Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་
སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་
དང་། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་གཟུང་བ་དང་། ཆུང་ངུ་དང་ཆེན་པོར་གྱུར་པ་དང་། ཉེ་བར་མ་ཞི་བ་དང་། ཉེ་བར་ཞི་བ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་།

མ་བསྒོམས་པ་དང་། བསྒོམས་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་འབྱུང་ངོ་། །གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་གོས་དང་དྲི་མ་དག་ཅིག་ཅར་མི་འཛིན་པ་དེ་འདྲའོ། །ཇི་
ལྟ་ཞེ་ན། གང་གི་ཚེ་རྣམ་པར་ཤེས་པ་གོས་སོ་སྙམ་དུ་ཡོངས་སུ་གཅོད་པའི་རྣམ་པ་ཅན་དུ་སྐྱེ་བ་དེའི་ཚེ་དྲི་མ་མི་འཛིན་ལ། གང་གི་ཚེ་རྣམ་པར་ཤེས་པ་དྲི་མའོ་སྙམ་དུ་ཡོངས་སུ་གཅོད་པའི་རྣམ་པ་ཅན་དུ་སྐྱེ་བ་དེའི་ཚེ་གོས་མི་འཛིན་ཏོ། །འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་དང་། ལྡན་
པའི་འདོད་ཆགས་དང་བཅས་པ་ཉིད་དོ་ཞེས་བྱ་བ་ལ། འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་ནི། ཁ་ཅིག་ན་རེ་འདོད་ཆགས་ཀྱི་ཐོབ་པ་དང་འབྲེལ་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་
ན་རེ་འདོད་ཆགས་རྒྱས་པར་འགྱུར་བའི་དམིགས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཉིས་ཀྱིས་ཞེས་བྱ་བ་ནི་འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་དང་། ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཞན་པ་ཟག་པ་དང་བཅས་པ་ཞེས་བྱ་
བ་ནི་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པའི་དགེ་བ་གང་ཡིན་པ་དེ་ནི་ལྡན་པའི་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པ་ཡིན་ཏེ། དེ་ལྟར་ན་འདི་གཉི་ག་ཡང་འདོད་ཆགས་དང་བཅས་པ་ཁོ་ནར་བཤད་པ་ཡིན་ནོ། །སྨྲས་པ་ཅིའི་ཕྱིར་ལ་ལའི་
གཞུང་ལུགས་ཀྱིས་འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཟེར་ན། འདི་ལྟར་དེ་དག་ན་རེ་གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ན་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་སྟེ། ཞེ་སྡང་ལ་སོགས་པ་དང་
མཚུངས་པར་ལྡན་པ་ཡང་འདོད་ཆགས་དང་བྲལ་བ་ཡིན་པར་འགྱུར་བ་ཞིག་ན། འདོད་ཆགས་དང་མཚུངས་པར་མི་ལྡན་པ་དེ་ཡང་འདོད་ཆགས་དང་བཅས་པ་ཡིན་ཏེ། མདོ་ལས་ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པ་ལ་འདོད་ཆགས་དང་བྲལ་བ་ཞེས་ནི་མ་བཤད་དེ།

ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །གང་དག་གི་ལྟར་ན་འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་དེ་དག་གི་ལྟར་ན་ནི་འདི་ཉེས་པ་མེད་དེ། འདོད་ཆགས་ཀྱི་གཉེན་པོ་ནི་ཞེ་སྡང་ལ་
སོགས་པ་དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞེས་བྱ་བ་ནི་ཆོས་མངོན་པ་པ་དག་གོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོ་ནི་
འདོད་ཆགས་དང་བྲལ་བ་ཡིན་ན་དེའི་གཉེན་པོ་མ་ཡིན་པ་འདོད་ཆགས་དང་བཅས་པའི་སེམས་ཀྱི་གཉེན་པོ་མ་ཡིན་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བཅས་པ་ཡང་མ་ཡིན་ལ།
འདོད་ཆགས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ཞེས་བྱ་བ་ཡང་འདྲ་བར་ཐལ་བར་འགྱུར་བར་སྦྱར་བར་བྱའོ། །ཇི་ལྟ་ཞེ་ན། ཁ་ཅིག་ན་རེ་མདོ་འདིར་ནི་
ཞེ་སྡང་དང་མཚུངས་པར་ལྡན་པའི་སེམས་ནི་ཞེ་སྡང་དང་བཅས་པ་ཡིན་ལ། ཞེ་སྡང་གི་གཉེན་པོ་ནི་ཞེ་སྡང་དང་བྲལ་བར་བཤད་པ་ཡིན་ཏེ། གལ་ཏེ་ཞེ་སྡང་དང་མཚུངས་པར་མི་ལྡན་པ་ཞེ་སྡང་དང་བྲལ་བ་ཡིན་ན་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་ཡིན་པར་འགྱུར་རོ་
ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟ་ན་ནི་འོ་ན་དེའི་གཉེན་པོ་མ་ཡིན་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་ཞེ་སྡང་དང་བཅས་པ་མ་ཡིན་ལ། ཞེ་སྡང་དང་བྲལ་བ་ཡང་མ་ཡིན་ཞེས་བྱ་བ་དང་། དེ་བཞིན་དུ་གཏི་མུག་དང་བཅས་པའི་སེམས་ཀྱང་བརྗོད་པར་བྱའོ། །དེ་ལྟ་བས་ན་འདིར་
འདོད་ཆགས་དང་ལྡན་པས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་འདོད་ཆགས་དང་མཚུངས་པར་ལྡན་པས་ཀྱང་ཞེས་བྱ་བ་ཡིན་ནོ། །གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བའི་བར་དུ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ་ཞེས་

བྱ་བ་ནི་དེ་ལྟ་བས་ན་མདོ་འདིར་ཞེ་སྡང་དང་ལྡན་པས་ཀྱང་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་ལྡན་པས་ཀྱང་གཏི་མུག་དང་བཅས་པར་འདོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དམིགས་པ་ལ་མངོན་པར་སྡུད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་སེམས་ནི་རྣམ་པར་གཡེང་བ་དང་མཚུངས་པར་མི་ལྡན་ཏེ། དེ་ལྟ་བས་
ན་དེའི་དམིགས་པ་ལ་དེ་མངོན་པར་སྡུད་པས་ཀུན་དུ་བསྡུས་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་གཉིད་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །སེམས་དེ་ཉིད་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་
པའི་ཕྱིར་བསྡུས་པ་ཡང་ཡིན་ལ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རྣམ་པར་གཡེང་བ་ཡང་ཡིན་པར་འགྱུར་བར་འཆོལ་བའི་སྐྱོན་དུ་འགྱུར་རོ། །བསྟན་བཅོས་དང་འགལ་བར་ཡང་འགྱུར་རོ་ཞེས་བྱ་བ་ཇི་ལྟ་ཞེ་ན། སེམས་ཀུན་དུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་
ཞེས་རྒྱས་པར་ཇི་སྐད་དུ་འགྲེལ་པའི་ནད་དུ་བྲིས་པ་ལྟ་བུ་ཡིན་ནོ། །དེ་དག་ལས་རེ་ཞིག་རྗེས་སུ་ཤེས་པ་ནི་ཀུན་དུ་བསྡུས་པའི་སེམས་ལ་དམིགས་པ་མ་ཡིན་ཏེ། འདོད་པའི་ཁམས་ལས་ཡན་ཆད་ན་གཉིད་མེད་པའི་ཕྱིར་དང་། རྗེས་སུ་ཤེས་པ་ཡང་འདོད་པའི་ཁམས་ལ་མི་དམིགས་
པའི་ཕྱིར་རོ། །ལམ་ལ་ཤེས་པ་ཡང་ཀུན་དུ་བསྡུས་པ་ལ་དམིགས་པར་མི་སྲིད་དེ། ལམ་ཤེས་པ་ནི་ལམ་ལ་དམིགས་པ་ཡིན་ལ་ལམ་གྱིས་བསྡུས་པའི་སེམས་ཀྱང་གཉིད་དང་མཚུངས་པར་མི་ལྡན་པས་སོ། །དེས་ན་འདི་སྐད་དུ་དེ་ཤེས་པའི་ཤེས་པ་ནི་གཉིས་ཏེ། ཆོས་ཤེས་པ་དང་། ཀུན་
རྫོབ་ཤེས་པའོ་ཞེས་བརྗོད་དགོས་པར་འགྱུར་རོ། །གང་དག་ན་རེ་ཀུན་དུ་བསྡུས་པའི་ཤེས་པ་ནི་དམིགས་པ་ལ་མངོན་པར་སྡུད་པའི་ཕྱིར་དགེ་བ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ཉེས་པ་འདི་གཉིས་སུ་མི་འགྱུར་ཏེ། དེ་ནི་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་མི་ལྡན་པས་བསྡུས་
པ་ཡང་ཡིན་ལ། རྣམ་པར་གཡེངས་པ་ཡང་ཡིན་པར་མི་འགྱུར་རོ། །བསྟན་བཅོས་དང་འགལ་བ་ཡང་མེད་དེ། ཀུན་དུ་བསྡུས་པའི་སེམས་དགེ་བ་ནི་ཁམས་གསུམ་གྱིས་བསྡུས་པ་དང་མ་བསྡུས་པ་ཡིན་པས་དེ་ཤེས་པའི་ཤེས་པ་ནི་བཞི་ཞེས་བྱ་བ་འགྲུབ་སྟེ། གཟུགས་དང་

གཟུགས་མེད་པའི་སེམས་དགེ་བ་ལ་དམིགས་པ་ཟག་པ་མེད་པའི་ཤེས་པ་ནི་རྗེས་སུ་ཤེས་པ་ཡིན་ལ། ལམ་གྱིས་བསྡུས་པའི་སེམས་དགེ་བ་ལ་དམིགས་པ་ནི་ལམ་ཤེས་པ་ཡང་ཡིན་ནོ། །རྣམ་པར་བྱང་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཞེས་བྱ་བ་ནི་དགེ་བ་
ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་བཟློག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་བྱང་བ་ཆེན་པོ་དག་གིས་བསྟེན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྩ་བ་དང་རིན་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྩ་བ་ལ་སོགས་པ་སྟོབས་ལ་ཐུག་པ་རྣམས་རེ་རེ་ཞིང་ཆུང་བ་དང་ཆེ་
བ་ཉིད་ཡིན་ཏེ། རྩ་བ་ཉུང་བ་དང་མང་བའི་ཕྱིར་གོ་རིམས་བཞིན་དུ་ཆུང་ངུ་དང་ཆེན་པོར་གྱུར་པ་ཡིན་པར་རིག་པར་བྱའོ། །ཇི་ལྟ་ཞེ་ན། སྨྲས་པ་ཉོན་མོངས་པ་ཅན་མི་དགེ་བའི་རྩ་བ་གཉིས་པ་གཏི་མུག་དང་ཆགས་པ་དང་ཞེ་སྡང་དག་ལས་གང་ཡང་རུང་བ་ཞིག་གིས་རྩ་བ་དང་བཅས་པ་
ཡིན་ཏེ། ཚོགས་པ་གཅིག་ལ་དེ་གཉིས་འདུ་བ་མེད་པའི་ཕྱིར་རོ། །དགེ་བ་ནི་དགེ་བའི་རྩ་བ་གསུམ་པོ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དག་གིས་ཏེ། འདི་རྣམས་ནི་མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་དང་འདྲ་བ་མ་འོངས་པ་ཐོབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ལུགས་
ཀྱི་དགེ་བའི་ཆོས་འདུས་བྱས་དག་འཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་པས་ཉོན་མོངས་པ་ཅན་དང་འདྲ་བ་མ་འོངས་པ་ཐོབ་ཅིང་རྙེད་པ་ནི་མེད་པའི་ཕྱིར་རོ། །ཕུང་པོ་གསུམ་གྱིས་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་རྣམས་སོ། །རྣམ་
པར་ཤེས་པའི་ཕུང་པོས་ནི་མ་ཡིན་ཏེ། ཚོགས་པ་གཅིག་ལ་རྣམ་པར་ཤེས་པ་གཉིས་པ་མེད་པ་དང་། བདག་ཉིད་ཀྱིས་བདག་ཉིད་ལ་བྱེད་པ་ཡང་འགལ་བའི་ཕྱིར་རོ། །དགེ་བ་ནི་དེ་དང་འདྲ་བ་མ་འོངས་པ་ཐོབ་པ་ཡོད་པའི་ཕྱིར་འཁོར་བ་མང་བ་ཡིན་ལ། ཕུང་པོ་བཞི་པོ་ཚོར་བ་
ལ་སོགས་པ་གསུམ་པོ་དེ་དག་གཟུགས་ཀྱི་ཕུང་པོ་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པ། སེམས་ཀྱི་རྗེས་སུ་འབྲང་བས་ཅི་རིགས་པར་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ། །ཡང་ཉོན་མོངས་པ་ཅན་ནི་སྟོབས་ཆུང་བ་ཡིན་ནོ་ཞེས་བྱ་བ་དགེ་བ་ཡང་ལོག་

