Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 141

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
་བ་དང་། འཇོག་པ་དང་། ཉེ་བར་རྟོགས་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་སྟེ། རྒྱུ་དྲུག་དང་ལྡན་ན་འདི་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལ་བགྲང་བ་ཞེས་བྱ་བ་ནི་དབུགས་རྔུབ་པ་དང་དབུགས་འབྱིན་པ་དག་ལ་སེམས་བཏང་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་རྣལ་དུ་
གཞག་སྟེ། དྲན་པ་ཙམ་གྱིས་གཅིག་གཉིས་ཞེས་བྱ་བ་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པ་དང་། རྣམ་པར་གཡེང་བར་དོགས་པས་མང་བ་དང་ཉུང་བ་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་སྟེ། གལ་ཏེ་གཅིག་ལ་གཉིས་སུ་བགྲང་ན་མ་ཚང་བར་བགྲང་བའོ། །གལ་ཏེ་
གཉིས་ལ་གཅིག་ཏུ་བགྲང་ན་ལྷག་པར་བགྲང་བའོ། །གལ་ཏེ་དབུགས་རྔུབ་པ་ལ་དབུགས་འབྱིན་པར་འཛིན་ཏམ། དབུགས་འབྱིན་པ་ལ་དབུགས་རྔུབ་པར་འཛིན་ན་འཆོལ་བའོ། །དེ་ལས་གཞན་པ་ནི་ཡང་དག་པའི་བགྲང་བའོ། །བར་སྐབས་སུ་གཡེངས་ན་དང་པོ་ནས་ཡང་བགྲང་བར་བྱ་སྟེ།

ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་འདི་འབྱུང་བའམ་མཇུག་པ་ནི་ཐག་ཇི་སྲིད་ཅིག །ཅི་ལུས་འདི་ཐམས་ཅད་ལ་ཁྱབ་པ་ཞིག་གམ། འོན་ཏེ་ཕྱོགས་འགའ་ཞིག་ན་རྒྱུ་བ་ཞིག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་དབུགས་འབྱིན་པའི་
འགྲོས་ཀྱི་རྗེས་སུ་འགྲོ་ཞིང་། འཇུག་པ་ན་ཡང་རིམ་གྱིས་ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པ་ནས་རྐང་པ་དག་གི་བར་དུ་འཇུག་པའི་རྗེས་སུ་འགྲོ་ཞིང་འབྱུང་བ་ན་ཡང་མཐོ་གང་དང་འདོམ་གང་གི་བར་ཐག་ཙམ་དུ་རྗེས་སུ་འགྲོ་བའོ། །ཁ་ཅིག་ན་རེ་རླུང་གི་དཀྱིལ་
འཁོར་དང་། རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་བ་དང་། ཅི་འདི་ཕན་འདོགས་པ་ཞིག་གྲང་བའམ་དྲོ་བ་
ཞིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་འདི་ནི་རླུང་འབའ་ཞིག་མ་ཡིན་གྱི་འདི་ནི་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་དག་ལས་མངོན་པར་གྲུབ་པ་རྒྱུར་བྱས་པའི་གཟུགས་དང་། དེ་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་ཡང་ཡོད་དོ་ཞེས་ཕུང་པོ་ལྔ་ལ་ཉེ་བར་རྟོག་པར་བྱེད་པའོ། །བསྒྱུར་བ་ནི་རླུང་ལ་
དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་ལས་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་བསྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ།
ཡོངས་སུ་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །བགྲང་དང་རྗེས་འགྲོ་གནས་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་འདི་དྲུག་ནི། །དབུགས་རྔུབ་འབྱུང་བ་དྲན་པར་འདོད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་ལ། དབུགས་རྔུབ་
འབྱུང་བ་གང་གི་ལུས། །ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། །ས་དྲུག་པའི་ལུས་ལ་དེ་གཉིས་ཀྱང་ས་དེ་པ་ཡིན་པར་རིག་པར་བྱའོ། །དབུགས་རྔུབ་པ་དང་འབྱུང་བ་དེ་གཉིས་ཀྱང་། སེམས་ཅན་ཞེས་བྱ། སེམས་ཅན་དུ་མི་བགྲང་བ་ནི་མ་ཡིན་ནོ། །མ་ཟིན་པ། དབང་པོ་དང་ཐ་དད་པའི་ཕྱིར་རོ། །

རྒྱུ་མཐུན་ལས་བྱུང་། ལུས་རྒྱས་པས་ཐུང་ངུར་འགྱུར་བ་དང་། ཚད་ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྒྱས་པ་ལས་འབྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། འདི་རྣམ་པར་སྨིན་པའི་གཟུགས་མེད་དོ། །འོག་མའི། ཡིད་ཀྱིས་དེ་གཉིས་མི་རྟོགས་སོ། །རང་གི་ས་དང་
ས་གོང་མ་སྟེ། དེ་གཉིས་ཀྱི་སེམས་ཀྱིས་རྟོགས་ཀྱི། ས་འོག་མས་ཀྱང་མི་རྟོགས་པ་སྤྱོད་ལམ་པ་དང་སྤྲུལ་པ་ལས་ཀྱང་མི་རྟོགས་སོ། །འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ། །དེ་གཉིས་ཀྱི་ཏིང་ངེ་འཛིན་ཐོབ་ནས་ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། ཞི་གནས་གྲུབ་པར་གྱུར་ནས་ནི། །དྲན་པ་
ཉེར་གཞག་བསྒོམ་པར་བྱ། །ཇི་ལྟར་བྱ་ཞེ་ན། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་བརྟགས་ཏེ། དེ་དག་གི་རང་གི་ངོ་བོ་ཉིད་ནི་མཚན་ཉིད་དོ། །སྤྱིའི་མཚན་
ཉིད་ནི་འདུས་བྱས་རྣམས་ནི་མི་རྟག་པ་ཉིད། ཟག་པ་དང་བཅས་པ་རྣམས་ནི་སྡུག་བསྔལ་བ་ཉིད། ཆོས་ཐམས་ཅད་ནི་སྟོང་པ་དང་བདག་མེད་པའོ། །ལུས་ཀྱི་རང་གི་ངོ་བོ་ཅི་ཞེ་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ། །གསུམ་པོ་ལས་གཞན་པ་དག་ནི་ཆོས་སོ། །མཉམ་པར་བཞག་པ་
ལུས་ལ་རྡུལ་ཕྲ་རབ་ཀྱི་ཆ་དང་སྐད་ཅིག་མར་མཐོང་བ་ན་ལུས་དྲན་པ་ཉེ་བར་གཞག་པ་གྲུབ་པ་ཡིན་ནོ། །ཡང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། རང་བཞིན་དང་། འདྲེས་པ་དང་། དམིགས་པའི་དྲན་པ་ཉེ་བར་གཞག་
པའོ། །དེ་ལ་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་བོ། །ཅི་འདྲ་བ་ཞིག་ཅེ་ན། ཤེས་རབ་ཐོས་སོགས་ལས་བྱུང་བ། །ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རྣམ་པ་གསུམ་སྟེ། ཐོས་
པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའོ། །གཞན་ནི་འདྲེས་དང་དམིགས་པ་ལས། །གཞན་དེ་དག་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་འདྲེས་པའི་དྲན་པ་ཉེ་བར་གཞག་པའོ། །དེའི་དམིགས་པ་ལུས་ལ་སོགས་པ་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའོ། །དེ་དག་གི་

