཤེས་རབ་ཅེས་བྱ་བ་ནི་གཉི་གའི་ངོ་བོ་ཉིད་ཡིན་པར་སྟོན་ཏེ། དྲན་པ་དང་ཤེས་བཞིན་དུ་ཞེས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་ཉན་ཐོས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་གི་
ཚེ་ཉན་ཐོས་ཉོན་མོངས་པ་སྤངས་པ་ཡང་སློབ་མ་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་དག་ལ་ཀུན་དུ་དགའ་བ་སྟེ། རྗེས་སུ་ཆགས་པ་འམ། ཀུན་ནས་མནར་སེམས་ཏེ་ཞེ་སྡང་མི་འབྱུང་ན། ཅིའི་ཕྱིར་འདི་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐུན་མོང་མ་ཡིན་པ་རྣམས་ཞེས་

བ་ཞེ་ན། བག་ཆགས་དང་བཅས་པར་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཀུན་དུ་དགའ་བ་ལ་སོགས་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །བག་ཆགས་ཞེས་བྱ་བ་འདི་ཅི་ཞེ་ན། ཉན་ཐོས་རྣམས་ལས་གང་ཞིག་གིས་སྔོན་ཉོན་མོངས་པ་གང་སྤྱད་པ་དེའི་དེས་བྱས་པའི་ལུས་དང་ངག་གི་
གཡོ་བར་འགྱུར་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ནི་བག་ཆགས་ཞེས་བྱའོ། །བཙུན་པ་གོ་ཆ་མཐའ་ཡས་ན་རེ་བག་ཆགས་ནི་ལུང་དུ་མ་བསྟན་པའི་སེམས་ཀྱི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས་ཡང་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཉན་ཐོས་རྣམས་གང་གི་ཡིན་པ་ནི་ཉན་ཐོས་
རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་གྱི། ཉན་ཐོས་ཀྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་ཡིན་ནོ། །གུས་པར་ཉན་པ་དང་གུས་པར་མ་ཉན་པ་དང་གཉིས་པོ་དེ་དག་ལ་སྟེ། ཉན་ཐོས་དེ་དག་གུས་པར་ཉན་པ་དང་གུས་པར་མི་ཉན་པ་དང་། གཉི་ག་
དག་ལ་ཉན་པ་དང་ཐོས་པ་དང་ལྡན་པའི་དེ་ཁོ་ན་ལ་དེ་མི་འབྱུང་བ་སྟེ། ཀུན་དུ་དགའ་བ་དང་། ཀུན་ནས་མནར་སེམས་མི་འབྱུང་བ་ཡ་མཚན་རྨད་དུ་བྱུང་བར་རྣམ་པར་གཞག་གི་གཞན་ཉན་ཐོས་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཀུན་རྫོབ་ཤེས་པའི་
ངོ་བོ་ཉིད་མ་ཡིན་གྱི་སྙིང་རྗེ་བཞིན་དུ་ཞེ་སྡང་མེད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་སེམས་ཅན་ཐམས་ཅད་ལ་དམིགས་པར་ཡང་འགྲུབ་པར་མི་འགྱུར་ཏེ། ཁམས་གསུམ་པའི་སེམས་ཅན་ལ་དམིགས་པར་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་སྙིང་རྗེ་ནི་ཁམས་གསུམ་པ་ལ་
དམིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པའི་ཕྱིར། འདོད་པ་ན་སྤྱོད་པའི་སེམས་ཅན་ལ་དམིགས་པ་ཡིན་ཏེ། འདི་ཡང་དེ་དང་འདྲ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་འགྲུབ་པར་མི་
འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ནའི་རྣམ་པ་ཅན་ཡིན་གྱི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་མ་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཅན་དེ་ལྟ་བུར་མི་འགྱུར་བ་ཞིག་ན་

སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་འདོད་དེ། དེའི་ཕྱིར་ཀུན་རྫོབ་ཤེས་པའི་ངོ་བོ་ཉིད་ཡིན་ནོ། །ཆེན་པོའི་སྒྲར་བརྗོད་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར་འདི་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི། བསོད་
ནམས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱི་
