Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 143
Văn bản gốc(Tây Tạng)
Trang 14 / 22 (50.000 ký tự/trang)
ས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ཞེས་བྱ་བ་ཡིན་ནོ། །གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་གོ་ ཞེས་བྱ་བ་ནི་ཚངས་རིས་ལ་སོགས་པ་འོག་མིན་ལ་ཐུག་པ་དག་གོ། །ཚངས་ཆེན་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ཀྱང་གནས་གཞན་མ་ཡིན་ལ། ཉི་འོག་པའི་ལུགས་ཀྱིས་ནི་གནས་གཞན་ཉིད་ཡིན་མོད་ཀྱི་དེར་འཕགས་པ་མི་སྐྱེ་བས་མི་བགྲང་སྟེ། དེ་ལྟར་ན་གནས་གཞན་གྱི་བྱེ་བྲག་ གིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་བཅུ་དྲུག་ཡིན་ནོ། །ས་དང་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་སྟེ་ཞེས་བྱ་བ་ནི་སའི་བྱེ་བྲག་དང་དེ་ལ་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སུམ་ཅུ་རྩ་དྲུག་གོ། །ཇི་ལྟ་ཞེ་ན། གཟུགས་ཀྱི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་བས་སྟོན་པར་བྱེད་དེ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོའི་འཆིང་བ་མཐའ་དག་དང་ལྡན་པ་དང་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་ བར་དགུའོ། །གཉིས་པའི་ཡང་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་དགུའོ། །དེ་བཞིན་དུ་གསུམ་པའི་དགུ་དང་། དེ་བཞིན་དུ་བཞི་པའི་དགུ་སྟེ། དགུ་བཞི་སུམ་ཅུ་རྩ་དྲུག་ཡིན་ནོ། །བསམ་གཏན་བཞི་པའི་རྣམ་པ་བརྒྱད་ལས་ འདོད་ཆགས་དང་བྲལ་བའི་བར་རོ་ཞེས་བྱ་བ་ལ། བར་ཞེས་བྱ་བའི་སྒྲས་ནི་བསྒྲེས་པའི་དོན་འདི་འཐོབ་པོ། །བསམ་གཏན་བཞི་པའི་དགུ་པའི་རྣམ་པ་ལས་འདོད་ཆགས་དང་བྲལ་བ་ཞེས་ནི་མི་བརྗོད་དེ། འདི་ནི་གཟུགས་མེད་པའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ནོ། ། འདིར་ནི་གཟུགས་མེད་པར་འགྲོ་བའི་དབང་དུ་བྱེད་པ་མ་ཡིན་གྱི། སྲིད་པ་བར་མ་དང་སྦྱར་བས་འདིར་གཟུགས་སུ་ཉེ་བར་འགྲོ་བ་རྣམས་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ལྟ་ཡིན་པས་གནས་གཞན་དང་རིགས་དང་འདོད་ཆགས་དང་བྲལ་བ་དང་དབང་པོའི་བྱེ་བྲག་གིས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གནས་གཞན་རྣམས་དང་། རིགས་རྣམས་དང་། འདོད་ཆགས་དང་བྲལ་བ་རྣམས་དང་། དབང་པོ་རྣམས་ཀྱི་བྱེ་བྲག་གིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཡིན་ཏེ། རྩ་དགུ་བཅུ་རྩ་གཉིས་སོ། །ཇི་ལྟར་བྱས་པས་དེ་ལྟར་འགྱུར་ཞེ་ན། སྨྲས་པ། གནས་གཅིག་ན་སྟེ། དཔེར་ན་ཚངས་རིས་ལྟ་བུ་ན་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་བྱེ་བྲག་གིས་རིགས་དྲུག་གོ། །རིགས་རེ་རེ་ལ་ཞེས་བྱ་བ་ནི་ཟློག་པ་ཡིན་ནོ། །འཆིང་བ་མཐའ་དག་དང་ལྡན་པ་ནས་རང་གི་གནས་དཔེར་ན་ཚངས་རིས་ལྟ་བུའི་རྣམ་པ་བརྒྱད་ ལས་འདོད་ཆགས་དང་བྲལ་བའི་བར་གང་ཟག་དགུ་དགུའོ། །རིགས་དང་ལྡན་པའི་གང་ཟག་དགུ་དགུ་སྨོས་པའི་ཕྱིར་དགུ་དྲུག་ནི་ལྔ་བཅུ་བཞིའོ། །གནས་གཞན་བཅུ་དྲུག་སྨོས་པའི་ཕྱིར་ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་ན་བརྒྱད་བརྒྱ་དྲུག་ཅུ་རྩ་བཞི་སྟེ། རྩ་དྲུག་ཅུ་རྩ་བཞིའོ། །ཡང་ དབང་པོ་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། ཆུང་ངུ་དང་འབྲིང་དང་། ཆེན་པོའི་བྱེ་བྲག་གིས་སོ། །དེ་ལྟར་བྱས་པས་སོ། །ཅི་ཞེ་ན། ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཡིན་ནོ། །ཚུལ་གང་གིས་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་ བར་གང་ཟག་དགུ་དགུར་རྣམ་པར་གཞག་པའི་ཚུལ་དེ་བསྟན་པའི་ཕྱིར། བསམ་གཏན་འོག་མའི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་འོག་མ་སྟེ། དང་པོ་ནས་གསུམ་པའི་བར་གྱི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་བསམ་གཏན་གོང་མ་སྟེ། གཉིས་པ་ནས་བཞི་པའི་བར་གྱི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ནོ་ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། འདྲ་བར་བརྩི་བའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཅི་ནས་ཀྱང་བསམ་གཏན་བཞི་པ་ན་དགུ་དགུར་འགྱུར་བར་བྱ་བའི་ཕྱིར་རོ། །གཞན་དུ་ན་མི་འདྲ་བར་བརྩིས་པར་འགྱུར་ཏེ། བསམ་གཏན་དང་པོ་ན་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བའི་བར་བཅུར་འགྱུར་རོ། །གཉིས་པ་ནི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བའི་བར་དགུར་འགྱུར་ཏེ། གསུམ་པ་ན་ཡང་དེ་དང་ འདྲའོ། །བཞི་པ་ན་ནི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་རྣམ་པ་བརྒྱད་ལས་འདོད་ཆགས་ལས་བྲལ་བའི་བར་བརྒྱད་དུ་འགྱུར་ཏེ། རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གོང་ དུ་འཕོ་བའི་བར་དུ་ཡང་དེ་དང་འདྲ་བས་ཞེས་བྱ་བ་ནི་སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་མངོན་པར་འདུ་བྱེད་པ་མེད་པ་དང་། གོང་དུ་འཕོ་བ་རྣམས་ཀྱང་གནས་གཞན་དང་། རིགས་དང་། འདོད་ཆགས་དང་བྲལ་བ་དང་། དབང་པོའི་བྱེ་བྲག་གིས་དེ་བཞིན་དུ་སོ་སོར་ཉིས་ སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཡིན་ཏེ། ཐམས་ཅད་བསྡུས་ན་ཕྱིར་མི་འོང་བའི་ཁྱད་པར་ལྔ་པོ་དག་ཁྲི་ཉིས་སྟོང་དགུ་བརྒྱ་རྩ་དྲུག་ཅུ་ཡིན་ནོ། །གཟུགས་མེད་པར་འགྲོ་བ་སྐྱེས་ནས་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞིའི་ཁྱད་པར་དག་དང་བཅས་ན་ནི་དེའི་ཚེ་དེ་དག་མང་མོ་ཞིག་ཏུ་འགྱུར་བ་ ལམ་འདིས་ཁོང་དུ་ཆུད་པར་འགྱུར་བ་ཉིད་པས་མ་བྲིས་སོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་ཟད་པར་བྱེད་པ་ནས་སྲིད་རྩེའི་བར་ཆ་བརྒྱད་ཟད་པ་སྟེ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་ཟད་པར་ཡང་བྱེད་པ་ཞེས་བྱ་བའི་ཐ་ཚིག་ གོ། །ཕྱིར་མི་འོང་བ་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་འདོད་པ་ལས་འདོད་ཆགས་དང་བྲལ་བས་ཕྱིར་མི་འོང་བ་རྣམ་པར་གཞག་པ་དེའི་ཕྱིར་དེ་ཡན་ཆད་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ནོ། ། ཇི་ལྟར་རྡོ་རྗེས་ཐམས་ཅད་འཇོམས་པ་དེ་བཞིན་དུ་ཏིང་ངེ་འཛིན་འདིས་ཀྱང་ཕྲ་རྒྱས་ཐམས་ཅད་འཇོམས་པས་མཐུའི་སྒོ་ནས་འདི་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་ལྟ་བུ་ཡིན་ནོ། །བཅོམ་ཟིན་པའི་ཕྱིར་འདིས་ཐམས་ཅད་འཇོམས་པ་ནི་མ་ཡིན་ཞེས་བྱ་བ་ནི་ཁམས་གསུམ་པའི་མཐོང་ བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་པའི་རྣམ་པ་བརྒྱད་ཀྱི་བར་དག་གོ། །གལ་ཏེ་ཐམས་ཅད་མི་འཇོམས་ན་ཅིའི་ཕྱིར་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་ཞེས་བྱ་ཞེ་ན། དེའི་ཕྱིར་ཐམས་ཅད་འཇོམས་པར་ནུས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སྲིད་པའི་དབང་དུ་བྱས་ནས་བཤད་དོ་སྙམ་དུ་དགོངས་པ་ཡིན་ནོ། །མི་ལྕོགས་པ་མེད་པས་བསྡུས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགྲ་བཅོམ་པ་ཉིད་ནི་ས་དགུ་པོ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། སྲིད་པའི་རྩེ་མོ་མ་གཏོགས་ པ་གཟུགས་མེད་པ་གསུམ་ལ་བརྟེན་ནས་འཐོབ་སྟེ། དེའི་ཕྱིར་འདི་ལྟར་སྤྲོས་སོ། །སྡུག་བསྔལ་དང་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་ཅེས་བྱ་བ་ནི་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་ལ་དམིགས་པ་རྗེས་སུ་ཤེས་པའི་རྣམ་པ་བཞི་དང་ མཚུངས་པར་ལྡན་པ་བཞི་དང་། སྲིད་པའི་རྩེ་མོ་པའི་ཀུན་འབྱུང་བ་ལ་དམིགས་པ་རྗེས་སུ་ཤེས་པའི་རྣམ་པ་གཞན་བཞི་དང་མཚུངས་པར་ལྡན་པ་བཞི་སྟེ་བརྒྱད་དོ། །འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་ཅེས་བྱ་བ་ལའང་དེ་ཁོ་ན་ བཞིན་དུ་བརྗོད་པར་བྱ་སྟེ། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བས་འདིར་དེ་གཉིས་ཁོ་ན་ཉེ་བར་དགོད་ཀྱི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་ཆོས་ཤེས་པ་དག་ནི་མི་གཟུང་ངོ་། །དེ་ བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བའི་སྒྲས་ནི་ཇི་ལྟར་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་ཡིན་པ་དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པ་དག་ཀྱང་སོ་སོར་བཞི་བཞི་ཡིན་པར་བརྗོད་པར་བྱའོ། །ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ་ཞེས་བྱ་བ་འདི་ནི་སོ་སོའི་ ལམ་ལ་དམིགས་པ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་བཞི་ཞེས་མི་བརྗོད་དོ། །ཅིའི་ཕྱིར་ལམ་ལ་ཞེ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པར་ཟད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ནི་གཉེན་ པོའི་ངོ་བོར་ཡང་ཁྱད་པར་མེད་ལ་ལམ་ནི་ཕན་ཚུན་གྱི་རྒྱུ་ཡང་ཡིན་པས་རིལ་ཁོ་ན་ལ་དམིགས་ཀྱི་འགོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་ནི་བཞི་ཁོ་ནར་ཟད་དོ། །དེ་དག་ནི་ཤེས་པའི་རྣམ་པ་དག་དང་དམིགས་པའི་བྱེ་བྲག་གིས་ ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པའི་རྣམ་པའི་བྱེ་བྲག་དང་། དམིགས་པའི་བྱེ་བྲག་གིས་ཐ་དད་པའོ། །ཡང་ན་ཤེས་པ་རྣམས་དང་རྣམ་པ་རྣམས་དང་། དམིགས་པ་རྣམས་ཀྱི་བྱེ་བྲག་གིས་ཐ་དད་པ་སྟེ། རེ་ཞིག་ཤེས་པའི་རྣམ་པའི་བྱེ་བྲག་གིས་ཐ་དད་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་ རྗེས་སུ་ཤེས་པའི་རྣམ་པ་དག་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དམིགས་པའི་བྱེ་བྲག་གིས་ཐ་དད་པ་ཡང་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལྔ་བཅུ་རྩ་གཉིས་ཡིན་ནོ་ཞེས་བྱ་བ་ནི་དང་ པོ་བརྒྱད་ཚན་གཉིས་ཏེ། བཅུ་དྲུག་དང་། བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞིའི་བར་དུ་བཞི་ཚན་དགུ་ལ་སུམ་ཅུ་རྩ་དྲུག་སྟེ། བཅུ་དྲུག་དང་སུམ་ཅུ་རྩ་དྲུག་ནི་ལྔ་བཅུ་རྩ་གཉིས་སུ་འགྱུར་རོ། །མི་ ལྕོགས་པ་མེད་པས་བསྡུས་པ་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དངོས་གཞིའི་བསམ་གཏན་ལ་མ་བརྟེན་ཅིང་མ་ཞུགས་པར་སྐྱེ་བས་ན་མི་ལྕོགས་པ་མེད་པས་ཏེ། བཤད་མ་ཐག་པའི་རྣམ་པ་གང་གིས་མི་ལྕོགས་པ་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལྔ་བཅུ་རྩ་གཉིས་ ཡིན་པའི་རྣམ་པ་དེ་ཉིད་ཀྱི་བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པ་ཡང་ལྔ་བཅུ་རྩ་གཉིས་ཡིན་ནོ། །ཇི་ལྟར་ཤེས་པས་ཤེ་ན། བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པ་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པ་སྡུག་བསྔལ་དང་ཀུན་ འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་ པ་བཞི་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་བཞི་དང་། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པའི་ཕྱིར་རོ། །དེ་དག་ནི་ཤེས་པའི་རྣམ་པ་དང་། དམིགས་པའི་ བྱེ་བྲག་གིས་ཐ་དད་པའི་ཕྱིར་ལྔ་བཅུ་རྩ་གཉིས་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པ་ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་དང་པོས་བསྡུས་པ་ལྔ་བཅུ་རྩ་གཉིས་ཡིན་པ་ནས་བསམ་གཏན་བཞི་པས་བསྡུས་པའི་བར་དུ་ལྔ་བཅུ་རྩ་གཉིས་ཡིན་ནོ། །གྲངས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་རྩ་བརྒྱད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་རྩ་བཞིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུའོ། །སྲིད་པའི་རྩེ་མོ་ན་ནི་འཕགས་པའི་ལམ་མེད་པས་དེས་བསྡུས་པ་མེད་པའི་ཕྱིར་མི་ བསམ་མོ། །དེ་དག་ན་ཆོས་ཤེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཤེས་པ་ནི་ས་དྲུག་པ་ཡིན་པའི་ཕྱིར་དེ་ལྟ་བས་ན་འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་མེད་དོ། །རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའི་ཕྱིར་འགོག་པ་ལ་རྗེས་སུ་ ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བསམ་གཏན་བཞིའི་འགོག་པ་ལ་དམིགས་པ་བཅུ་དྲུག་ཀྱང་མེད་པས་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། ལྔ་བཅུ་རྩ་གཉིས་ལས་བརྒྱ་དང་བཅུ་དྲུག་དེ་ལྟར་བོར་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དོ། །འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་འགོག་པ་ལ་དམིགས་པ་བཅུ་དྲུག་དང་། ལམ་ལ་རྗེས་ སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ། དེ་དག་ནི་ཤེས་པའི་རྣམ་པ་དང་། དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་ཉི་ཤུ་རྩ་བརྒྱད་ཡིན་ནོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་བཞི་ བོར་ནས་ཉི་ཤུ་རྩ་བཞི་ཡིན་པར་སྦྱར་རོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་གཞན་བཞི་ཡང་བོར་ནས་ཉི་ཤུ་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་མེད་པ་རྣམས་རང་གི་ས་དང་ས་གོང་མ་པ་ཁོ་ནའི་འགོག་པ་ལ་དམིགས་ཀྱི། བསམ་གཏན་བཞིན་དུ་ས་འོག་པ་ནི་མ་ཡིན་ཞེ་ན། ས་འོག་མའི་སྡུག་བསྔལ་ལ་མ་དམིགས་པར་དེའི་འགོག་པ་ལ་དམིགས་པར་མི་ནུས་སོ། །སྡུག་བསྔལ་ཡང་ཐམས་ཅད་ཟག་པ་དང་བཅས་པ་ཡིན་ལ། གཟུགས་མེད་རྣམ་བཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། །ཞེས་ བྱ་བ་འདི་ཡང་ངེས་པས་འདི་ནི་རྒྱུ་ཡིན་ནོ། །བསམ་གཏན་རྣམས་ནི་ཀུན་དུ་ལྟ་བ་ཡིན་པའི་ཕྱིར་མི་དགག་སྟེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་འཆད་པར་འགྱུར་རོ། །ཡང་ཅིའི་ཕྱིར་འགོག་པ་ཁོ་ན་ལ་དམིགས་ཀྱི་སྡུག་བསྔལ་ལམ་ཀུན་འབྱུང་བ་ལ་ནི་མ་ཡིན་ཞེ་ན། སྲིད་ པའི་རྩེ་མོ་མན་ཆད་ཀྱི་ས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ལ་ནི་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པ་རྡོ་རྗེ་ལྟ་བུས་གཞོམ་པར་བྱ་བ་ཁོ་ན་ལུས་སོ། །ས་འོག་མ་པའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ་ཞེས་བྱ་བ་ནི་ཤེས་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ དང་མཚུངས་པར་ལྡན་པར་རིག་པར་བྱའོ། །གཉེན་པོ་དེ་ནི་ཕན་ཚུན་དུ་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་དག་གི །ཞེས་བྱ་བའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ཐམས་ཅད་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ས་དགུ་པའི་དམིགས་པ་ ཡིན་ནོ། །གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་མངོན་པ་གང་དག་འགོག་པ་ལ་རྗེས་སུ་ཤེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ལམ་ལ་རྗེས་སུ་ཤེས་པ་ཡང་ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་འདོད་པ་དེ་དག་གི་ལྟར་ན་ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་ན་མི་ ལྕོགས་པ་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ནི་བརྒྱད་ཅུ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། སྔ་མ་ལྟར་ན་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པ་ཡིན་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པ་བཞི་ཡིན་ནོ། །ད་ནི་ཁ་ཅིག་གི་གཞུང་ ལུགས་ཀྱིས་ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་ཡང་རྣམ་པར་འཇོག་སྟེ། མི་ལྕོགས་པ་མེད་པས་བསྡུས་པ་བསམ་གཏན་དང་པོའི་གཉེན་པོ་ལ་དམིགས་པ། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་ནས། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་ མཆེད་ཀྱི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་བར་དུ་བཞི་སྟེ། དེ་ལྟར་ན་ཉི་ཤུ་རྩ་བརྒྱད་ལྷག་པ་ཡིན་ནོ། །ལྔ་བཅུ་རྩ་གཉིས་ལ་ཉི་ཤུ་རྩ་བརྒྱད་ཀྱིས་ལྷག་པར་བསྣན་ན་བརྒྱད་ཅུར་འགྱུར་རོ། །ཡང་ཅིའི་ཕྱིར་སྲིད་པའི་རྩེ་མོའི་ གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་མི་བགྲང་ཞེ་ན། སྨྲས་པ། ཟག་པ་མེད་པའི་ལམ་སྲིད་པའི་རྩེ་མོའི་བསྡུས་པ་སྲིད་པའི་རྩེ་མོའི་གཉེན་པོ་ནི་མེད་ཀྱི། བསམ་གཏན་དང་པོའི་ས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་ པའི་བར་ནི་ཡོད་དེ། དེ་ལྟ་བས་ན་དེ་དག་གི་གཉེན་པོ་ལ་དམིགས་པ་ཁོ་ན་བཤད་ཀྱི་སྲིད་པའི་རྩེ་མོའི་གཉེན་པོ་ལ་དམིགས་པ་ནི་མ་ཡིན་ནོ། །གཞན་དག་འཆད་པ་ནི་གང་དག་ལམ་ལ་རྗེས་སུ་ཤེས་པ་ཡང་ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་འདོད་པ་ནི་འགོག་པ་ལ་རྗེས་སུ་ཤེས་པ་ ཇི་ལྟ་བ་བཞིན་དུ་འདོད་པ་ཞེས་བྱ་བར་བསམ་པ་ཡིན་ནོ། །དེ་དག་གི་ལྟར་ན་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་བཞི་སྟེ་སུམ་ཅུ་རྩ་གཉིས་དང་། དེ་བཞིན་དུ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་ཡང་དེ་ དང་འདྲ་བར་སུམ་ཅུ་རྩ་གཉིས་ཡིན་པས་མི་ལྕོགས་པ་མེད་པས་བསྡུས་པ་རྡོ་རྗེ་ལྟ་བུ་ནི་བརྒྱད་ཅུ་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པར་ཟད་པར་ལ་དམིགས་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་པོ་གང་དག་ཡིན་ པ་དག་ནི་མེད་ཀྱི་དེ་དག་གི་གོར་སྲིད་པའི་རྩེ་མོའི་གཉེན་པོ་ལ་དམིགས་པ་དག་ཡོད་པས་འདིར་རྡོ་རྗེ་ལྟ་བུ་བརྒྱད་ཅུ་ཡིན་ནོ། །བསམ་གཏན་བཞི་པས་བསྡུས་པའི་བར་དུ་ཡང་དེ་དང་འདྲའོ། །ཇི་ལྟ་ཞེ་ན། ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་ནས་བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པའི་ རྡོ་རྗེ་ལྟ་བུ་བརྒྱད་ཅུ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པ་ཇི་ལྟ་བ་དེ་བཞིན་དུ། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ཡང་བརྒྱད་ཅུ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ནི་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་མ་ གཏོགས་པའི་གཟུགས་མེད་པ་གསུམ་པོ་དག་ན་ནི་གོ་རིམས་བཞིན་དུ་བཞི་བཅུ་དང་། སུམ་ཅུ་རྩ་གཉིས་དང་། ཉི་ཤུ་རྩ་བཞི་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉི་ཤུ་རྩ་བརྒྱད་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པའི་བར་བཞིས་བསྣན་ཏེ། བཅུ་གཉིས་ཀྱིས་བསྣན་ན་བཞི་བཅུར་འགྱུར་རོ། །དེ་བཞིན་དུ་ཉི་ཤུ་རྩ་བཞི་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་ཀྱི་གཉེན་པོ་ལ་དམིགས་པ་བཞི་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པ་བཞིས་བསྣན་ནས་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ཉི་ཤུ་ལ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པ་གཉེན་པོ་བཞིས་བསྣན་ནས་ཉི་ཤུ་རྩ་བཞིར་འགྱུར་རོ། ། སྨྲས་པ། ས་འོག་མའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ། དེ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནམ། །ཡང་ཅིའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པ་རང་གི་ས་དང་ས་གོང་མའི་གཉེན་པོ་ལ་དམིགས་པ་ཁོ་ནར་བཤད་ཀྱི། ས་ འོག་མའི་གཉེན་པོ་ལ་དམིགས་པ་ནི་མ་ཡིན་ཞེ་ན། འདིར་སྨྲས་པ། ཁྱད་པར་དུ་མ་བྱས་པར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ས་དགུ་པ་ནི་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡིན་ནོ་ཞེས་བཤད་ཀྱི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པ་ས་འོག་ མའི་གཉེན་པོ་ལ་དམིགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ས་དང་ས་གོང་མའི་གཉེན་པོ་ཁོ་ན་ལ་དམིགས་པ་ཡིན་ནོ། །དེ་ལ་རྗེས་སུ་ཤེས་པའི་ཁྱད་པར་མེད་པའི་ངོ་བོར་འོག་མ་ལ་དམིགས་པ་ཡིན་གྱི། ཁྱད་པར་གྱི་ངོ་བོར་ནི་མ་ཡིན་ནོ། །རང་གི་ས་དང་ས་གོང་མ་ལ་དམིགས་པ་ནི་ ཁྱད་པར་གྱི་ངོ་བོར་ཡང་ཡིན་ནོ་ཞེས་བྱ་བ་འདིར་ནི་གཞན་གྱི་གཞུང་ལུགས་ཀྱིས་བཤད་པ་ཡིན་ནོ། །སྔ་མ་སྟེ་རྗེས་སུ་ཤེས་པ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཅིའི་ངོ་བོ་ཁོ་ནར་དམིགས་སོ་ཞེས་བྱ་བ་དེ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གཞག་པའི་ཕྱོགས་ཡིན་ཏེ། འདི་ལྟར་སློབ་ དཔོན་འདུས་བཟངས་ཀྱིས་ལམ་ལ་རྗེས་སུ་ཤེས་པ་ཐམས་ཅད་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པས་དགུ་པའི་དམིགས་པ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ནི་འདི་སྐད་ཟེར་ཏེ། སྲིད་པའི་རྩེ་མོའི་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ ལྡན་པ་བརྒྱད་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་བཞི་ནས་སྲིད་པའི་རྩེ་མོ་པའི་འགོག་པ་ལ་དམིགས་པའི་བར་བཞི་སྟེ། བཅུ་དྲུག་དང་། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་ པར་ལྡན་པ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པ་བཞི་ནས་སྲིད་པའི་རྩེ་མོའི་གཉེན་པོ་ལ་དམིགས་པའི་བར་བཞི་སྟེ་བཅུ་དྲུག་གོ། །དེ་དག་ནི་བཅུ་དྲུག་ཕྲག་གཉིས་དང་། སྔར་བཤད་པའི་བརྒྱད་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པའི་རྡོ་རྗེ་ལྟ་བུ་བཞི་ བཅུར་འགྱུར་བ་ཡིན་ནོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་སུམ་ཅུ་རྩ་གཉིས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་དང་གཉེན་པོ་ལ་དམིགས་པ་བརྒྱད་དོར་རོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་རྩ་བཞི་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ འགོག་པ་དང་། ལམ་ལ་དམིགས་པ་གཞན་བརྒྱད་ཀྱང་དོར་རོ་ཞེས་ཟེར་ཏེ། །དེ་དག་ནི་སྲིད་པའི་རྩེ་མོ་ལ་ཡང་། གཉེན་པོའི་ལམ་ས་འོག་མ་པ་ཡོད་དོ་ཞེས་ཟེར་རོ། །ཡང་རིགས་དང་དབང་པོའི་བྱེ་བྲག་གིས་ནི་ཆེས་མང་བ་ཡིན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རེ་ཞིག་ཐམས་ཅད་ཀྱི་དང་ པོར་བརྒྱད་བཤད་པ་དེ་དག་ལས་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་ལ་དམིགས་པ་མི་རྟག་པའི་རྣམ་པ་དང་མཚུངས་པར་ལྡན་པའི་རྡོ་རྗེ་ལྟ་བུ་གང་ཡིན་པ་དེ་རིགས་དྲུག་གི་བྱེ་བྲག་གིས་ཁྱད་པར་རྣམ་པ་དྲུག་གོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་རྣམ་པ་དང་མཚུངས་པར་ལྡན་པ་གསུམ་ ཡང་སོ་སོར་ཁྱད་པར་རྣམ་པ་དྲུག་ཡིན་ལ། དེ་དག་ཀྱང་སོ་སོར་དབང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་དོ། །ཇི་ལྟར་འདི་དག་གི་སོ་སོར་རིགས་དང་དབང་པོའི་བྱེ་བྲག་གིས་ཐ་དད་པ་དེ་བཞིན་དུ་སྲིད་པའི་རྩེ་མོ་པའི་ཀུན་འབྱུང་བ་ལ་དམིགས་པ་བཞི་ཡང་སོ་སོར་རིགས་དྲུག་གི་བྱེ་ བྲག་གིས་ཁྱད་པར་རྣམ་པ་དྲུག་ཡིན་ལ། དབང་པོ་གསུམ་གྱི་བྱེ་བྲག་གིས་ཁྱད་པར་རྣམ་པ་གསུམ་ཡིན་ནོ། །ཇི་ལྟར་བརྒྱད་པོ་འདི་དག་རིགས་དང་། དབང་པོའི་བྱེ་བྲག་གིས་སོ་སོར་ཁྱད་པར་རྣམ་པ་དྲུག་དང་། རྣམ་པ་གསུམ་ཡིན་པ་དེ་བཞིན་དུ་མི་ལྕོགས་པ་མེད་པས་བསྡུས་པ་ཤེས་ པའི་རྣམ་པ་དང་། དམིགས་པའི་བྱེ་བྲག་གིས་ཐ་དད་པ་དག་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པའི་བར་ཐམས་ཅད་ཀྱང་རིགས་དང་། དབང་པོའི་བྱེ་བྲག་གིས་ཐ་དད་པར་ལམ་འདིས་སྦྱར་བར་བྱའོ། །ཡང་ན་འདི་ལྟར་སྦྱར་བར་བྱའོ། །ཕྱོགས་དང་པོ་ལ་མི་ལྕོགས་ པ་མེད་པས་བསྡུས་པ་ལྔ་བཅུ་རྩ་གཉིས་ཡིན་པར་རིགས་དང་དབང་པོའི་བྱེ་བྲག་གིས་ཐ་དད་པར་ལམ་འདིས་སྦྱར་བར་བྱའོ། །ཕྱོགས་དང་པོ་ལ་མི་ལྕོགས་པ་མེད་པ་མེད་པས་བསྡུས་པ་ལྔ་བཅུ་རྩ་གཉིས་ཡིན་པ་ལྟར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ཉི་ཤུ་ཡིན་པའི་ བར་ཡང་དེ་དང་འདྲ་སྟེ། སྤྱིར་བསྡུས་ན་རྡོ་རྗེ་ལྟ་བུ་སུམ་བརྒྱ་བརྒྱད་ཅུ་རྩ་བཞིར་འགྱུར་རོ། །དེ་དག་རིགས་དང་དབང་པོའི་བྱེ་བྲག་གིས་དྲུག་འགྱུར་དང་། སུམ་འགྱུར་དུ་བསྒྱུར་ན་དྲུག་སྟོང་དགུ་བརྒྱ་རྩ་བཅུ་གཉིས་སུ་འགྱུར་རོ། །ཕྱོགས་གཉིས་པ་ལ་ནི་གང་ལ་དང་པོ་ བརྒྱད་ཅུ་ཡིན་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཉི་ཤུ་རྩ་བཞི་ཡིན་པའི་བར་གཅིག་ཏུ་བསྡོམས་ན་ལྔ་བརྒྱ་བདུན་ཅུ་རྩ་དྲུག་ཏུ་འགྱུར་རོ། །རིགས་དང་དབང་པོའི་བྱེ་བྲག་གིས་དྲུག་འགྱུར་དང་སུམ་འགྱུར་དུ་བསྒྱུར་ན་རྡོ་རྗེ་ལྟ་བུ་ཁྲི་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དང་པོ་ ཉིད་དུ་ཞེས་བྱ་བ་གང་གི་ཕྱིར་ཞེ་ན། དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པ་དེ་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཟད་པ་ཤེས་པ་ཞེས་བྱ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་ པའི་ཕྱིར་རམ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །དང་པོ་ཉིད་དུ་ཞེས་སྨོས་པ་ནི་མི་སྐྱེ་བ་ཤེས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཐམས་ཅད་ཅེས་སྨོས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཤེས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། སྒྲ་འཇུག་པ་ནི་བརྡ་ལ་ལྟོས་པས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་ བྱ་བ་ནི་དེ་རང་གི་དོན་ཡོངས་སུ་རྫོགས་པ་ན་གཞན་གྱི་དོན་བྱེད་པར་འོས་པའི་ཕྱིར་ཏེ། གཞན་གྱི་དོན་བྱེད་པར་བཤད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་ཞེས་བྱ་བ་ལ་འདོད་ཆགས་དང་བཅས་པ་ནི་སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་ ཏེ། དེ་དག་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པ་ཡིན་ནོ། །གྲུབ་པོ་ཞེས་བྱ་བ་ཅི་གྲུབ་ཅེ་ན། གང་ཟག་སྔར་བཤད་པ་གཞན་བདུན་ནི་སློབ་པ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ལ་གནས་པ་གསུམ་དང་། ཞུགས་པ་བཞི་བཤད་པ་ཡིན་ཏེ། འདི་ཁོ་ན་མི་སློབ་པ་ཡིན་ནོ་ ཞེས་དམིགས་ཀྱིས་བསྩལ་བའི་ཕྱིར་འདི་ལས་གཞན་པའི་འཕགས་པ་རྣམས་ནི་སློབ་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཅིའི་ཕྱིར་སློབ་པ་ཡིན་ཞེས་བྱ་བ་ནི་རྒྱུ་གང་གིས་ན་གང་ཟག་བདུན་པོ་དེ་དག་སློབ་པ་ཞེས་བྱ་ཞེ་ན། ཟག་པ་ཟད་པར་བྱ་བའི་ཕྱིར་རྟག་ཏུ་སློབ་པའི་ངང་ཚུལ་ཅན་ཡིན་པའི་ ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་དག་སློབ་པའི་ངང་ཚུལ་ཅན་ཡིན་པས་ན་སློབ་པ་དག་གོ། །གང་ལ་སློབ་པའི་ངང་ཚུལ་ཅན་ཡིན་ཞེ་ན། བསླབ་པ་གསུམ་པོ་ལའོ། །བསླབ་པ་གང་ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། །དེ་དག་གི་ རང་བཞིན་ཅི་ཞེ་ན། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ལྷག་པའི་ཚུལ་ཁྲིམས་ལ་སློབ་པས་ན་ལྷག་པའི་ཚུལ་ཁྲིམས་ལ་སྟེ། དེ་བཞིན་དུ་ལྷག་པའི་ཤེས་རབ་ཀྱི་བར་ལ་སློབ་པས་ན་ལྷག་པའི་ཤེས་རབ་སློབ་པའོ། །བསླབ་ པ་གསུམ་ལས་ཐ་མི་དད་པའི་ཕྱིར་ཚུལ་ཁྲིམས་ལ་སོགས་པའི་རང་བཞིན་ཉིད་བསླབ་པ་ཡིན་ནོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་ཡང་སློབ་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཡང་ཇི་སྐད་བཤད་པ་དག་ལ་སློབ་པས་སོ། །མ་ཡིན་ཏེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པའི་ ཕྱིར་དང་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་ཞེས་འབྱུང་བས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པའི་ཕྱིར་ཏེ། ཁོང་དུ་མ་ཆུད་པའི་ཕྱིར་རོ། །འདི་ ལྟར་མདོ་ལས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་རྒྱ་ཆེར་བཤད་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་ བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའི་ཕྱིར་རོ། །གཞན་ཡང་ སློབ་པ་གཏོང་བའི་ཕྱིར་ཏེ། སོ་སོར་ཐར་པའི་སྡོམ་པ་ཡོངས་སུ་གཏོང་བ་དང་དྲོ་བར་གྱུར་པ་ལ་སོགས་པ་ལས་ཡོངས་སུ་ཉམས་པའི་སྒོ་ནས་ཚུལ་ཁྲིམས་ལ་སོགས་པ་གང་ལ་བསླབ་པ་དེ་ལ་སློབ་པ་གཏོང་བའི་ཕྱིར་རོ། །འཕགས་པ་ནི་ཆུང་ཟད་གཏོང་དུ་ཟིན་ཀྱང་ཐམས་ཅད་མ་ ཡིན་ཏེ། འཕགས་པ་ནི་ནམ་ཡང་བསླབ་པ་གསུམ་ཆར་མེད་པ་མ་ཡིན་ནོ། །འཕགས་པ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རང་བཞིན་ནི་མཉམ་པར་མ་བཞག་པའི་གནས་སྐབས་ཡིན་ཏེ། དེ་ལ་གནས་པའི་འཕགས་པ་བསོད་སྙོམས་པ་ ལ་སོགས་པ་སྤྱོད་དུ་གཤེགས་པ་སློབ་པའི་ངང་ཚུལ་ཅན་མ་ཡིན་པས་སློབ་པ་མ་ཡིན་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །བསམ་པའི་སྒོ་ནས་ཏེ་ཞེས་བྱ་བ་ནི་འདུན་པའི་སྒོ་ནས་སོ། །ལམ་དུ་འགྲོ་བ་གནས་པ་བཞིན་ནོ་ཞེས་བྱ་བ་ལ། ལམ་དུ་འགྲོ་བ་ཞེས་བྱ་བ་ནི་གང་ཞིག་ལམ་དུ་ཞུགས་ ཏེ་འགྲོ་བ་དེ་ནི་འདུག་ཏུ་ཟིན་ཀྱང་འགྲོ་བའི་བསམ་པ་མ་བོར་བའི་ཕྱིར་ལམ་དུ་འགྲོ་བ་ཞེས་བྱ་བ་ཉིད་དེ་དེ་དང་འདྲའོ། །ཐོབ་པ་དང་རྗེས་སུ་འབྲེལ་པའི་ཡང་ཕྱིར་ཏེ། འཕགས་པ་ནི་རང་བཞིན་དུ་གནས་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་གིས་ཐོབ་པ་དང་རྗེས་སུ་འབྲེལ་ཏོ། ། དེ་ལྟ་བས་ན་རང་བཞིན་ལ་གནས་ཀྱང་སློབ་པའི་ངང་ཚུལ་ཅན་ཁོ་ན་ཡིན་ནོ། །སློབ་པ་དང་མི་སློབ་པའི་ཞར་ལ་ཡང་སློབ་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་འདི་བརྗོད་དོ། །སློབ་པའི་ཆོས་ཟག་པ་མེད་པ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡིན་ཏེ། མི་སློབ་པའི་ཆོས་མི་སློབ་པ་རྣམས་ཀྱང་ དེ་དང་འདྲའོ། །ཅིའི་ཕྱིར་མྱ་ངན་ལས་འདའ་བ་སློབ་པ་མ་ཡིན་ཞེས་བྱ་བ་ནི་སློབ་པས་ཐོབ་པ་གང་ཡིན་པ་སྙམ་དུ་བསམས་པ་ཡིན་ནོ། །མི་སློབ་པ་དང་སོ་སོའི་སྐྱེ་བོ་གཉི་ག་ཡང་དེ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ དང་ལྡན་ནོ། །ཞུགས་པ་དང་པོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པའོ། །ཞུགས་པ་ལྷག་མ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཞུགས་པ་ལྷག་མ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ལ་ཞུགས་པ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་ མི་དད་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དག་ལས་ཐ་མི་དད་པའི་ཕྱིར་ཏེ། ལན་ཅིག་ཕྱིར་འོང་བ་ལ་ཞུགས་པ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཐར་ གྱིས་འཐོབ་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི་ཞེས་བྱ་བ་ནི་མཐར་གྱིས་འབྲས་བུ་བཞི་འཐོབ་པའི་ཕྱིར་རྫས་སུ་ནི་ལྔ་ཡིན་ཏེ་ཞེས་བཤད་པར་ཟད་དོ། །ཕལ་ཆེར་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཅིག་ཡིན་ན་ནི་ཞེས་བྱ་བ་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ནི་རྣམ་པ་དྲུག་ཟད་པའོ། ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་རྣམ་པ་དགུ་ཟད་པའོ། །མཐོང་བའི་ལམ་ལ་སྟེ། མཐོང་བའི་ལམ་གྱི་གནས་སྐབས་ན་གོ་རིམས་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དག་ཡིན་གྱི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དག་ནི་མ་ཡིན་ནོ། ། འོ་ན་ཅི་ཞེ་ན། དེ་ལས་གཞན་པ་དག་ཡིན་ནོ། །དེ་ལྟ་ཡིན་དང་རྫས་སུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་གསུམ་དང་། འབྲས་བུ་ལ་གནས་པ་བཞི་སྟེ་བདུན་དུ་འགྱུར་གྱི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་གཅིག་པུ་ ཕྱིར་མི་འོང་བའི་འབྲས་བུ་ལས་ཐ་མི་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །བསྒོམ་པའི་ལམ་རྣམ་པ་གཉིས་སུ་བཤད་པ་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་འབྱུང་བའི་ཕྱིར་རོ། །དེའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ ཕྱིར་ཏེ་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་པའི་ལམ་དེ་ལ་དེའི་ས་པའི་ཉོན་མོངས་པ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཉོན་མོངས་པ་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། ཆོས་མཐུན་པ་དང་ཆོས་མི་མཐུན་པའི་དཔེ་སྟོན་པར་བྱེད་པ་ཡིན་ཏེ། ས་གང་བའི་ལམ་ཡིན་པ་དེ་ ནི་ས་དེའི་ཉོན་མོངས་པའི་གཉེན་པོ་མ་ཡིན་ཏེ། དེའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་ས་དེ་པའི་ཆོས་གཞན་མཉམ་པར་མ་བཞག་པ་ལྟ་བུའོ། །ཆོས་མི་མཐུན་པ་ནི་གོང་མའི་ཉེར་བསྡོགས་ཀྱི་ལམ་ལྟ་བུ་འམ་དེའི་གཉེན་པོ་ཟག་པ་མེད་པའི་ལམ་ལྟ་བུའོ། །འཇིག་རྟེན་པའི་ལམ་གྱིས་ ཀྱང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ས་གོང་མའི་ཉེར་བསྡོགས་ཀྱིས་སོ། །འཇིག་རྟེན་ལས་འདས་པས་ཀྱང་ཞེས་བྱ་བ་ནི་དེའི་གཉེན་པོ་ཟག་པ་མེད་པའི་ལམ་རང་གི་དང་ས་འོག་མ་པས་སོ། །འཕགས་པ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་ཞེས་བྱ་བ་ནི་ དཔེར་ན་རྒྱུན་དུ་ཞུགས་པ་ཞི་གནས་སྤྱད་པ་ཞིག་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་གྱུར་པ་རྣམས་རྣམ་པ་རེ་རེ་ཞིང་བྲལ་བའི་ཐོབ་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དག་སྐྱེའོ། །བསམ་གཏན་ལ་བརྟེན་ཏེ་ཞེས་བྱ་བ་ནི་འདི་ལྟར། མི་སློབ་པ་ དགུ་ལ་བརྟེན་ཏེ། སློབ་པ་དྲུག་ལ་ཞེས་འབྱུང་བའི་ཕྱིར་སློབ་པ་ནི་ས་དྲུག་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་ཀྱི་གཟུགས་མེད་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེའི་ཕྱིར་སྨྲས་པ། བསམ་གཏན་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་པ་གང་ཡིན་པ་དེ་ལམ་སྔ་མ་ཟད་པར་བཏང་བའི་ཕྱིར་ ཏེ། གཟུགས་མེད་པའི་ལམ་དབང་པོ་རྟུལ་པོས་བསྡུས་པ་སྔར་ཐོབ་པ་རྣམས་བཏང་བའི་ཕྱིར་དང་། འཕེལ་བ་འབྲས་བུ་ཁྱད་པར་བཅས། །བཏང་སྟེ་འབྲས་བུ་འཐོབ་པར་འགྱུར། །ཞེས་འབྱུང་བས་འབྲས་བུའི་ལམ་འབའ་ཞིག་ཐོབ་པའི་ཕྱིར་ཏེ། ཕྱིར་མི་འོང་བའི་འབྲས་བུ་དབང་པོ་རྣོན་པོའི་ ངོ་བོ་ཉིད་འབའ་ཞིག་ཐོབ་པའི་ཕྱིར། ས་གོང་མའི་ཉོན་མོངས་པའི་བྲལ་བ་སྟེ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་འགྱུར་རོ། །ཉེས་པ་གཞན་འདི་ཡང་ཡོད་དེ། ས་གོང་མ་པའི་ཉོན་མོངས་པའི་བྲལ་བ་དེ་བཏང་ནས་ས་གོང་མའི་ཉོན་མོངས་པ་དེ་དག་དང་ལྡན་པར་ ཡང་འགྱུར་རོ། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། །གོང་མར་སྐྱེས་པ་བཞིན་མི་ལྡན། །ཞེས་བྱ་བ་ནི་ཕྱེད་ལས་རྣམ་པར་གྲོལ་བ་ནི་ཕྱེད་ལས་རྣམ་པར་གྲོལ་ལོ། །སྲིད་པའི་རྩེ་མོའི་ཕྱེད་ལས་རྣམ་པར་གྲོལ་བ་ནི་སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་ལོ། །གོང་དུ་སྐྱེས་པ་ནི་གོང་དུ་སྐྱེས་པའོ། །སྲིད་པའི་ རྩེ་མོའི་ཕྱེད་ལས་གྲོལ་བ་དང་། གོང་དུ་སྐྱེས་པ་ནི་སྲིད་པའི་རྩེ་མོའི་ཕྱེད་ལས་གྲོལ་བ་དང་། གོང་དུ་སྐྱེས་པ་ཡིན་ནོ། །དེ་དང་འདྲ་བས་སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། གོང་མར་སྐྱེས་པ་བཞིན་ནོ། །མི་ལྡན་པ་ནི་དེ་དག་དང་དེ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །དུ་ཞེས་བྱ་བའི་སྒྲ་ནི་ཉེས་པ་ སྔ་མ་བསལ་བའི་ཕྱིར་རོ། །དོན་དེ་རྣམ་པར་གྲོལ་བའི་ཕྱིར་དེ་ལ་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མེད་དུ་ཟིན་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་ཟག་དེ་ལ་འཇིག་རྟེན་པའི་ཐོབ་པ་མེད་དུ་ཟིན་ཀྱང་ཉོན་མོངས་པ་དེ་དག་ལྡན་པར་མི་འགྱུར་རོ། །དཔེར་ན་སྲིད་པའི་རྩེ་མོའི་རྣམ་པ་ཕྱེད་ ལས་རྣམ་པར་གྲོལ་བ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་ནི་སྲིད་པའི་རྩེ་མོའི་རྣམ་པ་ཕྱེད་ལས་བྲལ་བའི་ཐོབ་པ་འཇིག་རྟེན་པ་མེད་དེ། དེའི་གཉེན་པོ་འཇིག་རྟེན་པའི་ལམ་མེད་པའི་ཕྱིར་རོ། །དེའི་བྲལ་བའི་ཐོབ་པ་འཇིག་རྟེན་ལས་འདས་པ་ཡང་བསམ་གཏན་ལ་བརྟེན་ཏེ། དབང་པོ་ འཕོ་བས་བཏང་བར་འགྱུར་མོད་ཀྱི། ཁྱེད་སྲིད་པའི་ཉོན་མོངས་པའི་རྣམ་པ་དེ་དག་དང་ལྡན་པར་མི་འགྱུར་བར་ཁས་ལེན་པ་ལྟར་འདི་ཡང་དེ་དང་འདྲའོ། །ཡང་དཔེར་ན་སོ་སོའི་སྐྱེ་བོ་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་སྟེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་བསམ་ གཏན་དང་པོའི་ས་པ་དེའི་བྲལ་བ་ཐོབ་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་གཏང་བས་ཏེ། ས་འཕོས་པ་དང་ཉམས་པ་ཡིས། །བསམ་གཏན་ཐོབ་པའི་དགེ་བ་གཏོང་། །དེ་བཞིན་དུ་གཟུགས་མེད་ཅེས་བྱ་བར་ངེས་པས་གཏོང་བ་ཡིན་ནོ། །དེའི་ཕྱིར་ཡང་ འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བར་ཁས་ལེན་པ་ལྟར་གང་ཟག་འདི་ཡང་དེ་དང་འདྲའོ། །སོ་སོའི་སྐྱེ་བོ་ཞེས་སྨོས་པ་ནི་འདི་ལྟར་འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཁམས་ཀྱི་གོང་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་ལ་ནི་ཉོན་མོངས་ པའི་བྲལ་བའི་ཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །དེ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་འཇིག་རྟེན་པ་གང་ཡིན་པ་དེ་ནི་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པས་འཕོ་བས་བཏང་བར་འགྱུར་གྱི་འཇིག་རྟེན་ལས་འདས་པ་ནི་མ་ཡིན་ཏེ། འཕགས་པ་ནི། འབྲས་ཐོབ་སྦྱངས་དང་ཉམས་པ་ཡིས། །ཞེས་བྱ་བར་གཏོང་བར་ངེས་པའི་ཕྱིར་རོ། །འཕགས་པ་ནི་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་ཀྱང་འཇིག་རྟེན་ལས་འདས་པ་དེ་ཡོད་ན་ཡང་དེ་དག་དང་ལྡན་པ་མི་སྲིད་ཀྱི་སོ་སོའི་སྐྱེ་བོ་ནི་དེ་ལྟ་མ་ཡིན་པས་སོ་སོའི་ སྐྱེ་བོ་སྨོས་སོ། །དེ་ལྟ་བས་ན། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། ཞེས་སྨོས་པ་གང་ཡིན་པ་འདི་ནི་ཤེས་པར་བྱེད་པ་མ་ཡིན་ནོ། །ཐམས་ཅད་ལས་ཞེས་བྱ་བ་ནི་རང་གི་ས་དང་ས་གོང་མ་དང་འོག་མ་ལས་ཏེ། དེ་ནི་ཟག་པ་མེད་པའི་ཕྱིར་རོ། །བཏང་སྙོམས་ཀྱི་དབང་པོ་ཐུན་མོང་ མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་སོགས་པའི་སྙོམས་པར་འཇུག་པ་དང་། དེའི་ཉེར་བསྡོགས་དག་བཏང་སྙོམས་ཀྱི་དབང་པོ་འདྲ་བས་སོ། །ལ་ལ་བསམ་གཏན་དངོས་གཞི་ལ་འཇུག་མི་ནུས་ཏེ་ཞེས་བྱ་བ་ནི་དབང་པོ་རྟུལ་པོའོ། །དབང་པོ་ འཕོ་བ་ནི་དཀའ་བའི་ཕྱིར་རོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་དབང་པོའི་མཇུག་ཐོགས་སུ་ཡིད་བདེ་བའི་དབང་པོའམ། བདེ་བའི་དབང་པོ་བསྐྱེད་དཀའ་བའི་ཕྱིར་དངོས་གཞི་དང་ཉེར་བསྡོགས་དག་གིས་བཏང་སྙོམས་ཀྱི་དབང་པོ་འདྲ་བས་སོ། །ཅིའི་ཕྱིར་དངོས་གཞི་ཁོ་ན་ལས་རྣམ་པར་གྲོལ་བའི་ ལམ་ཐ་མ་མངོན་དུ་བྱེད་ཀྱི་ཉེར་བསྡོགས་ལས་ནི་མ་ཡིན་ཞེ་ན། འདོད་ཆགས་དང་བྲལ་བའི་ས་ལ་གུས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་འོག་མ་ལ་ནི་མ་ཡིན་ཏེ། དེའི་ཉེར་བསྡོགས་ཁོ་ནས་འོག་མ་ལས་འདོད་ཆགས་དང་བྲལ་བར་བྱས་པའི་ཕྱིར་རོ། །བདེན་པའི་རྣམ་ པར་ཞུགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དག་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ས་འོག་མ་ལ་རགས་པར་ལྟ་ན་གོང་ས་ལ་དེ་ལས་བཟློག་པ་ཞི་བར་བལྟའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞི་བ་ལ་སོགས་པའི་རྣམ་པ་དག་ལ་རེས་ འགའ་ནི་རྣམ་པ་དང་པོ་གཅིག་གི་རྣམ་པར་ལྟ་སྟེ། མཐའ་དག་ཏུ་ལྟ་བར་ངེས་པ་ནི་མེད་དོ་ཞེས་ཟེར་རོ། །རགས་པ་ཞེས་བྱ་བ་ལ། རགས་པ་ཞེས་བྱ་བ་ནི་ཆེ་ལོང་ཡིན་ནོ། །མ་ཞི་བའི་ཕྱིར་རགས་པའོ། །ཇི་ལྟར་ས་འོག་མ་ཞི་བ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེས་པ་ཉིད་ ཀྱིས་ཏེ། གནས་འོག་མ་འདི་ཡང་ལམ་དང་བཅས་ཏེ་མངོན་པར་འདུ་བྱེད་པ་ཆེན་པོས་འབད་དེ་བསྒྲུབ་པར་བྱ་བ་ཡིན་ལ། གནས་གོང་མ་འདི་ཡང་ལམ་དང་བཅས་ཏེ་མངོན་པར་འདུ་བྱེད་པ་ཆེན་པོ་ཡིན་པ་ལས། དེ་གཉིས་ཀྱི་ནང་ན་འདི་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེས་ཆེ་བ་ཡིན་ནོ། །དེའི་ ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །ཐ་བ་ནི་གཞིག་པར་དཀའ་བ་ཡིན་ནོ། །སྨད་པའི་ཐ་བ་ནི་ངན་པ་སྟེ། ཐ་བ་ངན་པས་ན་ཐ་བ་ངན་པའོ། །ཇི་ལྟར་ས་འོག་མ་གྱ་ནོམ་པ་མ་ཡིན་ཞེ་ན། གནས་ངན་ལེན་རབ་ཏུ་མང་བ་ཉིད་ཀྱིས་མི་མཐུན་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནས་ངན་ལེན་ནི་ ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་པ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་གནས་ངན་ལེན་མང་པོ་ཡོད་པས་ན་གནས་ངན་ལེན་མང་པོ་སྟེ། གནས་འོག་མ་འདི་ཡང་ལམ་དང་བཅས་ཏེ་གནས་ངན་ལེན་མང་པོ་ཡིན་ལ། གནས་གོང་མ་འདི་ཡང་ལམ་དང་བཅས་ ཏེ་གནས་ངན་ལེན་མང་པོ་ཡིན་པ་ལས་དེ་དག་གཉིས་ཀྱི་ནང་ན་འདི་གནས་ངན་ལེན་ཤིན་ཏུ་ཆེས་མང་ངོ་། །དེའི་ངོ་བོ་ནི་ཉིད་དེ་དེའི་ཕྱིར་རོ། །རྩིག་པ་ལས་ངེས་པར་མི་འབྱུང་བ་བཞིན་ཏེ། དཔེར་ན་རྩིག་པ་དེ་ཉིད་ཀྱིས་དེས་ནོན་པའི་ནམ་མཁའི་ཕྱོགས་ཀྱི་རྩིག་པ་དེ་ཉིད་ལས་ངེས་པར་མི་འབྱུང་ བ་ལྟར་དེ་ཉིད་ཀྱིས་ས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་ཏེ། ས་དེ་ཉིད་ཀྱིས་ས་དེ་ཉིད་ལས་ངེས་པར་མི་འབྱུང་བའི་ཕྱིར་རོ། །རྩིག་པ་སྟུག་པོ་ལྟ་བུར་ཞེས་བྱ་བ་ནི་རྩིག་པ་སྟུག་པོའི་ངོ་བོར་རོ། །དེ་དག་ལས་བཟློག་པ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་དང་། གནས་ ངན་ལེན་རབ་ཏུ་ཉུང་བ་ཉིད་ཀྱིས་མི་མཐུན་པ་མེད་པར་གྱུར་པའི་ཕྱིར་དང་། ས་དེ་གཉིས་ལས་དེས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་ཅན་དག་ཡིན་ནོ། །ཞར་ལ་འོངས་པ་རྫོགས་སོ།། །།དཀྱུས་མ་ཁོ་ ན་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཟད་པ་ཤེས་པའི་རྗེས་ལ་འབྱུང་བ་བརྗོད་པར་བྱ་བ་ཡིན་ཏེ། འཇིག་རྟེན་པའི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ནི་ཞར་ལ་བསྟན་པར་ཟད་དོ། །གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེས་བློ་གྲོས་ཞེས་བྱ་བ་ནི་ཡང་བྱར་མེད་པ་ཉིད་དུ་ཤེས་པ་སྟེ། དེའི་ཚེ་དེ་ལ་འདི་སྐྱེའོ། །ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པས་འདི་ལ་མི་སྐྱེ་བ་ཤེས་པས་མི་སྐྱེའོ། །ཅིའི་ཕྱིར་ཞེ་ན། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་ཏེ། འདི་ལྟར་འདི་ནི་ཡོངས་སུ་ཉམས་པ་སྲིད་ལ་གང་ལ་མི་སྐྱེ་བ་ཤེས་པ་ཡོད་པ་དེ་ལ་ནི་ ཡོངས་སུ་ཉམས་པ་མེད་པས་སོ། །དེས་དགེ་སྦྱོང་དུ་འགྱུར་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དང་ལྡན་པས་དགེ་སྦྱོང་ཡིན་ཏེ། དཔེར་ན་དཀར་པོའི་ཚུལ་དང་ལྡན་པས་རས་ཡུག་དཀར་པོ་ཞེས་བྱ་བ་ལྟ་བུའོ། །དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་རིགས་པར་རྣམ་པར་གྲོལ་བའི་ ལམ་དང་། འདུས་མ་བྱས་རྣམས་ཀྱང་དགེ་སྦྱོང་གི་ཚུལ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་དེའི་རྒྱུ་མཐུན་པའི་འབྲས་བུ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། རྣམ་པར་གྲོལ་བའི་ལམ་རྣམས་ནི་དེའི་རྒྱུ་མཐུན་པ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །འདུས་མ་ བྱས་རྣམས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ཏེ། གང་གི་སྟོབས་ཀྱིས་གང་བསྐྱེད་དེ། །སྐྱེས་བུ་བྱེད་ལས་སྐྱེས་པའི་འབྲས། །གང་གི་སྟོབས་ཀྱིས་གང་ཐོབ་པ། །དེ་ནི་སྐྱེས་བུ་བྱེད་པའི་འབྲས། །ཞེས་བྱ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚིག་གི་དོན་ནི་ཇི་ ལྟར་སོ་སོའི་སྐྱེ་བོ་པ་ནི་ནིའི་ཚིག་ལ་ཁ་བསྐང་བ་བྱེད་པ་ལྟར་སངས་རྒྱས་ཐམས་ཅད་མཁྱེན་པས་གང་གསུངས་པ་ཡང་ཁ་བསྐང་བར་བྱ་དགོས་པར་འགྱུར་རོ་ཞེས་བྱ་བའོ། །ལམ་སྔ་མ་བཏང་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལམ་སྔ་མ་བཏང་བ་ནི་ཞུགས་པའི་ལམ་བཏང་བའི་ཕྱིར་རོ། །སྔོན་ མེད་པའི་ལམ་ཐོབ་པ་ནི་འབྲས་བུའི་ཐོབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པའི་དུས་ན་མཐོང་བས་སྤང་བ་ཐམས་ཅད་ཀྱི་ཐོབ་པ་བསྒོམ་པའི་ལམ་གྱིས་བསྡུས་པ་གཅིག་རྙེད་ལ། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ཐོབ་པའི་དུས་ན་ཡང་མཐོང་བས་སྤང་བར་བྱ་བ་སྤངས་པ་དང་། བསྒོམ་པས་སྤང་པ་རྣམ་པ་དྲུག་པོ་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་དེ། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞིའི་ཞེས་བྱ་ བ་ནི་བདེན་པའི་བྱེ་བྲག་གིས་ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞི་པོ་ཡང་དེ་ཁོ་ན་བཞིན་དུ་རྣམ་པ་བཞི་བཞི་ཡིན་པས་ཤེས་པ་བརྒྱད་ཅིག་ཅར་དུ་འཐོབ་བོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་ འབྲས་བུ་སྟེ། དེ་དག་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་ཐོབ་པར་སྲིད་ན། དེ་ཇི་ལྟར་དགེ་སྦྱོང་གི་ཚུལ་ཟག་པ་མེད་པའི་ལམ་གྱིས་མཚན་ཉིད་ཀྱི་འབྲས་བུར་རུང་། མཐོང་བའི་ལམ་ཀྱི་འབྲས་བུ་སྤངས་པ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཡང་གཟུང་ སྟེ། སྤངས་པ་རྣམ་པ་གཉིས་པོ་དེའི་ཐོབ་པ་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུར་བསྡུས་པའམ་ཕྱིར་མི་འོང་བའི་འབྲས་བུར་བསྡུས་པ་གཅིག་རྙེད་དོ། །དེ་ལྟ་བས་ན་མཐོང་བའི་ལམ་གྱི་འབྲས་བུ་སྤངས་པ་དང་ལྡན་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུའམ་ཕྱིར་མི་འོང་བའི་འབྲས་བུ་འདུས་མ་བྱས་ནི་དགེ་སྦྱོང་གི་ ཚུལ་གྱི་འབྲས་བུ་ཡིན་ནོ། །ཀུན་དུ་སྦྱོར་བ་གསུམ་སྤངས་པ་ཞེས་བྱ་བ་ལ་ཀུན་དུ་སྦྱོར་བ་གསུམ་ནི་མཐོང་བའི་ལམ་གྱིས་སྤངས་པ་ཡིན་ནོ། །ཐ་མའི་ཆ་དང་མཐུན་པ་ལྔའི་ཕྱོགས་གཅིག་པོ་འཇིག་ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་ཀྱང་མཐོང་བའི་ལམ་ཁོ་ ནས་སྤངས་ན། སྤངས་པ་དེ་ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཉིད་དག་ཏུ་གཞག །དེའི་ཕྱིར་སྤངས་པ་འདྲེན་མར་འཇུག་པས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ་ཞེས་བྱ་བར་མངོན་ནོ། །དེའི་སྟོབས་ཀྱིས་ཡོངས་སུ་ཉམས་པ་མི་འཆི་བའི་ཕྱིར་ཞེས་བྱ་བ་ནི། འཇིག་ རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམས་གཉིས། །ཞེས་བྱ་བ་དེ་ལ་བྲལ་བའི་ཐོབ་པ་ཟག་པ་མེད་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སྤངས་པ་གང་ཡིན་པ་དེ་འཛིན་པར་བྱེད་དོ། །འབྲས་ལ་ཉམས་པ་འཆི་བ་མེད། །ཅེས་འབྱུང་བའི་ཕྱིར་ཐོབ་པ་དང་ལྡན་པའི་ གནས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་མེད་ན་འཇིག་རྟེན་པ་ཡོངས་སུ་ཉམས་པ་བཞིན་དུ་འཆི་བར་འགྱུར་རོ། །དེའི་སྟོབས་ཀྱིས་ཞེས་བྱ་བ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་ལྔ་བཅུ་པ། ཟག་པ་མེད་པའི་ཐོབ་པ་འཇིག་རྟེན་པའི་ ལམ་གྱིས་ཉེ་བར་སྐྱེད་པ་ད་ལྟར་ཡོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འཇིག་རྟེན་པའི་སྟོབས་ཀྱིས་ཐོབ་པར་བྱ་བ་མ་འོངས་པ་འདུས་བྱས་དེ་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡོད་པར་རྣམ་པར་གཞག་ན་ཡང་མི་འགལ་ལོ། །མདོ་ལས་ནི་གཙོ་བོ་ཡིན་པའི་ཕྱིར་དགེ་སྦྱོང་གི་ཚུལ་ གྱི་འབྲས་བུ་འདུས་མ་བྱས་སྨོས་ཏེ། དེར་ནི་འདུས་བྱས་ཀྱང་འདོད་པར་བྱའོ། །ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་ཚངས་པའི་ཚུལ་ལོ་ཞེས་བྱ་བ་ནི་འདིས་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སྤངས་པས་ཚངས་པའོ། །དེའི་ངོ་བོ་ནི་ཚངས་པའི་ཚུལ་ཡིན་ཏེ། ཟག་པ་མེད་པའི་ལམ་མོ། ། ཇི་ལྟར་ཚངས་པའི་འཁོར་ལོ་ཡིན་ཞེ་ན། ཚངས་པའི་འཁོར་ལོ་ནི། ཚངས་པས་བསྐོར་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཚངས་པས་བསྐོར་བ་དེའི་ཕྱིར་ཚངས་པའི་འཁོར་ལོ་ཞེས་བྱའོ། །ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཟག་པ་མེད་ པའི་ལམ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་བརྗོད་པ་ནི། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ་ཞེས་བྱ་བ་འདི་ནི་ཡིན་ཏེ། འདི་ནི་འཚོ་བྱེད་ཀྱིས་སྨྲས་པ་ཡིན་ནོ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར། །ཞེས་བྱ་བ་ནི་མྱུར་བར་འགྲོ་བ་ལ་སོགས་པའི་ཕྱིར་ དང་། རྩིབས་ལ་སོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མྱུར་དུ་འགྲོ་བའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ནི་མཐོང་བའི་ལམ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པར་བརྗོད་པ་ཡིན་ཏེ། ཇི་ལྟར་འཁོར་ལོ་རིན་པོ་ཆེ་མྱུར་དུ་འགྲོ་བ་དེ་བཞིན་དུ་མཐོང་བའི་ལམ་ཡང་སེམས་ཀྱི་སྐད་ཅིག་བཅོ་ ལྔས་བདེན་པ་མངོན་པར་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་ཡིན་ནོ། །འདོར་བ་དང་འཇུག་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་ཡུལ་གཞན་འདོར་ཞིང་ཡུལ་གཞན་དུ་འཇུག་པ་དེ་བཞིན་དུ་འདིར་ཡང་བར་ཆད་མེད་པའི་ལམ་ནི་འདོར་ལ་རྣམ་པར་གྲོལ་བའི་ལམ་ནི་མངོན་དུ་འགྱུར་བའི་སྒོ་ནས་འཇུག་པ་འམ་བདེན་པའི་དམིགས་པ་གཞན་ འདོར་བ་དང་འཇུག་པའི་ཕྱིར་རོ། །མ་རྒྱལ་བ་རྒྱལ་བར་བྱེད་པ་དང་རྒྱལ་བ་རྣལ་དུ་དགོད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་དེ་གྲོང་དང་གྲོང་རྡལ་ལ་སོགས་པ་མ་རྒྱལ་བ་ལས་ནི་རྒྱལ་བར་བྱེད་ལ་རྒྱལ་བ་དག་ནི་རྣལ་དུ་དགོད་པ་དེ་བཞིན་དུ་འདི་ཡང་བར་ཆད་མེད་པའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་ པ་མ་རྒྱལ་བ་རྣམས་ལས་ནི་དེ་དག་གིས་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་རྒྱལ་བ་རྣམས་ནི་ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་སྒོ་ནས་རྣལ་དུ་འགོད་དོ། །འཕར་བ་དང་འབབ་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་དེ་ལ་ལར་འཕར་ཤིང་ལ་ལར་ འབབ་པ་དེ་བཞིན་དུ་འདི་ཡང་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་ཡང་དང་ཡང་མངོན་དུ་བྱེད་པའམ། འདོད་པ་ལ་སོགས་པའི་སྡུག་བསྔལ་ལ་སོགས་པའི་དམིགས་པའི་སྒོ་ནས་ཅི་རིགས་པར་འཕར་ཞིང་འབབ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་ པའི་ཕྱིར་འཕར་རོ། །འདོད་པའི་ཁམས་ལ་དམིགས་པའི་ཕྱིར་འབབ་བོ། །ཡང་དག་པའི་ལྟ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་ནི་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་ཐོབ་ལ་ཏིང་ངེ་འཛིན་ཐོབ་པས་ཤེས་རབ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྐྱེའོ། །དེའི་ཕྱིར་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་ཡིན་ཏེ། ཚུལ་ཁྲིམས་ནི་གཞིར་གྱུར་པ་ཡིན་པས་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ཏེ། དེས་གཞན་དག་ཉེ་བར་འཛིན་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ལ་སོགས་ པ་ནི་རྩིབས་ལྟ་བུ་ཡིན་ཏེ། འཁོར་ལོའི་རྩིབས་བཞིན་དུ་ཕན་ཚུན་དུ་འཇུག་པའི་ཕྱིར་རོ། །འདི་ག་ལས་ཞེས་བྱ་བ་ནི་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་རང་དགའ་ཞིག་ཡིན་ནམ། འོན་ཏེ་ལུང་ལས་འབྱུང་ཞེས་བྱ་བ་ཡིན་ནོ། །དེ་སྐྱེས་ན་ཆོས་ཀྱི་ འཁོར་ལོ་བསྐོར་རོ་ཞེས་བྱ་བ་ནི་མདོ་ལས་མཐོང་བའི་ལམ་སྐྱེས་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་པོ་རྣམས་ལ་བཀའ་ སྩལ་པ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་ པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་ པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་མིག་སྐྱེས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་མངོན་དུ་བྱའོ་ཞེས་བྱ་བ་དེ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་བསྒོམ་པར་ བྱའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ ཤེས་པས་སྤངས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་མངོན་དུ་བྱས་སོ་ཞེས་བྱ་བ་དེ་སྔ་མ་བཞིན་ནོ། །སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་ པའི་བདེན་པ་དེ་ད་དག་གིས་མངོན་པར་ཤེས་པས་བསྒོམས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་ཇི་སྲིད་དུ་ང་ལ་འཕགས་པའི་བདེན་པ་བཞི་པོ་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་པའི་མིག་མ་སྐྱེས་ཤིང་། ཤེས་པ་ཡང་མེད། རིག་པ་ཡང་མེད། བློ་ཡང་ མེད་པ་དེ་སྲིད་དུ་ང་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེ་དང་བཅས། ལྷ་དང་མིར་བཅས་པའི་སྐྱེ་དགུའི་འཇིག་རྟེན་འདི་ལས་གྲོལ་ཞིང་ངེས་པར་འབྱུང་སྟེ། མི་ལྡན་པས་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཏོ། །དེ་སྲིད་ དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་པར་མ་གྱུར་ཏོ། །དགེ་སློང་དག་གང་ནས་བཟུང་སྟེ། ང་འཕགས་པའི་བདེན་པ་བཞི་པོ་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་པའི་མིག་སྐྱེས་ཤིང་། ཤེས་ པ་དང་། རིག་པ་དང་། བློ་སྐྱེས་པ་དེ་ནས་བཟུང་སྟེ། ང་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པ། ལྷ་དང་མིར་བཅས་པའི་སྐྱེ་དགུའི་འཇིག་རྟེན་འདི་ལས་གྲོལ་ཞིང་ངེས་པར་འབྱུང་སྟེ། མི་ལྡན་པས་ཕྱིན་ཅི་ལོག་དང་བྲལ་བའི་ སེམས་ཀྱིས་མང་དུ་གནས་པར་གྱུར་ཏོ། །དེ་ནས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་པར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་ མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་བདག་གིས་ཆོས་ཀུན་འཚལ་ཏོ། །ཀུན་ཤེས་ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བདེ་བར་གཤེགས་པ་བདག་གིས་ཆོས་ཀུན་འཚལ་ཏོ་ ཞེས་གསོལ་བ་དང་། ས་བླ་པའི་གནོད་སྦྱིན་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་སྒྲ་འབྱིན་དབྱངས་སྒྲོགས་པར་བྱེད་ཅིང་གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་གནས་འདིར་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པ་དགེ་སྦྱོང་ངམ་ བྲམ་ཟེའམ། ལྷའམ། བདུད་དམ་ཚངས་པའམ། སུས་ཀྱང་འཇིག་རྟེན་ན་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བའི་ཕྱིར་ཆོས་དང་མཐུན་པར་མ་བསྐོར་བ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་པ་བསྐོར་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་བས་ན་མདོ་ལས་དེ་ལྟར་འཕགས་པ་ཀཽཎྜི་ནྱ་ལ་མཐོང་ བའི་ལམ་སྐྱེས་པ་དང་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས་པར་འབྱུང་བའི་ཕྱིར་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་ནི་སྡུག་བསྔལ་འཕགས་ པའི་བདེན་པའོ་ཞེས་བྱ་བ་ནི་བཟླས་པ་གཅིག་ཡིན་ནོ། །དེ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ། འདི་དག་ནི་ལན་གསུམ་དུ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ལ་སྟེ། སྡུག་བསྔལ་ལོ་ཞེས་བྱ་བ་འདི་ལ་མིག་ སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ་ཞེས་བྱ་བ་རྣམ་པ་བཞིའོ། །ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་འདི་ལ་ཡང་རྣམ་པ་བཞིའོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་འདི་ལའང་བཞི་སྟེ། འདི་དག་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །དེ་ལ་ཟག་པ་མེད་པའི་ཤེས་རབ་ནི་དོན་ མངོན་སུམ་གྱི་ཕྱིར་མིག་གོ། །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པའི་དོན་གྱི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ངེས་པའི་ཚིག་ཏུ་རྣམ་པར་དག་པའི་བློ་ལ་བློ་ཞེས་བྱ་བའི་ཕྱིར་རོ། །ཡང་ཕྱི་རོལ་པ་དག་གིས་བདེན་པ་མཐོང་བ་ནི་ལྟ་བ་ངན་པ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་ལ་ཟག་པ་དང་བཅས་པ་ཡང་ཡིན་པས་ཁྱད་པར་དུ་བྱ་བའི་ཕྱིར་མིག་ལ་སོགས་པ་སྨོས་སོ། །ཡང་ལན་གསུམ་དུ་བཟླས་པ་དག་ལ་དང་པོ་མཐོང་བ་ནི་མིག་གོ། །ཇི་ལྟར་མཐོང་བ་ལ་དཔྱོད་པ་ནི་ཤེས་པའོ། །ཇི་ལྟར་ཡོད་པ་ལ་བརྟེན་ནས་རིག་པ་སྟེ། ཇི་སྙེད་ཡོད་པ་འཛིན་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ལ་བརྟེན་ནས་བློ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའི་ཕྱིར་རོ། །ཡང་མ་ཐོས་པའི་ཆོས་དག་ལ་རྗེས་སུ་དཔོག་པའི་ཤེས་པ་དགག་པའི་ཕྱིར་མིག་ཅེས་བྱའོ། །མོས་པ་ལས་བྱུང་བའི་ཤེས་པ་དགག་པའི་ཕྱིར་ཤེས་ པ་ཞེས་བྱའོ། །མངོན་པའི་ང་རྒྱལ་ལས་བྱུང་བའི་ཤེས་པ་དགག་པའི་ཕྱིར་རིག་པ་ཞེས་བྱའོ། །ཟག་པ་དང་བཅས་པ་དགག་པའི་ཕྱིར་བློ་ཞེས་བྱའོ། །བདེན་པ་རེ་རེ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པའོ། །དེ་སྤང་བར་བྱའོ། །དེ་སྤངས་ སོ་ཞེས་བྱ་བ་འདི་དག་ནི་ལན་གསུམ་དུ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ་ཞེས་བྱ་བ་འདི་དག་ནི་རྣམ་པ་བཅུ་གཉིས་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །སྨྲས་པ་གལ་ཏེ་བདེན་པ་རེ་རེ་ལ་ ཡང་དེ་དང་འདྲ་བར་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་ན་གོ། །ལན་བཅུ་གཉིས་སུ་བཟླས་པ་དང་རྣམ་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་ན། ཅིའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བྱ་ཞེ་ན། དེའི་ཕྱིར་གསུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་ གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་ཅེས་བྱ་བ་སྨོས་སོ། །གཉིས་དང་། གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ་ཞེས་བྱ་བ་ནི་གཉིས་བསྟན་པ་ལྟ་བུ་དང་། གནས་བདུན་ལ་མཁས་པ་བསྟན་པ་ལྟ་བུའོ། །དཔེར་ན་མང་པོ་ཞིག་བཤད་པའི་རྗེས་ལ། དགེ་སློང་དག་དེའི་ ཕྱིར་ཁྱེད་ལ་གཉིས་ཤིག་བསྟན་པར་བྱས་ཏེ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །གཉིས་གང་ཞེ་ན། མིག་དང་། གཟུགས་རྣམས་ཞེས་བྱ་བ་ནས་ཡིད་དང་ཆོས་རྣམས་སོ་ཞེས་བྱ་བའི་བར་ལྟ་བུ་སྟེ། ཇི་ལྟར་འདི་ལ་གཉིས་སུ་ཆོས་མཐུན་པའི་ཕྱིར་གཉིས་ཞེས་བཤད་ པ་དེ་བཞིན་དུ་སུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་དོ། །ཡང་དཔེར་ན་དགེ་སློང་གནས་བདུན་ལ་མཁས་པ་ནི་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྱུར་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། ངེས་པར་འབྱུང་བ་དང་། ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གནས་བདུན་ལ་མཁས་པའི་དགེ་སློང་དོན་རྣམ་པ་གསུམ་ལ་ཉེ་བར་རྟོག་པ་ནི་མྱུར་བ་ཁོ་ནར་ཆོས་འདུལ་བ་འདི་ལ་སྡུག་ བསྔལ་གྱི་མཐའ་རབ་ཏུ་ཤེས་སོ་ཞེས་འབྱུང་བ་ལྟ་བུ་སྟེ། ཕུང་པོ་རེ་རེ་ལ་གནས་བདུན་ལ་མཁས་པར་ཆོས་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་སུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་དོ། །བཟླས་པ་འདི་དག་གིས་ཞེས་བྱ་བ་ རྒྱས་པར་འབྱུང་བ་ནི་མདོ་ལས་ཇི་སྐད་དུ་བསྟན་པའི་བཟླས་པ་འདི་དག་གིས་ནི་གྲངས་བཞིན་དུ་མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་རྣམས་བསྟན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ནས་བཟུང་སྟེ། འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་ པའི་བདེན་པའོ་ཞེས་བྱ་བའི་བར་གྱིས་ནི་མཐོང་བའི་ལམ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནས་བཟུང་སྟེ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་བསྒོམ་པར་བྱའོ་ ཞེས་བྱ་བའི་བར་གྱིས་ནི་བསྒོམ་པའི་ལམ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་བཟུང་སྟེ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་བསྒོམས་སོ་ཞེས་བྱ་བའི་བར་གྱིས་ནི་ མི་སློབ་པའི་ལམ་བསྟན་ཏོ། །འདིར་སློབ་དཔོན་གྱིས། གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་དེ་ལྟར་བཟླས་པ་དེ་དག་གི་གྲངས་བཞིན་དུ་མཐོང་བ་ལ་སོགས་པའི་ལམ་བསྟན་ན། འོ་ན་ནི་མཐོང་བའི་ལམ་ཁོ་ན་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ་རྣམ་པ་ བཅུ་གཉིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལན་ཅིག་བཟླས་པ་དང་རྣམ་པ་བཞི་ཡིན་ན། ཇི་ལྟར་མཐོང་བའི་ལམ་འདི་ཆོས་ཀྱི་འཁོར་ལོར་རྣམ་པར་གཞག །བཟླས་པ་མེད་པས་འཁོར་ལོ་དང་ཆོས་མཐུན་པ་མེད་པའི་ཕྱིར་འཁོར་ལོ་མི་རུང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་ ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡང་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཀྱང་ཡིན་པར་རུང་སྟེ་དེ་དག་གི་དོན་རབ་ཏུ་སྟོན་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ཞེས་བྱ་བ་ནས་ལམ་ཞེས་བྱ་ བའི་བར་ནི་བཟླས་པ་གཅིག་ཡིན་ནོ། །ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ནས་བསྒོམ་པར་བྱ་ཞེས་བྱ་བའི་བར་ནི་གཉིས་པ་ཡིན་ནོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་བསྒོམས་སོ་ཞེས་བྱ་བའི་བར་ནི་གསུམ་པ་ཡིན་ནོ། །བདེན་པ་རྣམས་ལ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་རོ་ཞེས་ བྱ་བ་ནི་སྡུག་བསྔལ་ལོ། །ཀུན་འབྱུང་བའོ། །འགོག་པའོ། །ལམ་མོ་ཞེས་བྱ་བར་བདེན་པའི་རང་གི་ངོ་བོ་ལ་དམིགས་པའི་རྣམ་པ་བཞིའོ། །ཡོངས་སུ་ཤེས་པར་བྱ། སྤང་བར་བྱ། མངོན་སུམ་དུ་བྱ། བསྒོམ་པར་བྱ་ཞེས་བྱ་བ་ཡོངས་སུ་ཤེས་པ་ལ་སོགས་པའི་ཚུལ་བྱ་བའི་ངོ་བོར་ དམིགས་པའི་རྣམ་པ་གཉིས་པ་བཞིའོ། །ཡོངས་སུ་ཤེས་སོ། །སྤངས་སོ། །མངོན་སུམ་དུ་བྱས་སོ། །བསྒོམས་སོ་ཞེས་བྱ་བ་ཡོངས་སུ་ཤེས་པ་ལ་སོགས་པའི་ཚུལ་མཐར་ཐུག་པར་དམིགས་པའི་རྣམ་པ་གསུམ་པ་བཞི་སྟེ། རྣམ་པ་བཅུ་གཉིས་སུ་འགྱུར་རོ། །དེ་བསྐོར་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་ གྲངས་དེ་བསྐོར་བ་ནི་གཞན་གྱི་རྒྱུད་ལ་གོ་བར་བྱེད་པ་སྟེ། གདུལ་བའི་སྐྱེ་བོའི་རྒྱུད་ལ་གཏོང་བར་བྱེད་པ་ཡིན་ནོ། །ཇི་ལྟར་གོ་བར་བྱེད་ཅེ་ན། དོན་ཤེས་པར་བྱེད་པའི་ཕྱིར་རོ། །ཡང་ན་འཕགས་པའི་ལམ་ཐམས་ཅད་དེ། མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་ཡང་ཆོས་ཀྱི་ འཁོར་ལོ་ཡིན་ཏེ། འདུལ་བའི་སྐྱེ་བོའི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་འཕགས་པའི་ལམ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ན། ཇི་ལྟར་འཕགས་པ་ཀཽཎྜི་ནྱ་ལ་མཐོང་བའི་ལམ་སྐྱེས་པ་ཙམ་གྱིས་དེ་བསྐོར་ཏོ་ཞེས་སྨྲས་ཤེ་ན་དེའི་ཕྱིར་སྨྲས་པ། དེ་ནི་གཞན་གྱི་རྒྱུད་ལ་སྟེ། འཕགས་པ་ཀཽཎྜི་ནྱའི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པའི་ཕྱིར་བསྐོར་བར་བརྩམས་པ་ཡིན་ཏེ། དང་པོར་བསྐོར་བ་ཡིན་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ། །ལས་དང་པོ་པ་ལ་ཡང་རབ་ཏུ་ཞེས་པའི་སྒྲ་ཡོད་དེ། དཔེར་ན་འབྲས་ཆན་རབ་ཏུ་ཟོས་སོ་ཞེས་བྱ་བ་ལྟ་བུའོ། །གསུམ་པ་གོ་ཅིའི་ཕྱིར་མི་ཐོབ་ཅེས་ བྱ་བ་ནི། གལ་ཏེ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཞིག་ངེས་པ་ལ་འཇུག་ན་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་ཅིའི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་མི་ཐོབ་སྙམ་དུ་བསམས་པ་ཡིན་ནོ། །ལན་དུ་གོང་ན་མཐོང་ལམ་མེད་ཅེས་བྱ་བ་སྨོས་ཏེ། ཉན་པ་མེད་ཅེས་བྱ་བ་ནི་གཟུགས་མེད་པའི་ཁམས་ན་ཡོད་ན་ཡང་རང་ བྱུང་གི་བྱང་ཆུབ་ནི་མི་སྲིད་པའི་ཕྱིར་ཉན་ཐོས་ཀྱི་བྱང་ཆུབ་ཁོ་ན་ཡོད་པར་འགྱུར་གྲང་ན། ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཡང་གཞན་ལས་མ་ཐོས་པར་མི་འབྱུང་ངོ་། །གཞན་ཡང་ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་ཏེ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་ བཅས་འོག་མ་མིན། །ཞེས་འབྱུང་བ་ལ་མཐོང་བའི་ལམ་ནི་ཁམས་གསུམ་ཆར་ལ་དམིགས་དགོས་པས་དེའི་ཕྱིར་དེ་ན་དེ་མེད་དོ། །རྩོམ་པ་ནི་མགོ་འཇུག་པ་སྟེ། ཐབས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཡོངས་སུ་ཉམས་པའི་ཆོས་ཀྱི་རང་བཞིན་ཡོད་པས་ན་ཡོངས་སུ་ཉམས་པའི་ ཆོས་ཅན་ནོ། །འཆི་བར་སེམས་པའི་ཆོས་ཅན་ནི་བདག་ཉིད་འཆི་བར་སེམས་པའི་ཆོས་ཅན་ནོ། །རྗེས་སུ་སྲུང་བའི་ཆོས་ཅན་ནི་རྣམ་པར་གྲོལ་བ་དེ་རྗེས་སུ་སྲུང་ནུས་པ་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི་རྣམ་པར་གྲོལ་བ་གང་ལ་གནས་པ་དེ་ལས་མི་གཡོ་བའོ། །རྟོགས་ པའི་སྐལ་བ་ཅན་ནི་དབང་པོ་འཕོ་བའི་སྐལ་བ་ཅན་ནོ། །མི་གཡོ་བའི་ཆོས་ཅན་ནི་འདི་ལ་མི་གཡོ་ཞིང་མི་འགྱུར་བའི་ཆོས་ཡོད་པས་ན་མི་གཡོ་བའི་ཆོས་ཅན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་དབང་པོ་རྣོན་པོ་དང་། དབང་པོ་འཕོས་པས་དབང་པོ་རྣོན་པོའོ། །ལྔ་ནི་དད་པས་ མོས་ལས་སྐྱེས། །ཞེས་བྱ་བ་ནི་དད་པས་མོས་པ་ལས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །དེ་དག་ནི་དད་པས་མོས་པར་གྱུར་པ་ལས་སྐྱེས་པའོ་ཞེས་བྱ་བའི་ཐ་ཚིག་སྟེ། །དད་པས་མོས་པ་སྔོན་དུ་འགྲོ་བ་དག་ཡིན་ནོ་ཞེས་བཤད་པའི་དོན་ཏོ། །དྲུག་པ་ནི་གཞན་དུ་ ཡང་འགྱུར་རོ་ཞེས་བཤད་ཟིན་ཏོ། །དུས་དང་སྦྱོར་བ་ཞེས་བྱ་བ་ནི་ཡོ་བྱད་དང་། ནད་མེད་པ་དང་། ཡུལ་གྱི་ཁྱད་པར་ལ་སོགས་པའི་མཚན་ཉིད་ཀྱི་དུས་ལས་བྱུང་བས་ན་དུས་དང་སྦྱོར་བ་པའོ། །འཕངས་པ་ཡིན་ཞེས་བྱ་བ་ཅི་ཞེ་ན། སེམས་ཀྱི་རྣམ་པར་གྲོལ་བའོ། །ཅིའི་ཕྱིར་འཕངས་ཤེ་ན། རྟག་ཏུ་རྗེས་ སུ་བསྲུང་བར་བྱ་བ་ཡིན་པའི་ཕྱིར་ཏེ། འཇིག་རྟེན་ན་ཡང་འཕངས་པ་ནི་རྟག་ཏུ་རྗེས་སུ་བསྲུང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་སྣང་ངོ་། །མདོ་ལས་ཀྱང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མིག་གཅིག་ཡོད་པ་ལ་ཉེ་དུ་རྣམས་འདིའི་མིག་གཅིག་མ་ཞར་བ་གང་ཡིན་པ་དེ་ཡང་ཞར་བར་གྱུར་ན་མི་རུང་ངོ་ཞེས་དེའི་མིག་ལ་ གྲོང་བ་དང་། ཚ་བ་དང་། རྡལ་རྡུལ་གྱིས་མི་ཕོག་པར་བྱ་བའི་ཕྱིར་མིག་ཡ་གཅིག་ལ་ལེགས་པར་རབ་ཏུ་རྗེས་སུ་བསྲུང་བར་བྱའོ་སྙམ་དུ་སེམས་པ་ལྟར་ཞེས་གསུངས་སོ། །དེ་བཞིན་དུ་དགྲ་བཅོམ་པ་དུས་ཀྱིས་རྣམ་པར་གྲོལ་བའི་ཆོས་འདི་ཡང་རྗེས་སུ་བསྲུང་བར་བྱ་བ་དང་། བརྩེ་བར་བྱ་བ་དང་། རྗེས་སུ་གཟུང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡང་དེ་བཞིན་དུ་ཅི་ནས་ཀྱང་བདག་ཆོས་འདི་ལས་ཡོངས་སུ་མི་ཉམས་པར་བྱའོ་ཞེས་ལེགས་པར་རབ་ཏུ་རྗེས་སུ་སྲུང་བར་སེམས་པས་དེ་ལས་ཡོངས་སུ་ཉམས་པར་མ་འགྱུར་རོ། །མར་གྱི་བུམ་པ་བཞིན་ནོ་ཞེས་བྱ་བ་ ནི་དཔེར་ན་མར་གྱིས་གང་བའི་བུམ་པ་ལ་བར་གྱི་ཚིག་གང་བ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་མར་གྱི་བུམ་པ་ཞེས་བྱ་བ་ལྟ་བུའམ། དཔེར་ན་མར་ལ་ལྟོས་པའི་བུམ་པ་ནི་མར་གྱི་བུམ་པ་སྟེ། གང་དུ་མར་ལྡུགས་པ་ཡིན་ནོ། །ལྟོས་པ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་མར་ གྱི་བུམ་པ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་བར་གྱི་ཚིག་ལྟོས་པ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །འདི་དག་ནི་དུས་ལ་ལྟོས་པ་ཡང་ཡིན་ལ་རྣམ་པར་གྲོལ་བ་ཡང་ཡིན་པས་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བཤད་དོ། །དུས་ནི་ཡོ་བྱད་ལ་སོགས་པ་ཡིན་པར་བཤད་ཟིན་ཏོ། །ཇི་ ལྟར་གཡོ་བར་མི་ནུས་པའི་ཕྱིར་ཞེ་ན། ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །ཡང་ན་དུས་གཞན་གྱི་བར་དང་། གཏན་དུ་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཉིད་ཡིན་ལ་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་ མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དེ་ལྟ་ཡིན་ཞེ་ན་སྨྲས་པ། ཡོངས་སུ་ཉམས་པ་སྲིད་པ་དང་། མི་སྲིད་པའི་སྒོ་ནས་ཏེ། ཡོངས་སུ་ཉམས་པ་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་ཡོངས་སུ་ ཉམས་པ་མི་སྲིད་པའི་སྒོ་ནས་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །ཞེས་བྱ་བ་ནི་གལ་ཏེ་དེ་སློབ་པར་གྱུར་པ་ལས་དབང་པོ་དག་འཕོ་བར་བྱེད་ན་ཡང་མཐོང་བས་ཐོབ་པ་ཉིད་དུ་འགྱུར་ལ། འོན་ཏེ་རང་བཞིན་གྱིས་དབང་ པོ་རྣོན་པོ་ཞིག་ཡིན་ན་ཡང་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་མཐོང་བས་ཐོབ་པ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན་མི་གཡོ་བའི་ཆོས་ཅན་འདི་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཞེས་བྱའི། མི་གཡོ་བའི་ཆོས་ཅན་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ན་དབང་པོ་དག་འཕོ་བར་བྱེད་པ་གང་ ཡིན་པ་དེ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་མ་ཡིན་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཁ་ཅིག་ནི་དང་པོ་ཉིད་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ་ཞེས་བྱ་བར་བརྗོད་ཀྱི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ནོ་ཞེས་ནི་མི་བརྗོད་དོ། །འདི་ལྟར་དེ་ནི་སྦྱངས་པ་ལས་གྱུར་ པ་མ་ཡིན་པས་ཁ་ཅིག་ནི་དང་པོ་ནས་དེའི་རིགས་ཅན་ཡིན་ནོ་ཞེས་བསྟན་ཏོ། །ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་བ་ནས་མི་གཡོ་བའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་བའི་བར་འདི་ཅི་ཞིག་ཡིན་ཞེ་ན། དེས་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་མ་ བསྟན་ཏོ། །དེ་ལ་ཁ་ཅིག་ནི་