མིང་ནི་དམིགས་པ་ཇི་ལྟ་བ་བཞིན་ཡིན་ལ། རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །ཅིའི་ཕྱིར་དེ་ལྟར་སྐྱེ་ཞེ་ན། རགས་པའི་རིམ་པས་སྔར་མཐོང་བའི་ཕྱིར་རོ། །འོ་ན་བདེན་པ་རྣམས་ཅིའི་ཕྱིར་གྲངས་བཞི་ཁོ་ནར་ངེས་ཤེ་ན། ཕྱིན་ཅི་ལོག་གི་གཉེན་པོར་བཞི། །གཙང་བ་དང་།
བདེ་བ་དང་། རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པ་རྣམ་པ་བཞིའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་རིམ་བཞིན་དུ་བསྟན་ཏེ། མི་མང་མི་ཉུང་ངོ་། །དེ་དག་ལས་གསུམ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །བཞི་པ་ནི་གཉི་ག་ལ་དམིགས་པ་སྟེ། གལ་ཏེ་ཆོས་འབའ་ཞིག་ལ་རྣམ་
པར་ལྟ་ན་ནི། མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །འོན་ཏེ་ལུས་ལ་སོགས་པ་གཉིས་སམ་གསུམ་མམ་བཞིའི་སྤྱི་ལ་ལྟ་ན་ནི་འདྲེས་པ་ལ་དམིགས་པ་ཡིན་ནོ། །དེ་ལྟར་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱས་ནས། དེ་ནི་ཆོས་དྲན་ཉེར་གཞག་པའི། །སྤྱི་ཡི་
དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །དེ་ཆོས་དྲན་པ་ཉེ་བར་གཞག་པར་འདྲེས་པའི་དམིགས་པ་ལ་གནས་ཤིང་། ལུས་ལ་སོགས་པ་དེ་དག་ཐམས་ཅད་ལ་སྤྱིར་བསྡུས་ཏེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་
མེད་པ་དང་། རྣམ་པ་བཞིར་བལྟའོ། །དེ་ནས་དྲོ་བར་གྱུར་པ་སྐྱེ། །ཆོས་དྲན་པ་ཉེ་བར་གཞག་པ་དེ་ཉིད་ལ་གོམས་པ་ལས་རིམ་གྱིས་དགེ་བའི་རྩ་བ་དྲོ་བར་གྱུར་པ་ཞེས་བྱ་བ་སྐྱེའོ། །དྲོ་བར་གྱུར་པ་དང་འདྲ་བས་ན་དྲོ་བར་གྱུར་པ་སྟེ། ཉོན་མོངས་པའི་ཤིང་སྲེག་པར་བྱེད་པ་འཕགས་པའི་ལམ་གྱི་
སྔ་ལྟས་ཡིན་པའི་ཕྱིར་རོ། །དེ་ནི་བདེན་པ་བཞིའི་སྤྱོད་ཡུལ་ལོ། །དྲོ་བར་གྱུར་པ་དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། བདེན་པ་བཞི་ལ་དམིགས་ཤིང་། རྣམ་པ་བཅུ་དྲུག །སྡུག་བསྔལ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། རྣམ་པ་བཞིར་བལྟའོ། །
ཀུན་འབྱུང་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དང་། རྣམ་པ་བཞིར་བལྟའོ། །འགོག་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་བྱུང་བ་དང་། རྣམ་པ་བཞིར་ལྟའོ། །ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་དང་

རྣམ་པ་བཞིར་བལྟ་སྟེ། འདི་དག་གི་བྱེ་བྲག་ནི་འོག་ནས་བཤད་པར་བྱའོ། །དྲོ་བ་ལས་རྩེ་མོ། །དྲོ་བ་ཆུང་ངུ་དང་། འབྲིང་དང་ཆེན་པོའི་རིམ་གྱིས་འཕེལ་བ་ལས་དགེ་བའི་རྩ་བ་རྩེ་མོ་ཞེས་བྱ་བ་སྐྱེ་སྟེ། དེ་ཡང་དེ་དང་འདྲ་སྟེ། དྲོ་བ་ཇི་ལྟ་བ་བཞིན་དུ་བདེན་པ་བཞི་ལ་དམིགས་ཤིང་རྣམ་པ་བཅུ་དྲུག་ཏུ་
ཡང་བལྟ་སྟེ། ཁྱད་པར་དུ་འཕགས་པའི་ཕྱིར་མིང་གཞན་དུ་བཏགས་སོ། །དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ་རྣམས་ཏེ། འདི་ལས་ལྟུང་བའམ་ཡང་ན་འདའ་བའི་ཕྱིར་རོ། །ཆོས་ཀྱིས་གཉི་ག་རྣམ་པ་གཏོང་། །དྲོ་བར་གྱུར་པ་དང་རྩེ་མོ་འདི་གཉི་ག་ནི་ཆོས་དྲན་པ་ཉེ་བར་གཞག་པས་རྣམ་པ་ལ་
གཏོད་པར་བྱེད་དོ། །རྣམ་པ་ལ་གཏོད་པ་ཞེས་བྱ་བ་འདི་ཅི་ཞེ་ན། བདེན་པ་དག་གི་རྣམ་པ་རྣམས་ལ་དང་པོ་ཉིད་དུ་འགོད་དོ། །འཕེལ་བར་བྱེད་པ་གཞན་གྱིས་ཀྱང་། །དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱིས་ཀྱང་དེ་དག་འཕེལ་བར་བྱེད་དོ། །རྣམ་པར་འཕེལ་བ་ནི་སྔར་ཐོབ་ཟིན་པ་རྣམས་ནི་ཡང་མངོན་
སུམ་དུ་མི་བྱེད་དེ། དེ་དག་དགའ་བ་མེད་པའི་ཕྱིར་རོ། །རྩེ་མོ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་འཕེལ་བ་ན། དེ་ལ་བཟོད་པ་ཡང་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ། །དེ་ཡང་ཆུང་ངུ་དང་། འབྲིང་དང་ཆེན་པོ་དང་རྣམ་པ་གསུམ་སྟེ། དེ་ལ། རྣམ་པ་
གཉིས་དེ་བཞིན། རྩེ་མོ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་བཟོད་པ་ཆུང་ངུ་དང་འབྲིང་ཡང་རྣམ་པ་རྣམས་ལ་གཏོད་པར་བྱེད་པའི་ཕྱིར་རོ། །རྣམ་པར་འཕེལ་བ་ལ་ནི་ཁྱད་པར་འདི་ཡོད་དེ། བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་འཕེལ་བར་བྱེད་ཀྱི།
གཞན་གྱིས་ནི་མ་ཡིན་ནོ། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །བཟོད་པ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ཆོས་ཀྱི་མཆོག་དང་འབྲེལ་པའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པ་མ་སྨོས་པའི་ཕྱིར་ཁམས་གསུམ་པའི་
སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་པོ། །གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པའི་བདེན་པའི་རྣམ་པ་ལ་དམིགས་པ་རེ་རེ་ནས་འདོར་བ་ནས། འདོད་པ་ན་སྤྱོད་པ་ཉིད་ཀྱིས་སྡུག་བསྔལ་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་དག་ཐམས་ཅད་ནི་བཟོད་

པ་འབྲིང་ཡིན་ནོ། །སྐད་ཅིག་མ་གཅིག་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ཏེ། དེ་ནི་སྐད་ཅིག་གཅིག། དེ་ནི་སྐད་ཅིག་གཅིག་ཡིན་གྱི་རྒྱུན་ཆགས་པ་ནི་མ་ཡིན་ནོ། །དེ་བཞིན། ཆོས་མཆོག་དེ་དག་ཀྱང་བཟོད་པ་ཆེན་པོ་ཇི་ལྟ་བ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་
ཤིང་སྐད་ཅིག་གཅིག་ཡིན་ནོ། །དེ་དག་ནི་འཇིག་རྟེན་པ་ཡང་ཡིན་ཆོས་ཀྱང་ཡིན་མཆོག་ཀྱང་ཡིན་ལ། འཇིག་རྟེན་པ་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་པས་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྟེ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་རྩལ་གྱིས་འཕགས་པའི་ལམ་འདྲེན་པར་བྱེད་པའི་ཕྱིར།
དྲོ་བར་གྱུར་པ་ལ་སོགས་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་བདག་ཉིད་ཅེས་བྱའོ། །ཐམས་ཅད་ཕུང་པོ་ལྔ་འཁོར་དང་བཅས་ཏེ། སྨོས་པའི་ཕྱིར་རོ། །ཐོབ་པ་མ་གཏོགས། ཐོབ་པ་ནི་དྲོ་བར་གྱུར་པ་ལ་སོགས་པས་མ་བསྡུས་ཏེ། འཕགས་པས་
དེ་མངོན་སུམ་དུ་བྱས་ནས་དྲོ་བར་གྱུར་པ་ལ་སོགས་པ་ཡང་མངོན་སུམ་དུ་འགྱུར་དུ་འོང་ངོ་། །དེ་ལྟར་ན། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །དེ་ལྟར་ན་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་དང་། རྣམ་པ་བཞི་པོ་དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་
པའི་དགེ་བའི་རྩ་བ་རྣམས་ཡིན་ནོ། །དེ་དག་ལས་གཉིས་ནི་ཡོངས་སུ་ཉམས་པའི་སྒོ་ནས་གཡོ་བའི་ཕྱིར་ཆུང་ངུ་ཡིན་ནོ། །བཟོད་པ་ནི་འབྲིང་ངོ་། །ཆོས་ཀྱི་མཆོག་ནི་ཆེན་པོའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། འབྱེད་པ་ནི་ཆའོ། །ངེས་པར་འབྱེད་པས་ན་ངེས་
པར་འབྱེད་པ་སྟེ། འཕགས་པའི་ལམ་མོ། །དེས་ཐེ་ཚོམ་སྤོང་བའི་ཕྱིར་བ་དང་། འདི་ནི་སྡུག་བསྔལ་ཞེས་བྱ་བ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་དུ་བདེན་པ་རྣམས་ལ་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་བའི་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པ་དང་ལྡན་པའི་ཕྱིར་ངེས་
པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་འདི་བཞི་ཆར་ཡང་། བསྒོམས་བྱུང་། ཐོས་པ་དང་བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དུ་བ་ཞིག་ཡིན་ཞེ་ན། མི་ལྕོགས་པ་མེད་པ་དང་། ཁྱད་པར་བསམ་གཏན་

