Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 143

Văn bản gốc(Tây Tạng)

Trang 13 / 22 (50.000 ký tự/trang)
དོད་ཆགས་དང་བྲལ་བ་རྣམས་ཀྱི་གང་ཟག་རྣམ་པར་གཞག་པ་ནི་གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི། འདོད་པའམ་ཡང་ན་གོང་མ་ལས།
ཆགས་བྲལ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཞེས་བྱ་བ་ནི། རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་ཞེས་འབྱུང་བའི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་པ་བསྟན་
པ་ལྟར་རོ། །གོས་ལས་ཞེས་བྱ་བ་ནི་བགོ་བ་ལས་སོ། །འདི་ནི་དཔེའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་དཔེའི་ཚུལ་ཡིན་ནོ། །གཞན་དག་ན་རེ་དཔེའི་རྣམ་པ་ཞེས་བྱ་བ་ནི་དཔེའི་རྣམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་ཚུལ་འདིས་སམ་རྣམ་པ་འདིས་དཔེ་གཞན་ཡང་བརྗོད་པར་བྱའོ་ཞེས་སྟོན་པར་
བྱེད་དོ། །དེ་ལྟ་མ་ཡིན་ན་འདི་ནི་དཔེ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པར་འགྱུར་རོ། །འཁོར་བ་ཐོག་མ་མེད་པ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ན་སྟེ། བརྒྱུད་པས་སྤེལ་བ་ནི་མངོན་པར་སྤེལ་བའོ། །དེ་དག་ལ་བདག་ཉིད་ཀྱིས་ཚད་ཆེན་པོ་ཡོད་པས་ན་ཆེན་པོའོ། །ཉོན་མོངས་པ་དེ་རྣམས་

ཐོབ་པ་གཅོད་པའི་སྒོ་ནས་རྩ་བ་ནས་མེད་པར་བྱེད་པའི་ཕྱིར་རོ། །ཐོབ་པ་རྣམས་ནི་རྩ་བ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལས་ཉོན་མོངས་པ་རྣམས་རྒྱུན་ཆགས་པའི་ཕྱིར་རོ། །སྨན་ཏྲི་བྲིད་ཐུན་གཅིག་གིས་འབྱིན་པ་ལྟ་བུ་ཞེས་བྱ་བ་ནི། དཔེར་ན། སྨན་ཏྲི་བྲིད་སྲང་ལ་བཅལ་བའི་ཞོ་གཅིག་གིས་
རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་ལ་སོགས་པ་ཡུན་རིང་མོ་ནས་བསགས་པའི་སྐྱོན་རྣམས་སེལ་བ་དེ་བཞིན་དུ་འཕགས་པའི་ལམ་ཆུང་ངུས་ཀྱང་ཉོན་མོངས་པ་རྣམས་དེ་དང་འདྲའོ། །ཡང་དཔེར་ན་མར་མེ་སྐད་ཅིག་མ་ཆུང་ངུས་མུན་པ་ཆེན་པོ་འཇོམས་པ་ལྟར་ཉོན་མོངས་པ་རྣམས་
ཀྱང་དེ་དང་འདྲའོ། །དེ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ཞེས་བྱ་བ་ནི་དེ་རབ་ཏུ་ཐོགས་ན་སྲིད་པ་ལན་བདུན་དུ་ཟད་ཀྱི་ཕན་ཆད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དེ་ལས་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ།
འཇིག་རྟེན་ན་ཡང་རྒྱུན་གྱི་ནང་ནས་འགྲོ་བའི་ཕྱིར་རོ། །གལ་ཏེ་ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་དང་པོ་ནི་མཐོང་བའི་ལམ་ཡིན་ཏེ། གལ་ཏེ་དེ་ཐོབ་པའི་ཕྱིར་རོ་ཞེ་ན། བརྒྱད་པ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་ཏེ། རྒྱུན་དུ་ཞུགས་པའི་
འབྲས་བུ་ལ་ཞུགས་པ་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དགྲ་བཅོམ་པ་ནས་བཟུང་སྟེ་ལུགས་ལས་བཟློག་པའི་རིམ་གྱིས་བགྲང་ན་དགྲ་བཅོམ་པ་དང་། དགྲ་བཅོམ་པ་ལ་ཞུགས་པ་ལ་སོགས་པ་སྐྱེས་བུ་གང་ཟག་བརྒྱད་ཀྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་
བུ་ལ་འཇུག་པ་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་བརྒྱད་པ་ཡིན་ཏེ། དེས་ཀྱང་ལམ་དང་པོ་ཐོབ་པའི་ཕྱིར་དེ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་རོ། །གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། འོན་ཏེ་འབྲས་བུ་དང་པོ་ཐོབ་
པའི་ཕྱིར་རྒྱུན་དུ་ཞུགས་པའོ་ཞེས་བྱ་བར་འདོད་ན་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ཏེ། ཉོན་མོངས་པ་རྣམ་པ་དྲུག་སྤངས་པ་ལ་གནས་པ་གང་ཞིག་སྐད་ཅིག་མ་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཡིན་པ་དེ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་ཏེ། དེས་

ཀྱང་སྔོན་མ་ཐོབ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ཏེ། དེའི་འབྲས་བུ་དེ་ནི་དང་པོ་ཡིན་པས་སོ། །ད་ནི་ལན་བརྗོད་པར་བྱ་སྟེ། འབྲས་བུ་ཐམས་ཅད་འཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་འཐོབ་
པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འབྲས་བུ་ཐམས་ཅད་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞིའོ། །འདི་ནི་དེ་དག་འཐོབ་པའི་ངང་ཚུལ་ཅན་ཡིན་པས་འབྲས་བུ་འཐོབ་པའམ། འདི་ལ་འབྲས་བུ་ཐམས་ཅད་འཐོབ་པ་ཡོད་པས་ན་འབྲས་བུ་ཐམས་ཅད་འཐོབ་པའོ། །དེའི་དབང་དུ་བྱས་
ནས་དེ་ལས་བསམས་ནས་འབྲས་བུ་དང་པོ་འཐོབ་པའི་ཕྱིར་ཏེ། སྔོན་མ་ཐོབ་པའི་འབྲས་བུ་འཐོབ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཅིའི་ཕྱིར་དེ་ཁོ་ན་ལ་རྒྱུན་དུ་ཞུགས་པ་ཞེས་བྱའི། བརྒྱད་པ་ནི་མ་ཡིན་ཏེ། དེ་ཡང་འཕགས་པའི་ལམ་གྱི་རྒྱུན་ལ་ནི་ཞུགས་
སོ་ཞེ་ན། ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལྟར་འབྲས་བུ་ཐམས་ཅད་འཐོབ་པ་དེས་ནི་ཞུགས་པའི་ལམ་སྐད་ཅིག་མ་བཅོ་ལྔའི་ངོ་བོ་ཉིད་ཀྱང་ཐོབ་ལ། བསྒོམ་པའི་ལམ་སྐད་ཅིག་མ་བཅུ་དྲུག་གི་མཚན་ཉིད་ཀྱང་ཐོབ་ཀྱི། བརྒྱད་པས་ནི་ཞུགས་པའི་
ལམ་ཁོ་ན་ཐོབ་པར་ཟད་པས་སོ། །མཐོང་བ་དང་བསྒོམ་པའི་ལམ་ཐོབ་པ་འདིའི་ཕྱིར་ཡང་སྟེ། འདི་ལྟར་དེས་ནི་མཐོང་བའི་ལམ་དེ་ཁོ་ན་དང་། བསྒོམ་པའི་ལམ་དེ་ཁོ་ན་ཡང་ཐོབ་ཀྱི་བརྒྱད་པས་ནི་མཐོང་བའི་ལམ་ཁོ་ན་ཐོབ་པས་སོ། །ལམ་ལ་རྗེས་སུ་ཤེས་པས་རྒྱུན་ཐམས་ཅད་མངོན་པར་རྟོགས་
པའི་ཡང་ཕྱིར་ཏེ། འདི་ལྟར་འདིས་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་མཚན་ཉིད་ཀྱང་མཐོང་བས་རྒྱུན་ཐམས་ཅད་མངོན་པར་རྟོགས་པ་ཡིན་གྱི་བརྒྱད་པས་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་དེ་དག་གིས་ན་འབྲས་བུ་ཐམས་ཅད་འཐོབ་པ་ཁོ་ན་ལ་རྒྱུན་དུ་ཞུགས་པ་ཞེས་བྱའི། བརྒྱད་པ་ལ་ནི་མ་
ཡིན་ནོ། །མཆོག་ཏུ་གྱུར་པའི་ཕྱིར་དེ་སྐད་ཅེས་བརྗོད་དེ། དཔེར་ན་འཇིག་རྟེན་ན་ཡང་གང་ཞིག་མཆོག་ཏུ་གསལ་བར་བྱེད་པ་དེ་ལ་ཉི་མ་ཞེས་བྱའི། སྲིན་བུ་མེ་ཁྱེར་ལ་ནི་མ་ཡིན་པ་དེ་དང་འདྲའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་དེའི་ཚེ་སྲིད་པ་དེ་ལས་གཞན་པའོ། །གནས་བདུན་ལ་མཁས་པ་ཞེས་

བྱ་བ་དང་། འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བདུན་ཚན་དུ་མཐུན་པའི་ཕྱིར་མདོ་ལས་དགེ་སློང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ལྟ་བུའོ། །ཇི་ལྟ་ཞེ་ན་རྒྱས་པར་བཤད་ནས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པ་
ཡིན་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྲོ་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། གཟུགས་ཀྱི་ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་
བཞིན་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཀུན་འབྱུང་བ་ཞེས་བྱ་བ་རྒྱས་པར་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་
སོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །དེ་ལྟར་ན་ཚུལ་འདིས་བདུན་ཚན་ལྔ་ནི་སུམ་ཅུ་རྩ་ལྔ་ཡིན་པས་སུམ་ཅུ་རྩ་ལྔ་ལ་མཁས་པ་ཡིན་ནོ། །ལོ་མ་བདུན་པ་ཞེས་བྱ་བ་དང་ཡང་འདྲ་སྟེ། དཔེར་ན་ལོ་མ་རེ་རེ་ལ་འདབ་མ་བདུན་ཡོད་པར་འདྲ་བའི་ཕྱིར། འདབ་མ་བརྒྱ་ཕྲག་དུ་མ་ཞིག་ཡོད་ཀྱང་
ཤིང་དེ་ལ་ལོ་མ་བདུན་པ་ཞེས་བྱ་བ་དེ་དང་འདྲའོ། །དཔེ་གཉིས་ཉེ་བར་བཀོད་པའི་དགོས་པ་ནི་དཔེ་དང་པོ་ནི་གསུང་རབ་ལ་གྲུབ་པ་ཡིན་ལ། གཉིས་པ་ནི་འཇིག་རྟེན་ན་གྲགས་པས་སོ། །གལ་ཏེ་བདུན་ཚན་དུ་མཐུན་པའི་ཕྱིར་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ནོ་ཞེས་
འཆད་ན། འོ་ན་གང་མདོ་ལས་གསུངས་པ་དེ་དང་འགལ་ཏེ། དེའི་ཕྱིར་བཤད་པ་འདི་ནི་ངན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི། འགྲོ་བ་གཞན་དུ་ནི་མངོན་པར་འགྲུབ་པར་འགྱུར་བས་འགལ་བ་མེད་དོ། །འོན་ཏེ་ལྷ་
རྣམས་དང་མིའི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་འབྱུང་བ་སྒྲ་ཇི་བཞིན་དུ་བརྟགས་ན་ནི་ལྷ་དང་མི་ཞེས་འབྱུང་བའི་ཕྱིར་སྲིད་པ་བར་མ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། ལྷ་དང་མིའི་འགྲོ་བ་དག་ཏུ་སྲིད་པ་བདུན་མངོན་པར་འགྲུབ་ཀྱི། སྲིད་པ་