པར་ལྟ་བའི་སྐད་ཅིག་མ་གཅིག་གིས་དགེ་བའི་ཕུང་པོ་ལྔ་འཇོམས་པའི་ཕྱིར། སྟོབས་ཆུང་བ་མ་ཡིན་ནམ་ཞེ་ན། དེ་ནི་གཏན་དུ་འཆད་པ་མ་ཡིན་ཏེ། ཡང་མཚམས་སྦྱོར་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ནི་ཕྲ་རྒྱས་བཅུ་པོ་གཏན་དུ་གཅོད་དོ། །དེའི་ཕྱིར་ཡང་
ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་སྔར་བཤད་པའི་ཕྱིར་ཡང་ཞེས་བྱ་བ་ཡིན་ནོ། །དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་མ་ཞི་བ་དང་། རྣམ་པར་ཞི་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་རྣམ་པར་མ་ཞི་བ་ནི་
རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ལ། རྣམ་པར་ཞི་བ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །ཡང་ན་དེ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པའི་སྒོ་ནས་ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་ཡིན་ནོ། །མཉམ་པར་གཞག་
པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །འཐོབ་པ་དང་བསྟེན་པའི་བསྒོམ་པ་དག་གིས་ཞེས་བྱ་བ་ནི་སྔོན་མ་ཐོབ་པ་ལས་འཐོབ་པ་ནི་འཐོབ་པའོ། །མངོན་དུ་བྱེད་པ་ནི་བསྟེན་པའོ། །དེ་དག་ཉིད་བསྒོམ་པ་ཡིན་ཏེ། མ་
བསྒོམས་པ་ནི་དེ་དག་གིས་མ་བསྒོམས་པའི་ཕྱིར་རོ། །ཉོན་མོངས་པ་ཅན་ནི་དགེ་བ་བཞིན་དུ་མ་འོངས་པ་ཐོབ་པ་ཡང་མེད་ལ། དམན་པའི་ཕྱིར་བསྟེན་པར་འོས་པ་ཡང་མ་ཡིན་ཏེ། འཐོབ་དང་བསྟེན་ཅེས་བྱ་བ་ནི་དགེ་བ་འདུས་བྱས་འཐོབ་པའོ་ཞེས་འབྱུང་ངོ་། །དེ་གཉིས་ཀྱིས་
ཞེས་བྱ་བ་ནི་འཐོབ་པ་དང་བསྟེན་པའི་བསྒོམ་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་མ་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དག་དང་མཚུངས་པར་ལྡན་པའི་ཕྱིར་རང་བཞིན་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་མ་ཡིན་ལ།
ཉོན་མོངས་པ་ཟད་པའི་རྒྱུད་ལ་མི་སྐྱེ་བའི་ཕྱིར་རྒྱུད་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་མ་ཡིན་ནོ། །རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། ཉོན་མོངས་པ་ཟད་པའི་རྒྱུད་ལ་སྐྱེ་བའི་ཕྱིར་དགེ་བ་ཡིན་ནོ། །རྨུགས་པ་དང་གཉིད་དང་ལྷན་ཅིག་

པར་གྱུར་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་དང་མཚུངས་པར་ལྡན་པའོ། །ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཞེས་བྱ་བ་ནི་ནང་དུ་ཀུན་དུ་འགོག་པ་དང་ལྷན་ཅིག་པར་གྱུར་ཞེས་བྱ་བ་དེ་ཁོ་ན་སྟོན་པར་བྱེད་པ་ཡིན་ནོ། །རྣམ་པར་འཕྲོས་པ་ཞེས་བྱ་བ་ནི་རྗེས་སུ་གཡེངས་པ་
ཞེས་བྱ་བ་འདིའི་བཤད་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་གཉིད་དང་ལྷན་ཅིག་པར་གྱུར་པ་རྣམ་པར་གཡེངས་པ་ཉིད་དུ་དམ་མ་བཅས་པའི་ཕྱིར་རོ་ཞེས་བྱ་བ་ཅིའི་ཕྱིར་འདི་ལ་རྣམ་པར་གཡེངས་པ་ཉིད་དུ་ཡིན་པར་དམ་མི་འཆའ། ཅི་ཉོན་མོངས་པ་ཅན་གྱི་སེམས་གཉིད་དང་ལྷན་ཅིག་པར་
གྱུར་པ་ལ་རྣམ་པར་གཡེངས་པ་ཉིད་མེད་པས་དམ་མི་འཆའ་འམ་འོན་ཏེ་འདི་ལ་རྣམ་པར་གཡེངས་པ་ཉིད་ཡོད་མོད་ཀྱི་ཀུན་དུ་བསྡུས་པ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་དམ་མི་འཆའ་ཞེ་ན། གཉི་གར་ཡང་འཆད་དེ་ཁ་ཅིག་ན་རེ་ཉོན་མོངས་པ་ཅན་གཉིད་དང་ལྷན་ཅིག་པར་གྱུར་པ་ལས་གཞན་
པའི་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་རྣམ་པར་གཡེངས་པ་ཡིན་ལ། གཉིད་དང་ལྷན་ཅིག་པར་གྱུར་པ་ནི་ཉོན་མོངས་པ་ཅན་མ་ཡིན་པར་ཁྱད་པར་མེད་པར་ཀུན་དུ་བསྡུས་པ་ཡིན་པར་དམ་འཆའོ་ཞེས་ཟེར་རོ། །གཞན་དག་ན་རེ་གཉིད་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་ཀུན་དུ་
བསྡུས་པ་ཁོ་ན་ཡིན་གྱི་རྣམ་པར་གཡེངས་པ་ནི་མ་ཡིན་ཏེ། རྣམ་པར་གཡེངས་པ་ནི་ཡུལ་རྣམས་ལ་རྣམ་པར་འཕྲོས་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ། །དེའི་ཕྱིར་འདིར་གཉིད་དང་མཚུངས་པར་ལྡན་པའི་སེམས་ལ་དམ་མི་འཆའོ་ཞེས་ཟེར་རོ། །བསྟན་བཅོས་དང་འགལ་བ་ནི་བླའི་ཞེས་བྱ་
བ་ནི་བསྟན་བཅོས་ཆོས་མངོན་པ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཉོན་མོངས་པ་ཅན་དུ་བཤད་པས་རྣམ་པར་གཡེངས་པ་ལ་སོགས་པ་ནས་རྣམ་པར་མ་གྲོལ་བ་ལ་ཐུག་པ་
འདི་དག་གི་མཚན་ཉིད་ཉོན་མོངས་པ་ཅན་ཉིད་དུ་ཁྱད་པར་མེད་དེ། ཉོན་མོངས་པ་ཅན་ཉིད་ནི་ཉོན་མོངས་པའི་ས་མང་པོ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཀུན་དུ་བསྡུས་པ་དང་། རབ་ཏུ་གཟུང་བ་ལ་སོགས་པའི་མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་དོན་གྱི་ཁྱད་པར་

ཡང་མ་བཤད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆེན་པོ་དང་། རྒོད་པ་མ་ཡིན་པ་དང་། རྣམ་པར་ཞི་བ་དང་། མཉམ་པར་བཞག་པ་དང་། བསྒོམས་པ་དང་། རྣམ་པར་གྲོལ་བ་རྣམས་བསྡུས་ཏེ། འདི་དག་ནི་དགེ་བ་ཉིད་དུ་ཁྱད་པར་མེད་དོ། །དགེ་
བ་ཉིད་གང་ཡིན་ཞེ་ན། དགེ་བའི་ས་མང་པོ་པ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མ་བཤད་པ་མ་ཡིན་པ་ཉིད་དེ་ཞེས་བྱ་བ་ལ། ཉིད་ཅེས་བྱ་བ་ནི་ཚིག་གི་ཕྲད་དོ། །མ་བཤད་པ་མ་ཡིན་ཞེས་དགག་པ་གཉིས་སྨོས་པ་ནི་བཤད་པ་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་བཤད་
ཅེ་ན། ཚིག་རྣམས་ཀྱི་དོན་གྱི་ཁྱད་པར་རོ། །ཇི་ལྟར་ཞེ་ན། སྨྲས་པ། རྣམ་པར་གཡེངས་པ་ལ་སོགས་པ་ཉོན་མོངས་པ་ཅན་དུ་མཚུངས་ཤིང་ཉོན་མོངས་པ་ཅན་ཉིད་དུ་འདྲ་ཡང་འདི་ལྟར་སེམས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་གཡེངས་པ་དང་ལྡན་པའི་ཕྱིར་རྣམ་པར་གཡེངས་པ་ཉིད་ཡིན་ནོ། །
ཉོན་མོངས་པ་ཅན་གྱི་ལེ་ལོ་དང་ལྡན་པའི་ཕྱིར་ཞུམ་པ་ཡིན་ནོ། །རྒོད་པ་དང་ལྡན་པའི་ཕྱིར་རྒོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཉེས་པའི་ཁྱད་པར་བསྟན་པས་དེ་དག་གི་ཉེས་པའི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་དོན་གྱི་ཁྱད་པར་བཤད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཀུན་དུ་
བསྡུས་པ་ལ་སོགས་པ་དགེ་བའི་ཡང་འདི་ལྟར་སེམས་དགེ་བ་འདི་ནི་ཀུན་དུ་བསྡུས་པ་ཡིན་ནོ། །རབ་ཏུ་བཟུང་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་ཡོན་ཏན་གྱི་ཁྱད་པར་ཡང་དག་པར་བསྟན་པས་དོན་གྱི་ཁྱད་པར་བཤད་པ་ཁོ་ན་ཡིན་ནོ། །མདོ་དང་འགལ་བ་མ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་མདོ་
ལས་ནི་ཀུན་དུ་བསྡུས་པ་ནི་རྨུགས་པ་དང་། གཉིད་དང་ལྷན་ཅིག་པར་གྱུར་པ་ཡིན་ནོ་ཞེས་འབྱུང་སྟེ། རྨུགས་པ་དང་ལྡན་པས་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་ཀུན་དུ་བསྡུས་པ་ཡིན་གྱི། དགེ་བ་ནི་མ་ཡིན་ཏེ། རྨུགས་པ་ནི་ཉོན་མོངས་པའི་
ས་མང་པོ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མདོ་ལས་ཁྱེད་ཀྱི་ལུགས་ལྟར་བཅོམ་ལྡན་འདས་ཀྱིས་ཞུམ་པ་ཉིད་རྒོད་པ་ཡིན་པར་དགོངས་པར་གྱུར་ན་ནི། ཞུམ་པ་དང་རྒོད་པ་དག་ཐ་དད་པར་གསུངས་པ་ཉིད་དུ་མི་འགྱུར་རོ། །ཇི་ལྟ་ཞེ་ན།

སྨྲས་པ། གང་གི་ཚེ་སེམས་ཞུམ་པ་སྟེ་ལེ་ལོ་དང་མཚུངས་པར་ལྡན་པ་དང་། ཞུམ་པར་དོགས་པ་སྟེ་འདི་ནི་ཞུམ་པར་འགྱུར་རོ་ཞེས་བྱ་བར་དོགས་པ་ནི་ཞུམ་པར་དོགས་པའོ། །དེའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་
དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པ་ནི་དུས་མ་ཡིན་ནོ་ཞེས་བྱ་བ་ངེས་པར་འདིར་མི་འགྱུར་གྱི་འདི་སྐད་དུ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཀྱང་མ་ཡིན་ནོ་ཞེས་
བརྗོད་དགོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཞུམ་པ་དེ་ཉིད་རྒོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་རྒོད་པ་དང་རྒོད་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་
མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདིར་མི་འགྱུར་གྱི་འདི་སྐད་དུ་དེའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཀྱང་མ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་རྒོད་པ་དེ་ཉིད་ཞུམ་
པ་མ་ཡིན་པའི་ཕྱིར་རོ། །ཡང་ན་བྱེ་བྲག་མེད་པར་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པའམ། རྒོད་པ་དང་རྒོད་པར་དོགས་པ་དེའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་
བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྨོས་པ་ནི་དྲན་པ་ནི་ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་སེམས་གཉི་ག་ལ་མ་བཤད་ཀྱང་གྲུབ་པའི་ཕྱིར་ཏེ། མདོ་ལས། དྲན་པ་ནི་ཀུན་དུ་
སོང་བ་ཡིན་ནོ་ཞེས་ང་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ཇི་ལྟར་ན་བྱེ་བྲག་ཏུ་སྨྲ་བ་ཞུམ་པ་གང་ཡིན་པ་དེ་ཉིད་རྒོད་པ་ཡིན་ནོ་ཞེས་བྱ་བར་འདོད་པར་མངོན་ཞེ་ན། སེམས་ཞུམ་པ་ནི་ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །སེམས་རྒོད་པ་ནི་རྒོད་པ་དང་

མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཅི་འདི་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོར་བསྒོམ་མམ་ཞེས་བྱ་བ་ནི་གལ་ཏེ་རེས་འགའ་ཤིན་ཏུ་སྦྱངས་པ་ལ་སོགས་པ་བསྒོམ་པ་ཁོ་ན་ཡིན་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་བསྒོམ་པ་མ་ཡིན་
པའམ། རེས་འགའ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་བསྒོམ་པ་ཁོ་ན་ཡིན་གྱི་ཤིན་ཏུ་སྦྱངས་པ་ལ་སོགས་པ་བསྒོམ་པ་མ་ཡིན་ན་སོ་སོར་བསྒོམ་པ་ཡིན་ནོ། །འདི་དག་ཡིད་ལ་བྱེད་པ་བསྒོམ་པ་ཡིན་པར་འདོད་ཀྱི་མངོན་སུམ་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཡིད་ལ་
བྱེད་པ་ནི་དམིགས་པར་བྱེད་པ་སྟེ། སེམས་ཞུམ་པའི་ཚེ་ཤིན་ཏུ་སྦྱངས་པ་ལ་སོགས་པ་ལ་དམིགས་པར་བྱ་ཞིང་གཏད་པར་བྱ་བའི་དུས་མ་ཡིན་ལ། སེམས་རྒོད་པའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་དམིགས་པར་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་གྱི།
དེའི་ཚེ་ཤིན་ཏུ་སྦྱངས་པ་ལ་སོགས་པ་མངོན་དུ་མི་བྱ་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་ནི་མངོན་དུ་བྱའོ་ཞེས་བྱ་བ་འམ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པ་མངོན་དུ་བྱའི་ཤིན་ཏུ་སྦྱངས་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུར་མངོན་སུམ་དུ་འགྱུར་བའི་
བསྒོམ་པ་ཡིན་པར་ནི་མི་འདོད་དོ། །འདི་ལས་ལེ་ལོ་ལྷག་པའི་སེམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ལེ་ལོ་ལྷག་ཅིང་ཤས་ཆེ་ལ་རྒོད་པ་ནི་བག་ལ་ཞ་བར་འདུག་པ་དེ་ནི་ཞུམ་པ་ཡིན་ལ། གང་ལ་རྒོད་པ་ལྷག་ལ་ལེ་ལོ་ནི་བག་ལ་ཞ་བར་འདུག་པ་དེ་ནི་རྒོད་པ་ཡིན་པས་འདི་
གཉིས་ལ་བྱེ་བྲག་ཡོད་པའི་ཕྱིར་མདོ་ལས་སོ་སོར་སྨོས་པ་དང་འགལ་བ་མེད་དོ།། །།བམ་པོ་ལྔ་བཅུ་བཞི་པ། དེ་གཉིས་ཀྱང་ཚོགས་པ་གཅིག་ལ་ལྷན་ཅིག་པ་ཡིན་པའི་ཕྱིར་སེམས་དེ་ཉིད་ཞུམ་པ་ཡང་ཡིན་ལ། དེ་ཉིད་རྒོད་པ་ཡང་ཡིན་ནོ་ཞེས་སྨྲའོ་ཞེས་བྱ་བ་ནི་ཞུམ་པ་ནི་
ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྒོད་པ་ནི་རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །སློབ་དཔོན་གྱིས་བསམ་པ་ཅན་ཞེས་བྱ་བ་ནས་མདོའི་དགོངས་པ་ནི་ལེ་ལོ་ལྷག་པའི་སེམས་ནི་ཞུམ་པ་ཞེས་བཤད་ལ། རྒོད་པ་

ལྷག་པ་ནི་རྒོད་པ་ཞེས་བཤད་ཅེས་བྱ་བ་འདི་མ་ཡིན་ནོ་ཞེས་བྱ་བའི་བར་སྨོས་ཏེ། འདི་ལྟར་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པ་ཞེས་བྱ་བ་རྒྱས་པར་གསུངས་ཀྱི། འདི་སྐད་དུ་ལེ་ལོ་ལྷག་པ་ཞེ་འམ། རྒོད་པ་ལྷག་པ་ཞེས་ཁྱད་པར་དུ་ནི་མ་མཛད་དོ། །འདོད་
ཆགས་དང་ལྡན་པའི་སེམས་ཐམས་ཅད་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་གང་བཤད་པ་ཞེས་བྱ་བ་ཇི་སྐད་དུ་བཤད་ཅེ་ན། དེ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་གཉིས་ཀྱི་འདོད་ཆགས་དང་བཅས་པ་ཡིན་ནོ། དེ་ལས་གཞན་པ་གང་ཟག་པ་དང་བཅས་པ་ནི་ལྡན་པའི་
འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དང་། དེ་ལྟ་བས་ན་འདིར་འདོད་ཆགས་དང་ལྡན་པས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱ་སྟེ་ཞེས་འབྱུང་བའི་ཕྱིར་རོ། །སློབ་པའི་སེམས་ཟག་པ་མེད་པ་ཡང་འདོད་ཆགས་དང་
བཅས་པར་འགྱུར་རོ་ཞེས་བྱ་བ་ནི་སློབ་པའི་རྒྱུད་ལ་འདོད་ཆགས་ཀྱི་ལྷག་མ་དང་བཅས་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ཀྱི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་དམིགས་པ་གང་ཡིན་པ་སྟེ་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པ་ཡིན་པར་འདོད་ན་ནི་དགྲ་
བཅོམ་པའི་སེམས་ཟག་པ་དང་བཅས་པ་ཡང་གཞན་གྱི་འདོད་ཆགས་ཀྱི་དམིགས་པ་ཡིན་པའི་ཕྱིར་འདོད་ཆགས་དང་ལྡན་པས་ན་གཞན་གྱི་སེམས་རིག་པའམ། གཞན་གྱི་སེམས་ཤེས་པས་འདོད་ཆགས་དང་བཅས་པ་ཞེས་བྱ་བར་གཟུང་བར་འགྱུར་རོ། །འོན་ཏེ་དེ་ལ་འདོད་ཆགས་ཀྱི་མི་
དམིགས་སོ་ཞེས་བྱ་བར་འདོད་ན་དེའི་ཕྱིར། ཡང་ན་དེ་ཇི་ལྟར་ཟག་པ་དང་བཅས་པ་ཡིན་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཉོན་མོངས་པ་སྤྱི་པའི་དམིགས་པ་ཡིན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་འོན་ཏེ་ཉོན་མོངས་པ་སྤྱི་པ་ལྟ་བ་དང་། ཐེ་ཚོམ་དང་མ་རིག་པ་རྣམས་ཀྱི་དམིགས་པ་ཡིན་པས་དེའི་ཕྱིར་ཟག་པ་དང་
བཅས་པའོ་ཞེས་བྱ་བར་འདོད་ན་དེ་ལྟ་ན་ཡང་དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་གཏི་མུག་གི་དམིགས་པ་ཡིན་པའི་ཕྱིར་གཏི་མུག་དང་བཅས་པར་གཟུང་བར་འགྱུར་ཏེ། གཏི་མུག་ཀྱང་ཉོན་མོངས་པ་སྤྱི་པ་ཡིན་པ་དགྲ་བཅོམ་པ་ཉིད་ཀྱི་སེམས་ཀྱང་གཞན་གཏི་མུག་གི་དམིགས་པར་འགྱུར་

བས་སོ། །གཞན་གྱི་སེམས་ཤེས་པ་ནི་ཐོབ་པ་ལ་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་སེམས་ཤེས་པ་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་ཡིན་པར་འདོད་པས་དེའི་ཕྱིར་འདོད་ཆགས་ཀྱི་ཐོབ་པ་དང་བཅས་པ་ཉིད་ཀྱི་འདོད་ཆགས་དང་ལྡན་པའི་ཕྱིར་འདོད་
ཆགས་དང་བཅས་པའོ་ཞེས་བྱ་བར་ཡང་མི་དམིགས་སོ། །སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཕ་རོལ་པོའི་སེམས་གཞན་གྱི་སེམས་ཤེས་པས་གཟུང་བར་བྱ་བ་གང་ཡིན་པ་དེ་ནི་དེ་ལ་ཞེས་བྱ་བའི་སྒྲར་བརྗོད་དོ། །སེམས་
དེ་ལ་དམིགས་པ་ནི་སེམས་དེ་ལ་དམིགས་པའི་འདོད་ཆགས་སོ། །གཞན་གྱི་སེམས་ཤེས་པ་འདི་ལ་དམིགས་པ་སེམས་དེ་ལ་དམིགས་པའི་འདོད་ཆགས་ཡོད་པས་ན་དེ་ནི་སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ནོ། །འདི་ལྟར་གཞན་གྱི་སེམས་ཤེས་པ་ནི་འདོད་
ཆགས་དེ་ལྟ་བུ་ལ་དམིགས་པ་ཡང་མ་ཡིན་ཏེ། ཤིན་ཏུ་བསྐལ་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་རྫས་རེ་རེ་ཞིང་ཡུལ་ཡིན་པས་གཞན་གྱི་སེམས་ཤེས་པ་ནི་སེམས་དེའི་དམིགས་པ་ནི་མི་འཛིན་ཏེ། དེའི་རྣམ་པ་དང་དམིགས་པ་ལ་མི་ལྟོས་པ་ཡིན་ཏེ་ཞེས་འབྱུང་བའི་ཕྱིར་དང་། སེམས་འདི་
ཆགས་པ་ཡིན་ནོ་ཞེས་བྱ་བར་ཤེས་ཀྱི་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པའི་སེམས་མ་ཡིན་ནོ། །འདོད་ཆགས་དང་མཚུངས་པར་མི་ལྡན་པའི་སེམས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཐོབ་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བར་བསམས་
པ་ཡིན་ནོ། །འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་བསྟན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེར་ནི་དེའི་ཐོབ་པ་དང་བྲལ་བ་ལས་
དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཐོབ་པའི་བྲལ་བ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། མི་ལྡན་པ་ཙམ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བཤད་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་གོང་དུ་བཤད་ཅེ་ན། ཁ་ཅིག་ན་རེ་

མདོ་འདིར་ནི་ཞེས་བྱ་བ་ནས། གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ན་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་ཡིན་པར་འགྱུར་རོ་ཞེས་ཟེར་བ་དེར་རོ། །ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་ཡང་
འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ནོ་སྙམ་པའི་དགོངས་པ་འདིས་སོ། །གལ་ཏེ་དེ་ལྟ་ན་ཞེ་སྡང་དང་བཅས་པ་དང་། གཏི་མུག་ལ་སྩོགས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་མི་བྱ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ནི་འདོད་ཆགས་
དང་བྲལ་བ་ཞེས་བྱ་བར་མི་གཟུང་ངོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དེ་ནི་འདོད་ཆགས་དང་བྲལ་བར་མི་གཟུང་ངོ་། །འོ་ན་ཅི་ཞེ་ན། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་བཟུང་སྟེ།
ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པ་ཉིད་ཀྱི་ཁྱད་པར་དུ་བྱས་པ་ཉིད་དོ། །འདིར་སྩོགས་པ་ཞེས་བྱ་བའི་སྒྲས་ནི་ཀུན་དུ་བསྡུས་པ་དང་། རྣམ་པར་གཡེངས་པ་ཞེས་བྱ་བ་ལ་སོགས་པ་མདོ་ལས་བཤད་པའི་ཚིག་རྣམས་བསྡུའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་གཟུགས་
ལ་སོགས་པའི་དངོས་པོ་ཆེ་གེ་མོ་ཞིག་ལ་ཆགས་སོ་ཞེས་བྱ་བར་ཤེས་པར་འགྱུར་ན་ནི། དེ་ལ་གཟུགས་ལ་དམིགས་པར་ཡང་འགྱུར་ཏེ། དེ་ལྟ་ཡིན་ན་ནི་གཟུགས་ལ་དམིགས་པའི་ཕྱིར་དེ་གཞན་གྱི་སེམས་ཤེས་པ་ཡིན་པར་ཡང་མི་འགྱུར་རོ། །དེ་ལ་དམིགས་པའི་ཕ་རོལ་གྱི་སེམས་འཛིན་
པ་ན་རང་གི་ངོ་བོ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་གྱི་སེམས་དམིགས་པ་དང་བཅས་པ་འཛིན་པར་འདོད་ན་གཞན་གྱི་སེམས་ཤེས་པས་རང་གི་བདག་ཉིད་འཛིན་པར་འགྱུར་ཏེ། འདི་ལྟར་གཞན་གྱི་སེམས་རིག་པས་གང་ཞིག་གི་སེམས་འཛིན་པར་བྱེད་པ་དེ་ཡང་གཞན་གྱི་སེམས་རིག་པ་དེའི་
སེམས་ལ་དམིགས་པར་འགྱུར་བ་གང་ཡིན་པ་དེ་ནི་སྲིད་པ་ཡོད་དོ། །དེའི་ཕྱིར་གཞན་གྱི་སེམས་ཤེས་པས་དམིགས་པ་རང་ཉིད་ཡོངས་སུ་ཤེས་པའི་ཕྱིར་གཞན་གྱི་སེམས་རིག་པ་འདིས་རང་གི་སེམས་ཁོ་ན་ལ་དམིགས་པར་འགྱུར་བ་ཞིག་ན། སེམས་དེས་དེ་ཉིད་འཛིན་པ་གང་ཡིན་པ་དེ་ནི་