གྱི་ས་པའོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་རྣམས་ཀྱི་ས་པ་ཡིན་ཏེ། དེ་དག་གིས་བསྡུས་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་གོང་མའི་ས་པ་ནི་མ་ཡིན་ནོ། །འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་དེ་ནི་མེད་དོ། །
དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་དག་ཉིད་ཡིན་གྱི། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་འཕེལ་བར་བྱེད་པ་ནི་མ་ཡིན་ནོ། །གཉིས་ནི་འོག་མ་
ན་ཡང་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་རྟོགས་པའི་དོན་ཏེ། བཙུན་པ་དབྱངས་ཅན་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་གཉིས་འདོད་པའི་ཁམས་ན་ཡང་ཡོད་པས་ས་བདུན་པ་ཡིན་ནོ་ཞེས་ཟེར་རོ། །བཞི་པོ་དེ་དག་ཐམས་ཅད་ཀྱང་། འདོད་ལུགས་གསུམ་ནི་མི་དག་གི་ནང་ཉིད་དང་།
གླིང་གསུམ་དག་ཏུ་སྐྱེ་བར་བྱེད་དོ། །སྔར་སྐྱེས་ཟིན་པ་རྣམས་ནི་ལྷ་དག་གི་ནང་དུ་ཡང་མངོན་སུམ་དུ་བྱེད་དོ། །བཞི་པ་ནི་ལྷ་དག་གི་ནང་དུ་ཡང་སྐྱེད་པར་བྱེད་དོ། །གསུམ་ནི་སྐྱེས་པ་དང་བུད་མེད་གཉི་ག་ལ་བརྟེན་པ་ཡང་གཉི་གས་ཐོབ་པོ། །ཆོས་མཆོག་བུད་མེད་
ཀྱིས། །གཉི་ག་ལ་ནི་བརྟེན་པ་ཐོབ། །ཆོས་ཀྱི་མཆོག་ནི་བུད་མེད་འབའ་ཞིག་གིས་གཉི་ག་ལ་བརྟེན་པ་འཐོབ་ཀྱི། སྐྱེས་པས་ནི་སྐྱེས་པ་ལ་བརྟེན་པ་འབའ་ཞིག་འཐོབ་ཀྱི། བུད་མེད་ཉིད་ནི་སོ་སོར་མ་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཇི་
ལྟར་གཏོང་ཞེ་ན། འཕགས་པའི་དེ་དག་ས་བོར་ནས་གཏོང་སྟེ། འཕགས་པ་དེས་ས་གང་དག་པའི་ཐོབ་པོ། །ས་དེ་དག་བོར་ནས་དེ་དག་ཀྱང་གཏོང་ཞིང་གཞན་དུ་ནི་མ་ཡིན་ནོ། །ས་བོར་བ་ནི་ས་འཕོས་པས་སོ། །འཕགས་མིན་འཆི་བས་སོ། །སོ་སོའི་སྐྱེ་བོ་ནི་ས་འཕོས་ཀྱང་རུང་མ་འཕོས་ཀྱང་རུང་སྟེ།
རིགས་མཐུན་པ་གཏོང་བ་ཉིད་ཀྱིས་གཏོང་ངོ་། །དང་པོའི་གཉིས་ཡོངས་སུ་ཉམས་པས་ཀྱང་། གཏོང་བ་ལ་འཆི་བས་ཀྱང་གཏོང་སྟེ། སོ་སོའི་སྐྱེ་བོ་ཉིད་ཡིན་གྱི། འཕགས་པ་ནི་དེ་དག་ལས་ཡོངས་སུ་ཉམས་པ་མེད་དོ། །བཟོད་པ་དང་ཆོས་ཀྱི་མཆོག་དག་ལས་ནི་སོ་སོའི་སྐྱེ་བོ་ཡོངས་སུ་ཉམས་པ་མེད་དོ། །དངོས་གཞི་དེ་

ཉིད་ལ་བདེན་མཐོང་། །བསམ་གཏན་དངོས་གཞི་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཚེ་འདི་ཉིད་ལ་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ཡིད་བྱུང་བ་ཤས་ཆེ་བའི་ཕྱིར་རོ། །རྣམ་ཉམས་དག་གིས་སྔོན་མི་འཐོབ། །
གང་གི་ཚེ་རྣམ་པར་ཉམས་པ་དག་གིས་ཡང་འཐོབ་པ་དེའི་ཚེ་ནི་མ་འདྲིས་པ་དང་འབད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་སྔོན་གྱི་མ་ཡིན་པ་ཉིད་ཅིག་འཐོབ་ཀྱི། སྔོན་བཏང་བ་ནི་མི་འཐོབ་སྟེ། སོ་སོར་ཐར་པའི་སྡོམ་པ་བཞིན་ནོ། །མཚམས་བསྟན་པ་ཞིག་ཡིན་ན་ནི་གོང་མ་དག་སྐྱེད་པར་བྱེད་དོ། །མ་
ཡིན་ན་ནི་རྣམ་པ་བཞི་ཁོ་ནས་སྐྱེད་པར་བྱེད་དོ། །རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་དེ་དག་གི་རང་བཞིན་ཅི་ཞེ་ན། ཉམས་པ་གཉི་ག་མི་ལྡན་པ། །ཉམས་པ་དེ་གཉི་ག་ཡང་མི་ལྡན་པའི་རང་བཞིན་ཡིན་ལ། ཡོངས་སུ་ཉམས་པ་ནི་ཉེས་པ་བྱས་པའོ། །རྣམ་པར་ཉམས་པ་ནི་ཡོན་ཏན་གྱི་
བྱེ་བྲག་ཏུ་ཡང་བྱས་པའི་ཕྱིར་ངེས་པ་མེད་དོ། །དེ་ལ་དྲོ་བར་གྱུར་པ་ལས་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདས་པའི་ཆོས་ཅན་དུ་འགྱུར་རོ། །ཐར་པའི་ཆ་དང་མཐུན་པ་དག་ལས་ཁྱད་པར་ཅི་ཞུགས་ཤེ་ན། བར་ཆད་མེད་པར་བདེན་པ་མཐོང་བ་ལ་ཆེས་ཉེ་བ་ཉིད་དོ། །རྩེ་མོ་ཐོབ་པ་རྩ་
མི་འཆད། །རྩེ་མོ་ཐོབ་པ་ལས་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་རྣམས་ནི་ཀུན་དུ་མི་འཆད་ཀྱི། ངན་སོང་དག་ཏུ་ཡང་འགྲོ་ལ་མཚམས་མེད་པ་དག་ཀྱང་བྱེད་དོ། །བཟོད་ཐོབ་ངན་སོང་མི་འགྲོའོ། །བཟོད་པ་དག་ལས་རྣམ་པར་ཉམས་ཀྱང་ཡང་ངན་སོང་དུ་མི་འགྲོ་སྟེ། དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་
བསྲིངས་པའི་ཕྱིར་རོ། །བཟོད་པ་ཐོབ་པ་ཉིད་ཀྱིས་འགྲོ་བ་དང་། སྐྱེས་ནས་དང་། སྐྱེ་བ་དང་། ལུས་དང་། སྲིད་པ་དང་། ཉོན་མོངས་པ་རྣམས་ལས་ཁ་ཅིག་གིས་མི་སྐྱེ་བའི་ཆོས་ཉིད་འཐོབ་སྟེ། ངན་སོང་གི་འགྲོ་བ་རྣམས་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དང་། འདུ་ཤེས་མེད་པའི་སེམས་
ཅན་དང་། བྱང་གི་སྒྲ་མི་སྙན་དང་། ཚངས་པ་ཆེན་པོར་སྐྱེས་པ་རྣམས་དང་། ཟ་མ་དང་མ་ནིང་དང་། མཚན་གཉིས་པའི་ལུས་རྣམས་དང་། སྲིད་པ་བརྒྱད་ལ་སོགས་པ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སོ། །དེ་དག་ལས་ཅི་རིགས་པར་ཆུང་ངུས་ནི་ངན་སོང་རྣམས་སུ་མི་