ཚོགས་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་གཉི་གར་གཏོགས་པའི་ཕྱིར་རྣམ་པ་གཉི་ག་ཡིན་ཏེ། བརྩོན་འགྲུས་མེད་པར་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། བཟོད་པ་བསྒོམ་པ་ཡང་མེད་པས་བརྩོན་འགྲུས་ནི་བསོད་ནམས་ཀྱི་
ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་མེད་པར་ཤེས་རབ་མི་འབྱུང་བས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་ཡང་བྱམས་པ་ལ་སོགས་པ་ཚད་མེད་པ་རྣམ་པ་བཞི་བསྒོམ་པའི་ཕྱོགས་དང་མཐུན་པ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་
པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་ཕྱོགས་དང་མཐུན་པའི་བསམ་གཏན་ནི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ཆ་མཐུན་པ་ཡིན་ནོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དག་གིས་ཡང་དག་པར་འགྲུབ་ཅིང་འགྲུབ་
པའི་ཕྱིར། ཐུགས་རྗེ་འདི་ཆེ་བས་ན་ཐུགས་རྗེ་ཆེན་པོའོ། །རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་སྡུག་བསྔལ་གསུམ་ཆར་ལ་ཡང་དམིགས་ཀྱི། སྙིང་རྗེ་བཞིན་དུ་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ལ་དམིགས་པ་ནི་མ་ཡིན་ནོ། །དམིགས་པ་ནི་ཁམས་གསུམ་པའི་
སེམས་ཅན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་དམིགས་ཀྱི། སྙིང་རྗེ་བཞིན་དུ་འདོད་པའི་ཁམས་སུ་སྐྱེས་པ་ཁོ་ན་ལ་དམིགས་པ་ནི་མ་ཡིན་ཏེ། སྤྱོད་ཡུལ་འདོད་པའི་སེམས་ཅན་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །མཉམ་པ་ཉིད་ནི་

སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པར་འདྲ་བར་འཇུག་སྟེ། དེའི་ཕྱིར་ཡང་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །དེ་བས་ཆེས་ཆེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་
རབ་ཀྱི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་རྣོ་བའི་ཕྱིར་ཏེ། ཇི་ལྟར་དེས་ཐུགས་རྗེ་ཆེ་བ་ལྟར་སྙིང་རྗེ་ནི་དེ་ལྟ་མ་ཡིན་ནོ། །ཐ་དད་དུ་བྱ་བ་ནི་ཁྱད་པར་རོ། །ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། ཐུགས་
རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་སྡུག་བསྔལ་གཅིག་གི་རྣམ་པ་ཅན་ཡིན་པའི་ཕྱིར་ལ། ཐུགས་རྗེ་ཆེན་པོ་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་
ཡིན་པའི་ཕྱིར་ཏེ། འོག་མ་ཐམས་ཅད་ལ་ཡང་གྲངས་བཞིན་དུ་སྦྱར་བར་བྱའོ། །བསམ་གཏན་བཞི་དང་བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དག་ནི་བསམ་
གཏན་དང་པོ་སྨོས་པས་བསྡུས་པའི་ཕྱིར་ས་དྲུག་པ་ཞེས་ནི་མ་བཤད་དོ། །ཐུགས་རྗེ་ཆེན་པོ་ནི་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ཏེ་ཏིང་ངེ་འཛིན་ཐམས་ཅད་ལས་སུ་རུང་བ་ཉིད་ཀྱིས་དེ་ཁོ་ནས་དེ་སྐྱེད་པར་ནུས་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང་། སངས་རྒྱས་ཀྱི་རྒྱུད་ལས་སྐྱེས་པ་ཡིན་
པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་བསྡུའོ། །འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་ལ། ཐུགས་རྗེ་ཆེན་པོ་
ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་འཐོབ་པོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་ཅེས་བྱ་བ་ནི་སྙིང་རྗེ་ནི་ཉན་ཐོས་ལ་སོགས་པར་སྙིང་རྗེ་བར་བྱེད་པ་འབའ་ཞིག་ཏུ་ཟད་པས་ཡིད་ལ་ཉམ་ང་བ་འབའ་ཞིག་ཏུ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་སྟེ་འཁོར་བའི་འཇིགས་པ་ལས་ནི་