རིགས་པ་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལ་ཡུལ་སེམས་དང་སེམས་ལས་བྱུང་བ་རྣམས་དང་། རྫས་ཀྱི་རང་གི་མཚན་ཉིད་དང་། ད་ལྟར་བྱུང་བ་རྣམས་དང་། ཕ་རོལ་གྱི་རྒྱུད་དང་། འདོད་པ་དང་།
གཟུགས་དང་ལྡན་པ་ཡིན་པ་རྣམས་ཞེས་བསྡུ་བའི་ཚིག་རྣམ་པར་སྦྱར་ཏེ། སེམས་དང་སེམས་ལས་བྱུང་བ་ཞེས་སྨོས་པ་ནི་གཟུགས་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །རྫས་ཞེས་སྨོས་པ་ནི་ཀུན་རྫོབ་ཏུ་ཡོད་པ་བསལ་བའི་ཕྱིར་རོ། །རང་གི་མཚན་ཉིད་ཅེས་སྨོས་པ་ནི་སྤྱིའི་མཚན་ཉིད་
བཟློག་པའི་ཕྱིར་རོ། །ད་ལྟར་བྱུང་བ་ཞེས་སྨོས་པ་ནི་འདས་པ་དང་མ་འོངས་པ་ལས་དགར་བའི་ཕྱིར་རོ། །ཕ་རོལ་གྱི་རྒྱུད་ཅེས་སྨོས་པ་ནི་རང་གི་རྒྱུད་གསལ་བའི་ཕྱིར་རོ། །འདོད་པ་དང་གཟུགས་དང་ལྡན་པ་དང་། ལྡན་པ་མ་ཡིན་པ་ཞེས་སྨོས་པ་ནི་གཟུགས་མེད་པ་དང་ལྡན་པ་དགག་
པའི་ཕྱིར་རོ། །མཐོང་བའི་ལམ་བཀག་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པ་ན་གཞན་གྱི་སེམས་ཤེས་པ་མངོན་དུ་མི་བྱེད་པས་དེའི་ཕྱིར་མཐོང་བའི་ལམ་གྱིས་བསྡུས་པ་མེད་དེ། མཐོང་བའི་ལམ་ནི་སེམས་དང་སེམས་ལས་བྱུང་བ་རྣམ་པར་ཆད་པ་ལ་དམིགས་པ་མ་ཡིན་ནོ། །
བསྒོམ་པའི་ལམ་ལ་དམིགས་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་མི་ལྡན་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་མི་ལྡན་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་
འཛིན་ནི་སྡུག་བསྔལ་ཤེས་པ་དང་མཚུངས་པར་ལྡན་ལ། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་འགོག་པ་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་ན། གཞན་གྱི་སེམས་ཤེས་པ་ནི་རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་སྡུག་བསྔལ་ཤེས་པའམ་འགོག་པ་ཤེས་པ་མ་ཡིན་པས་དེ་གཉིས་
དང་མི་ལྡན་པ་ཞེས་བྱའོ། །ཤུགས་ཀྱིས་ན་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ནི་སྲིད་དོ་ཞེས་བཤད་པར་འགྱུར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པས་མ་བསྡུས་པ་ཞེས་བྱ་བ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པས་མ་བསྡུས་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་

ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་སེམས་ཤེས་པ་ནི་རྫས་ཀྱི་རང་གི་མཚན་ཉིད་ལ་དམིགས་པ་དང་། ཀུན་དུ་རྟོག་པ་དང་ཡོངས་སུ་ཚོལ་བའི་བསམ་པ་ཅན་ཡིན་ན། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི་དེ་ལྟ་བུ་མ་ཡིན་པས་དེ་
གཉིས་ཀྱིས་མ་བསྡུས་སོ། །བར་ཆད་མེད་པའི་ལམ་བཀག་པ་ཞེས་བྱ་བ་ནི་དེའི་སྤོང་བའི་ལམ་ཡིན་ལ། གཞན་གྱི་སེམས་ཤེས་པ་ནི་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་ཡིན་པས་སོ། །དོན་དམ་པ་དག་ཡིན་ཡང་ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པའི་རྒྱུ་མཚན་ཅན་
ཡིན་པ་འམ། དོན་དམ་པས་རྩེན་པའི་ཕྱིར་དོན་དམ་པ་དག་གོ། །དེ་གཉིས་ཀུན་རྫོབ་ལ་བརྟེན་པའི་ཕྱིར་ཏེ། གང་གི་ཕྱིར་འདི་དག་ཀུན་རྫོབ་ལ་བརྟེན་པ་དེའི་ཕྱིར་སྟོང་པ་དང་བདག་མེད་པའི་རྣམ་པ་ཅན་དག་མེད་དོ། །ཇི་ལྟར་འདི་དག་ཀུན་རྫོབ་ལ་བརྟེན་ཅེ་ན། བདག་གི་སྐྱེ་བ་ཟད་དོ། །
འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ཡིན་ཏེ་གོ་རིམས་བཞིན་ནོ། །འདི་དག་ཟག་པ་མེད་པ་ཡིན་ན་ཇི་ལྟར་དེ་ལྟ་བུའི་རྣམ་པ་ཅན་དག་ཡིན་ཞེ་ན། དེ་དག་གི་སྟོབས་ཀྱིས་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་ཏེ། ཤེས་པ་གཞན་གྱིས་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །གང་གི་ཕྱིར་དེ་
དག་གི་རྗེས་ལས་སྐྱེས་པ་ཀུན་རྫོབ་ཀྱི་ཤེས་པ་དེ་དག་དེ་ལྟ་བུའི་རྣམ་པ་ཅན་དུ་འཇུག་པ་དེའི་ཕྱིར་དེ་དག་གི་རྒྱུ་མཐུན་པས་དེ་གཉིས་ཀུན་རྫོབ་ལ་བརྟེན་པ་ཞེས་བྱའི་དེ་གཉིས་དངོས་སུ་ཀུན་རྫོབ་ལ་བརྟེན་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྒྱུ་མཐུན་པས་དེ་ཉིད་བདག་ཏུ་ལྟ་བ་ལ་བརྟེན་པ་ཁོ་
ནར་འཇུག་པའི་ཕྱིར་སྟོང་པ་དང་བདག་མེད་པའི་རྣམ་པ་མ་གཏོགས་པ་རྣམ་པ་བཅུ་བཞི་དང་མཚུངས་པར་ལྡན་པ་དག་ཡིན་ནོ། །མི་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པས་སོ། །རིགས་པས་བསྐྱེད་པའི་སྒོ་ནས་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་
རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ནི་འདི་གཉིས་ཀྱང་ཟག་པ་མེད་པའི་རྣམ་པ་ཡིན་ཏེ། འདི་ནི་གནས་ཡོད་དོ་ཞེས་བྱ་བ་ནི་འདི་ནི་མཚན་ཉིད་ཡོད་དོ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ནི་འདི་ནི་རྒྱུ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །

འདིའི་དོན་ནི་འདི་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ངག་གམ་ཚིག་གཉིས་པོ་འདི་ཡིན་ཏེ། གལ་ཏེ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་མི་རྟག་པ་ལ་སོགས་པར་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་སྲིད་དོ། །འདི་ནི་རིགས་སོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ནི་
གཞན་ནས་མི་འབྱུང་བའི་ཕྱིར་མི་རུང་སྟེ། ཚིག་གཞན་ནས་ཚིག་དེ་གཉིས་མི་འབྱུང་བའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་རྣམ་པའོ། །རིགས་པ་མ་ཡིན་པས་བསྐྱེད་པའི་སྒོ་ནས་ཤེས་པར་འགྱུར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་ཤེས་པར་འགྱུར་རོ་ཞེས་
སྟོན་ཏོ། །བདག་དང་བདག་གི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ཀྱིས་སོ། །ཆད་པ་དང་རྟག་པ་ཞེས་བྱ་བ་ནི་མཐར་འཛིན་པའི་ལྟ་བས་སོ། །རྒྱུ་མེད་པ་དང་བྱེད་པ་མེད་པ་དང་སྐུར་པ་འདེབས་པ་ཞེས་བྱ་བ་ནི་ལོག་པར་ལྟ་བས་སོ། །མཆོག་དང་གཙོ་བོ་
དང་ཁྱད་པར་དུ་འཕགས་པ་དང་། དམ་པ་ཞེས་བྱ་བ་ནི་ལྟ་བ་མཆོག་ཏུ་འཛིན་པས་སོ། །དག་པ་དང་གྲོལ་བ་དང་ངེས་པར་འབྱིན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་སོ། །ནེམ་ནུར་དང་ཡིད་གཉིས་དང་ཐེ་ཚོམ་ཞེས་བྱ་བ་ནི་ཐེ་ཚོམ་གྱིས་སོ། །ཆགས་པ་ཞེས་
བྱ་བ་ནི་འདོད་ཆགས་ཀྱིས་སོ། །སྡང་བ་ཞེས་བྱ་བ་ནི་ཞེ་སྡང་གིས་སོ། །རློམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱིས་སོ། །རྨོངས་པ་ཞེས་བྱ་བ་ནི་གཏི་མུག་གིས་སོ། །དེར་ཡང་འདི་སྐད་དུ་འབྱུང་བར་འགྱུར་བ་ཞིག་ན། དེ་སྐད་ཀྱང་མི་འབྱུང་སྟེ། དེའི་ཕྱིར་དེའི་དོན་ནི་འདི་མ་ཡིན་ནོ་ཞེས་
བྱ་བར་ཤེས་སོ། །རྫས་སུ་བདུན་ཡིན་ཞེས་བྱ་བར་ནི་ཁ་ཅིག་གི་གཞུང་ལུགས་ཀྱིས་རྫས་སུ་སྡུག་བསྔལ་གྱི་རྣམ་པ་བཞི་དང་ཀུན་འབྱུང་བ་ལ་སོགས་པ་རྣམ་པ་རེ་རེ་སྟེ་བདུན་ཡིན་ནོ། །རྒྱུའི་རྣམ་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཀྱང་ཡིན་པས་རྣམ་
གྲངས་ཙམ་དུ་ཟད་ཀྱི་ཁྱད་པར་ནི་མེད་དེ་དཔེར་ན་དབང་པོ་དང་བརྒྱ་བྱིན་དང་ཁྱེར་འཇིག་ཅེས་བྱ་བ་དང་འདྲའོ། །དེ་བཞིན་དུ་འགོག་པ་ཉིད་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་ཡིན་པས་རྣམ་པ་གཅིག་ཡིན་ལ། ལམ་ཉིད་ཀྱང་རིགས་པ་དང་། སྒྲུབ་པ་དང་། ངེས་པར་

འབྱིན་པ་ཡིན་པས་རྣམ་པ་གཅིག་ཡིན་ནོ་ཞེས་ཟེར་ཏེ། དེས་ན་འདི་སྐད་དུ་རྣལ་འབྱོར་པས་སྡུག་བསྔལ་གྱི་རྣམ་པ་ནི་བཞིར་མངོན་དུ་བྱེད་ལ་རྒྱུ་ལ་སོགས་པའི་རྣམ་པ་ནི་གཅིག་ཏུ་མངོན་དུ་བྱེད་དོ་ཞེས་བཤད་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྫས་སུ་རྣམ་པ་
བཅུ་དྲུག་གོ་ཞེས་བརྗོད་དེ་སྡུག་བསྔལ་གྱི་རྣམ་པ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱང་སོ་སོར་མངོན་དུ་བྱ་དགོས་པའི་ཕྱིར་རྣམས་རྣམས་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པས་སོ་ཞེས་ཟེར་རོ། །རྐྱེན་ལ་རག་ལས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་རྟག་པ་ནི་རྐྱེན་ལ་རག་
ལས་པའི་ཕྱིར་ངེས་པ་མ་ཡིན་ཏེ། རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གནོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཀྱིས་ཞེས་བྱ་བ་ནི་གཉེན་པོས་ཞེས་བྱ་བའི་ཐ་ཚིག་
སྟེ། འགལ་བའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་ཡིན་པས་སོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱི་རྒྱུའོ་ཞེས་བྱ་བ་ནི་ཐག་རིང་པོའི་གནས་སྐབས་ཀྱི་རྒྱུ་སྟོན་པར་བྱེད་དེ། དང་པོའི་ས་བོན་ལྟ་བུའོ། །ཚུལ་ཞེས་བྱ་བའི་སྒྲས་ནི་འདིར་ལུགས་ཀྱི་དོན་ཡིན་ནོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་
བའོ་ཞེས་བྱ་བ་ནི་སྐད་ཅིག་མ་གང་གི་མཇུག་ཐོགས་སུ་སྐྱེ་བར་འགྱུར་བ་ཐག་ཉེ་བའི་གནས་སྐབས་ཀྱི་རྒྱུ་སྟོན་པར་བྱེད་དེ། འདི་ལས་ཀུན་འབྱུང་བའི་ཕྱིར་རོ། །འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ་ཞེས་བྱ་བ་ནི། རྒྱུན་གྱི་ཚུལ་གྱིས་རྒྱུན་མི་འཆད་པར་སྟོན་པར་བྱེད་དེ་ས་བོན་དང་མྱུ་གུ་དང་
སྡོང་བུ་ལ་སོགས་པ་དང་འདྲའོ། །མངོན་པར་སྒྲུབ་པའི་དོན་གྱིས་ན་རྐྱེན་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་མང་པོ་ཞིག་ལས་སྐྱེ་བར་སྟོན་པར་བྱེད་དེ་དཔེར་ན་འཇིམ་གོང་དང་ཐལ་ཞར་ལ་སོགས་པ་མང་པོ་ཞིག་ལས་བུམ་པ་འགྲུབ་པ་དེ་དང་འདྲའོ། །མེ་གསུམ་ཞི་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་
དང་ཞེ་སྡང་དང་གཏི་མུག་གི་མེ་ཞི་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཚེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བགྲོད་པའི་དོན་གྱིས་ཞེས་བྱ་བ་ནི་མྱ་