སྐྱེ་བ་ཐོབ་ལ། ཆེན་པོས་ནི་གཞན་དག་ཏུ་ཡང་མི་སྐྱེ་བ་འཐོབ་བོ། །ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་རིགས་གསུམ་མོ། །དེ་ལ་སློབ་པའི་རིགས་གཉིས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར། ཉན་ཐོས་ཀྱི་རིགས་ལས་འབྱུང་བའི་དྲོ་བར་གྱུར་
པ་དང་། རྩེ་མོ་གཉིས་བཟློག་སྟེ། སངས་རྒྱས་སུ་འགྱུར་བར་ནི་སྲིད་ཀྱི་བཟོད་པ་ཐོབ་པ་དག་ཏུ་ནི་དེ་ལྟ་བུ་མི་སྲིད་དེ། ཅིའི་ཕྱིར་ཞེ་ན། ངན་སོང་རྣམས་བཟློག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་ཕན་འདོགས་པའི་གཞན་གྱི་དབང་གིས་ངན་སོང་དག་ཏུ་ཡང་འགྲོའོ་ཞེས་གྲག་གོ། །
ཡང་ན་དེའི་རིགས་ཉིད་མི་ཟློགས་པའི་ཕྱིར་མི་སྲིད་དོ། །གཞན་གསུམ་ཡང་། བཟློག་ནས་འགྱུར་ཞེས་བྱ་བར་སྦྱར་ཏེ། ཉན་ཐོས་ཀྱི་རིགས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་ཡང་བཟློག་ནས། སངས་རྒྱས་ལས་གཞན་པར་འགྱུར་ཏེ་རང་སངས་རྒྱས་སུ་ཞེས་བྱ་བའི་དོན་ཏོ། །རང་
སངས་རྒྱས་ཀྱི་རིགས་རྣམས་ནི་བཟློག་པར་མི་ནུས་ཏེ་འདི་ལྟར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །བསེ་རུ་ལྟ་བུ་ནི་རང་སངས་རྒྱས་ཏེ། དེ་གཉིས་ནི་བསམ་གཏན་བཞི་པ་ཉིད་ལ་བརྟེན་ནས་ངེས་པར་འབྱེད་
པའི་ཆ་དང་མཐུན་པ་རྣམས་ནས་བརྩམས་ཏེ། བྱང་ཆུབ་ཀྱི་བར་དུ་སྟན་གཅིག་ལ་འདུག་ཅིང་སྐྱེད་པར་བྱེད་དེ། ཏིང་ངེ་འཛིན་མི་གཡོ་བ་དང་། གསལ་བའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་བོ་ཞེས་འོག་ནས་བཤད་པར་བྱའོ། །ཁ་ཅིག་ན་རེ་མི་སྡུག་པ་ནས་
བརྩམས་ཏེ་བྱང་ཆུབ་ཀྱི་བར་རོ་ཞེས་ཟེར་རོ། །གང་དག་གི་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཡོད་པ་དེའི་རིགས་རྣམས་བཟློག་པར་དགག་པ་མེད་པའོ། །ཡང་ཅི་ཚེ་དང་པོ་ཉིད་ལ་སྦྱོར་བར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་དམ་ཞེ་ན། དེ་ལྟ་བུ་མེད་ཀྱི་ངེས་པར།
དེ་ཡི་སྔོན་དུ་ཐར་ཆ་མཐུན། །བསྐྱེད་པར་བྱའོ། །ཐམས་ཅད་པས་ནི་ཤིན་ཏུ་མྱུར་བ་སྲིད་པ་གསུམ་གྱིས་ཐར། ཚེ་གཅིག་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་སྐྱེད་དོ། །གཉིས་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་སྐྱེད་དོ། །གསུམ་པ་ལ་འཕགས་པའི་

ལམ་སྐྱེད་དེ། ས་བོན་འདེབས་པ་དང་འབྲུ་སྐྱེ་བ་དང་འབྲས་བུ་འཆགས་པ་བཞིན་ནོ། །འདི་ནི་ཆོས་ཉིད་ཀྱིས་རྒྱུད་ནི་རིམ་གྱིས་འཇུག་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་དེ་ཡང་། ཐོས་བསམས་ལས་བྱུང་ཞེས་བྱ་སྟེ།
བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །ལམ་དུ་དག་ཅིག་ཅེ་ན། ལམ་གསུམ་སྟེ། གཙོ་བོར་ནི་ཡིད་ཀྱི་ལས་སོ། །དེའི་སྨོན་ལམ་གྱིས་ཡོངས་སུ་ཟིན་པའི་ལུས་དང་ངག་གི་ལས་ཀྱང་ཐར་པའི་ཆ་དང་མཐུན་པ་ཡིན་ཏེ། ཟས་འགའ་ཙམ་བྱིན་པའམ་བསླབ་པ་འགའ་ཙམ་ཡང་མནོས་ཏེ། ཐར་པ་
འདོད་པའི་སྟོབས་བསྐྱེད་པ་ལས་ཐར་པའི་ཆ་དང་མཐུན་པ་འཕེན་པར་འགྱུར་རོ། །དེ་ཡང་། མི་ཡི་ནང་ནས་འཕེན་པར་བྱེད། །མིའི་ནང་ཉིད་དག་དང་། གླིང་གསུམ་དག་ནས་འཕེན་པར་བྱེད་ཀྱི་གཞན་དག་ཏུ་ནི་མ་ཡིན་ཏེ། ཅི་རིགས་པར་སྐྱོ་བ་དང་། ཤེས་རབ་མེད་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་
པ་ཟླ་ལ་བཤད་ཟིན་ཏོ། །ད་ནི་དཀྱུས་མ་མངོན་པར་རྟོགས་པའི་རིམ་པ་བཤད་པར་བརྩམ་མོ། །དེ་ལ་ཡང་ཆོས་ཀྱི་མཆོག་གི་བར་དུ་བཤད་ཟིན་ཏོ། །ལྷག་མ་བརྗོད་པར་བྱ་སྟེ། དེའི་ཕྱིར་འདིར་སྨྲས་པ། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཤེས་བཟོད་པ་ཟག་པ་མེད། །
འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དམིགས་པ་གང་སྐྱེ་ཞེ་ན། འདོད་སྡུག་བསྔལ་ལ། དེའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཟག་
པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །ཆོས་ཤེས་པར་བྱ་བའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ། མེ་ཏོག་དང་འབྲས་བུའི་ལྗོན་ཤིང་བཞིན་ནོ། །དེ་ཉིད་ངེས་པར་ཞུགས་པ་ཞེས་པའོ། །དེ་ནས་ནི། དེ་ཉིད་ལ་ནི་ཆོས་ཤེས་པ། །
དེ་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་མཇུག་ཐོགས་སུ། འདིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཉིད་ལ་ཆོས་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །ཐམས་ཅད་དུ་ཟག་པ་མེད་པའི་དབང་དུ་བྱས་པར་རིག་པར་བྱའོ། །ཇི་ལྟར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་

ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་སྐྱེ་བ་དེ་བཞིན་དུ། སྡུག་བསྔལ་ལྷག་པར་རྗེས་བཟོད་དང་། །ཤེས་པ། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དམིགས་པ་སྤྱི་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་
རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་ནི་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱའོ། །དང་པོ་ཁོ་ནར་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཆོས་ཤེས་པའོ། །དེ་དང་མཐུན་པའི་ཕྱིར་གོང་མའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ནི་རྗེས་སུ་ཤེས་པ་སྟེ་དེ་
བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་སྡུག་བསྔལ་ལ་བཟོད་པ་དང་ཤེས་པ་བཞི་པོ་དེ་དག་སྐྱེ་བ་ལྟར། དེ་བཞིན་བདེན་པ་གསུམ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་ཞིང་། དེ་ནས་ནི་ཀུན་འབྱུང་ལ་ཆོས་ཤེས་པ་སྐྱེ་ལ། དེ་
བཞིན་དུ་མཇུག་ཐོགས་སུ་སྐྱེ་བའི་རིམ་པས་ཀུན་འབྱུང་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་ན་སྤྱོད་པའི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་སྐྱེ་ལ། འགོག་པ་ལྷག་མ་ལ་ཡང་རྗེས་སུ་ཤེས་པའི་བཟོད་པ་
དང་རྗེས་སུ་ཤེས་པ་སྐྱེའོ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་གཉེན་པོ་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་སྐྱེ་ལ་ལམ་ལྷག་མ་ལ་ཡང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ལྟར་བདེན་པ་མངོན་རྟོགས་ལ། །སེམས་དེ་བཅུ་དྲུག །དེ་ལྟར་ནི་རིམ་
པ་དེས་ན་བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་དེ་ནི་སེམས་བཅུ་དྲུག་ཏུ་འགྱུར་རོ། །སྡེ་པ་གཞན་གང་དག་བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་གཅིག་གོ་ཞེས་བརྗོད་པ་ལྟར་ན། དེ་དག་གི་བསམ་པ་བརྟག་པར་བྱ་སྟེ། བྱེ་བྲག་མེད་པ་ནི་མངོན་པར་རྟོགས་པ་ཞེས་བྱའོ། །བྱེ་བྲག་ཏུ་དབྱེ་ན་ནི་དེ་རྣམ་
པ་གསུམ་སྟེ། གང་ཞེ་ན། མཐོང་དམིགས་བྱ་བ་ཞེས་བྱའོ། །མཐོང་བའི་མངོན་པར་རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་བདེན་པ་རྣམས་མངོན་པར་རྟོགས་པའོ། །དམིགས་པའི་མངོན་པར་རྟོགས་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་མངོན་པར་རྟོགས་པའོ། །བྱ་བའི་མངོན་པར་

རྟོགས་པ་ནི་མི་ལྡན་པའི་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་པས་མངོན་པར་རྟོགས་པའོ། །སྡུག་བསྔལ་མཐོང་བ་ན་དེའི་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། སྤང་བ་དང་མངོན་དུ་བྱ་བ་དང་བསྒོམ་པར་བྱ་བའི་ཕྱིར། ཀུན་འབྱུང་ལ་སོགས་པ་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ། །
དེ་གལ་ཏེ་བདེན་པ་རྣམས་མཐོང་བས་མངོན་པར་རྟོགས་པར་བྱ་བ་ལ་མངོན་པར་རྟོགས་པ་གཅིག་གོ་ཞེས་སྨྲ་ན་ནི་རྣམ་པ་ཐ་དད་པའི་ཕྱིར་མི་རིགས་པར་སྨྲ་བ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པ་སེམས་བཅུ་དྲུག་པར་བཤད་པ་གང་ཡིན་པ། དེ་ནི་ཆོས་མཆོག་དང་ས་གཅིག། །ཆོས་ཀྱི་མཆོག་ས་གང་ཡིན་
པ་སེམས་བཅུ་དྲུག་པ་དེ་དག་ཀྱང་ས་དེ་པ་སྟེ། དེ་དག་ནི་ས་དྲུག་པའོ་ཞེས་སྔར་བཤད་ཟིན་ཏོ། །ཡང་ཅིའི་ཕྱིར་གདོན་མི་ཟ་བར་བཟོད་པ་ལས་ཤེས་པ་ཡིན་ཞེ་ན། གང་གི་ཕྱིར། བཟོད་དང་ཤེས་པ་རིམ་བཞིན་དུ། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཉོན་མོངས་པའི་རྙེད་པ་རྣམ་པར་གཅོད་པའི་བར་
དུ་བཅད་པར་མི་ནུས་པའི་ཕྱིར་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་ནོ། །ཉོན་མོངས་པའི་རྙེད་པ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་བྲལ་བའི་ཐོབ་པ་དང་། ལྷན་ཅིག་སྐྱེས་པའི་ཕྱིར་ཤེས་པ་རྣམས་ནི་རྣམ་པར་གྲོལ་བའི་ལམ་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་གཉི་གར་ཡང་འགྱུར་རོ། །གཉིས་
ཀྱིས་ནི་རིམ་བཞིན་དུ་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་བཞིན་ནོ། །ཅི་སེམས་བཅུ་དྲུག་པོ་ཐམས་ཅད་ཀྱིས་ཀྱང་བདེན་པ་མཐོང་བའི་ཕྱིར་མཐོང་བའི་ལམ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟར་ཞེ་ན། མ་མཐོང་མཐོང་བ་མཐོང་བའི་ལམ། །དེར་ནི་སྐད་ཅིག་བཅོ་ལྔའོ། །སྡུག་བསྔལ་
ལ་ཆོས་ཤེས་པའི་བཟོད་པ་ནས་བརྩམས་ཏེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་གྱི་སྐད་ཅིག་མ་བཅོ་ལྔ་པོ་དེ་དག་ནི་མཐོང་བའི་ལམ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ། །བཅུ་དྲུག་པ་ལ་ནི་སྔོན་མ་མཐོང་བ་བལྟ་བར་བྱ་བ་ནི་མེད་ཀྱི་ཇི་ལྟར་མཐོང་བ་གོམས་པར་བྱ་བ་ཡིན་
པའི་ཕྱིར་བསྒོམ་པའི་ལམ་ཉིད་ཡིན་ནོ། །འོ་ན་དེས་ཀྱང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མ་མཐོང་བ་མཐོང་བ་མ་ཡིན་ནམ་ཞེ་ན། བདེན་པའི་ཕྱིར་བསམ་གྱི། སྐད་ཅིག་མ་ལ་ནི་མ་ཡིན་ནོ། །སྐད་ཅིག་མ་མཐོང་བར་བདེན་པ་མཐོང་བར་མི་འགྱུར་ཏེ། དཔེར་ན་ཆང་པ་གཅིག་མ་བརྔས་པས་ཞིང་མ་བརྔས་