ཡོངས་སུ་མི་སྐྱོབ་པོ། །ཐུགས་རྗེ་ཆེན་པོས་ནི་བཅོམ་ལྡན་འདས་ཐུགས་རྗེ་བར་མཛད་པ་ནི་འཁོར་བའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པོ། །མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེས་ནི་སྡུག་བསྔལ་བ་ཁོ་ན་ལ་སྙིང་རྗེ་བའི་ཕྱིར་མི་འདྲ་བར་སྙིང་རྗེ་བར་
བྱེད་དེ། ཐུགས་རྗེ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་རྗེ་བར་མཛད་པའི་ཕྱིར་རོ། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་ཚེ་རབས་སྔ་མ་དག་གི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སྔར་བཤད་པས་ཡང་དག་པར་འགྲུབ་
པོ། །ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་ཅེས་བྱ་བ་ལ། ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཆོས་ཀྱི་རྒྱུན་གྱི་ཚོགས་སམ་གནས་ཡོངས་སུ་གྱུར་པ་ཡིན་ནོ། །དོན་སྤྱོད་པ་ཞེས་བྱ་བ་ལ། །དོན་ནི་འཇིག་རྟེན་གྱི་མཐོ་རིས་དང་བྱང་གྲོལ་མཛད་པའོ། །དེ་སྒྲུབ་པ་ནི་དོན་སྤྱོད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་གཞན་གྱི་དོན་
མཛད་པའི་རྒྱུ་ཐུགས་རྗེ་ཆེན་པོ་ནི་འདྲའོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །ཇི་ལྟ་ཞེ་ན། ཡུན་ཤིན་ཏུ་རིང་བ་དང་ཡུན་ཐུང་ངུར་འཚོ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དུས་ཇི་ལྟ་བ་བཞིན་དུ་སྐྱེ་དགུ་རྣམས་ཀྱི་ཚེ་རིང་བའི་ཚེ་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་ཚེ་རིང་བར་འབྱུང་ལ། ཐུང་
བའི་ཚེ་ནི་ཐུང་བར་རོ། །དེ་བཞིན་དུ་ཅི་རིགས་པར་འཇིག་རྟེན་གྱི་རྒྱལ་རིགས་བཀུར་བའི་ཚེ་ནི་རྒྱལ་རིགས་སུ་འབྱུང་ལ། བྲམ་ཟེ་བཀུར་བའི་ཚེ་ནི་བྲམ་ཟེར་རོ། །དུས་ཇི་ལྟ་བ་བཞིན་དུ་འོད་སྲུངས་ལ་སོགས་པའི་རིགས་དང་། གཽ་ཏ་མ་ལ་སོགས་པའི་རིགས་སུ་ཡང་འབྱུང་ངོ་། །དེ་བཞིན་དུ་འཇིག་རྟེན་པའི་
བོང་ཚོད་ཆུང་བའི་ཚེ་ནི་སྐུ་བོང་ཚོད་ཆུང་ལ། བོང་ཚོད་ཆེ་བའི་ཚེ་ནི་སྐུ་བོང་ཚོད་ཆེ་བའོ། །རྒྱུ་ཕུན་སུམ་ཚོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་མཚན་ཉིད་དོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ནི་འགྲོ་བའི་དོན་སྤྱོད་པའི་མཚན་ཉིད་དོ། །
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་ཞེས་བྱ་བ་ལ། བསོད་ནམས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་ངོ་བོ་ཉིད་དོ། །ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དག་སྟེ། བསོད་ནམས་དང་ཡེ་ཤེས་དེ་དག་ཐམས་ཅད་ཀྱི་ཚོགས་སོ། །དེ་གོམས་པ་ནི་ཡང་དང་ཡང་དུ་སྦྱོར་བའོ། །

ཡུན་རིང་པོ་ནས་གོམས་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུའོ། །བར་ཆད་མེད་པའི་གོམས་པ་ཞེས་བྱ་བ་ནི་བར་ཆད་དང་བཅས་པ་མ་ཡིན་པར་རོ། །གུས་པར་བྱས་ཏེ་གོམས་པ་ཞེས་བྱ་བ་ནི་གུས་པ་དྲག་པོས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་
ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པས། ཡེ་ཤེས་ལ་སོགས་པ་ཕུན་སུམ་ཚོགས་པ་བཞིར་འགྱུར་བས་དེ་དག་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱ་བར་རྣམ་པར་གཞག་གོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་འཆད་པར་འགྱུར་ལ། དེ་བཞིན་དུ་སྤངས་པ་ཕུན་སུམ་ཚོགས་པ་དང་།