ངན་ལས་འདས་པར་རོ། །རིགས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་དང་ལྡན་པའི་ཕྱིར་རམ་ཐབས་དང་ལྡན་པའི་ཕྱིར་རོ། །ཡང་དག་པར་བསྒྲུབ་པའི་དོན་གྱིས་སྒྲུབ་པའོ་ཞེས་བྱ་བ་ནི་འདིས་མྱ་ངན་ལས་འདས་པ་སྒྲུབ་པས་ན་སྒྲུབ་པའོ། །ངེས་པར་འབྱིན་པར་བྱེད་པའོ་ཞེས་བྱ་བ་ནི་
གཏན་དུ་ངེས་པར་འབྱིན་པར་བྱེད་པས་ན་ངེས་པར་འབྱིན་པར་བྱེད་པའོ། །གཏན་དུ་བ་མ་ཡིན་པའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་སྔར་ནི་སྔ་ན་མེད་པས་མི་རྟག་པར་བཤད་ལ་ད་ནི་ཞིག་ནས་མེད་པས་མི་རྟག་པའོ་ཞེས་སྟོན་ཏོ། །ཁུར་ལྟ་བུར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཁུར་བུ་ལྟ་བུར་གྱུར་པའི་ཕྱིར་
ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱིས་གང་ཟག་དེ་འཚིར་ཞིང་གནོད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་དགུར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལ་འདོད་དགུར་བྱེད་པའི་ངང་ཚུལ་ཡོད་པས་ན་འདོད་དགུར་བྱེད་པའོ། །འདོད་དགུར་བྱེད་པ་མ་ཡིན་པས་ན་འདོད་དགུར་བྱེད་
པ་མེད་པ་སྟེ། དེའི་ཕྱིར་བདག་མེད་པ་ཡིན་ནོ། །དོན་འདི་ནི་མདོ་ལས་ཀྱང་གསུངས་ཏེ། དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་པར་གྱུར་ན་གཟུགས་བདག་ཉིད་ལ་གནོད་པ་བྱེད་པར་མི་འགྱུར་གྱི། ངེས་པའི་ཚིག་ལས་བདག་ནི་འདོད་དགུར་བྱེད་པ་ཡིན་ནོ་ཞེས་སྨོས་པའི་
ཕྱིར་གཟུགས་ལ་འདི་ལྟར་ནི་གྱུར་ཅིག །འདི་ལྟར་ནི་མ་གྱུར་ཅིག་ཅེས་བྱ་བ་བཞིན་དུ་ཡང་འགྱུར་བ་ཞིག་ན་ཞེས་འབྱུང་བ་ཡིན་ནོ། །འོང་བའི་ཚུལ་གྱིས་རྒྱུའོ་ཞེས་བྱ་བ་ནི་འདི་ལས་འོང་བས་ན་རྒྱུ་སྟེ་འདི་ལས་སྐྱེ་བས་ན་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བའི་ཚུལ་གྱིས་ཞེས་བྱ་བ་ནི་
མ་འོངས་པའི་དུས་ནས་འབྱུང་བས་ན་ཞེས་བྱ་བའི་ཐ་ཚིག་གོ། །འཕེལ་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྒྱུན་ཆགས་པའི་ཚུལ་གྱིས་སོ། །སོ་སོར་འབྲང་བའི་དོན་གྱིས་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་ལ་གཙོ་བོ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འབྲེལ་པ་མེད་པས་འབྲེལ་པ་ཞིག་
པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་སྔ་མ་ཞིག་པས་ཕྱི་མའི་འབྲེལ་པ་ཞིག་པར་འགོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་རོ། །ཡིད་

བརྟན་པའི་མཆོག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པས་མཆོག་ཏུ་བདེ་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གྲོང་དང་མི་འགལ་བའི་དོན་གྱིས་སྒྲུབ་པའོ་ཞེས་བྱ་བ་ནི་འདི་ལྟར་འདི་ནི་མྱ་ངན་ལས་འདས་པའི་གྲོང་དང་མི་འགལ་ཞིང་སླུ་
བར་མི་བྱེད་དོ། །འོ་ན་ཅི་ཞེ་ན་སྒྲུབ་པར་བྱེད་པ་ཁོ་ན་སྟེ། དེའི་ཕྱིར་འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ། །འདུན་པའི་རྩ་བ་ཅན་ཞེས་བྱ་བ་ནི་འདུན་པའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་འདུན་པ་ནི་སྲེད་པའི་རྣམ་གྲངས་ཡིན་ནོ། །འདུན་པ་ལས་ཀུན་འབྱུང་བ་ཞེས་བྱ་བ་
ནི་འདུན་པ་ལས་ཡང་དག་པར་སྒྲུབ་པའོ། །འདུན་པའི་རིགས་ཅན་ཞེས་བྱ་བ་ནི་འདུན་པའི་རྐྱེན་ཅན་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་སྐྱེ་བ་ཞེས་བྱ་བའི་སྒྲ་ཐ་མར་གདོན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་ཆོས་མངོན་པ་པ་རྣམས་ཀྱིས་ཞེས་བྱ་བའི་ཚིག་གཅིག་ཁོང་ནས་འབྱུང་བ་
སྟེ། མདོའི་རྗེས་སུ་འབྲང་བར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུ་དང་ཀུན་འབྱུང་བ་དང་རྐྱེན་དང་རབ་ཏུ་སྐྱེ་ཞེས་བྱ་བའི་ཐ་ཚིག་གམ་འདུན་པའི་ཚོགས་འདི་དག་ལ་ཁྱད་པར་ཅི་ཞིག་ཡོད་པར་འགྱུར། ངའོ་སྙམ་པ་ནི་བྱེ་བྲག་མེད་པར་ལུས་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་རྫས་གཅིག་
ལ་དམིགས་ཀྱིས་མ་བཀར་བར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྤྱི་ལ་ཁྱད་པར་མེད་པར་ངའོ་སྙམ་དུ་འཛིན་པའམ་རྣམ་པ་གཞན་གྱིས་ཁྱད་པར་དུ་བྱས་པ་ད་ལྟར་བྱུང་བའི་ལུས་ཀྱི་དངོས་པོ་ལ་དམིགས་པ་འམ་དུས་གསུམ་པའི་ལུས་ལ་དམིགས་པའི་སྒོ་ནས་ལུས་དོན་དུ་གཉེར་བ་ནི་ལུས་
ལ་འདུན་པ་སྟེ་དང་པོ་ཡིན་ནོ། །གྱུར་ཅིག་སྙམ་པ་ནི་བྱེ་བྲག་མེད་པར་ཞེས་བྱ་བ་ནི་ཡང་སྲིད་པ་ཙམ་དོན་དུ་གཉེར་གྱི་ཁྱད་པར་གྱི་ངོ་བོའི་དོན་དུ་གཉེར་བ་ནི་མ་ཡིན་པ་སྟེ་གཉིས་པ་ཡིན་ནོ། །འདི་ལྟ་བུར་གྱུར་ཅིག་སྙམ་པ་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུར་གྱུར་ཅིག་སྙམ་པ་ནི་བྱེ་བྲག་ཏུ་ཡང་སྲིད་
པ་ལ་འདུན་པ་སྟེ་གསུམ་པ་ཡིན་ནོ། །བཞི་པ་ནི་ཉིང་མཚམས་སྦྱོར་བ་འཆིང་བ་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་ཉིད་འཆིང་བ་ཡིན་པས་ན་ཉིང་མཚམས་སྦྱོར་བ་འཆིང་བ་སྟེ། བཞི་པ་ནི་དེ་ལ་འདུན་ཅིང་དོན་དུ་གཉེར་བ་ཡིན་ནོ། །ཡང་ན་ལས་མངོན་པར་

འདུ་བྱེད་པ་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་བཞི་པ་ཞེས་བྱ་བའི་སྐབས་ཡིན་ཏེ། ཡང་ན་ལས་མངོན་པར་འདུ་བྱེད་པ་དེ་ལ་འདུན་པ་ཡིན་ནོ། །ཇི་ལྟར་དེ་ལ་འདུན་ཞེ་ན་སྦྱིན་པ་འདི་ལྟ་བུ་དང་འདི་ལྟ་བུར་སྦྱིན་ནོ་སྙམ་པ་ཡིན་ནོ། །ཡང་ན་ཇི་ལྟར་ན་འདུན་པ་དེ་དག་རྩ་བ་ལ་སོགས་པའི་སྒྲར་བརྗོད་ཅེ་ན།
དེ་བསྟན་པའི་ཕྱིར་དེ་ལ་དང་པོ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྒྱུ་དང་པོའམ་དང་པོའི་རྒྱུ་ཡིན་པས་ན་དང་པོའི་རྒྱུ་སྟེ། དེའི་ཕྱིར་འདུན་པའི་རྩ་བ་ཅན་ཡིན་ཏེ། རྩ་བའི་སྒྲ་ནི་རྒྱུའི་དོན་ཡིན་ནོ། །འབྲས་བུའི་ས་བོན་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་འབྲས་བུའི་དང་པོའི་རྒྱུ་སྟེ་ཐག་རིང་བའི་རྒྱུ་ས་བོན་
ཡིན་པ་དེ་དང་འདྲ་བར་འདུན་པ་དང་པོ་འདི་ཡང་སྡུག་བསྔལ་གྱི་དང་པོའི་རྒྱུ་ཡིན་ནོ། །དེས་དེ་ཡང་དག་པར་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་འདུན་པ་གཉིས་པ་དེས་སྐད་ཅིག་མ་བརྒྱུད་པས་ཡང་སྲིད་པ་ཡང་དག་པར་འགྲུབ་པའི་ཕྱིར་འབྲས་བུའི་མྱུ་གུ་ལ་སོགས་པ་སྐྱེ་བ་བཞིན་ཏེ་དཔེར་
ན་མྱུ་གུ་ལ་སོགས་པ་སྐྱེ་བ་བརྒྱུད་པས་འབྲས་བུ་ཀུན་འབྱུང་བ་དེ་དང་འདྲའོ། །འདུན་པ་གསུམ་པ་འདི་ལྟ་བུར་གྱུར་ཅིག་སྙམ་པ་ནི་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་ཡིན་ཞེས་བྱ་བ་ནི་ཡང་སྲིད་པའི་འདུན་པ་ཅི་འདྲ་བ་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་ཏེ། དེ་ལ་ཁྱད་
པར་གྱི་ངོ་བོ་ཡོད་པའི་ཕྱིར་འབྲས་བུ་ཁྱད་པར་གྱི་ངོ་བོ་ཅན་ཁོ་ན་སྐྱེའོ་སྙམ་དུ་བསམས་པ་ཡིན་ནོ། །འབྲས་བུའི་ཞིང་དང་། ཆུ་དང་ལུད་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ། ལུད་ནི་བ་ལང་གི་ལྕི་བ་སྐམ་པོའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་རླུང་དང་ཉི་མ་ལ་སོགས་པ་བསྡུ་
སྟེ། དེས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བས་སོ། །ནུས་པ་ནི་བསིལ་བའི་ནུས་པ་དང་དྲོ་བའི་ནུས་པ་ཉིད་དོ། །སྨིན་པ་ནི་དྲོ་བ་ཞུ་བ་དང་། བསིལ་བ་ཞུ་བ་ཉིད་དོ། །མཐུ་ནི་ནུས་པའི་ཁྱད་པར་ཡིན་ཏེ། དཔེར་ན་འབྲས་བུར་འདྲ་བ་ལས་བི་ཛ་པུ་རའི་ཁུ་བ་ནི་མཁྲིས་
པ་སྐྱེད་ལ། སྐྱུ་རུ་རའི་ཁུ་བ་ནི་ཞི་བར་བྱེད་པ་ལྟ་བུའོ། །དེ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་འཆིང་བ་ལ་འདུན་པ་དེ་ཁོ་ན་ལས་ཡང་སྲིད་པའི་མཚན་ཉིད་དེ་སྐྱེ་ཞིང་འབྱུང་བའི་ཕྱིར་འབྲས་བུའི་ཐ་མ་མེ་ཏོག་བཞིན་ནོ། །དཔེར་ན་ཐ་མ་མེ་ཏོག་ལས་འབྲས་