པ་མ་ཡིན་པ་བཞིན་ནོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན། མཐོང་བའི་ལམ་ལ་རྫོགས་པའི་ཕྱིར་ཏེ། བདེན་པ་ཐམས་ཅད་མཐོང་བ་མ་རྫོགས་པས་དེའི་བར་མ་གྱུར་པ་དེ་དག་ཀྱང་མཐོང་བའི་ལམ་ཡིན་ནོ། །མཐོང་བའི་ལམ་དང་བསྒོམ་པའི་ལམ་ཇི་ལྟར་སྐྱེ་བ་ནི་བཤད་ཟིན་ཏོ། །
ད་ནི་ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་ཀྱི་རྣམ་པར་གཞག་པ་བཞིན་དུ་བཤད་པར་བྱ་སྟེ། དེ་ལྟར་མཐོང་བའི་ལམ་གྱི་རང་བཞིན་སྐད་ཅིག་མ་བཅོ་ལྔར་བཤད་པ་གང་ཡིན་པ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བར། །རིག་པར་བྱ་སྟེ།
དབང་པོ་རྟུལ་པོ་དེ་དག་ལ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དབང་པོ་རྣོན་པོ་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །དད་པས་རྗེས་སུ་འབྲང་བ་ན་དད་པས་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་ན་དད་པས་རྗེས་སུ་འབྲང་བ་ཅན་ཏེ། སྔོན་གཞན་ལ་ཡིད་ཆེས་པས་དོན་གྱིས་རྗེས་སུ་འབྲང་
བའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་ཡང་སྔོན་བདག་ཉིད་ཀྱིས་མདོ་ལ་སོགས་པའི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་གཉིས་ནི། བསྒོམ་པས་སྤང་བྱ་མ་སྤངས་པ། །འབྲས་བུ་དང་པོ་ལ་ཞུགས་པ། །འབྲས་བུ་རྣམས་ཀྱི་དང་པོ་ཡིན་པས་ན་འབྲས་བུ་དང་པོ་སྟེ། རྒྱུན་དུ་
ཞུགས་པའི་འབྲས་བུའོ། །དེ་ནི་ཐོབ་པར་བྱ་བའི་འབྲས་བུ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཉིད་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱའི། ཉོན་མོངས་པ་མ་སྤངས་ལ། ཀུན་དུ་བཅིངས་པ་ཞིག་ཡིན་ན་ནི། དེ་གཉིས་
རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་ཞེས་བྱའོ། །རྣམ་ལྔའི་བར་བཅོམ། གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བའི་ཉོན་མོངས་པ་འིདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་དེ་བཞིན་དུ་དང་པོའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གཉིས་
པ་ལ། དགུ་པ་ཚུན་ཆད་ཟད་པ་ཡི། །གཉིས་པ་ཞེས་བྱ་བ་ནི་གཉིས་པའི་ཕྱིར་ཏེ། གལ་ཏེ་དེ་གཉིས་ཀྱིས་དེ་ཡན་ཆད་རྣམ་པ་དྲུག་གམ་བདུན་ནམ་བརྒྱད་ཅིག་སྔོན་སྤངས་པ་ཡིན་ན་ནི། དེ་གཉིས་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་བྱའོ། །གཉིས་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བའི་

འབྲས་བུའོ། །འདོད་པ་འམ་ནི་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གལ་ཏེ་འདོད་པའི་ཁམས་ཀྱི་རྣམ་པ་དགུ་ཆར་ལས་ཀྱང་འདོད་ཆགས་དང་བྲལ་བའམ། གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་
ནི། དེ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་ཞེས་བྱའོ། །གསུམ་པ་གང་ཞེ་ན། ཕྱིར་མི་འོང་བའི་འབྲས་བུའོ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །སེམས་བཅུ་དྲུག་སྐྱེས་ན་དེ་གཉིས་ལ་དང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་ཀྱང་མི་བྱ་ལ་རྒྱུན་དུ་
ཞུགས་པ་ཞེས་ཀྱང་མི་བྱའོ། །འོ་ན་ཇི་ལྟ་བུ་ཞེ་ན། འབྲས་བུ་ལ་གནས་པ་སྟེ། གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་ལ་གནས་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་
ནི་དང་པོ་ཁོ་ནར་ཐོབ་པར་མི་ནུས་ཏེ། མཐོང་བའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་བ་དང་། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེ་ཚེ་དབང་པོ་རྣོ་རྟུལ་དག། །དད་པས་མོས་དང་མཐོང་བ་ཐོབ། །དབང་པོ་རྟུལ་པོ་སྔོན་དད་པས་
རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་དེའི་ཚེ་དད་པས་མོས་པ་ཞེས་བྱའོ། །དབང་པོ་རྣོན་པོ་སྔོན་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་དེའི་ཚེ་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་དང་ཤེས་རབ་ལྷག་པར་མོས་པ་དང་། མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིའི་ཕྱིར་སེམས་བཅུ་དྲུག་སྐྱེས་ལ། ཉོན་
མོངས་པའི་རྣམ་པ་ལྔ་སྤངས་ཀྱང་རྒྱུན་དུ་ཞུགས་པ་ཉིད་ཅེས་བྱ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར། འབྲས་གནས་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་ཅན་གྱི་ཕྱིར། །མི་བརྩོན་པ་ནི་
ཞུགས་མ་ཡིན། །འབྲས་བུ་ཐོབ་པ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་ཐོབ་པ་དེ་ལྟར་ངེས་པས་དེའི་ཕྱིར་འབྲས་བུ་ལ་གནས་པ་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པ་ལ་རབ་ཏུ་མི་སྦྱོར་བ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱ་སྟེ། དེ་བཞིན་དུ་འབྲས་བུ་གཞན་དག་ལ་ཡང་རིག་

པར་བྱའོ། །གང་ཞིག་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་ན་ནི། དེ་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ། །དེ་ལྟ་མ་ཡིན་ན་དེའི་གོང་དུ་སྐྱེས་ན་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །རེ་ཞིག་ཕལ་ཆེར་
ལས་འདོད་ཆགས་དང་བྲལ་བ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ངེས་པར་འཇུག་པའི་གང་ཟག་གི་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ད་ནི་རིམ་གྱིས་འཇུག་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་འདི་རྣམ་པར་གཞག་པར་བྱའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཉོན་
མོངས་པ་རྣམ་པ་དགུ་པོ་དེ་དག་བསྟན་པ་དེ་བཞིན་དུ། ས་དང་ས་ལ་ཉེས་རྣམ་དགུ། །སྲིད་པའི་རྩེ་མོའི་བར་དུའོ། །ཉེས་པ་རྣམས་ནི་ཇི་ལྟ་བར། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ས་དང་ས་ལ་དེའི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་དག་
ཀྱང་དགུ་དགུ་ཁོ་ནའོ། །ཇི་ལྟར་ཞེ་ན། ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ། རྩ་བའི་རྣམ་པ་གསུམ་པོ་དེ་དག་ལས་རེ་རེ་ཞིང་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམ་པ་གསུམ་ཐ་དད་པའི་ཕྱིར། དགུར་རྣམ་པར་གཞག་སྟེ། འདི་
ལྟ་སྟེ་ཆུང་ངུའི་ཆུང་ངུའི་རྣམ་པ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའི་རྣམ་པའོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པ་ཆེན་པོའི་
ཆེན་པོ་སྤོང་ལ། དེ་བཞིན་དུ་ལམ་ཆེན་པོའི་ཆེན་པོས་ནི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤོང་བའི་བར་དུ་སྟེ། དང་པོ་ཁོ་ནར་ལམ་ཆེན་པོ་སྐྱེ་མི་སྲིད་པའི་ཕྱིར་བ་དང་། སྐྱེས་ནས་ནི་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར་རོ། །དཔེར་ན་གོས་ལ་དྲི་མ་ཆེ་ལོང་ནི་སྔར་འཁྲུ་ལ། ཕྲ་མོ་ནི་ཕྱིས་འཁྲུ་བ་དང་།
མུན་པ་ཆེ་ལོང་ནི་སྒྲོན་མ་ཆུང་ངུས་སེལ་ལ། མུན་པ་ཕྲ་མོ་ནི་སྒྲོན་མ་ཆེན་པོས་སེལ་བ་ལྟ་བུའོ། །ཉོན་མོངས་པའི་རྣམ་པ་དགུ་པོ་དེ་དག་ལས་ཐམས་ཅད་དུ། བསྒོམ་པས་སྤང་བྱ་མ་སྤངས་པའི། །འབྲས་གནས་རེ་ལྟར་ཐོགས་སྲིད་བདུན། །འབྲས་བུ་ལ་གནས་པ་གང་ཞིག་བསྒོམ་པས་སྤང་བར་བྱ་བའི་