བར་མ་རྣམས་ནི་མ་བགྲངས་སོ་ཞེས་བྱ་བར་ཡང་འདོད་དོ། །གལ་ཏེ་སྲིད་པ་བར་མ་རྣམས་དང་བཅས་ཏེ་སྲིད་པ་བདུན་དུ་བགྲང་བར་གྱུར་ན་ནི་དེའི་སྐྱེ་བ་བཞི་ཁོ་ནར་འགྱུར་རོ། །དེ་ལྟར་ན་མི་འདོད་པར་འགྱུར་བའི་ཚིག་འདིས་ནི་བདག་ཉིད་ཀྱི་རྣམ་པར་བཤད་པ་
འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ་ཞེས་བྱ་བ་དེ་གཞུང་འཛུགས་པར་བྱེད་དོ། །ཅིག་ཤོས་ཀྱིས་དེ་ལྟར་ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ་ཞེས་རྣམ་པར་འཆད་པར་
བྱེད་ན། འོ་ན་ཇི་ལྟར་གོང་དུ་འཕོ་བ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་འབྱུང་བའི་ཕྱིར་འོག་མིན་གྱི་བར་དུ་གོང་དུ་འཕོ་བ་ལ་ཡང་སྲིད་པ་བརྒྱད་པ་མངོན་པར་འགྲུབ་
པ་སྲིད་ན། ཅིའི་ཕྱིར་སྲིད་པའི་རྩེ་མོའི་བར་དུ་ཞེས་བྱ་བ་ཁྱད་པར་དུ་སྨོས་ཤེ་ན། དེ་ཡང་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་བསམ་པ་ནི་སྲིད་པའི་མཆོག་བརྗོད་པར་འདོད་ནས་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་སྨོས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །འདོད་པའི་ཁམས་ལས་དགོངས་
ཏེ་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་འགྲོ་བ་གཅིག་པོ་མིའི་འགྲོ་བའམ་ལྷའི་འགྲོ་བ་གང་ཡིན་པ་དེར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མ་ཡིན་ནོ། །དེ་ནི་འདོད་པའི་ཁམས་ལས་དགོངས་ཏེ་གསུངས་སོ་ཞེས་
བྱ་བ་ནི་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ་མདོ་ནི་ལུང་ངོ་། །རིགས་པ་ནི་དོན་རྗེས་སུ་དཔོག་པའོ། །གང་གིས་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་གླེངས་པ་དེ་ཉིད་ཀྱིས་ཡང་ལྷ་དང་མི་དག་གི་ནང་དུ་སོ་སོར་ཞེས་བྱ་བ་རྒྱས་
པར་སྨོས་ཏེ། ལྷ་དང་མི་དག་གི་ནང་སོ་སོར་ལན་བདུན་དུ་འཁོར་གྱི་ལྷ་དང་མི་གཉི་གའི་ནང་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད། འདི་སྐད་དུ་གང་ཞིག་མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི་ལྷ་རྣམས་ཀྱི་ནང་དུ་ལན་གསུམ་དུ་འཁོར་ལ་མི་རྣམས་ཀྱི་ནང་དུ་ཡང་

ལན་གསུམ་ཁོ་ན་འཁོར་ནས་དེ་ནས་ལྷ་རྣམས་ཀྱི་ནང་དུ་འོངས་ཏེ་ཡོངས་སུ་མྱ་ངན་ལས་འདའོ། །གང་ཞིག་ལྷ་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ཡང་དེ་ཁོ་ན་བཞིན་དུ་མི་རྣམས་ཀྱི་ནང་དུ་ལན་གསུམ་འཁོར་ལ། ལྷ་རྣམས་ཀྱི་ནང་དུ་ཡང་ལན་གསུམ་ཁོ་ན་འཁོར་ནས་དེ་ནས་མི་རྣམས་ཀྱི་ནང་དུ་
འོངས་ཏེ། ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲས་པ་ཡིན་ནོ། །འདི་སྐད་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་འབྱུང་ངོ་ཞེས་བྱ་བ་ནི་སྤྱིའི་ངོ་བོར་འབྱུང་གི་ཁྱད་པར་དུ་བྱས་ནས་སོ་སོར་ཞེས་ནི་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཐེ་ཚོམ་དང་བཅས་པའི་གནས་
སྐབས་སུ་བྱས་པ་དང་། སློབ་དཔོན་གྱིས་གཞུང་གཟུགས་པའི་ཕྱིར་འོད་སྲུངས་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འོད་སྲུངས་པ་རྣམས་ཞེས་བྱ་བ་ནི་སྡེ་པ་གཞན་དག་གོ། །དེ་དག་ནི་འདི་སྐད་དུ། ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་འདོན་ཏེ། དེ་ལྟར་ན་སོ་སོ་ཞེས་བྱ་
བའི་དོན་དུ་འགྱུར་རོ། །དེ་ལྟ་བས་ན་འདིས་ནི་འདོད་པའི་ཁམས་ལས་དགོངས་ཏེ་གསུངས་སོ་ཞེས་བྱ་བ་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་གང་སྨྲས་པ་དང་། ལྷ་དང་མི་དག་གི་ནང་དུ་སོ་སོར་ལན་བདུན་སྐྱེའི་གཉི་གའི་ནང་དུ་ལན་བདུན་མ་ཡིན་པ་ཉིད་དོ་ཞེས་བྱ་བ་
འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་ཅེས་སྨྲས་པ་གཉི་གའི་ལན་ཡང་བཏབ་པ་ཡིན་ཏེ། སོ་སོར་ཡིན་པའི་དོན་སྨོས་པ་ཁོ་ནས་འདོད་པའི་ཁམས་ལ་དགོངས་པར་ཡང་བསྟན་པ་ཡིན་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་
འཁོར་བར་རུང་བ་མ་ཡིན་ཏེ། དེར་སྐྱེས་པའི་ཕྱིར་མི་འོང་བ་རྣམས་མིའི་ནང་དུ་མི་འོང་བའི་ཕྱིར་རོ། །རིགས་པ་ཡང་དེ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་བྱེད་དེ། གང་དུ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པར་བཤད་པའི་ས་དེ་ཁོ་ནར་སྲིད་པ་བརྒྱད་པ་བཀག་པར་ཟད་ཀྱི་གཞན་དུ་ནི་མ་
ཡིན་ནོ། །དེ་བས་ན་འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་ཅེས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །དེ་འདྲ་སྟེ་ཞེས་བྱ་བ་ནི་གང་གིས་ན་དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་སྲིད་པ་བརྒྱད་མངོན་པར་མི་འགྲུབ་པ་དེ་ལྟ་བུ་ཡིན་ནོ། །སྦྲུལ་གོམ་པ་བདུན་

པས་ཟིན་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་སྦྲུལ་གོམ་པ་བདུན་པ་ཞེས་བྱ་བ་དེས་ཟིན་ན་གོམ་པ་བདུན་བོར་ནས་འཆིའི་ཕན་ཆད་དུ་ཡང་མ་ཡིན་ལ་ཚུན་ཆད་དུ་ཡང་མ་ཡིན་ཏེ། དུག་གི་རིགས་དེ་དེ་ལྟ་བུ་ཡིན་པ་དང་། རིམས་ཉིན་བཞི་པ་བཞིན་ཏེ། དཔེར་ན་རིམས་ཉིན་བཞི་
པ་ནི་ཉི་མ་བཞི་ཞིང་འདེབས་ཀྱི་ཕན་ཆད་ཀྱང་མ་ཡིན་ལ་ཚུན་ཆད་ཀྱང་མ་ཡིན་ཏེ། ནད་ཀྱི་རིགས་དེ་དེ་ལྟ་བུ་ཡིན་པ་དེ་དང་འདྲའོ། །ཐ་མའི་ཆ་དང་མཐུན་པ་གཉིས། །ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དག་སྟེ། འདོད་པ་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་
གཉིས་ཡོད་དོ། །གོང་མའི་ཆ་དང་མཐུན་པ་ལྔ། །ཞེས་བྱ་བ་ན་གཟུགས་དང་གཟུགས་མེད་པ་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། གཏི་མུག་གོ། །དེའི་ཕྱིར་ཚུན་ཆད་དུ་ཡང་མྱ་ངན་ལས་འདས་པ་མི་འཐོབ་ལ་སྲིད་པ་བརྒྱད་པ་ཡང་མངོན་པར་
འགྲུབ་པར་མི་འགྱུར་རོ། །སློབ་དཔོན་འདུས་བཟངས་ན་རེ། ཀུན་དུ་སྦྱོར་བ་བདུན་ལུས་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་གཏན་ཚིགས་སུ་མི་རུང་སྟེ། གོང་མའི་ཆ་དང་མཐུན་པ་རྣམས་ནི་ས་གོང་མ་པ་ཡིན་པའི་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་འགྲུབ་པར་བྱེད་མི་ནུས་སོ་ཞེས་ཟེར་རོ། །གཏན་ཚིགས་
དེ་སྨྲ་བ་ན་རེ་ཡང་དེ་དགས་གོང་མ་ཡིན་མོད་ཀྱི་དེ་དག་གི་ཐོབ་པའི་མཐུས་སྲིད་པ་དེ་སྙེད་ཅིག་མངོན་པར་འགྲུབ་པར་འགྱུར་ཏེ། དེ་དག་ནི་ལུང་དུ་མ་བསྟན་པའི་ཕྱིར་གོང་མར་ཡང་རྣམ་པར་སྨིན་པའི་རྒྱུ་ཉིད་དུ་ནི་རྣམ་པར་མི་གཞག་གོ་ཞེས་ཟེར་རོ། །བར་སྐབས་སུ་ཞེས་བྱ་བ་ནི་བར་དུ་སྟེ་ཚུན་ཆད་དུ་ཞེས་བྱ་བའི་
ཐ་ཚིག་གོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱི་མཐུས་ཐོབ་པ་ཞེས་བྱ་བའི་དོན་ཏེ། ཡང་དགེ་སློང་གི་རྟགས་དང་སྦྱོར་བར་བྱེད་པ་དེ་ནི་དེའི་རང་བཞིན་ནོ། །ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་མདོ་ལས་རྒྱུན་དུ་ཞུགས་པ་ཡིན་ཏེ། ལོག་པར་ལྟུང་བའི་ཆོས་ཅན་
མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ་ཡིན། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་འབྱུང་ངོ་། །ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། དེར་འགྲོ་བའི་ལས་མི་སོགས་

པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ལོག་པར་ལྟུང་བ་ནི་ངན་སོང་སྟེ། དམྱལ་བ་ལ་སོགས་པའོ། །དེར་འགྲོ་བར་འགྱུར་བས་ན་དེར་འགྲོ་བ་སྟེ། དེར་འགྲོ་བ་ཉིད་དེར་འགྲོ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ལས་ཏེ། འཕགས་པའི་གནས་སྐབས་ན་དེ་མི་སོགས་པའི་ཕྱིར་དང་བསགས་པ་ཡང་རྒྱུད་རྣམ་
པར་སྨིན་པ་དང་མི་མཐུན་པར་བྱས་པའི་ཕྱིར་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་དེར་འགྲོ་བའི་ལས་མྱོང་བར་འགྱུར་བ་མ་ངེས་པ་བསགས་པ་ཡང་རྒྱུད་རྣམ་པར་སྨིན་པ་དང་མི་མཐུན་པར་བྱས་པའི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱའོ། །དེའི་ཕུང་པོའི་རྒྱུད་དེ་དེར་འགྲོ་བའི་ལས་
བསགས་པ་རྣམ་པར་སྨིན་པ་དང་མི་མཐུན་པར་གནས་པ་དེ་ལྟ་བུར་ཡོངས་སུ་གྱུར་པ་ཡིན་ནོ། །ཡང་ཅིའི་ཕྱིར་ཕུང་པོའི་རྒྱུད་དེ་དེར་འགྲོ་བའི་ལས་བསགས་པ་རྣམ་པར་སྨིན་པ་དང་མི་མཐུན་པར་གནས་པ་ཡིན་ཞེ་ན། དེའི་ཕྱིར་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོས་པའི་ཕྱིར་ཞེས་བྱ་བ་སྨོས་
ཏེ། འདི་ལྟར་ཕུང་པོའི་རྒྱུད་དེ་ནི་དགེ་བའི་རྩ་བ་སྟོབས་དང་ལྡན་པ་རྣམས་ཀྱིས་བསྒོས་ཤིང་བསྒོས་པ་ཡིན་ནོ། །དགེ་བའི་རྩ་བ་སྟོབས་དང་ལྡན་པས་ཀྱང་ཇི་ལྟར་བསྒོས་ཤེ་ན། སྦྱོར་བ་དང་བསམ་པ་དག་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་དག་པ་དང་། བསམ་པ་དག་པའི་སྒོ་ནས་སོ། །
དེ་ལ་སྦྱོར་བ་དག་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། །བསམ་པ་དག་པ་ནི་སངས་རྒྱས་ལ་སོགས་པ་ལ་དད་པ་མི་ཕྱེད་པའོ། །སྐད་ཅིག་ཀྱང་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྐད་ཅིག་ཀྱང་སེམས་བསྐྱེད་པར་མི་འགྱུར་ན་སྦྱོར་བ་ལྟ་ཅི་སྨོས་སྙམ་དུ་བསམས་པ་ཡིན་ནོ། །
ཡང་ན་ངན་སོང་དུ་ངེས་པའི་ལས་ཡོད་ན་ནི་གང་ཟག་དེས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཚན་ཉིད་ཀྱི་བཟོད་པ་ཡང་བསྐྱེད་པར་མི་འགྱུར་ན་ཟག་པ་མེད་པའི་ལམ་ལྟ་ཅི་ཞིག་སྨོས་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོས་པའི་མི་དགེ་བ་བསགས་པ་
རྣམ་པར་སྨིན་པ་དང་མི་མཐུན་པར་འགྱུར་བ་དེ་ཚིགས་སུ་བཅད་པས་སྟོན་པའི་ཕྱིར། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་ཞེས་བྱ་བ་ཐམས་ཅད་སྨོས་སོ། །མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་སྟེ་ངན་སོང་དུ་འགྲོའོ། །མཁས་པས་ནི་སྡིག་པ་ཆེན་པོ་བྱས་ཀྱང་

གནོད་པ་སྟེ། ངན་སོང་རབ་ཏུ་སྤོང་བར་འགྱུར་རོ། །དོན་འདི་གཉིས་གོ་རིམས་བཞིན་དུ་དཔེ་གཉིས་ཀྱིས་སྒྲུབ་པར་བྱེད་དེ། ལྕགས་ཀྱི་གོང་བུ་སྟེ་ཐུ་ལུམ་གྱི་ངོ་བོ་ཆུང་ངུ་ཡང་བཅོས་ལེགས་མ་བྱས་པའི་ཕྱིར་ཆུའི་གཏིང་དུ་འབྱིང་བར་འགྱུར་ལ། ལྕགས་དེ་ཉིད་
སྣོད་དུ་བྱས་ན་ཆེར་ཡང་བཅོས་ལེགས་བྱས་པའི་ཡོན་ཏན་གྱིས་ཆུའི་སྟེང་དུ་འཕྱོ་ཞིང་འབྱིང་བར་མི་འགྱུར་རོ། །དེ་བཞིན་དུ་མི་མཁས་པ་ནི་ཡོན་ཏན་རྣམས་ཀྱི་སྣོད་དུ་མ་བྱས་པའི་ཕྱིར་འབྱིང་བར་འགྱུར་གྱི། མཁས་པས་ནི་མ་ཡིན་ཏེ། ཡོན་ཏན་དག་གི་སྣོད་དུ་བྱས་པའི་ཕྱིར་རོ། །གང་
ཕན་ཆད་སྡུག་བསྔལ་མེད་པ་ཞེས་བྱ་བ་ནི་སྲིད་པ་གཞན་གྱིས་བསྡུས་པའོ། །སྡུག་བསྔལ་གྱི་མཐའ་ནི་སྡུག་བསྔལ་གྱི་མཇུག་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་འཆི་བའི་ཚེ་སྡུག་བསྔལ་གྱི་མཐའ་ཡོད་མོད་ཀྱི་སྡུག་བསྔལ་དེ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པ་ཡིན་པས་དེའི་ཕྱིར་སྡུག་བསྔལ་
གྱི་ཉིང་མཚམས་མི་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་སོ། །མྱ་ངན་ལས་འདས་པ་ཅི་ལྟར་བྱེད་ཅེས་བྱ་བ་ནི་རྟག་པའི་ཕྱིར་བྱ་བར་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེ་འཐོབ་པའི་གགས་བསལ་བའི་ཕྱིར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འཐོབ་པའི་གགས་བསལ་
བའི་ཕྱིར་རོ། །དེ་འཐོབ་པའི་གགས་ནི་ཉོན་མོངས་པའམ་ཕུང་པོ་ཡིན་ནོ། །དེ་བསལ་བའི་ཕྱིར་མྱ་ངན་ལས་འདས་པ་བྱེད་དེ། དཔེར་ན་ནམ་མཁའ་ནི་ཁང་པའི་གནས་ན་མི་མངོན་ཏེ། དེ་ནི་དེའི་གགས་ཡིན་པས་སོ། །དེ་བསལ་བའི་ཕྱིར་རྟག་ཀྱང་ནམ་མཁའ་བྱེད་དོ་ཞེས་བྱ་བ་ཡིན་ནོ། །
དེའི་ཕྱིར་དཔེར་ན་སྨྲ་བ་པོ་འདུན་ཁང་རྟིབ་ལ་ནམ་མཁའ་གྱིས་ཞེས་འཛེར་བ་ལྟ་བུ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །གཞན་ཡང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་རྒྱུད་ཡོངས་སུ་སྨིན་པའོ། །མ་ངེས་པས་ཞེས་བྱ་བ་ནི་གལ་ཏེ་ན་འདི་ཉིད་དམ་སྲིད་པ་བར་མ་ལ་སོགས་པར་ཡོངས་སུ་མྱ་ངན་ལས་
འདས་པར་འགྱུར་བས་དེའི་ཕྱིར་མི་བརྗོད་དོ། །ཚེ་གཉིས་གསུམ་ཞེས་བྱ་བ་ནི་འདི་ལ་ཚེ་གཉིས་སམ་གསུམ་ཡོད་པས་ན་ཚེ་གཉིས་གསུམ་མོ། །ཚིགས་སུ་བཅད་པའི་ནང་དུ་ནི་གཉིས་ཤིག་སྨོས་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་ཚེ་དག་གོ། །ཅིའི་ཕྱིར་ཞེ་ན། མཐར་གྱིས་པའི་རྒྱུན་དུ་

ཞུགས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་ནས་ཕྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས་རྣམ་པ་གཅིག་ནས་བཞིའི་བར་སྤོང་བར་བྱེད་ན་དེའི་གཉེན་པོ་སྟེ། རྣམ་པ་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་གཉེན་པོའོ། །ཟག་པ་མེད་པའི་དབང་པོ་འཐོབ་པ་ནི་མ་
སྨོས་ཀྱང་འགྲུབ་པའི་ཕྱིར་དེ་ཚིགས་སུ་བཅད་པ་ལས་མ་སྨོས་སོ། །གཉེན་པོ་མེད་པར་ནི་ཉོན་མོངས་པའི་རྣམ་པ་སྤོང་བ་མེད་དེ། འཕགས་པ་དེ་ནི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་རྣམ་པ་སྤངས་ན་ཡང་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་འཐོབ་པར་འགྱུར་རོ། །སྐྱེ་བ་ནི་གལ་ཏེ་
ན་ཆེས་ཉུང་བར་ཡང་འགྱུར་བས་ཞེས་བྱ་བ་ནི་གལ་ཏེ་འདི་ཉིད་དུའམ་སྲིད་པ་བར་མའམ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ནའོ། །གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུའི་གོང་མ་ལན་ཅིག་ཕྱིར་འོང་བ་ཉིད་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སྐལ་
བ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་འདིའི་ཚེ་ནི། ཚེ་གཉིས་གསུམ་དུ་རིགས་ནས་རིགས་ཞེས་ངེས་པར་བྱ་བའི་ཕྱིར་སྨོས་པ་ཡིན་ནོ། །འདིར་འདི་དཔྱད་པར་བྱ་སྟེ། གང་ཞིག་རྣམ་པ་གཅིག་གམ་གཉིས་ལས་གྲོལ་བ་དེ་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། རྣམ་པ་
གསུམ་དང་བཞི་ལས་གྲོལ་བ་སྨོས་པ་ནི། དཔེར་ན་བརྗོད་པའི་ཕྱིར་རམ། དེ་ཕན་ཆད་དུ་ནི་མ་ཡིན་ནོ་ཞེས་ཚད་དུ་བྱ་བའི་ཕྱིར་རོ་ཞེས་ཟེར་རོ།། །།བམ་པོ་བཞི་བཅུ་རྩ་བརྒྱད་པ། གཞན་དག་ན་རེ་རྣམ་པ་གཅིག་གམ་གཉིས་ལས་གྲོལ་བ་ནི་ཚོ་ལྔའམ་དྲུག་པ་ཡིན་ཏེ། རྣམ་པ་
གསུམ་མམ་བཞི་ལས་གྲོལ་བ་ཞེས་ཁྱད་པར་སྨོས་པའི་ཕྱིར་རོ་ཞེས་ཟེར་ཏེ། འདི་ནི་བཤད་པ་བྱེད་པ་རྣམས་ཀྱིས་མ་དཔྱད་པས་འདི་དཔྱད་དགོས་པ་ཡིན་ནོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ཅི་ཡིན་ཞེ་ན། རིགས་ནས་རིགས་སུ་སྐྱེ་བར་འགྱུར་བ་ཞེས་བྱ་
བའི་སྐབས་ཡིན་ནོ། །དེ་སྤངས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་པ་ལྔ་སྤངས་ན་རྣམ་པ་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། དེའི་རྣམ་པ་དྲུག་པ་གཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བགེགས་བྱ་བར་མི་ནུས་སོ། །བར་

ཆད་གཅིག་པའི་བཞིན་དུ་ཞེས་བྱ་བ་འདི་ནི་བཟློག་པའི་དཔེ་ཡིན་ཏེ། ཇི་ལྟར་བར་ཆད་གཅིག་པའི་རྣམ་པ་དགུ་པ་གཅིག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་བགེགས་བྱ་བར་ནུས་པ་དེ་ལྟར་རྒྱུན་དུ་ཞུགས་པ་འདིའི་རྣམ་པ་དྲུག་པས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་
བགེགས་བྱ་བར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། ཁམས་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བར་ཆད་གཅིག་པ་ནི་འདོད་པའི་ཁམས་ལས་འདའ་བས་དེའི་ཕྱིར་འདི་རྣམ་པ་དགུ་པ་གཅིག་གིས་ཀྱང་འབྲས་བུ་ལ་བགེགས་བྱ་བར་ནུས་ཏེ། ཁམས་ལས་འདའ་བ་ནི་དཀའ་བའི་ཕྱིར་
རོ། ལན་ཅིག་ཕྱིར་འོང་བ་ནི་ཁམས་ལས་མི་འདའ་བས་དེའི་ཉོན་མོངས་པའི་རྣམ་པ་དྲུག་པ་གཅིག་གིས་འབྲས་བུ་ལ་བགེགས་བྱ་བར་མི་ནུས་སོ། །ལྷའི་རིས་དེའམ་གཞན་དུ་ཞེས་བྱ་བ་ནི་འདི་ལྟ་སྟེ། སུམ་ཅུ་རྩ་གསུམ་པ་དག་གི་ནང་དུ་བདེན་པ་རྣམས་མཐོང་ནས་རིགས་གཉིས་
སམ་གསུམ་དུ་འཁོར་ཏེ། སུམ་ཅུ་རྩ་གསུམ་པ་དེ་ཉིད་ཀྱི་ནང་དུ་ཡོངས་སུ་མྱ་ངན་ལས་འདའ་བའམ་གཞན་རྒྱལ་ཆེན་རིགས་བཞི་པའམ། འཐབ་བྲལ་བ་རྣམས་ཀྱི་ནང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །འདོད་ཆགས་དང་ཞེ་
སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ཞེས་འབྱུང་བ་ཞེས་བྱ་བ་ནི་མདོ་སྡེ་ལས་སོ། །ཇི་སྐད་དུ་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་འབྱུང་བའི་ཕྱིར་རོ། །ཆུང་ངུའི་རྣམ་པ་
ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆུང་ངུ་ཞེས་བྱ་བ་དེ་ཙམ་ཞིག་ལུས་པའི་ཕྱིར་རོ། །ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཞེས་བྱ་བ་ལ། ཉེས་ཆ་ནི་ཉེས་པའི་ཆ་ཤས་ཏེ། རྣམ་པ་བདུན་དང་བརྒྱད་ཀྱི་མཚན་ཉིད་ཡིན་ནོ། །འདིར་ཡང་དབང་
པོ་ལས་ནི་ཞེས་བྱ་བ་རྒྱུ་གསུམ་པ་མདོར་མ་བྱས་པས་དེ་ཁོ་ན་བཞིན་དུ་བཤད་པར་བྱའོ། །ཇི་ལྟར་ན་འདིའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ན་འདིའི་རྣམ་པ་དགུ་པ་གཅིག་གིས་འབྲས་བུ་ལ་བགེགས་བྱ་བར་ནུས་ཀྱི། རིགས་ནས་རིགས་སུ་སྐྱེ་བའི་རྣམ་པ་གཅིག་གིས་ནི་འབྲས་བུ་ལ་