བུ་རབ་ཏུ་སྐྱེ་བ་དེ་དང་འདྲ་སྟེ། འདིར་འདུན་པ་བཞི་པ་ནི་ཡང་སྲིད་པའི་མངོན་སུམ་གྱི་རྒྱུ་ཡིན་ནོ། །སྔ་མ་གསུམ་ནི་བརྒྱུད་པའི་རྒྱུ་ཡིན་ནོ། །ཡང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲིད་པ་རྣམ་པར་དཔྱད་པ་རྣམས་ཀྱི་འདུན་པ་བཞི་ནི་གོ་རིམས་བཞིན་དུ་ལྔ་ཚན་གཉིས་
དང་བཞི་ཚན་གཉིས་ཡིན་ཏེ། འདུན་པ་དང་པོ་ནི་རྣམ་པ་ལྔ་ཡིན་ལ། གཉིས་པ་ཡང་རྣམ་པ་ལྔ་ཡིན་ནོ། །གསུམ་པ་ནི་རྣམ་པ་བཞི་ཡིན་ལ། བཞི་པ་ཡང་རྣམ་པ་བཞི་ཡིན་ནོ། །ཇི་ལྟར་ཞེ་ན་དགེ་སློང་དག་ངའོ་སྙམ་པ་ཡོད་ཅིང་བདག་ཏུ་ལྟ་བ་ཡོད་ན་ང་འདི་ལྟ་བུའོ་སྙམ་པ་འབྱུང་
སྟེ་ཞེས་བྱ་བ་ནི་ང་ནི་འདི་འདྲ་བའོ་སྙམ་པ་འབྱུང་བ་སྟེ། དེ་དང་ལྡན་པས་སྲེད་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ང་ནི་འདི་འདྲའོ་སྙམ་པ་ཞེས་བྱ་བ་ནི་སྔོན་ཇི་ལྟ་བ་ཁོ་ན་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ང་དེ་ལྟ་མ་ཡིན་ནོ་སྙམ་པ་ཞེས་བྱ་བ་ནི་ཁ་དོག་དང་སྟོབས་དང་སྤོབས་པ་
ལ་སོགས་པ་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །ང་བཟང་ངོ་སྙམ་པ་དང་། བཟློག་པ་ང་ངན་ནོ་སྙམ་པ་འབྱུང་བར་འགྱུར་ཏེ། བདག་ལ་འདུན་པ་རྣམ་པ་ལྔ་པོ་འདི་ནི་ཁྱད་པར་མེད་པ་དང་པོ་ཡིན་ནོ། །དེ་ལ་འབྱུང་བར་འགྱུར་རོ་སྙམ་པ་འབྱུང་བར་འགྱུར་ཞེས་བྱ་བ་ནི་རྟག་པའི་ངོ་བོར་རོ། །འབྱུང་
བར་མི་འགྱུར་རོ་སྙམ་པ་ཞེས་བྱ་བ་ནི་ཆད་པའི་ངོ་བོར་རོ། །འདི་ལྟ་བུར་འབྱུང་བར་འགྱུར་རོ་སྙམ་པ་ཞེས་བྱ་བ་ནི་རྒྱས་པར་བཤད་པ་སྔ་མ་དང་འདྲ་སྟེ། ཡང་སྲིད་པ་ལ་འདུན་པ་རྣམ་པ་ལྔ་པོ་འདི་ཁྱད་པར་མེད་པར་གཉིས་པ་ཡིན་ནོ། །དེ་ལ་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང་དེ་ལ་འདི་ལྟ་བུར་
གྱུར་ཅིག་སྙམ་པ་དང་། དེ་འདྲ་བར་གྱུར་ཅིག་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་བ་ཡང་སྲིད་པ་ལས་འདུན་པ་རྣམ་པ་བཞི་པོ་འདི་ཁྱད་པར་མེད་པ་གསུམ་པ་ཡིན་ནོ། །གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་འདྲ་
བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་བ་ཉིང་མཚམས་སྦྱོར་བ་འཆིང་བ་ལ་འདུན་པ་རྣམ་པ་བཞི་པོ་འདི་ནི་བཞི་པ་ཡིན་ནོ། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་དང་པོའི་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་སྦྱར་

བར་བྱའོ། །སོ་སོར་ངེས་པའི་ཕྱིར་སྒྲུབ་པ་སྟེ་ཞེས་བྱ་བ་ནི་ངེས་པར་སྒྲུབ་ཅིང་སྒྲུབ་པར་བྱེད་པ་ནི་སྒྲུབ་པའོ། །ཡང་ཇི་ལྟར་སོ་སོར་ངེས་པ་ཡིན་ཞེ་ན། དེ་ཉིད་ཀྱིས་དེར་འགྲོ་བའི་ཕྱིར་ཏེ། ཇི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ནོ། །རྟག་པ་དང་བདེ་བ་དང་བདག་གི་དང་བདག་ཏུ་ལྟ་བ་སྤྱད་པ་རྣམས་ཀྱི་
ཞེས་བྱ་བ་ནི་འདི་དག་ལ་རྟག་པ་དང་བདེ་བ་དང་བདག་གི་དང་བདག་གོ་ཞེས་བྱ་བར་ལྟ་བ་སྤྱད་པ་ཡིན་པས་ན་གང་ཟག་འདི་དག་ནི་རྟག་པ་དང་བདེ་བ་དང་བདག་གི་དང་བདག་ཏུ་ལྟ་བ་སྤྱད་པ་ཡིན་ཏེ་དེ་དག་གི་གཉེན་པོར་གོ་རིམས་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པ་ཡིན་ནོ། །རྒྱུ་མེད་དོ་ཞེས་རྒྱུ་མེད་
པར་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་རྒྱུའི་རྣམ་པའོ། །རྒྱུ་དབང་ཕྱུག་གམ། གཙོ་བོ་འམ། དུས་ཞེས་བྱ་བ་གཅིག་པུ་ཡིན་ནོ་ཞེས་རྒྱུ་གཅིག་པུར་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་རྒྱུ་ནི་ཀུན་འབྱུང་བ་ཡིན་གྱི་གཅིག་པུ་མ་ཡིན་ནོ་ཞེས་འབྱུང་བའི་རྣམ་པའོ། །དངོས་པོ་ནི་འགྱུར་བ་ཡིན་
ནོ་ཞེས་འགྱུར་བར་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་དང་པོ་འབྱུང་བ་འདི་ཡིན་གྱི་སྔ་ནས་གནས་པ་ལས་འགྱུར་བ་ནི་མ་ཡིན་ནོ་ཞེས་རབ་ཏུ་སྐྱེ་བའི་རྣམ་པའོ། །འཇིག་རྟེན་འདི་ནི་བློ་སྔར་བཏང་སྟེ་བྱས་པ་ཡིན་ནོ་ཞེས་བློ་སྔར་བཏང་བར་ལྟ་བ་རྣམས་ཀྱི་གཉེན་པོར་རྐྱེན་གྱི་རྣམ་པ་སྟེ། འགྲོ་བ་
འདི་ནི་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་ཅེས་བྱ་བའི་སྒྲས་ནི་ཟློས་པའི་དོན་ཡིན་པས་དེ་དང་དེ་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འགྲོ་བ་ནི་རྐྱེན་དུ་མས་བསྐྱེད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་རིག་པར་འགྱུར་རོ་ཞེས་བྱ་བ་ནི་
མདོ་སྡེ་བའི་གཞུང་ལུགས་ཡིན་ནོ། །རྣམ་པ་ནི་དམིགས་པ་འཛིན་པའི་བྱེ་བྲག་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚུལ་སྟོན་པར་བྱེད་དེ། དེ་ལྟ་ཡིན་ན་ཤེས་རབ་ཀྱང་རྣམ་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བར་གྲུབ་པོ། །དགེ་བ་ལ་སོགས་པའི་བྱེ་བྲག་ཅེས་བྱ་བ་ལ། སྩོགས་པ་
ཞེས་བྱ་བའི་སྒྲས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ས་དང་རྟེན་བསྡུའོ། །ཚིགས་སུ་བཅད་པའི་དང་པོ་ན་ཡོད་པའི་ཕྱིར་ཞེས་བྱ་བ་ནི་འདིའི་དང་པོ་ཡིན་གྱི་བསྟན་བཅོས་ཀྱི་ནི་མ་ཡིན་ནོ་ཞེས་སྟོན་ཏེ། བསྟན་བཅོས་ལས་ནི་ཆོས་ཤེས་པ་དང་པོར་འབྱུང་ངོ་། །དྲུག་ན་ཆོས་

ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །གཟུགས་མེད་པ་གསུམ་ན་ཡོད་དོ་ཞེས་བྱ་བ་ནི་རྗེས་སུ་ཤེས་པ་བསྒོམ་པའི་ལམ་གྱིས་བསྡུས་པ་ཁོ་ནའོ། །དེ་བཞིན་དྲུག་ཅེས་བྱ་བ་ནི་སྡུག་བསྔལ་ཤེས་པ་ལ་སོགས་པ་རྗེས་སུ་
ཤེས་པའི་ངོ་བོ་ཉིད་སྲིད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི་གཟུགས་མེད་པ་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པ་ལ་མི་དམིགས་པའི་ཕྱིར་རེ་ཞིག་ཆོས་ཤེས་པ་གཟུགས་མེད་པའི་ཁམས་སུ་མངོན་སུམ་དུ་
མི་བྱེད་པར་ནི་རིགས་ན། གཟུགས་ཀྱི་ཁམས་སུ་གོ་ཅིའི་ཕྱིར་མངོན་སུམ་དུ་མི་བྱེད་ཅེ་ན། ཁ་ཅིག་ན་རེ་ཆོས་ཤེས་པ་ནི་ལྷུར་འདོད་པའི་ཁམས་རྣམ་པར་སུན་འབྱིན་པ་ཡིན་ན། གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་ནི་ཆོས་ཤེས་པ་འདོད་པའི་ཁམས་རྣམ་པར་སུན་འབྱིན་པ་མི་འབྱུང་སྟེ།
འདོད་ཆགས་དང་བྲལ་བ་དང་ས་འཕོས་པས་དེ་ཡོངས་སུ་བཏང་བའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེས་པ་ནི་དེའི་འདོད་ཆགས་དང་བྲལ་ཡང་འདོད་པའི་ཁམས་ཀྱི་ཕུང་པོའི་ལྷག་མ་ལུས་པའི་ཕྱིར་དེ་མངོན་སུམ་དུ་བྱེད་དོ། །དེའི་ཕྱིར་ཆོས་ཤེས་པ་གཟུགས་ཀྱི་ཁམས་སུ་མངོན་སུམ་དུ་མི་
བྱེད་དོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ་ཆོས་ཤེས་པ་འདོད་པའི་ཁམས་ཁོ་ནར་མངོན་སུམ་དུ་བྱེད་ཀྱི་དེ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་སེམས་རྣམས་འདོད་པའི་ཁམས་ཁོ་ན་ན་ཡོད་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་མ་ཡིན་ནོ། །ཡང་ན་རྗེས་སུ་
འབྲང་བའི་རྟེན་མེད་པའི་ཕྱིར་ཏེ། འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པའི་འཐོབ་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཆོས་ཤེས་པའི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་ཀྱི་རྟེན་འདོད་པ་ན་སྤྱོད་པའི་འབྱུང་བ་དག་ཁོ་ན་ཡིན་ན། དེ་དག་ཀྱང་དེ་ན་མེད་པས་ཆོས་
ཤེས་པ་ནི་འདོད་པའི་ཁམས་ཀྱི་རྟེན་ཅན་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འགོག་པ་ཤེས་པ་ནི་གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པ་ལས་ཆོས་ནི་ལུས་དང་ཚོར་བ་དང་སེམས་དག་ལས་གཞན་པ་ཡིན་ཞེས་བཤད་པས་སོ། །

གཞན་པའི་ཤེས་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ཀུན་རྫོབ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ལ་ནི་དྲན་པ་ཉེ་བར་གཞག་པ་བཞིའི་ངོ་བོ་ཉིད་ཡོད་དེ། སྡུག་བསྔལ་ཤེས་པ་ཡང་
རེས་འགའ་ནི་ལུས་ལ་དམིགས་ལ། རེས་འགའ་ནི་ཆོས་ཀྱི་བར་ལ་དམིགས་སོ། །ཀུན་འབྱུང་ཤེས་པ་ཡང་དེ་དང་འདྲའོ། །ལམ་ཤེས་པ་ཡང་གལ་ཏེ་ཟག་པ་མེད་པའི་སྡོམ་པ་ལ་དམིགས་ན་དེ་ལུས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །རྗེས་སུ་ཤེས་པ་མ་
གཏོགས་སོ་ཞེས་བྱ་བ་ནི་ཆོས་ཤེས་པ་མ་གཏོགས་སོ། །གལ་ཏེ་ཟག་པ་མེད་པའི་ཤེས་པ་ལ་དམིགས་པར་བྱེད་ན། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཁོ་ན་ལ་དམིགས་པར་བྱེད་ལ། དེ་བཞིན་དུ་རྗེས་སུ་ཤེས་པ་ཡང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཁོ་ན་ལ་དམིགས་པར་
བྱེད་དོ་ཞེས་བྱ་བར་ངེས་ཏེ། དེ་ལ་ཆོས་ཤེས་པ་ལམ་ཤེས་པར་གྱུར་པའི་དམིགས་པས་ནི་ཆོས་ཤེས་པ་གཞན་དང་སྡུག་བསྔལ་ཤེས་པ་ལ་སོགས་པ་མི་སྐྱེ་བ་ཤེས་པ་ལ་ཐུག་པའི་བར་ཡིན་པར་སྲིད་ལ། སྡུག་བསྔལ་བ་དང་ཀུན་འབྱུང་བ་ཤེས་པར་གྱུར་པའི་དམིགས་པ་ནི་ཀུན་
རྫོབ་ཤེས་པ་ཡིན་པར་སྲིད་ལ། གཞན་གྱི་སེམས་ཤེས་པར་གྱུར་པའི་དམིགས་པ་ནི་གཞན་གྱི་སེམས་ཤེས་པ་ཡིན་པར་སྲིད་པས། དེའི་དམིགས་པ་ཤེས་པ་དགུ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་ཤེས་པ་ལ་ཡང་སྦྱར་བར་བྱའོ། །ལམ་ཤེས་པའི་དམིགས་པ་ལ་ཡང་དགུ་ཁོ་ན་
ཡིན་ཏེ། ཀུན་རྫོབ་ཤེས་པ་མ་གཏོགས་སོ་ཞེས་བྱ་བ་ནི་ལམ་ཤེས་པ་ནི་ཟག་པ་མེད་པའི་ལམ་ལ་དམིགས་པར་ངེས་པའི་ཕྱིར་ཀུན་རྫོབ་ཤེས་པ་ལ་མི་དམིགས་སོ། གཉིས་ཏེ་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་
པའི་ཁོངས་སུ་གཏོགས་པ་དག་གོ། །གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེའི་དམིགས་པ་ནི་ཤེས་པ་དགུ་ཡིན་ལ། ཟག་པ་དང་བཅས་པ་གང་ཡིན་པ་དེའི་དམིགས་པ་ནི་ཀུན་རྫོབ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་ཡིན་པར་སྲིད་དོ། །ཟད་པ་ཤེས་