མཐུ་ཕུན་སུམ་ཚོགས་པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་འཆད་པར་འགྱུར་བས་འདི་དག་ནི་དེའི་ཚེ་ཉིད་ལ་འཆད་པར་འགྱུར་རོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཇི་ལྟ་ཞེ་ན། །ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་
ཐར་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དང་འཁོར་བ་སྟེ། དེ་དག་གི་སྡུག་བསྔལ་ལས་གཏན་དུ་ཐར་པར་མཛད་པ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་ཉན་
ཐོས་ཀྱི་ཐེག་པ་ལ་སོགས་པ་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པའོ། །དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ་ཡང་ན་ཕན་འདོགས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་དེ་ཡིན་ནོ། །མ་བསྟན་པར་མཁྱེན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་གྱིས་སོ། །ཐམས་ཅད་མཁྱེན་
པ་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་མ་ལུས་པར་ཐུགས་སུ་ཆུད་པའི་དོན་གྱིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཀུན་མཁྱེན་པའི་དོན་གྱིས་སོ། །མ་འབད་པར་མཁྱེན་པ་ཞེས་བྱ་བ་ནི་བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པའི་དོན་གྱིས་སོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་
ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཁམས་གསུམ་པ་ཆད་པའི་ཕྱིར་རོ། །གཏན་དུ་སྤངས་པ་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་སོ། །བག་ཆགས་དང་བཅས་ཏེ་སྤངས་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་

ཅད་སྤངས་པའོ་ཞེས་བྱ་བ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཕྱིའི་ཡུལ་སྤྲུལ་པ་དང་ཡོངས་སུ་བསྒྱུར་བ་དང་། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ལ་སྤྲུལ་པ་ནི་ཕྱིའི་ཡུལ་སྔོན་མེད་པ་འབྱིན་པའོ། །ཡོངས་སུ་བསྒྱུར་བ་ནི་རྡོ་ལ་སོགས་པ་གསེར་
ལ་སོགས་པའི་དངོས་པོར་མཛད་པའོ། །བྱིན་གྱིས་རློབ་པ་ནི་ཡུན་རིང་དུ་གནས་པར་མཛད་པའོ། །སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་ནི་སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པར་མཛད་པ་ལ་མངའ་ཕུན་སུམ་ཚོགས་པས་སོ། །བསྒྲིབས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྒྲིབས་
པ་ལ་གཤེགས་པ་དང་། ནམ་མཁའ་ལ་གཤེགས་པ་དང་། ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པའོ། །ཆུང་ངུར་མང་པོ་འཇུག་པར་མཛད་པ་ནི་ཁྱོད་ཆུང་ངུའི་ནང་དུ་གླང་པོ་ཆེ་ལ་སོགས་པ་མང་པོ་འཇུག་པར་མཛད་པ་སྟེ། བསྒྲིབས་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་བར་གཤེགས་པ་དང་། ཆུང་
ངུར་མང་པོ་འཇུག་པར་མཛད་པ་སྟེ། དེ་དག་ལ་མངའ་ཕུན་སུམ་ཚོགས་པ་ཞེས་བྱ་བར་སྦྱར་རོ། །ཡ་མཚན་གྱི་ཆོས་ནར་མ་རང་བཞིན་གྱིས་འབྱུང་བ་རྣམ་པ་སྣ་ཚོགས་རྣམ་པ་དུ་མ་དེ་དག་ཕུན་སུམ་ཚོགས་པ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གཤེགས་པ་ན་མཐོན་དམན་མཉམ་པར་