བགེགས་བྱ་བར་མི་ནུས་ཤེ་ན། སྨྲས་པ། ཁམས་ལས་འདའ་བའི་ཕྱིར་རོ། །འདི་ལྟར་འདི་ནི་རྣམ་པ་དགུ་པ་སྤངས་ན་འདོད་པའི་ཁམས་ལས་ཡང་དག་པས་འདའ་བར་འགྱུར་བས་དེར་ཡང་མི་སྐྱེ་ལ། རྣམ་པ་དགུ་པ་དེ་ཡང་ལས་དང་ལྷན་ཅིག་ཏུ་དེར་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་ཏེ།
དེའི་ཕྱིར་དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་ལས་འདའ་བས་འབྲས་བུ་ལ་བགེགས་བྱེད་པར་ནུས་པ་ཡིན་ནོ། །གོང་དུ་ལས་རྣམས་ནི་གནས་སྐབས་གསུམ་དུ་བགེགས་བྱ་བའི་ཕྱིར་ཉེ་བར་གནས་སོ་ཞེས་བཤད་ཟིན་ཏོ་ཞེས་བྱ་བ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །
འཐོབ་ལ་ལས་བགེགས་ཤིན་ཏུ་བྱེད། །ཅེས་བྱ་བ་ཡིན་ནོ། །འདིར་ཉོན་མོངས་པ་དག་དང་སྦྱོར་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ལས་རྣམས་ཇི་ལྟ་བར་ཉོན་མོངས་པ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་
ཕྱིར་རམ་ཞེས་བྱ་བ་ནི་རྣམ་པ་བདུན་དང་བརྒྱད་ཟད་པའི་ལན་ཅིག་ཕྱིར་འོང་བ་དེའི་མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ། འདིའི་ཕྱིར་མི་འོང་བའི་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པས་ན་བར་ཆད་གཅིག་པ་ཡིན་ནོ། །དེ་སྲིད་དུ་རིགས་ནས་
རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མ་ཡིན་ཞེས་བྱ་བ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་རྣམ་པ་གསུམ་དང་བཞི་ལས་གྲོལ་ཡང་། རེ་ཞིག་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ལ། རྣམ་པ་བདུན་དང་བརྒྱད་ཟད་ཀྱང་རེ་ཞིག་བར་ཆད་གཅིག་པ་མ་ཡིན་ཏེ། དེ་དག་གི་གཉེན་པོ་ཟག་
པ་མེད་པའི་དབང་པོ་ཐོབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་ཞེས་བྱ་བ་སྨོས་ཏེ། དེ་དག་གི་གཉེན་པོའམ་དེ་དག་གི་གོང་མའི་གཉེན་པོ་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱས་ན། དེའི་ཚེ་ཟག་པ་མེད་པའི་དབང་པོ་
འཐོབ་པའི་ཕྱིར་རིགས་ནས་རིགས་སུ་སྐྱེ་བའམ། བར་ཆད་གཅིག་པ་ཡིན་ནོ་ཞེས་ཤུགས་ཀྱིས་བཤད་པར་འགྱུར་རོ། །ཀུན་དུ་སྦྱོར་བ། ཐ་མའི་ཆ་དང་མཐུན་པ་ལྔ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེ་ལས། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར་

ཕྱིར་མི་འོང་བ་ཞེས་བྱའོ་ཞེས་འབྱུང་བ་ནི་སྤངས་པ་བསྡོམས་པའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤངས་པ་གཅིག་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །སྔོན་གཉིས་སམ་གསུམ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་འདོད་པ་ལས་འདོད་
ཆགས་དང་བྲལ་བ་ཞིག་ངེས་པ་ལ་འཇུག་ན་སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདུན་པ་དང་། གནོད་སེམས་དང་གཉིས་སྤངས་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡོངས་སུ་གཏུགས་ཏེ་མ་སྤངས་པའི་ཕྱིར་རོ། །འོན་ཏེ་མཐར་གྱིས་པ་ཞིག་ཡིན་ན་ནི་མངོན་
སུམ་སྤངས་པ་ཡིན་ནོ། །གང་གིས་ཤེ་ན། མཐོང་བའི་ལམ་གྱིས་ཏེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །དེ་ལྟ་བས་ན། བསྡོམས་པ་ལྔ་སྤངས་པ་ཡི་ཕྱིར། །ཞེས་བྱ་བ་ཡིན་ནོ། །དེ་ནི་བར་སྐྱེས་འདུ་བྱེད་
དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་ཕྱིར་མི་འོང་བའོ། །འདི་ལ་བར་མ་དོ་དང་། སྐྱེས་ནས་དང་། འདུ་བྱེད་པ་དང་། འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་པས་ན། བར་སྐྱེས་འདུ་བྱེད་དང་། འདུ་བྱེད་མེད་
ཡོངས་མྱ་ངན་འདའ། །ཞེས་བྱ་བ་ཡིན་ནོ། །ཕྱིར་མི་འོང་བ་དེ་ཉིད་རྣམ་པ་ལྔ་ཡིན་ཏེ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་།
མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །ཕུང་པོའི་ལྷག་མ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཞེས་བྱ་བ་ནི་མྱ་ངན་ལས་འདའ་བ་རྣམ་པ་གཉིས་ཡོད་པས་ཕུང་པོའི་ལྷག་མ་དང་བཅས་
པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཁྱད་པར་དུ་བྱེད་པ་ཡིན་ཏེ་ཟག་པ་ཐམས་ཅད་ཟད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་བརྩོན་པ་དང་། ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་མངོན་པར་བརྩོན་པ་ནི་བརྩོན་འགྲུས་དང་

ལྡན་པ་སྟེ། བརྩོན་འགྲུས་བརྩམས་པ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་ལམ་ངང་གིས་འབྱུང་བ་ཡོད་པས་ན་ལམ་ངང་གིས་འབྱུང་བའོ། །ཇི་ལྟར་ལམ་ངང་གིས་འབྱུང་བ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་མེད་པར་མངོན་དུ་འགྱུར་བའི་ཕྱིར་རོ། །འདི་ནི་མངོན་པར་བརྩོན་པ་ཡང་ཡིན་
ལ་ལམ་ངང་གིས་འབྱུང་བ་ཡང་ཡིན་པས་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བའོ། །དེའི་ངོ་བོ་སྟེ། དེའི་ཕྱིར་སྐྱེས་པ་ཙམ་ལས་མི་འཆི་བར་ཡོངས་སུ་མྱ་ངན་ལས་འདའོ། །དེ་ཡང་ཕུང་པོའི་ལྷག་མ་མེད་པས་སོ་ཞེས་བྱ་བ་ནི་གཞན་དག་ན་རེ་བར་མ་དོར་ཡོངས་སུ་མྱ་ངན་
ལས་འདའ་བ་འབའ་ཞིག་དགྲ་བཅོམ་པ་ཉིད་ཐོབ་ནས་ཚེ་ཡོངས་སུ་མ་རྫོགས་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་མ་ཟད་ཀྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །མ་ཡིན་ཏེ། ཚེ་འདོར་བ་
ལ་དབང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཡང་ཕུང་པོའི་ལྷག་མ་མེད་པས་སོ་ཞེས་བྱ་བ་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་ཏེ། དེ་ནི་ཚེ་དོར་བར་བྱ་བ་ལ་དབང་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདི་དེ་ལ་དབང་མེད་ཅེ་ན། འདི་ལྟར་རབ་ཀྱི་མཐའ་
བའི་བསམ་གཏན་བཞི་པ་ཐོབ་པ་ནི་ཚེ་འདོར་བ་ལ་དབང་ལ་རབ་ཀྱི་མཐའ་པའི་བསམ་གཏན་དེ་ཡང་གླིང་གསུམ་དག་ཏུ་མི་རྣམས་ཀྱི་ནང་དུ་སྐྱེད་པར་བྱེད་ན་དེ་ནི་གཟུགས་ཀྱི་ནང་དུ་སྐྱེས་པས་སོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཚེ་འདོར་བ་ལ་དབང་ངམ་ཞེ་ན། གང་གི་ཕྱིར་
འདི་གོ་འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། དེ་ལ་ཡང་དབང་མེད་མོད་ཀྱི་སྲིད་པ་བར་མར་གནས་པར་བྱེད་པ་ལ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཅི་འདྲ་བ་དེ་ལྟ་བུའི་ལས་ནི་མེད་དོ། །དེའི་ཕྱིར་བར་
མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་ལ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཚེ་ཇི་སྲིད་པར་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་བས་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ན་ཕུང་པོའི་ལྷག་མ་དང་བཅས་པའི་ཡོངས་སུ་

མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱའོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཞེས་བྱ་བ་ལ་སོགས་པ་ལ། གྲག་གོ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་རྗོད་པར་བྱེད་པ་ཡིན་ཏེ། རང་གི་གཞུང་ལུགས་ནི་མདོ་སྡེ་
དང་མཐུན་པར་ཕྱིས་འཆད་དོ། །སྦྱོར་བ་མ་བཏང་ཞེས་བྱ་བ་ནི་སྔོན་གྱི་སྦྱོར་བའི་འཕེན་པས་སྦྱོར་བ་མ་བོར་བར་ཞེས་བྱ་བའི་ཐ་ཚིག་སྟེ། མངོན་པར་འདུ་བྱེད་པ་དང་བཅས་ཤིང་འབད་པ་དང་བཅས་པའོ། །མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་
རྣལ་འབྱོར་པ་དེ་མངོན་པར་བརྩོན་པའི་ཕྱིར་དང་། ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྲུབ་པོ། །མངོན་པར་འདུ་བྱེད་པ་མེད་པར་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པ་སྟེ་སྦྱོར་བ་བཏང་བའི་ཕྱིར་
རོ། །མངོན་པར་བརྩོན་པ་དང་། ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་པར་བརྩོན་པ་སྟེ། བརྩོན་འགྲུས་མེད་པའི་ཕྱིར་དང་། ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་དེ་ལྟར་མངོན་པར་བརྩོན་པ་ལ་སོགས་པ་དེ་དག་ཐ་དད་
པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའི་ཁྱད་པར་བཤད་པ་ཡིན་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་གཉི་ག་ཡང་ཡོད་དོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་མངོན་པར་བརྩོན་
པ་ཡོད་ཀྱི་འདི་ལ་ལམ་ངང་གིས་འབྱུང་བ་ནི་མེད་དོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ནི་གཉི་ག་ཡང་མེད་དེ། མངོན་པར་བརྩོན་པ་ཡང་མེད་ལ། ལམ་ངང་གིས་འབྱུང་བ་ཡང་མེད་དོ། །འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་
ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདུས་བྱས་དང་འདུ་བྱེད་ཅེས་བྱ་བ་ནི་དོན་གཅིག་སྟེ། འདུས་མ་བྱས་དང་འདུ་བྱེད་མ་ཡིན་པ་ཡང་དེ་དང་འདྲའོ། །གང་ཞིག་འདུ་བྱེད་ལ་དམིགས་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་། ལམ་ལ་དམིགས་པའི་ལམ་