པ་དང་མི་སྐྱེ་བ་ཤེས་པ་དག་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་དེ་དག་གི་དམིགས་པ་ནི་ཤེས་པ་བཅུ་ཆར་ཡང་ཡིན་ནོ། །མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་ཞེས་བྱ་བ་ལ། མཚུངས་པར་ལྡན་པ་ནི་
སེམས་དང་སེམས་ལས་བྱུང་བ་རྣམས་སོ། །ལྡན་པ་མ་ཡིན་པ་ནི་ཐོབ་པ་ལ་སོགས་པའོ། །དགེ་བ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་དགེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ། མཆོག་ཏུ་བདེ་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་ནི་ནམ་མཁའ་དང་།
སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་གོ། །འདོད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དང་བཞི་ཞེས་བྱ་བ་ནི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་སོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་དྲུག་ཅེས་བྱ་བ་ནི་སོ་སོར་
མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་ཏེ། འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་བྱེ་བྲག་དེ་ཉིད་ཀྱིས་དྲུག་ཡིན་ནོ། །གཉིས་ཏེ་ཟག་པ་མེད་པ་དག་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །འདོད་པ་དང་གཟུགས་ན་སྤྱོད་པ་དང་ཟག་པ་
མེད་པ་མཚུངས་པར་ལྡན་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་ཐམས་ཅད་ནི་གཞན་གྱི་སེམས་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་
སོ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བདེན་པ་བཞི་ལ་དམིགས་པའི་ཕྱིར་ལ། འདུས་མ་བྱས་ལུང་དུ་མ་བསྟན་པ་ནི་བདེན་པ་བཞི་ལ་མ་གཏོགས་པའི་ཕྱིར་རོ། །ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན།
མདོ་ལས་ཏེ། ཀྱེ་གཽ་ཏ་མ་བདག་ཅག་འདུན་ཁང་འདིར་འདུས་ཏེ་མཆིས་པ་རྣམས་འདི་ལྟ་བུའི་བཀའ་མཆིད་ཐོར་བུ་གླེང་ལངས་ཏེ། དགེ་སྦྱོང་གཽ་ཏ་མ་འདི་སྐད་དུ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་གང་ཐམས་ཅད་ཤེས་ཤིང་ཐམས་ཅད་མཐོང་བར་འགྱུར་བ་དེ་ནི་འགའ་ཡང་མེད་དོ་ཞེས་

གསུངས་ཞེས་གྲག་གོ་ཞེས་མཆི་ན་ཀྱེ་གཽ་ཏ་མ་འདི་མད་དམ། བཀའ་སྩལ་པ། ཀྱེ་ངས་དེ་སྐད་དུ་སྨྲས་པར་ནི་དྲན་མོད་ཀྱི། འོན་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་གང་ཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་ངོ་། །ཡུལ་དང་ཡུལ་ཅན་ཐ་
དད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་དང་ཡུལ་ཅན་གང་ཡིན་པ་དེ་ཉིད་དེའི་ཡུལ་མ་ཡིན་ཏེ། རལ་གྲིའི་སོ་དེ་ཉིད་དེ་ཉིད་ཀྱིས་མི་གཅོད་པ་དེའི་ཕྱིར་ཀུན་རྫོབ་ཤེས་པ་དེས་རང་གི་ངོ་བོ་མི་འཛིན་ཏོ། །དམིགས་པ་གཅིག་པའི་ཕྱིར་དེས་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས་
བྱུང་བ་རྣམས་ཀྱང་མི་འཛིན་ཏེ། ཀུན་རྫོབ་ཤེས་པ་འདིའི་དམིགས་པ་གང་ཡིན་པ་དེ་ཉིད་མཚུངས་པར་ལྡན་པ་རྣམས་ཀྱི་ཡིན་ནོ། །གལ་ཏེ་མཚུངས་པར་ལྡན་པ་དེ་དག་འཛིན་པར་འགྱུར་ན་ནི། ཀུན་རྫོབ་ཤེས་པ་དང་དམིགས་པ་གཅིག་པའི་ཕྱིར་རང་གི་ངོ་བོ་ལ་དམིགས་པར་འགྱུར་
བ་ཞིག་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་དེས་དེ་དག་མི་འཛིན་ཏོ། །ཧ་ཅང་ཉེ་བའི་ཕྱིར་ལྷན་ཅིག་འབྱུང་བ་ལྡན་པ་མ་ཡིན་པ་དེ་དག་ཀྱང་མི་འཛིན་ཏེ། མིག་གིས་མིག་སྨན་དང་མིག་སྨན་གྱི་ཐུར་མ་མི་མཐོང་བ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པའོ། །དེ་ནི་ས་རྣམ་
པར་ཆད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཀུན་རྫོབ་ཤེས་པ་གཟུགས་ན་སྤྱོད་པ་བསྒོམས་པ་ལས་བྱུང་བ་ནི་འདོད་པའི་ཁམས་སམ། བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་ས་རྣམ་པར་ཆད་པ་ཁོ་ན་ལ་དམིགས་སོ། །ཅིའི་ཕྱིར་ཞེ་ན། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་
ལམ་རྣམས་གོ་རིམས་བཞིན་དུ་ས་འོག་མ་དང་གོང་མ་ལ་དམིགས་པའི་ཕྱིར་ཏེ་གོ་རིམས་བཞིན་དུ། ཞི་སྩོགས་རགས་སྩོགས་རྣམ་པ་ནི། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །ཞེས་འབྱུང་བས་སོ། །གལ་ཏེ་དེས་ས་ཐམས་ཅད་ལ་དམིགས་པར་གྱུར་ན་ནི་ཐམས་ཅད་ལས་ཅིག་
ཅར་འདོད་ཆགས་དང་བྲལ་བར་འགྱུར་རོ། །སྦྱོར་བ་དང་ཁྱད་པར་གྱི་ལམ་དག་གི་དམིགས་པ་ཡང་ཅི་རིགས་པར་ས་འགའ་ཞིག་ཁོ་ན་ཡིན་ནོ། །ཇི་ལྟ་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་གང་གི་དམིགས་པ་འདོད་པའི་ཁམས་ཡིན་པ་

དེའི་ཁམས་གཞན་དག་མ་ཡིན་ཏེ། གང་གི་དམིགས་པ་གཞན་དག་ཡིན་པ་དེའི་འདོད་པའི་ཁམས་མ་ཡིན་ནོ། །མི་སྡུག་པ་དང་། ཚད་མེད་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དང་། རྣམ་པར་སུན་འབྱིན་པ་དང་། ཁྱད་པར་ཅན་གྱི་ལམ་
གྱིས་བསྡུས་པའི་དམིགས་པ་ནི་འདོད་པའི་ཁམས་ཁོ་ན་ཡིན་གྱི། ཁམས་གཞན་དག་མ་ཡིན་ནོ། །ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །ཞེས་བྱ་བ་ནི་འདི་ལྟར་བཟོད་པ་ཡང་ཤེས་པ་མ་ཡིན་ལ། ཟག་པ་མེད་པའི་ཤེས་པ་གཞན་དང་ཡང་
མི་ལྡན་པས་སོ། །ཆགས་ཅན་ཞེས་སྨོས་པ་ནི་འདི་ལྟར་འདོད་ཆགས་དང་བྲལ་བ་ནི་གཞན་གྱི་སེམས་ཤེས་པ་དང་ཡང་ལྡན་པར་འགྱུར་རོ། །གཉིས་པ་ལ་གསུམ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དེ་ཉིད་ཆོས་ཤེས་པ་ཞེས་ཀྱང་བྱ་ལ། སྡུག་བསྔལ་ཤེས་པ་ཞེས་ཀྱང་
བྱ་བས་མིང་ཐ་དད་པའི་སྒོ་ནས་གཉིས་སུ་ཉེ་བར་གདགས་ན་ཆོས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་རྫོབ་ཤེས་པ་སྟེ་གསུམ་དང་ལྡན་ནོ། །བཞི་ལ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་སྐད་ཅིག་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཆོས་ཤེས་
པའི་སྐད་ཅིག་མ་དག་ལ་སྟེ། བཟོད་པ་དག་ལ་ནི་སྔ་མ་ཁོ་ན་བཞིན་དུ་ལྡན་པའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ནི་རྗེས་སུ་ཤེས་པ་ཁོ་ན་འཕེལ་གྱི། ཆོས་ཤེས་པ་ནི་མ་ཡིན་ཏེ། དེ་དག་དང་ནི་སྔ་ནས་ལྡན་པའི་ཕྱིར་རོ། །ཀུན་འབྱུང་བ་ལ་ཆོས་ཤེས་པའི་སྐད་ཅིག་མ་ལ་ནི་
ཀུན་འབྱུང་བ་ཤེས་པ་ཁོ་ན་འཕེལ་གྱི། ཆོས་དང་རྗེས་སུ་ཤེས་པ་དག་ནི་མ་ཡིན་ཏེ། དེ་དག་དང་ནི་སྔ་ནས་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འགོག་པ་དང་ལམ་ལ་ཆོས་ཤེས་པའི་སྐད་ཅིག་མ་དག་ལ་ནི་འགོག་པ་དང་ལམ་ཤེས་པ་དག་ཁོ་ན་འཕེལ་ལོ་ཞེས་བརྗོད་པར་བྱའོ། །འདོད་ཆགས་དང་
བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་གཞན་གྱི་སེམས་ཤེས་པ་ལྷག་པར་ལྡན་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་ཆོས་ཤེས་པའི་སྐད་ཅིག་མའི་བར་ལ་གཞན་གྱི་སེམས་ཤེས་པ་དང་ཇི་སྐད་བཤད་པའི་ཤེས་པ་དེ་དག་དང་ཡང་ལྡན་ནོ་ཞེས་བྱ་བར་རིག་པར་བྱའོ། །ལམ་

ལ་རྗེས་སུ་ཤེས་པ་ལ་ནི་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་བདུན་པོ་དེ་དག་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་བརྒྱད་དེ། དེ་དག་དང་གཞན་གྱི་སེམས་ཤེས་པ་དང་ལྡན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་དང་ནི་དགྲ་བཅོམ་པ་ཁོ་ན་དང་ལྡན་ནོ་ཞེས་བྱ་བར་རྟོགས་པར་སླ་
བའི་ཕྱིར་དེའི་ཕྱིར་མདོར་མ་བྱས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ་ཅེས་བྱ་བ་ནི་འདིར་རྙེད་པའི་འཐོབ་པ་དང་། བསྟེན་པའི་འཐོབ་པ་དང་། འཐོབ་པ་རྣམ་པ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ཏེ། རྙེད་པའི་འཐོབ་པ་ནི་ཐོབ་པའི་སྒོ་
ནས་སོ། །བསྟན་པའི་འཐོབ་པ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་སོ། །ཇི་ལྟར་སྐྱེས་པ་རྣམས་འཐོབ་ཅེས་བྱ་བ་ནི་གང་དང་གང་སྐྱེས་པ་དེ་དག་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་དེ་དང་འདྲ་བའི་བཟོད་པ་མ་འོངས་པ་ཁོ་ན་འཐོབ་བོ། དེའི་
རྣམ་པ་བཞི་ཞེས་བྱ་བ་ནི་སྐལ་བ་འདྲ་བའི་ཕྱིར་བཟོད་པའི་རྣམ་པ་སྟེ། མི་རྟག་པ་ལ་སོགས་པའི་རྣམ་པ་བཞི་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་ན་དེ་ཉིད་མ་འོངས་པ་འཐོབ་ཅིང་དེའི་རྣམ་པ་བཞི་ཁོ་ན་འཐོབ་སྟེ། དེ་བཞིན་དུ་སྡུག་བསྔལ་ལ་རྗེས་
སུ་ཤེས་པའི་བཟོད་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཤེས་པ་དང་རྣམ་པ་འདྲ་བ་ཁོ་ན་འཐོབ་ཅེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་མཐོང་བའི་ལམ་ཁོ་ན་ལ་ཤེས་པ་འདྲ་བ་འཐོབ་ཅིང་རྣམ་པ་ཡང་འདྲ་བ་འཐོབ་ཀྱི་བསྒོམ་པའི་ལམ་ལ་ནི་མ་ཡིན་ཞེས་བྱ་བ་ཡིན་ནོ། །བཟོད་པ་རྣམས་ཡོངས་སུ་མ་
དྲིས་པ་ནི་བསྒོམ་པའི་ལམ་ལ་དེ་དག་མེད་པའི་ཕྱིར་རོ། །ཡང་ན་དེ་དག་ཀྱང་འདྲ་བ་འཐོབ་པའི་ཕྱིར་དྲི་བར་བྱ་དགོས་ཏེ། སྡུག་བསྔལ་ལ་བཟོད་པ་སྐྱེས་ན་ཀུན་འབྱུང་བ་ལ་སོགས་པའི་བཟོད་པའི་རྣམ་པ་འཐོབ་པ་ནི་མ་ཡིན་ནོ། །དཔེར་བརྗོད་པ་ཙམ་གྱི་དོན་དུ་ཟད་པས་ཤེས་པ་ཡོངས་སུ་དྲིས་
ཀྱི་བཟོད་པ་ནི་ཡོངས་སུ་མ་དྲིས་སོ། །རིགས་རྣམས་མ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུ་རྣམས་མ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་དེའི་རིགས་དང་དེའི་རྣམ་པ་བཞིའི་རིགས་རྣམས་འཐོབ་པར་