ཉོན་མོངས་པའི་རྣམ་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ་ཚེ་བདུན་གྱི་བར་དུ་འཁོར་བ་ནས་སྲིད་པ་ལན་བདུན་པའོ། །རྒྱུན་དུ་ཞུགས་པ་ཐམས་ཅད་ནི་སྲིད་པ་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་བའོ། །མྱ་ངན་ལས་
འདས་པའི་རྒྱུན་ནི་ལམ་མོ། །དེ་ནས་དེར་འགྲོ་བའི་ཕྱིར་དེ་དེར་ཞུགས་པའམ་འོངས་པའམ་ཕྱིན་པ་ནི་རྒྱུན་དུ་ཞུགས་པའོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་དེ་ནི་དེ་ལས་གཞན་པའི་སྐྱེ་བའི་སྲིད་པ་བདུན་དང་། །སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། དེ་བཞིན་དུ་ལྷ་
དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དེ། དེ་ལྟར་ན་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད་པའོ། །སྲིད་པ་བདུན་པའི་སྤྱི་ཡིན་པའི་ཕྱིར་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་བྱ་བ་དང་། ཤིང་འདབ་མ་བདུན་པ་ཞེས་
བྱ་བ་བཞིན་ནོ་ཞེས་ཟེར་རོ། །རེ་ཞིག་དེ་ལྟར་ན་འབྲས་བུ་ལ་གནས་པ་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་ནི་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ནོ། །རྣམ་གསུམ་གཉིས་ལས་རྣམ་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་ན་
རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། ཉོན་མོངས་པ་སྤངས་པ་ལས་ནི་རྣམ་པ་གསུམ་མམ་བཞི་སྤངས་པའི་ཕྱིར་རོ། །དབང་པོ་ལས་ནི་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་རོ། །སྐྱེ་བ་ལས་ནི་ཚེ་གཅིག་གམ་གཉིས་ཤིག་ལུས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་བཤད་པ་ནི་ནང་
དུ་གཉིས་ཤིག་སྨོས་པ་ནི་རྒྱུན་ཏུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་པ་དང་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་གྲུབ་པའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེས་པ་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བའོ། །དེ་ལ་ལྷའི་རིགས་ནས་རིགས་སུ་
སྐྱེ་བ་ནི་ལྷ་རྣམས་ཀྱི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་ལྷའི་རིས་དེ་ཉིད་དམ། གཞན་དག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་རྣམས་ཀྱི་ནང་དུ་ཉོན་མོངས་པ་སྤངས་པའི་གླིང་དེ་ཉིད་དམ་གཞན་དག་ཏུ་རིགས་གཉིས་སམ་གསུམ་དུ་

འཁོར་ནས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །ཡང་། འབྲས་བུ་ལ་གནས་པ་དེ་ཉིད། །རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ན་ཞུགས་པའང་ཡིན། །འབྲས་བུ་ལ་གནས་པ་ཉོན་མོངས་པའི་རྣམ་པ་གཅིག་ནས་ལྔའི་བར་དུ་སྤངས་པ་གང་ཡིན་པ་དེ་ཉིད་ནི་གཉིས་པ་ལ་
ཞུགས་པ་ཡིན་པར་རིག་པར་བྱའོ། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །དེ་ནི་འབྲས་བུ་གཉིས་པ་ཐོབ་པ་ཡིན་ཏེ། ལན་ཅིག་ལྷའི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་འོང་ལ། །དེ་ཕན་ཆད་ནི་སྐྱེ་བ་མེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་མ་ཡིན་ནོ། །འདོད་ཆགས་
དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ཡང་ལན་ཅིག་ཕྱིར་འོང་བ་ཞེས་བྱ་སྟེ། ཆུང་ངུའི་རྣམ་པ་ལུས་པའི་ཕྱིར་རོ། །འབྲས་བུ་ལ་གནས་པ་དེ་ཉིད། །ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །གསུམ་པ་ལ་ནི་ཞུགས་པའོ། །ལན་ཅིག་ཕྱིར་
འོང་བ་དེ་ཉིད་རྒྱུ་གསུམ་གྱིས་ན་བར་ཆད་གཅིག་པ་ཡིན་པར་རིག་པར་བྱ་སྟེ། ཉོན་མོངས་པའི་རྣམ་པ་བདུན་དང་བརྒྱད་སྤངས་པ་དང་། དེའི་གཉེན་པོ་དབང་ཐོབ་པ་དང་། ཚེ་གཅིག་ལུས་པའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་བར་དུ་གཅོད་པར་བྱེད་པ་སྟེ། དེ་ཡང་མྱ་ངན་ལས་འདས་པ་ལ་ཚེ་
གཅིག་གིས་ཆོད་པའི་ཕྱིར་བའམ། ཕྱིར་མི་འོང་བའི་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར་རོ། །འདིའི་བར་ཆད་གཅིག་ཡིན་པས་ན་བར་ཆད་གཅིག་པའོ། །རྣམ་པ་བདུན་དང་བརྒྱད་སྤངས་པ་དེ་ནི་གསུམ་པ་ལ་ཞུགས་པ་ཡིན་པར་རིག་པར་བྱའོ། །སྔར་ཉོན་མོངས་པ་སྤངས་ཤིང་འབྲས་
བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ། བར་ཆད་གཅིག་པ་མ་ཡིན་ནོ། །དེ་དགུ་ཟད་པས་ཕྱིར་མི་འོང་། །འབྲས་བུ་ལ་གནས་པ་དེ་ཉིད་ཉོན་མོངས་པའི་རྣམ་པ་དགུ་སྤངས་པ་ལས་ཕྱིར་མི་འོང་བ་ཡིན་པར་བལྟ་བར་བྱ་སྟེ། འདོད་པའི་
ཁམས་སུ་ཕྱིར་མི་འོང་བའི་ཕྱིར་རོ། །དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་པར་མྱ་ངན་འདའ། །གང་དུ་འཕོ་བའོ། །འདིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་བཞིན་དུ་སྐྱེས་པ་དང་། འདུ་བྱེད་པ་དང་། འདུ་བྱེད་པ་མེད་པར་

ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཡང་སྦྱང་བར་བྱའོ། །ཕྱིར་མི་འོང་བ་དེ་ཉིད་རྣམ་པ་ལྔར་འགྱུར་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྲིད་པ་བར་མར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་
ལས་མི་འཆི་བར་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང་། ལམ་ཉམས་འོག་ཏུ་ཆུད་པ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་སྦྱོར་བ་མ་བཏང་ཞིང་
མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པའི་ལམ་ཉམས་འོག་ཏུ་མ་ཆུད་པ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་
སྟེ། མངོན་པར་བརྩོན་པ་དང་ལམ་ཉམས་འོག་ཏུ་ཆུད་པ་མེད་པའི་ཕྱིར་རོ། །གོང་དུ་འཕོ་བ་ནི་གང་དུ་སྐྱེས་པ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ། འཕོ་བ་དང་འགྲོ་བ་ནི་དོན་གཅིག་གོ། །དེ་དག་ནི། བསམ་གཏན་སྤེལ་ནས་འོག་མིན་འགྲོ། །གང་དུ་འཕོ་བ་དེ་
ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་ཏེ། རྒྱུའི་སྒོ་ནས་ནི་བསམ་གཏན་སྤེལ་མ་དང་སྤེལ་མ་མ་ཡིན་པའི་ཕྱིར་རོ། །འབྲས་བུའི་སྒོ་ནས་ནི་འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །དེ་ལ་གང་གིས་བསམ་གཏན་སྤེལ་མར་བསྒོམས་པ་དེ་ནི་འོག་མིན་དུ་སོང་ནས་ཡོངས་སུ་མྱ་ངན་ལས་
འདའོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ། དེ་ལྟར་འོག་མིན་གྱི་མཐར་ཐུག་པར་འགྲོ་བའི་གོང་དུ་འཕོ་བ་དེ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམས་སྤེལ་མར་བསྒོམས་ཏེ་བསམ་གཏན་གསུམ་
ལས་ཡོངས་སུ་ཉམས་ན་བསམ་གཏན་དང་པོའི་རོ་མྱངས་ཏེ། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ལ། སྔོན་གོམས་པའི་དབང་གིས་བསམ་གཏན་སྤེལ་མར་བསྒོམས་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བར་དག་ཏུ་མི་འབྱིན་པས་ན་འཕར་བ་ཞེས་བྱའོ། །ཕྱེད་