གྱིས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ལ། གང་ཞིག་འདུ་བྱེད་མ་ཡིན་པ་ལ་དམིགས་པ་སྟེ། འགོག་པ་ལ་དམིགས་པས་སྤོང་བ་དེ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ་ཞེའོ། །
དེ་ནི་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། བར་མ་དོ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་འདུས་བྱས་དང་། འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་
ངན་ལས་འདའ་བས། སོ་སོར་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་གང་ཟག་གཉིས་ཁོ་ནར་ཐལ་བར་འགྱུར་གྱི་ལྔ་ནི་མ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་
འདའ་བ་སྔར་འབྱུང་བས་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་འདི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་བས་སྔར་འབྱུང་ངོ་། །དེ་ཁོ་ན་བཞིན་དུ་རུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་ཟག་མངོན་པར་འདུ་བྱེད་པ་
མེད་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ལམ་ངང་གིས་འབྱུང་བ་དང་། ངང་གིས་འབྱུང་བ་མ་ཡིན་པ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ནི་གོ་རིམས་བཞིན་དུ་སྔ་མ་ནི་མངོན་པར་འདུ་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ལ།
ཅིག་ཤོས་ནི་མངོན་པར་འདུ་བྱེད་པས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལྟར་བསྒྲུབ་པར་བྱ་བ་ཉིད་ཡིན་ཞེ་ན། སྨྲས་པ། དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བ་དག་ནི་གོ་རིམས་བཞིན་དུ་འབད་པ་མེད་པ་དང་། འབད་པས་འཐོབ་པའི་སྒོ་ནས་སོ། །ཡང་
ན་ལམ་ངང་གིས་འབྱུང་བ་དང་ངང་གིས་འབྱུང་བ་མ་ཡིན་པ་དག་ཁོ་ན་མོས་པས་གང་ཟག་དང་མི་སྦྱར་གྱི་འབད་པ་མེད་པ་དང་འབད་པས་འཐོབ་པའི་སྒོ་ནས་ཏེ། ལམ་སྔ་མ་འབད་པ་མེད་པར་མངོན་དུ་འགྱུར་བ་དང་། ཅིག་ཤོས་འབད་པས་འཐོབ་པའི་སྒོ་ནས་ལམ་ངང་གིས་འབྱུང་བ་ནི་

མངོན་པར་འདུ་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ལ། ངང་གིས་འབྱུང་བ་མ་ཡིན་པ་ནི་མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔ་བར་རུང་ངོ་། །སྨྲས་པ།
གལ་ཏེ་མངོན་པར་འདུ་བྱེད་པ་མེད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ལམ་ངང་གིས་འབྱུང་བ་ཡིན་ན། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ལམ་ཡང་ངང་གིས་འབྱུང་བ་ཡིན་པས་དེ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན།
དེའི་ཕྱིར་སྨྲས་པ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལམ་ཆེས་ངང་གིས་འབྱུང་བ་དང་ཆེས་ཆེ་བ་ཡིན་གྱི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དེ་ལྟར་རྒྱུ་བསགས་པའི་སྒོ་ནས་ཆེས་ཆེ་བ་མ་ཡིན་ནོ། །ལམ་ཆེས་ཆེ་བ་ཉིད་ཀྱིས་ཟད་པར་བྱས་པའི་
ཕྱིར་ཕྲ་རྒྱས་ཆེས་ཆུང་བ་ཡིན་ནོ། །གོང་དུ་འཕོ་བ་ཞེས་བྱ་བ་ནི་འདི་ལ་གོང་དུ་འཕོ་ཞིང་འགྲོ་བ་ཡོད་པས་ན་གོང་དུ་འཕོ་བ་དག་གོ། །བསམ་གཏན་སྤེལ་བ་དང་། སྤེལ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་བསྲེས་པ་དང་། བསྲེས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་
ཐ་ཚིག་སྟེ། བསམ་གཏན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་བསྲེས་པའི་ཕྱིར་རོ། །འདིར་བསམ་གཏན་རྣམས་སྤེལ་ནས་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི། དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་འབྱུང་བས་བསམ་གཏན་སྤེལ་བ་ནི་
བསམ་གཏན་བཞི་པ་སྤེལ་བ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། བསམ་གཏན་བཞི་པ་ཁོ་ནས་དང་པོར་སྤེལ་བར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །བསམ་གཏན་བཞི་པ་ལས་ཡོངས་སུ་མ་ཉམས་པར་བསམ་གཏན་དང་པོ་ལ་སོགས་པར་སྐྱེ་བ་མེད་པས་དེའི་ཕྱིར་བསམ་གཏན་
གསུམ་པ་ལས་ཡོངས་སུ་ཉམས་པ་ཞེས་སྨོས་སོ། །ཇི་ལྟར་ཡོངས་སུ་ཉམས་ཤེ་ན། བསམ་གཏན་དང་པོའི་རོ་མྱངས་ཏེ་ཞེས་བྱ་བ་སྨོས་སོ། །བར་དུ་མི་འགྲོ་བས་ན་ཞེས་བྱ་བ་ནི་བར་མར་མི་འགྲོ་བས་སོ། །ཕྱེད་དུ་འཕར་བས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གནས་གཙང་མ་རྣམས་སུ་སྐྱེས་

ནས། གནས་གཞན་འགའ་ཙམ་ཡང་རྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ་ཞེས་ཚིག་དེ་ལྟར་སྦྱར་བར་བྱའོ། །ལྟ་བའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཚངས་པ་ཆེན་པོ་དང་། དང་པོར་སྐྱེས་པ་རྣམས་ཀྱང་ཚངས་པ་ཆེན་པོ་ལ་སྤྲུལ་པ་པོ་ཡིན་པར་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་
རོ། །གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། འཕགས་པ་ནི་ཚངས་ཆེན་པ་དག་གི་ནང་དུ་མི་སྐྱེ་སྟེ། འཕགས་པ་དེར་སྐྱེ་ན་མཐུའི་སྒོ་ནས་གཉི་ག་གཙོ་བོ་ཉིད་དུ་འགྱུར་བ་ཞིག་ན། དེའི་བདག་པོ་ནི་འགྲན་ཟླ་མེད་པའི་ལས་ཀྱིས་འགྱུར་བས་དེའི་ཕྱིར་འགྲན་ཟླ་དང་བཅས་པར་མི་
འགྱུར་རོ། །གནས་གཞན་ཐམས་ཅད་དུ་ཞེས་བྱ་བ་ནི་ཚངས་རིས་པ་དག་གི་ནང་ནས་ཤི་འཕོས་ཏེ་ཚངས་པའི་མདུན་ན་འདོན་ལ་སོགས་པ་གྱ་ནོམ་སྣང་བ་ལ་ཐུག་པའི་བར་གནས་གཞན་བཅུ་བཞིར་འཕོས་ནས་འོག་མིན་དུ་འཇུག་པ་ཡིན་ནོ། །གོང་དུ་སྐྱེས་པ་དེའི་འོག་དང་དེར་གཏན་དུ་མི་
འོང་བའི་ཕྱིར་ཞེས་བྱ་བ་ནི་གང་དུ་སྐྱེས་པ་འདི་ལྟ་སྟེ། བསམ་གཏན་དང་པོར་སྐྱེས་ནས་དེའི་འོག་འདོད་པའི་ཁམས་སུ་གཏན་མི་འོང་བའི་ཕྱིར་དང་། དེ་བཞིན་དུ་གོང་དུ་སྐྱེས་པ་དེར་ཡང་གཏན་མི་འོང་བའི་ཕྱིར་ཏེ། བསམ་གཏན་དང་པོ་དེར་ཡང་གཏན་མི་འོང་བའི་ཕྱིར་ལན་གཉིས་སུ་ཕྱིར་དེར་
མི་སྐྱེ་བས་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །འདི་ནི་ཞི་གནས་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོར་ཐུག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ལ་དགའ་བ་ཡིན་ཏེ། གཟུགས་མེད་པ་དག་གི་ཏིང་ངེ་འཛིན་ནི་རབ་ཏུ་ཞི་བ་ཡིན་པས་དེའི་ཕྱིར་འདི་གཟུགས་མེད་པ་དག་ཏུ་འཇུག་གོ། །
སྔ་མ་ནི་ལྷག་མཐོང་སྤྱད་པ་ཡིན་ནོ་ཞེས་བྱ་བ་ནི་འོག་མིན་གྱི་མཐར་ཐུག་པར་བཤད་པ་གང་ཡིན་པ་དེ་ནི་ཤེས་རབ་ལ་དགའ་བ་ཡིན་ཏེ། གནས་གཙང་མ་རྣམས་སུ་འཇུག་གོ། །བར་སྐབས་སུ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ནི་བསྟན་བཅོས་
བྱེད་པ་རྣམས་ཀྱིས་བྲིས་པ་ཡང་མེད་ལ་བཀག་པ་ཡང་མེད་དོ། །དེའི་ཕྱིར་མ་བཀག་པས་གོང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པ་དང་། སྲིད་པའི་རྩེ་མོའི་མཐར་ཐུག་པ་ཡང་འོག་མིན་དང་སྲིད་པའི་རྩེ་མོར་མ་ཞུགས་པར་བར་སྐབས་སུ་མྱ་ངན་ལས་འདའ་བར་རུང་བར་ལྟ་སྟེ་སྲིད་པར་

ལྟའོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་མིན་གྱི་མཐར་ཐུག་པ་དང་། སྲིད་པའི་རྩེ་མོའི་མཐར་ཐུག་པ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། སྨྲས་པ། འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། འོག་མིན་དང་། སྲིད་
པའི་རྩེ་མོ་ལས་གོང་དུ་འགྲོར་མེད་པའི་ཕྱིར་རོ། །དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ཏེ། དེ་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མི་སྲིད་པ་མ་ཡིན་མོད་ཀྱི། དེ་ཕན་ཆད་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་
མི་བྱེད་པས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དོ། །དེ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རྣམ་པ་ལྔ་ནི་མེད་དོ། །དེ་དག་ནི་ཕྱིར་མི་འོང་བ་དྲུག་ཡིན་ནོ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་
ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་དྲུག་པ་གཟུགས་མེད་པར་ཉེ་བར་འགྲོ་བ་སྟེ་དབྱེ་བ་རྣམ་པ་བཞི་པ་བགྲངས་སོ། །མཐོང་བའི་ཆོས་
ལ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པོ་གང་དག་ཅེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕ་རོལ་པོ་ཕྱིར་མི་འོང་བ་གསུམ་ཞེས་ངེས་པར་ཕྱེ་སྟེ། མ་བཤད་པས་ཁོང་དུ་མ་ཆུད་དེ་འདྲི་བ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་དེ་དག་ནི་
དོན་གྱི་ཤུགས་གྱིས་བཤད་པ་ཡིན་ནོ་ཞེས་བྱ་བར་གཟིགས་ནས་རྣམ་པར་འགྲེལ་པར་མཛད་དེ། བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གོང་དུ་
འཕོ་བ་ནི་གསུམ་པ་ཡིན་ནོ། །དཔེ་གསུམ་གྱིས་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མྱུར་བ་མ་ཡིན་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡུན་རིང་

མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བ་དཔེ་གསུམ་དང་སྦྱར་བར་བྱ་བ་ཡིན་ཏེ། དཔེར་ན་ཞོག་མ་ཆུང་ངུའི་མེ་མངོན་པར་འགྲུབ་བཞིན་དུ་འཆི་བར་འགྱུར་བ་ལྟར་དང་པོ་དེ། མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེ་དང་འདྲའོ། །དཔེར་ན་ལྕགས་ཀྱི་ཐུ་ལུམ་མམ། ཐོང་ལུགས་མེ་
ཀུན་དུ་འབར་བ་རབ་ཏུ་བསྲེགས་པ་ལྕགས་ཀྱི་ཐོ་བས་བརྒྱབ་པ་རྣམས་ཀྱི་ཚ་ཚ་གྱེན་དུ་ཡར་བཞིན་དུ་འཆི་བར་འགྱུར་བ་ལྟར་གཉིས་པ་མྱུར་བ་མ་ཡིན་པ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་ཡང་དེ་དང་འདྲའོ། །དཔེར་ན་ལྕགས་ཀྱི་ཐུ་ལུམ་མམ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། ཚ་
ཚ་གྱེན་དུ་ཡར་ནས་ས་ལ་མ་ལྷུང་བ་ཁོ་ནར་འཆི་བར་འགྱུར་བ་ལྟར་གསུམ་པ་ཡུན་རིང་མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་ཡང་དེ་དང་འདྲ་སྟེ། མདོ་འདི་ནི་གོང་དུ་བྲིས་ཟིན་པས་ཡང་མི་འདྲིའོ། །སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་
ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རྣམ་པ་གསུམ་དུ་ཕྱེ་བས་ཕྱིར་མི་འོང་བ་དགུ་ཡིན་ནོ་ཞེས་བྱ་བར་
སྦྱར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་འདུ་བྱེད་པའམ། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་ནོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་
ལས་འདའ་བ་ནི་སྐྱེས་པ་ཙམ་ཁོ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མངོན་པར་འདུ་བྱེད་པ་དང་། སྔོན་མངོན་པར་འདུ་བྱེད་པ་མ་བཏང་བའི་མཐུས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །འདི་ལ་ནི་ལམ་ངང་གིས་འབྱུང་བ་ནི་ཡོད་མོད་ཀྱི། མངོན་པར་
བརྩོན་པས་ཡོངས་སུ་མྱ་ངན་ལས་འདའ་ལ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་བརྩོན་པ་མེད་པས་ཁྱད་པར་ཡོད་དོ། །མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྔོན་གྱི་མངོན་པར་འདུ་བྱེད་པ་བཏང་བ་སྟེ། མངོན་པར་འདུ་བྱེད་པ་

མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་ལྟར་ན་དེ་དག་གི་ཁྱད་པར་ནི་དེ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་སྐྱེས་ནས་
ཡོངས་སུ་མྱ་ངན་ལས་འདའ་བའི་མིང་ཐོབ་པར་འགྱུར་བ་དེ་བཞིན་དུ་བསྟན་པའི་ཕྱིར་དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འཕར་བ་ལ་སོགས་པའི་བྱེ་བྲག་གིས་སོ་ཞེས་བྱ་བ་ནི་
འཕར་བ་དང་། ཕྱེད་དུ་འཕར་བ་དང་། ཐམས་ཅད་དུ་འཆི་འཕོ་བའི་བྱེ་བྲག་གིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གསུམ་པོ་ཐམས་ཅད་ཅེས་བྱ་བ་ནི་བར་མ་དོ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་།
ཡུན་རིང་མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རྣམ་པ་གསུམ་དུ་དབྱེ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ལ་ལ་ནི་མྱུར་བར་ཡོངས་སུ་མྱ་ངན་ལས་འདའོ། །ལ་ལ་ནི་མྱུར་བ་མ་ཡིན་པར་ཡོངས་སུ་མྱ་ངན་ལས་འདའོ། །ལ་ལ་ནི་ཡུན་རིང་མོ་ཞིག་ནས་ཡོངས་
སུ་མྱ་ངན་ལས་འདའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་ཡང་དེ་དང་འདྲ་སྟེ། །རྣམ་པ་གསུམ་དུ་དབྱེ་བའི་ཕྱིར་ཡང་ཕྱིར་མི་འོང་བ་དགུ་ཡིན་ནོ་ཞེས་སྦྱར་བ་དེ་ཉིད་བརྗོད་པར་བྱའོ། །དེ་དག་གིས་ནི་ཁྱད་པར་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
གསུམ་པོ་བར་མ་དོ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་དེ་དག་ཉིད་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་དགུ་པོ་དེ་དག་གི་ཁྱད་པར་ཇི་སྐད་དུ་བརྗོད་པ་ནི་ལས་དང་། ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་ལས་ཏེ། ལས་དང་། ཉོན་མོངས་པ་དང་།
དབང་པོའི་བྱེ་བྲག་ལས་འགྱུར་རོ། །ཇི་ལྟ་ཞེ་ན། རེ་ཞིག་གསུམ་པོ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །མངོན་པར་འགྲུབ་པ་ནི་སྲིད་པ་བར་མ་སྟེ། མངོན་པར་འགྲུབ་པ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །སྐྱེས་ནས་

མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་གོང་དུ་འཕོ་བ་ཡིན་ཏེ། རེ་ཞིག་གསུམ་པོ་དེ་དག་གི་ཁྱད་པར་ལས་ཀྱི་བྱེ་བྲག་ལས་གྱུར་པ་ནི་དེ་ལྟ་བུ་ཡིན་ནོ། །
ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་བ་དང་། འབྲིང་དང་། ཆེན་པོའི་ཕྱིར་གོ་རིམས་བཞིན་དུ་དེ་དག་ཉིད་ཀྱི་ཁྱད་པར་ཉོན་མོངས་པའི་བྱེ་བྲག་ལས་གྱུར་པ་ཡིན་ནོ། །དབང་པོ་ཆེན་པོའི་དང་། འབྲིང་དང་། ཆུང་ངུའི་ཕྱིར་གོ་རིམས་བཞིན་དུ་དེ་དག་ཉིད་ཀྱི་ཁྱད་པར་དབང་པོའི་བྱེ་བྲག་ལས་
གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་སོ་སོའི་བྱེ་བྲག་ཀྱང་ཅི་རིགས་པར་ཞེས་བྱ་བ་ནི་ལས་ལ་སོགས་པའི་བྱེ་བྲག་དེ་ཉིད་ཀྱི་ཕྱིར་ཏེ། སོ་སོ་ཐ་དད་པ་དགུ་པོ་དེ་དག་གི་ཁྱད་པར་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཅི་རིགས་པར་ཡིན་གྱི་གོ་རིམས་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ནོ། །
ཇི་ལྟ་ཞེ་ན། གསུམ་ཚན་དང་པོ་གཉིས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གསུམ་ཚན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་གང་ཡིན་པ་དེས། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་གང་ཡིན་པའོ། །གསུམ་ཚན་དེ་གཉིས་ཀྱི་ཁྱད་པར་ནི་ཉོན་མོངས་པ་དང་དབང་
པོའི་བྱེ་བྲག་ལས་འགྱུར་ཏེ། ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་བ་དང་། འབྲིང་དང་། ཆེན་པོའི་ཕྱིར་དང་། དབང་པོ་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་ཕྱིར་གོ་རིམས་བཞིན་དུ་ཁྱད་པར་དུ་འགྱུར་རོ། །ལས་ཀྱི་བྱེ་བྲག་ལས་ནི་མ་ཡིན་ཏེ། འདི་ལྟར་གསུམ་ཚན་དང་པོའི་ལས་
མངོན་པར་འགྲུབ་པ་མྱོང་བར་འགྱུར་བ་ཡང་མཚུངས་ལ། གཉིས་པའི་ལས་སྐྱེས་ནས་མྱོང་བར་འགྱུར་བ་ཡང་མཚུངས་པས་སོ། །གསུམ་ཚན་ཐ་མ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ཁྱད་པར་དུ་བལྟ་སྟེ། འབར་བ་ལ་སོགས་པའི་ལས་ལན་གྲངས་
གཞན་ལ་མྱོང་བར་འགྱུར་བ་ནི་ཐ་དད་པས་དེའི་ཕྱིར། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་དང་། ཀྱང་ཞེས་བྱ་བས་དྲངས་པ་ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་ལས་ཁྱད་པར་དུ་འགྱུར་ཏེ། ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཕྱིར་དང་། དབང་

པོ་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་ཕྱིར་གོ་རིམས་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་ཉོན་མོངས་པ་དང་དབང་པོའི་རྣམ་པ་དགུའི་ཕྱིར་ཞེས་བྱ་བ་ནི་ཕྱིར་མི་འོང་བ་དེ་དག་ནི་ཉོན་མོངས་པའི་རྣམ་པ་དགུའི་ཕྱིར་དང་། དབང་པོའི་རྣམ་པ་དགུའི་ཕྱིར་ཕྱིར་མི་འོང་བ་
དགུ་ཡིན་ནོ། །ལས་མ་སྨོས་པ་ནི་ཁྱབ་པ་ཡིན་པའི་ཕྱིར་ཏེ། གསུམ་ཚན་དང་པོ་གཉིས་ནི་ལས་ཀྱི་བྱེ་བྲག་ལས་ཁྱད་པར་དུ་གྱུར་པ་མེད་དོ། །ཡང་ཇི་ལྟར་ན་ཉོན་མོངས་པ་དེ་དག་རྣམ་པ་དགུ་ཡིན་ཞེ་ན། འདི་ལ་ཉོན་མོངས་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་རྣམ་པ་གསུམ་སྟེ། བར་
མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་ནི་ཆུང་ངུ་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་ནི་འབྲིང་ཡིན་ནོ། །གོང་དུ་འཕོ་བ་རྣམས་ཀྱི་ནི་ཆེན་པོ་ཡིན་ནོ། །དེ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་པོ་ནི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཅན་ཡིན་ནོ། །གཉིས་
པ་ནི་ཉོན་མོངས་པ་ཆུང་ངུའི་འབྲིང་པོ་ཅན་ཡིན་ནོ། །གསུམ་པ་ནི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་ཅན་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ལ་ཡང་དང་པོ་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པ་འབྲིང་པོའི་ཆུང་ངུ་ཅན་ཡིན་ནོ། །གཉིས་
པ་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པ་འབྲིང་པོའི་འབྲིང་པོ་ཡིན་ནོ། །གསུམ་པ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པ་འབྲིང་པོའི་ཆེན་པོ་ཅན་ཡིན་ནོ། །གོང་དུ་འཕོ་བ་རྣམས་ལ་ཡང་འཕར་བ་ནི་ཉོན་
མོངས་པ་ཆེན་པོའི་ཆུང་ངུ་ཅན་ཡིན་ནོ། །ཕྱེད་དུ་འཕར་བ་ནི་ཉོན་མོངས་པ་ཆེན་པོའི་འབྲིང་པོ་ཅན་ཡིན་ནོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ཅན་ཡིན་ནོ། །ཇི་ལྟར་ན་དབང་པོའི་རྣམ་པ་དགུ་ཡིན་ཞེ་ན། དེ་བཞིན་དུ་དབང་པོ་ཡང་ཆེན་པོ་དང་འབྲིང་
པོ་དང་ཆུང་ངུ་རྣམས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་ནི་ཆེན་པོ་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་ནི་འབྲིང་ཡིན་ནོ། །གོང་དུ་འཕོ་བ་རྣམས་ཀྱི་ནི་ཆུང་ངུ་ཡིན་ནོ། །དེ་ལ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་པོ་ནི་དབང་