འགྱུར་གྱི། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་མ་ཡིན་ནོ། །ཡང་མི་རྟག་པ་ལ་སོགས་པའི་རྣམ་པ་དག་ལས་རྣམ་པ་རེ་རེ་ཞིག་མངོན་སུམ་དུ་གྱུར་ན། ཅིའི་ཕྱིར་རྣམ་པ་ལྷག་མ་རྣམས་ཀྱི་རིགས་འཐོབ། གང་གིས་ན་དེ་དག་ཀྱང་འཐོབ་པར་འགྱུར་ཞེ་ན།
དམིགས་པ་མཚུངས་པ་ཉིད་ཀྱིས་འདྲ་བའི་ཕྱིར་ཐམས་ཅད་ཀྱི་རིགས་འཐོབ་བོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་པ་ནས། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་པའི་བར་ལ་དེ་དག་དང་དེ་དག་གི་རྣམ་པའི་རིགས་རྣམས་འཐོབ་པར་འགྱུར་བས་དེ་དག་ཁོ་ན་འཐོབ་པར་འགྱུར་གྱི་
གཞན་ནི་མ་ཡིན་ནོ། །བསྒོམ་པའི་ལམ་ལ་ནི་ཤེས་པ་འདྲ་བ་དང་། མི་འདྲ་བ་དང་། དེ་དག་གི་རྣམ་པ་ཐམས་ཅད་མངོན་སུམ་དུ་འགྱུར་བའི་ཕྱིར་ཐམས་ཅད་ཀྱི་རྒྱུ་ཐོབ་པར་འགྱུར་བས་དེ་ལས་ཁྱད་པར་དུ་འཕགས་པའི་ཤེས་པའི་རྣམ་པ་མ་འོངས་པ་འཐོབ་པར་འགྱུར་རོ། །རྗེས་གསུམ་
ལ་ནི་ཀུན་རྫོབ་ཀྱང་། །ཞེས་བྱ་བ་ནི་སྔོན་མ་ཐོབ་པའོ། །ཆོས་ཤེས་པ་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཚེ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤངས་པ་དང་། དེའི་འགོག་པ་
མངོན་དུ་བྱས་པ་མ་ཡིན་ནོ། །ལམ་གྱི་བདེན་པ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་མངོན་པར་མ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་མངོན་པར་རྟོགས་ཀྱི། ཀུན་རྫོབ་ཤེས་པས་ནི་
ནམ་ཡང་ལམ་ལ་ལམ་ལ་སོགས་པའི་རྣམ་པར་མངོན་པར་མ་རྟོགས་སོ། །དེ་བས་ན་གསུམ་ལས་བདེན་པ་རེ་རེ་མངོན་པར་རྟོགས་པའི་རྗེས་ལ་འཐོབ་པར་འགྱུར་གྱི། ལམ་ལ་རྗེས་སུ་ཤེས་པ་ལ་ནི་མ་ཡིན་ནོ། །ལམ་ནི་ཟད་པར་བསྒོམ་པར་མི་ནུས་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་
བར་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཚེ་ཀུན་འབྱུང་བ་ཡང་ཐམས་ཅད་སྤངས་པ་མ་ཡིན་པས་ཞེས་བྱ་བ་ནི་འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའོ། །སྡུག་བསྔལ་ནི་ཁམས་གསུམ་པ་ཐམས་ཅད་ཡོངས་སུ་ཤེས་ཏེ། དེ་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་

པའི་ཕྱིར་རོ། །དེའི་ཕྱིར་ཀུན་འབྱུང་བ་འབའ་ཞིག་ལ་རྒོལ་ལོ། །དེའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །རིགས་མང་བའི་ཕྱིར་ཞེས་བྱ་བ་ལ། རིགས་ནི་ལུས་ཀྱི་རྒྱུད་ཀྱི་ནུས་པའི་ཁྱད་པར་ཡིན་ནོ། །འདི་
ལ་རིགས་དེ་དག་མང་པོ་ཞིག་ཡོད་པས་ལམ་རིགས་མང་པོ་ཅན་ཡིན་ཏེ། ཉན་ཐོས་ཀྱི་རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་། དེ་བཞིན་དུ་སངས་རྒྱས་ཀྱི་རིགས་སོ། །ཉན་ཐོས་ཀྱི་རིགས་ཀྱང་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་ཕན་ཚུན་ཐ་དད་པ་སྟེ། དེ་དག་ལས་མཐོང་བས་སྤང་བར་
བྱ་བའི་གཉེན་པོ་འགའ་ཞིག་ཁོ་ན་བསྒོམ་ཞིང་མངོན་སུམ་དུ་བྱེད་པར་ཟད་ཀྱི་ལམ་ཟད་པར་བསྒོམ་པར་ནི་མི་ནུས་སོ། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པ་ནི་མཐོང་བའི་ལམ་གྱི་འཁོར་ཡིན་པས་དེའི་ཕྱིར་མཐོང་བའི་ལམ་ལ་བདེན་པ་གསུམ་གྱི་རྗེས་ཁོ་
ན་ལ་འཐོབ་ཀྱི། ལམ་གྱི་རྗེས་ལ་ནི་མ་ཡིན་ཏེ། དེ་ནི་བསྒོམ་པའི་ལམ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར། ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འཁོར་ཁོ་ན་ཡིན་གྱི། བསྒོམ་པའི་ལམ་གྱི་འཁོར་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་དགོས་
སོ། །ཁོ་བོ་ནི་དེ་བསྒོམ་པའི་ལམ་གྱི་འཁོར་ཡང་ཡིན་ནོ་ཞེས་ཟེར་རོ། །ཆེས་ཁྱད་པར་དུ་འཕགས་པ་བདེན་པ་ལ་དམིགས་པ་ཞེས་བྱ་བ་ནི་མཐོང་བའི་གནས་སྐབས་ལས་སྔོན་འཇིག་རྟེན་པ་ཡོད་པ་གང་ཡིན་པ་དེ་བས་འཇིག་རྟེན་པ་འདི་ཆེས་ཁྱད་པར་དུ་འཕགས་སོ་སྙམ་དུ་
བསམས་པ་ཡིན་ནོ། །དེ་མངོན་སུམ་དུ་འགྱུར་བར་ནུས་པའི་རྟེན་རྙེད་པ་གང་ཡིན་པ་དེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཤེས་པ་སྟེ། མངོན་སུམ་དུ་འགྱུར་བར་ནུས་པའི་རྟེན་རྙེད་པ་གང་ཡིན་པ་འདི་དེ་རྙེད་པ་ཡིན་གྱི་དོན་གཞན་དུ་འགྱུར་བ་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། །རིགས་རྙེད་ན་རིགས་
ལས་བྱུང་བ་ཡང་རྙེད་པ་ཡིན་ནོ་ཞེས་བྱ་བ་ལ། རིགས་ནི་དེ་སྐྱེད་པར་ནུས་པའི་རྒྱུ་ཡིན་ནོ། །དེ་ལས་བྱུང་བ་ན་རིགས་ལས་བྱུང་བ་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། འདི་སྐད་དུ་དེ་མངོན་སུམ་དུ་འགྱུར་བར་ནུས་པའི་རྟེན་རྙེད་ན་རྟེན་དེས་བསྐྱེད་པར་བྱ་བ་དེ་ཡང་རྙེད་པ་ཡིན་ནོ་ཞེས་བཤད་པར་

འགྱུར་རོ། །ཡང་ཅིའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་རྣམས་དེ་ལྟར་མི་འདོད་ཅེ་ན། དེ་ནི་མཐོང་བའི་ལམ་གྱིས་ཐོབ་པར་བྱ་བ་ཡིན་ནོ། །ཇི་ལྟར་དེ་བསྒོམ་པའི་ལམ་ལ་མངོན་སུམ་དུ་འགྱུར་ཏེ་མཐོང་བའི་ལམ་ལ་ནི་དེ་སྐྱེ་བའི་གོ་སྐབས་མེད་པས་མི་སྐྱེ་བའི་ཆོས་ཅན་
ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་མཐོང་བའི་ལམ་བསམ་གཏན་བཞི་པའི་ས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བསམ་གཏན་དང་པོའི་ས་པ་ཞིག་ཡིན་ན། བསམ་གཏན་དང་པོའི་ས་པ་དང་། མི་ལྕོགས་པ་མེད་པའི་ས་པ་དང་། འདོད་པ་ན་སྤྱོད་པ་དང་ས་
གསུམ་པ་འཐོབ་པོ། གལ་ཏེ་བསམ་གཏན་ཁྱད་པར་ཅན་གྱི་ས་པ་ཞིག་ཡིན་ན་བསམ་གཏན་ཁྱད་པར་ཅན་གྱི་ས་པ་དང་། སྔར་བཤད་པ་བསམ་གཏན་དང་པོ་ལ་སོགས་པའི་ས་པ་དང་། ས་བཞི་པ་འཐོབ་པོ། དེ་བཞིན་དུ་གལ་ཏེ་བསམ་གཏན་གཉིས་པའི་ས་པ་ཡིན་ན། བསམ་
གཏན་གཉིས་པའི་ས་པ་ནས་འདོད་པ་ན་སྤྱོད་པའི་བར་ས་ལྔ་པ་འཐོབ་པོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཞིག་ཡིན་ན། བསམ་གཏན་གསུམ་པ་ནས་འདོད་པ་ན་སྤྱོད་པའི་བར་ས་དྲུག་པ་འཐོབ་བོ། །གལ་ཏེ་བསམ་གཏན་བཞི་པའི་ས་པ་ཞིག་ཡིན་ན་བསམ་གཏན་བཞི་
པའི་ས་པ་ནས་འདོད་པ་ན་སྤྱོད་པའི་བར་ས་བདུན་པ་འཐོབ་བོ། །གཅིག་གྲངས་བཅད་པས་ལྷག་མ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བ་ནི་འགོག་པའི་ནི་ཐ་མ་ཁོ་ན་ཡིན་ལ་ཐ་མ་ཁོ་ན་ཡང་འགོག་པའི་ཡིན་ནོ་ཞེས་གཉི་ག་ངེས་པར་གཟུང་བའི་ཕྱིར་ལྷག་
མ་ནི་དྲན་པ་ཉེ་བར་གཞག་པ་བཞིའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པར་འགྱུར་རོ། །སྡུག་བསྔལ་ནི་ལུས་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་མངོན་པར་རྟོགས་པ་ན་འཐོབ་པའི་ཀུན་རྫོབ་ཤེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ཏེ། དེ་
བཞིན་དུ་ཀུན་འབྱུང་བ་ལ་ཡང་བརྗོད་པར་བྱའོ། །བདེན་པ་དེའི་རྣམ་པ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་མངོན་པར་རྟོགས་པ་ན། འཐོབ་པའི་ཀུན་རྫོབ་ཤེས་པ་གང་ཡིན་པ་དེ་ནི་སོ་སོར་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟང་པ་དང་། བདག་མེད་པའི་རྣམ་པ་ཅན་

ཡིན་ཏེ། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་ལ་ཡང་བརྗོད་པར་བྱའོ། །འདིའི་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་རྣམ་པ་དེ་ནི་དེ་ལ་དམིགས་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་ཡིན་ཞེས་བྱ་བ་ནི་དེས་ན་སྐྱེ་བས་འཐོབ་པ་མ་ཡིན་ནོ། །ཕུང་པོ་བཞི་དང་། ལྔའི་
རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལ་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕུང་པོ་བཞིའི་རང་བཞིན་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ས་གོང་མ་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་
ཏེ། བསམ་གཏན་གྱི་སྡོམ་པའི་མཚན་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་ཡོད་པའི་ཕྱིར་རོ། །ཤེས་པ་གཉིས་ད་ལྟར་བྱུང་བ་ཡིན་ཞེས་བྱ་བ་ནི་རྗེས་སུ་ཤེས་པ་དང་ལམ་ཤེས་པ་སྟེ། ལམ་ལ་རྗེས་སུ་ཤེས་པ་ནི་དེ་གཉི་གའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མ་འོངས་པ་དྲུག་ཅེས་བྱ་བ་ནི་ཆོས་ཤེས་པ་
ལ་སོགས་པའོ། །ཀུན་རྫོབ་ཤེས་པ་ནི་མི་འཐོབ་སྟེ། སྔོན་རྙེད་ཟིན་པ་ནི་མི་འཐོབ་པོ་ཞེས་འཆད་པར་འགྱུར་རོ། །གཞན་གྱི་སེམས་ཤེས་པ་ཡང་མི་འཐོབ་སྟེ། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེའི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་བོ། །ཞེས་བྱ་
བ་ནི་རྣམ་པ་གཅིག་སྤངས་པ་ནས་རྣམ་པ་བརྒྱད་སྤངས་པའི་བར་ཏེ། ཇི་སྲིད་དུ་འདོད་ཆགས་དང་བྲལ་བ་མ་ཡིན་ཞིང་། ཇི་སྲིད་དུ་རྣམ་པ་དགུ་པ་སྤངས་པ་ཡིན་པའི་བར་སྐ