འགྱུར་ཏེ་མཐོང་བ་གང་ཡིན་པ་དེ་ནི་དམའ་བར་འགྱུར་ལ། དམའ་བ་གང་ཡིན་པ་དེ་ནི་མཐོན་པོར་འགྱུར་རོ། །ལོང་བ་རྣམས་ཀྱིས་ནི་མིག་འཐོབ་པོ། །འོན་པ་རྣམས་ཀྱིས་ནི་རྣ་བ་འཐོབ་པོ། །སྨྱོན་པ་རྣམས་ཀྱིས་ནི་དྲན་པ་འཐོབ་བོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་ཏེ། ཐམས་ཅད་མདོ་ལས་ཇི་སྐད་
འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །མཚན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུ་དང་། གཙུག་ཏོར་ལ་སོགས་པ་སུམ་ཅུ་རྩ་གཉིས་ཕུན་སུམ་ཚོགས་པའོ། །དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སོར་མོ་ཟླུམ་པ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་
བུ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཕུན་སུམ་ཚོགས་པའོ། །སྟོབས་ཕུན་སུམ་ཚོགས་པ་ནི་སྲེད་མེད་ཀྱི་བུའི་སྟོབས་སོ། །འདིའི་སྐུ་གདུང་རྡོ་རྗེ་ལྟ་བུར་སྲ་བས་ན་སྐུ་གདུང་རྡོ་རྗེ་ལྟར་སྲ་བའོ། །སྐུ་གདུང་རྡོ་རྗེ་ལྟར་སྲ་བའི་ངོ་བོ་སྟེ། དེ་ཕུན་སུམ་ཚོགས་པས་ན་སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་

པའོ། །དེ་ལྟར་ན་དེ་དག་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་ཀུན་ནས་མདོར་བསྡུས་པ་ཡིན་ཏེ། སྐྱེས་བུ་དམ་པ་རབ་ཏུ་དང་བ་སྐྱེད་པ་གང་སུ་ཡང་རུང་བ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་། སྟོད་པ་དང་། བསྟོད་པར་འགྱུར་བ་དེ་དག་ཐམས་ཅད་ནི་ཕུན་སུམ་ཚོགས་པ་དམ་པ་གསུམ་པོ་
འདི་ཁོ་ནས་སོ། །འདི་ལ་བསྐལ་པ་གྲངས་མེད་པ་དུ་མ་ཡོད་པས་ན་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་གལ་ཏེ་དེ་བྱིན་གྱིས་རློབ་པར་མཛད་ན། དེ་ལྟར་ན་དེ་དག་གི་ཆེ་བའི་བདག་ཉིད་དེ་མཐའ་དག་མཁྱེན་པ་དང་བརྗོད་པར་སྤྱོད་དེ། དེའི་རབ་ཏུ་དབྱེ་བ་མཐའ་ཡས་
པས་ཤིན་ཏུ་མང་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །རེ་ཞིག་དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡོན་ཏན་རྣམས་དང་ཡེ་ཤེས་རྣམས། །མཐུ་དང་ཕན་འདོགས་པ་ཞེས་ཟླས་དབྱེ་བ་ཡིན་ནོ། །མཐའ་ཡས་པ་ཡང་ཡིན་ལ་རྨད་དུ་བྱུང་བ་ཡང་ཡིན་པས་ཞེས་གཞི་མཐུན་པར་བསྡུ་བ་ཡིན་ནོ། །དེ་དག་
ཉིད་རིན་པོ་ཆེ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་དེ་དག་གི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རང་གི་ཡོན་ཏན་དབུལ་བས་རྗེས་སུ་དཔོག་པར་གྱུར་པས་མོས་པ་བཅོམ་ཞིང་དགའ་བ་བཅོམ་པར་གྱུར་པ་རྣམས་ནི་སངས་རྒྱས་ལ་གུས་པའི་བར་དུ་མི་བྱེད་དེ། དད་པར་མི་བྱེད་དོ་ཞེས་བྱ་
བའི་ཐ་ཚིག་གོ། །དད་པ་ཙམ་གྱིས་ཞེས་བྱ་བ་ནི་མི་རྟོགས་པར་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པར་མ་ངེས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པར་ངེས་པ་རྣམས་ལས་ནི་རྒལ་བར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ལྷ་དག་གི་ནང་ན་ཡོད་པས་ན་ལྷའི་ཡིན་ནོ། །འབྲས་བུ་མེད་པ་མ་ཡིན་པ་དང་། ཡིད་དུ་
འོང་བ་དང་། མཆོག་ཏུ་གྱུར་པ་དང་། མྱུར་བ་དང་མཐའ་བཟང་བའི་ཕྱིར་རོ་ཞེས་བྱ་བ་ལ། འབྲས་བུ་མེད་པ་མ་ཡིན་པ་ནི་འབྲས་བུ་འབྱིན་པར་ངེས་པར་གནས་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་ནི་འབྲས་བུ་ལྷའི་ཡུལ་ཡིན་པའི་ཕྱིར་རོ། །འབྲས་བུ་མཆོག་ཏུ་གྱུར་པ་ནི་འབྲས་བུ་མང་བའི་ཕྱིར་རོ། །འབྲས་བུ་
མྱུར་བ་ནི་