པོ་ཆེན་པོའི་ཆེན་པོ་ཅན་ཡིན་ནོ། །གཉིས་པ་ནི་དབང་པོ་ཆེན་པོའི་འབྲིང་པོ་ཅན་ཡིན་ནོ། །གསུམ་པ་ནི་དབང་པོ་ཆེན་པོའི་ཆུང་ངུ་ཅན་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ལ་ཡང་དང་པོ་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དབང་པོ་འབྲིང་པོའི་ཆེན་པོ་
ཅན་ཡིན་ནོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དབང་པོ་འབྲིང་པོའི་འབྲིང་པོ་ཅན་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དབང་པོ་འབྲིང་པོའི་ཆུང་ངུ་ཅན་ཡིན་ནོ། །གོང་དུ་འཕོ་བ་རྣམས་ལ་ཡང་འཕར་བ་
ནི་དབང་པོ་ཆུང་ངུའི་ཆེན་པོ་ཅན་ནོ། ཕྱེད་དུ་འཕར་བ་ནི་དབང་པོ་ཆུང་ངུའི་འབྲིང་པོ་ཅན་ཡིན་ནོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་དབང་པོ་ཆུང་ངུའི་ཆུང་ངུ་ཅན་ཡིན་ནོ། །འོ་ན་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ནི་དགེ་སློང་དག་ངས་སྐྱེས་བུ་དམ་པའི་
འགྲོ་བ་བདུན་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་བསྟན་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །མདོ་དེ་ཐམས་ཅད་ནི་འགྲོ་མདོ་ལས་ཞེས་བྱ་བའི་ཕྱོགས་དེར་བྲིས་ཟིན་པས་ཡང་མི་བྲིའོ། །མདོ་དེ་ལས་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་ཏེ། བར་མ་དོར་ཡོངས་
སུ་མྱ་ངན་ལས་འདའ་བ་གསུམ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་སྟེ། འགྲོ་བ་དྲུག་གོ། །བདུན་པ་ནི་གོང་དུ་འཕོ་བའི་འགྲོ་བ་ཡིན་ནོ། །དེ་མ་ཕྱེ་བར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གོང་དུ་འཕོ་བ་དེ་འཕར་བ་ལ་སོགས་པ་ཕྱེ་སྟེ་མ་བསྟན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་
སྟེ། མདོ་ལས་བསྟན་པ་ནི་གདུལ་བའི་བསམ་པ་ལ་ལྟོས་པ་ཡིན་ནོ། །སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའི་འགྲོ་བ་དག་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། འགྲོ་བ་དང་། སྐྱེ་བ་དང་། ཚེ་ཕྱི་མ་ཞེས་བྱ་བ་འདི་དག་ནི་མདོ་ལས་རྣམ་
གྲངས་སུ་བཤད་དོ། །དེ་དག་ཅེས་བྱ་བ་ནི་ཕྱིར་མི་འོང་བ་དག་སྟེ། སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་ལས་དམ་པ་ལ་འཇུག་ཅིང་མི་ཚངས་པར་སྤྱོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་དམ་པ་མ་ཡིན་པ་ལ་མི་འཇུག་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ནི་མི་དགེ་བའི་བསམ་

པའི་སེམས་ཀྱིས་བྱེད་ན། འདོད་ཆགས་དང་བྲལ་བ་དེ་དག་ནི་མི་དགེ་བ་སྤངས་པའི་ཕྱིར་དམ་པ་ཁོ་ན་ལ་འཇུག་གི་དམ་པ་མ་ཡིན་པ་ལ་མི་འཇུག་གོ། །ཡང་ཕྱིར་འོང་བ་མེད་ཅེས་བྱ་བ་ནི་འགྲོ་བ་གང་དག་ཏུ་སྐྱེས་པ་དེའི་འོག་གམ་དེར་གཏན་མི་འོང་ཞེས་བྱ་བའི་ཐ་
ཚིག་གོ། །ཇི་སྐད་དུ་བཤད་པ་འདི་གཞན་ལ་ནི་མེད་པས་ཞེས་བྱ་བ་ནི་དམ་པ་ཁོ་ན་ལ་འཇུག་ཅིང་དམ་པ་མ་ཡིན་པ་ལ་མི་འཇུག་པ་དང་། ཡང་ཕྱིར་འོང་བ་མེད་པ་གང་ཡིན་པ་དེ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ལ་མེད་པས་སོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི་རྒྱུན་དུ་
ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དག་ལ་ཡང་ཞེས་བྱ་བའི་དོན་ཏོ། །རྣམ་གྲངས་པ་ཞེས་བྱ་བ་ནི་རྣམ་གྲངས་ལས་བྱུང་བས་ན་རྣམ་གྲངས་པ་སྟེ། རྣམ་པ་འགའ་ཞིག་གིས་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན་སྡིག་པ་རྣམ་པ་ལྔ་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་ཞེས་བྱ་
བ་སྨོས་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བའི་མཚན་ཉིད་ཀྱི་སྡིག་པ་རྣམ་པ་ལྔ་མི་བྱེད་པས་མི་བྱེད་པར་སྡོམ་པ་ནི་སྡོམ་པར་བྱེད་པ་སྟེ། དེ་ཐོབ་པའི་ཕྱིར་རོ། །འཕགས་པ་ནི་ཚེ་
རབས་གཞན་ན་ཡང་སྡིག་པ་རྣམ་པ་ལྔ་པོ་འདི་མི་སྤྱོད་དོ། །མི་བྱེད་པའི་སྡོམ་པ་ཞེས་སྨོས་པ་ནི་ཡང་དག་པར་ལེན་པའི་སྡོམ་པ་ནི་གདོན་མི་ཟ་བ་མ་ཡིན་པའི་ཕྱིར་རོ། །ཕལ་ཆེར་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ནི་མི་དགེ་བ་ཐམས་ཅད་གཏན་སྤངས་པའི་ཕྱིར་དང་། ཅི་རིགས་
པར་བསྒོམས་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ཁ་ཅིག་སྤངས་པའི་ཕྱིར་རོ། །གང་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དག་ལ་རྣམ་གྲངས་མེད་པར་ཡོད་པ་སྟེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ལྟར་རྣམ་པ་གཞན་གྱིས་སྐྱེས་བུ་དམ་པ་ཉིད་ཡིན་པ་ལྟ་བུ་ནི་མ་
ཡིན་ནོ། །འོ་ན་ཅི་ཞེ་ན། སྡིག་པ་ཐམས་ཅད་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། མཐོང་བས་སྤོང་བར་བྱ་བ་མི་དགེ་བ་ཐམས་ཅད་སྤངས་པའི་ཕྱིར་དང་། བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམ་པ་དགུ་པོ་ཐམས་ཅད་སྤངས་པའི་ཕྱིར་མདོ་འདིར་སྐྱེས་བུ་དམ་པའི་འགྲོ་

བ་བདུན་ཞེས་གསུངས་པ་ནི་སྐྱེས་བུ་དམ་པ་ཕྱིར་མི་འོང་བ་དེ་དག་གི་སྐབས་ཡིན་ནོ། །དེའི་ཕྱིར་གཞན་དག་ཀྱང་རྣམ་གྲངས་པའི་སྐྱེས་བུ་དམ་པ་ཉིད་ཡིན་པ་ནི་མི་དག་གོ། །ཅི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་
སོགས་པའི་དབྱེ་བ་འདི་ཡོད་དམ་ཞེས་བྱ་བ་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ནི་གང་ཞིག་ཚེ་དང་པོ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས་ཚེ་གཉིས་པ་ལ་ཕྱིར་མི་འོང་བར་གྱུར་པ་ཡིན་ནོ། །འདོད་པར་ཞེས་བྱ་བ་ཁྱད་པར་སྨོས་པ་ནི་འདི་ལྟར་གཟུགས་
ཀྱི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་རེས་འགའ་གཟུགས་མེད་པ་དག་ཏུ་འཇུག་པས་སོ། །ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་འདོད་པའི་ཁམས་ལ་སྡུག་བསྔལ་མང་བ་ཉིད་ཀྱིས་ཤིན་ཏུ་སྐྱོ་བའི་ཕྱིར་རོ། །འོ་ན་བརྒྱ་བྱིན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
བརྒྱ་བྱིན་གྱིས་བདག་འདི་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ནས་གལ་ཏེ་དགྲ་བཅོམ་པ་ཉིད་ཐོབ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའི། བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་སྨྲས་ཏེ། དེ་ནི་ལྷ་དག་གི་ནང་ཁོ་ནར་རྒྱུན་དུ་
ཞུགས་པར་གྱུར་ནས་མི་དག་གི་ནང་དུ་འོངས་ཏེ། ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲས་པའི་ཕྱིར་ཚེ་ཡོངས་སུ་གྱུར་པ་ཡིན་པར་འགྱུར་རོ། །ཐ་མར་རིས་མཐུན་པའི་མཇུག་ཏུ་ཉམས་ན་སྟེ། དགྲ་བཅོམ་པ་ཉིད་མ་ཐོབ་པར་མ་ཐོབ་པའི་ཡོངས་སུ་ཉམས་པས་ཉམས་ན། འོག་མིན་དེར་ནི་
སྐྱེ་བར་འགྱུར་བར་ཤོག །ཅེས་དོན་དུ་གཉེར་བར་སྨྲས་པའི་ཕྱིར་ཁམས་གཞན་དུ་འགྲོ་བ་ཡོད་དོ་ཞེས་བསྟན་པ་ཡིན་ནོ་ཞེས་བྱ་བར་མངོན་ན་དེ་ཇི་ལྟར་མདོའི་དོན་འདོད་པའི་ཁམས་སུ་ཚེ་གཞན་དུ་ཡོངས་སུ་གྱུར་པའི་འཕགས་པ་ཁམས་གཞན་དུ་མི་འགྲོའོ་ཞེས་བཤད་དོ་ཞེས་བྱ་བར་སྣང་།
ཁྱོད་བརྒྱ་བྱིན་གྱིས་ཆོས་ཀྱི་མཚན་ཉིད་མངོན་པར་མི་ཤེས་པའི་ཕྱིར་དེ་སྐད་དུ་སྨྲས་པར་ཟད་དེ། དེ་ལྟ་བས་ན་ཞེས་པ་མེད་དོ་ཞེས་ཟེར་ན། བཅོམ་ལྡན་འདས་དེ་སྐད་དུ་གསན་པས་ཀྱང་ཅིའི་ཕྱིར་ཁྱོད་དེ་སྐད་དུ་མ་སྨྲ་ཤིག་ཅེས་དེ་མ་བཟློག་ཅེ་ན། དེའི་ཕྱིར་ཡང་དག་པར་དགའ་བར་བྱ་བ་ཡིན་པའི་

ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་གོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་སྡུག་བསྔལ་ཡོངས་སུ་སྤང་བར་འདོད་པས་ཡང་དག་པར་དགའ་བར་བྱ་བ་ཡིན་ནོ་སྙམ་དུ་བསམས་པའོ། །སློབ་དཔོན་འདུས་བཟངས་ན་རེ་ཤི་འཕོ་བའི་རྒྱུ་མཚན་ཅན་གྱི་སྐྱེ་བའི་
སྡུག་བསྔལ་གྱིས་ཡིད་བྱུང་བ་ནི་ཡང་དག་པར་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་ལ་སོགས་པའི་དབང་པོ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཁྱད་པར་དུ་གྱུར་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྟེན་ཁྱད་པར་
ཅན་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྟེན་ཁྱད་པར་ཅན་མ་ཉམས་པ་ལམ་མངོན་དུ་འགྱུར་བ་དང་མཐུན་པ་ཐོབ་པ་སྟེ། དབང་པོ་རྣོན་པོ་དག་ཡིན་ཡང་རྟེན་མི་མཐུན་པས་ཡོན་ཏན་དག་ལས་ཉམས་པ་སྣང་ངོ་། །དེ་ལྟ་བས་ན་ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་
ཆེས་ཡོངས་སུ་སྨིན་པའི་ཕྱིར་དབང་པོ་འཕོ་བ་མེད་ལ། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་ཡོངས་སུ་ཉམས་པ་མེད་དེ། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པ་དེ་ཉིད་ཀྱིས་ཁམས་གཞན་དུ་འགྲོ་བར་ཡང་མི་འགྱུར་རོ། །ལམ་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་
ཞེས་བྱ་བ་ནི་གང་གི་ཕྱིར་ལམ་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བ་རྒྱུ་དེའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཕྲ་རྒྱས་རྣམས་ཤིན་དུ་ཆུང་བ་མ་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི་གང་གི་ཕྱིར་དེའི་ཕྲ་རྒྱས་རྣམས་ཤིན་དུ་ཆུང་བ་མ་ཡིན་པ་དེའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ཏེ་འདི་ནི་སློབ་དཔོན་གྱི་ལན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལན་གང་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདོད་པའི་ཁམས་ལས་
འདའ་བར་དཀའ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཇི་ལྟ་ཞེ་ན། སྨྲས་པ། འདིས་ཉོན་མོངས་པ་མི་དགེ་བ་དང་ལུང་མ་བསྟན་པ་སྤང་པ་སྟེ། འདིས་མི་དགེ་བ་འདོད་པ་ན་སྤྱོད་པ་རྣམས་དང་། ལུང་དུ་མ་བསྟན་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སྤང་བར་བྱ་དགོས་སོ། །

སློབ་པ་འདོད་ཆགས་དང་བྲལ་བས་ནི་ལུང་དུ་མ་བསྟན་པ་ཁོ་ན་སྤང་བར་ཟད་དོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་ཐོབ་པར་བྱ་དགོས་ཏེ། ལན་ཅིག་ཕྱིར་འོང་བས་ནི་ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་
བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་ཐོབ་པར་བྱ་དགོས་ལ། རྒྱུན་དུ་ཞུགས་པས་ནི་གསུམ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ། །འདོད་ཆགས་དང་བྲལ་བས་ནི་དགྲ་བཅོམ་
པ་ཉིད་ཀྱི་འབྲས་བུ་གཅིག་ཁོ་ན་ཐོབ་པར་བྱ་བར་ཟད་དོ། །འདོད་ཆགས་དང་མ་བྲལ་བས་ཁམས་གསུམ་ལས་ཡང་དག་པར་འདའ་བར་ཡང་བྱ་དགོས་ལ། འདོད་ཆགས་དང་བྲལ་བ་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་
ནི་ཁམས་གཉིས་ལས་ཡང་དག་པར་འདའ་བར་བྱ་བར་ཟད་དོ། །སྤེལ་བར་བྱེད་ཅེས་བྱ་བ་ནི་སྲེ་བར་ཡང་བྱེད་ཅིང་འདྲེན་མར་བྱེད་པས་ཏེ། ཟག་པ་དང་བཅས་པའི་བསམ་གཏན་བཞི་པ་ཟག་པ་མེད་པ་དག་དང་སྤེལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལམ་སླ་བ་རྣམས་ཀྱི་ནང་ན་མཆོག་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ལམ་སླ་བ་ནི་དངོས་གཞིའི་བསམ་གཏན་བཞི་ཡིན་ཏེ། བསམ་གཏན་དག་གི་ལམ་རྣམས་སླ། །ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་བཞི་པ་ནི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་དེ་དག་གི་ནང་ན་མཆོག་ཡིན་ནོ། །གང་གི་ཚེ་ཞེས་བྱ་བ་ལ། གྲག་
ཅེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་ཏེ། རང་གི་གཞུང་ལུགས་ནི་འོག་ནས་སྐད་ཅིག་མ་སྤེལ་བར་ནི་མི་ནུས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བས་སྟོན་ཏོ། །སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ཞེས་བྱ་བ་ནི་ཟག་པ་མེད་པ་དང་།
ཟག་པ་དང་བཅས་པ་དག་གོ། །གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་ཀྱང་འཇིགས་པའི་ཕྱིར་སྤེལ་བར་བྱེད་དེ། ཡང་ཞེས་བྱ་བའི་སྒྲས་ནི་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་བའི་

ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཡང་སྤེལ་བར་བྱེད་དོ། །དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ཁོ་ནའི་ཕྱིར་སྤེལ་བར་བྱེད་ཀྱི་དེ་དག་ལ་ཡང་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་ཉོན་
མོངས་པས་འཇིགས་པའི་ཕྱིར་ནི་མ་ཡིན་ནོ། །ཡང་ཇི་ལྟར་ན་ཉོན་མོངས་པས་འཇིགས་པས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་སྤེལ་བར་བྱེད་ཅེ་ན། རོ་མྱོང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིང་བའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་
འབྲས་བུ་ལས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །རྣམ་པ་ལྔ་ཡིན་ཏེ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེ་བ་དང་། ཤིན་ཏུ་ཆེས་ཆེ་བའོ། །དང་པོ་ལ་ནི་སེམས་གསུམ་ཞེས་བྱ་བ་ནི་གང་ཟག་དེ་ལ་ནུས་པ་དེ་ཙམ་ཞིག་ཡོད་པས་ཏེ། དེ་བཞིན་དུ་འོག་མ་རྣམས་ལ་
ཡང་བརྗོད་པར་བྱའོ། །གཉིས་པ་ལ་ནི་དྲུག་གོ་ཞེས་བྱ་བ་ནི་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བ་གསུམ་དང་། ཡང་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བ་གསུམ་སྟེ་དྲུག་ཡིན་ནོ། །གསུམ་པ་ལ་ནི་
དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ་ཞེས་བྱ་བ་ལ། ཡང་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་ཞེས་བྱ་བ་ནི་སྤེལ་མར་བསྒོམ་པ་དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ཏེ། བསྒོམ་པ་ཆུང་ངུའི་
འབྲས་བུ་མི་ཆེ་བ་ཡིན་པ་ནས་བསྒོམ་པ་ཤིན་ཏུ་ཆེས་ཆེ་བའི་འབྲས་བུ་འོག་མིན་ཡིན་པའི་བར་དུའོ། །དད་པའི་དབང་པོ་ལ་སོགས་པ་ལྷག་པའི་ཕྱིར་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་གྱི་གཞུང་ལུགས་ཡིན་ཏེ། བསྒོམ་པ་དང་དད་པ་ཤས་ཆེ་བའི་འབྲས་བུ་མི་ཆེ་བ་ཡིན་པ་ནས་དེ་
བཞིན་དུ་བསྒོམ་པ་ཤེས་རབ་ཤས་ཆེ་བའི་འབྲས་བུ་འོག་མིན་ཡིན་པའི་བར་དུའོ། །ཕྱིར་མི་འོང་བ་གང་ལ་ལ་ཞེས་བྱ་བ་ནི་དད་པས་མོས་པའམ་མཐོང་བས་ཐོབ་པའོ། །ལུས་ཀྱི་མངོན་སུམ་དུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་སེམས་མེད་པའི་ཕྱིར་ལུས་ཁོ་ནས་མངོན་སུམ་དུ་བྱེད་དོ། །

ཇི་ལྟར་ལུས་ཁོ་ནས་ཡིན་ཞེ་ན། སྨྲས་པ། ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ། །འདི་ལྟ་བུ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་སློབ་དཔོན་རང་གི་གཞུང་ལུགས་ཡིན་ནོ། །ཐོབ་པ་དང་ཞེས་པས་མངོན་སུམ་དུ་བྱེད་པ་དག་གིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དུས་ན་དེ་དང་མཐུན་པའི་རྟེན་གྱིས་ཐོབ་
པ་མངོན་སུམ་དུ་བྱེད་པའི་ཕྱིར་དང་ལངས་པའི་དུས་ན་དེ་ཡང་སོ་སོར་ཡང་དག་པར་མྱོང་བའི་ཤེས་པས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་ཐོབ་པའི་གནས་སྐབས་ན་མངོན་དུ་བྱེད་པར་རུང་ངོ་སྙམ་
དུ་བསམས་པ་ཡིན་ནོ། །རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་ཐོབ་པས་རྣམ་པར་ཤེས་པ་མེད་པའི་ལུས་ཞི་བའི་གནས་སྐབས་ན་ཡང་དེ་ཐོབ་པར་མངོན་ནོ། །མདོ་ལས་སློབ་པ་བཅོ་བརྒྱད་ཅེས་གསུངས་པ་དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་
པ། བཙུན་པ་ཡོན་གནས་དུ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་སློབ་པ་བཅོ་བརྒྱད་དང་། མི་སློབ་པ་དགུ་ནི་ཡོན་གནས་ཡིན་ཏེ། སློབ་པ་བཅོ་བརྒྱད་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་
དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་
ཀྱི་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་
པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་སྟེ། ཁྱིམ་བདག་དེ་དག་ནི་སློབ་པ་བཅོ་བརྒྱད་ཡིན་ནོ། །མི་སློབ་པ་དགུ་གང་ཡིན་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་

པ་ལས་མི་གཡོ་བ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། ཁྱིམ་བདག་དེ་དག་ནི་མི་སློབ་པ་དགུ་ཡིན་ནོ་ཞེས་
འབྱུང་བ་ཡིན་ནོ། །བསླབ་པ་གསུམ་དང་དེའི་འབྲས་བུ་ཞེས་བྱ་བ་ལ། བསླབ་པ་གསུམ་ནི་འཕགས་པའི་ལམ་གྱི་རང་བཞིན་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་བོ། །དེ་དག་གི་འབྲས་བུ་ནི་བྲལ་བའོ། །དེའི་ཁྱད་པར་གྱིས་སློབ་པ་རྣམས་རྣམ་པར་གཞག་
གོ་ཞེས་བྱ་བ་ནི་བསླབ་པའི་ཁྱད་པར་དང་། དེའི་འབྲས་བུའི་ཁྱད་པར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཁྱད་པར་ཡང་ཇི་ལྟ་བུ་ཞིག་ཡིན་ཞེ་ན། །སློབ་པ་བཅོ་བརྒྱད་ཀྱི་བསླབ་པ་དང་། འབྲས་བུ་བྲལ་བ་གཞན་དང་གཞན་མི་འདྲ་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྤོང་བའི་ལམ་གྱི་རང་
བཞིན་མ་ཡིན་པའི་ཕྱིར་བསླབ་པ་ཡང་མ་ཡིན་ལ། བྲལ་བའི་རང་བཞིན་མ་ཡིན་པའི་ཕྱིར་སློབ་པའི་འབྲས་བུ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དང་ལྡན་པས་ཏེ། འགོག་པའི་སྙོམས་པར་འཇུག་པ་དང་ལྡན་པས་སློབ་པ་བཅོ་བརྒྱད་པོ་དེ་དག་ཇི་ལྟ་བར་སློབ་པའི་བྱེ་བྲག་ཏུ་མ་གསུངས་ཀྱི།
འདི་སློབ་པ་མ་ཡིན་པ་ནི་མ་ཡིན་ནོ། །དེ་ལ་མདོ་ལས། སློབ་པ་བཅོ་བརྒྱད་ཅེས་གསུངས་པ་དེར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཅིའི་ཕྱིར་མ་གསུངས་ཞེས་གང་ཟེར་བ་དེ་ནི་དེ་ལྟ་བུའི་སློབ་པར་མ་གསུངས་པར་ཟད་དོ། །དབྱེ་བ་ཆེ་ལོང་ཡིན་ནོ་ཞེས་བྱ་བ་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་
མི་འོང་བ་ལྔ་ཞེས་བྱ་བ་དང་། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་བྱ་བ་དང་། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། །།བམ་པོ་བཞི་བཅུ་རྩ་དགུ་པ། ཞིབ་ཏུ་དབྱེ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདིར་སློབ་དཔོན་གྱིས་
བརྩེ་བའི་ཐབས་རབ་ཏུ་བསྟན་པའི་ཕྱིར་དང་པོའི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའི་དབང་པོ་དང་། ས་དང་རིགས་ལ་སོགས་པའི་ཁྱད་པར་བྱེ་བྲག་ཏུ་སྟོན་པར་མཛད་དོ། །ཅིའི་ཕྱིར་ཞེ་ན། དེའི་བྱེ་བྲག་བགྲངས་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དབང་པོ་

ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ལྟར་གོང་དུ་འཕོ་བའི་བར་དུ་ཡང་དེ་དང་འདྲའོ་ཞེས་བསྒྲེ་སླ་བར་བྱ་བའི་ཕྱིར་རོ། །དེ་དག་ཉིད་སའི་བྱེ་བྲག་གིས་བཞིའོ་ཞེས་བྱ་བ་ལ། དེ་དག་ཉིད་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་སོ། །ས་དག་ནི་བསམ་གཏན་བཞི་ཡིན་ཏེ།
གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་རྣམས་བརྗོད་པར་བཞེད་པའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་བསམ་གཏན་བཞི་པའི་བར་ཏེ་བཞིའོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་དྲུག་གོ་
ཞེས་བྱ་བ་ནི་དེ་ཉིད་ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བ་དང་། རྟོག