དུ་འཕར་བ་ཞེས་བྱ་བ་ནི། དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ། བར་ནས་གནས་འགའ་ཙམ་ཡང་རྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། །འཕགས་པ་ནི་ཚངས་པ་ཆེན་པོའི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པ་དང་། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་ཐམས་ཅད་དུ་འཆི་
འཕོ་བར་ཞེས་བྱ་བ་ནི་གནས་ཀྱི་བྱེ་བྲག་ཐམས་ཅད་ལས་ཤི་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པ་སྟེ། ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ། ཚེ་གཉིས་པ་མངོན་པར་གྲུབ་པར་མི་བྱེད་དེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་དུ་སྐྱེས་པ་དེའི་འོག་དང་དེ་
ཉིད་དུ་ཕྱིར་མི་འོང་བའི་ཕྱིར་ན། དེའི་ཕྱིར་མི་འོང་བ་ཡོངས་སུ་རྫོགས་པ་ཡིན་ནོ། །རེ་ཞིག་བསམ་གཏན་སྤེལ་མར་བསྒོམས་པས་འོག་མིན་དུ་འགྲོ་བ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལས། གཞན་སྲིད་རྩེ་མོར་འགྲོ། གང་དུ་འཕོ་བ་བསམ་གཏན་སྤེལ་མར་མ་བསྒོམས་པ་ནི་སྲིད་
པའི་རྩེ་མོའི་མཐར་ཕྱིན་པར་འགྱུར་ཏེ། དེ་ནི་སྙོམས་པར་འཇུག་པའི་བྱེ་བྲག་རྣམས་རོ་མྱོང་བར་བྱེད་ཅིང་གནས་ཀྱི་ཁྱད་པར་ཐམས་ཅད་དུ་སྐྱེ་ལ། གནས་གཙང་མ་རྣམས་སུ་མི་འཇུག་པ་ཉིད་དུ་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའོ། །
འདི་ནི་ཞི་གནས་སྤྱོད་པའོ། །སྔ་མ་ནི་ལྷག་མཐོང་སྤྱོད་པའོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །གཟུགས་མེད་འགྲོ་བ་རྣམ་བཞི་གཞན། །གཞན་གཟུགས་མེད་པར་འགྲོ་བའི་ཕྱིར་མི་འོང་བ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་འདི་ནས་ཤི་
འཕོས་ནས་གཟུགས་མེད་པའི་ནང་དག་ཏུ་སྐྱེ་བ་གང་ཡིན་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་སོ། །དེ་ལྟར་ན་ཕྱིར་མི་འོང་བ་ནི་དྲུག་ཏུ་འགྱུར་རོ། །འདིར་ནི་མྱ་ངན་འདའ་འགྱུར་གཞན། །
གཞན་ནི་ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་དེ་ནི་བདུན་པ་ཡིན་ནོ། །གསུམ་པ་རྣམ་པ་གསུམ་ཕྱེ་ནས། །གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །ཡང་ཕྱིར་མི་འོང་བ་གསུམ་ལས། །རྣམ་པ་གསུམ་

གསུམ་དུ་ཕྱེ་ན་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ནི་དགུར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་། རྣམ་པ་གསུམ་དབྱེ་བ་ཇི་ལྟ་བུ་ཞེ་ན། རེ་
ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུལ་རེ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དཔེ་གསུམ་གྱིས་བསྟན་པ་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་
བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་སོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པས་
དབྱེ་བས་གསུམ་ཡིན་ནོ། །དེ་དག་གི་ནི་ཁྱད་པར་རྣམས། །ལས་དང་ཉོན་མོངས་བྱེ་བྲག་ལས། །ཕྱིར་མི་འོང་བ་གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་ནི་ལས་དང་ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་ལས་རིག་པར་བྱ་སྟེ། རེ་ཞིག་གསུམ་ནི། མངོན་པར་འགྲུབ་པ་དང་། སྐྱེས་པ་དང་། ལན་
གྲངས་གཞན་ལ་མྱོང་བར་འགྱུར་བའི་ལམ་བསགས་པ་དང་། ཉོན་མོངས་པའི་ཀུན་དུ་སྤྱོད་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡིན་པ་དང་། དབང་པོ་རྣོན་པོ་དང་། འབྲིང་དང་། རྟུལ་པོ་ཡིན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །དེ་བས་ན་དེ་དག་ནི་དགུ་པོ་རེ་རེ་ལ་ཡང་ཅི་རིགས་པར་ཁྱད་པར་
དུ་བལྟ་བར་བྱ་སྟེ། དང་པོ་གསུམ་པོ་གཉིས་ནི་སྔ་མ་བཞིན་དུ་ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་གིས་ཁྱད་པར་དུ་བལྟའོ། །གསུམ་པ་ཐ་མ་ནི། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལྟར་ན་དེ་དག་ནི་ཉོན་མོངས་པ་དང་དབང་
པོའི་རྣམ་པ་དགུ་ཡིན་པའི་ཕྱིར་མི་འོང་བ་རྣམ་པ་དགུར་འགྱུར་རོ། །དེ་ལྟར་ན་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་ནི་བདུན་ནོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །གོང་དུ་འགྲོ་བའི་ཆོས་ནི་གོང་དུ་འཕོ་བ་དག་སྟེ། མདོ་ལས་ནི་མ་ཕྱེ་བར་བསྟན་པའི་ཕྱིར་

སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་གསུངས་སོ། །ཅིའི་ཕྱིར་དེ་དག་འབའ་ཞིག་ལ་སྐྱེས་བུ་དམ་པའི་འགྲོ་བ་ཞེས་བྱ་བ་ལ། སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན། འགྲོ་བ་དེ་ལྟ་བུ་གང་ཡིན་པ་དེ་དག་ནི་དམ་པའི་ལས་དགེ་བ་ཉིད་ལ་འཇུག་པ་དང་། དམ་པ་མ་ཡིན་པ་མི་དགེ་བ་ལ་
མི་འཇུག་པ་དང་། དེ་དག་གི་འགྲོས་ཀྱིས་དང་པོ་རྣམས་ནི་ཡང་ཕྱིར་མི་འོང་བ་མེད་པ་ཡིན་ལ། ཇི་སྐད་དུ་བཤད་པ་དེ་དག་ནི་གཞན་ལ་མེད་པས་དེའི་ཕྱིར། དམ་པ་དམ་མིན་འཇུག་མི་འཇུག །སོང་ནས་ཕྱིར་མི་འོང་བའི་ཕྱིར་ཏེ། སྐྱེས་བུ་དམ་པའི་འགྲོ་བ་ཞེས་བྱའོ། །གཞན་ན་མ་
ཡིན་ནོ། །ཅི་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་བ་རྣམས་ལ་ཡང་དེ་ལྟར་དབྱེ་བ་ཡོད་དམ་ཞེ་ན། མེད་དེ་གང་གི་ཕྱིར། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །འདོད་པའི་ཁམས་གཞན་དག་ཏུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི། ཁམས་
གཞན་དག་ཏུ་མི་འགྲོ་སྟེ། ཚེ་དེ་ཉིད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་དག་ཏུ་ཚེ་ཡོངས་སུ་གྱུར་པ་ནི་རེས་འགའ་ཞིག་ནི་གཟུགས་མེད་པའི་ཁམས་དག་ཏུ་ཡང་འཇུག་སྟེ། གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བར་
བཤད་པ་གང་ཡིན་པའོ། །དེ་དང་གོང་མར་སྐྱེས་པ་ནི། །དབང་པོ་མི་འཕོ་ཡོངས་ཉམས་བཅོམ། །འདོད་པའི་ཁམས་དག་ཏུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་དང་། ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་དབང་པོ་རྣམས་ཀྱང་མི་འཕོ་ལ། ཇི་ལྟར་ཡང་ཡོངས་སུ་ཉམས་པར་མི་འགྱུར་
ཏེ། ཚེ་རབས་གཞན་ན་ཡོངས་སུ་བསྒོམས་པས་དབང་པོ་རྣམས་ཤིན་ཏུ་ཡོངས་སུ་སྨིན་པ་དང་། ལུས་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །ཇི་སྐད་དུ་དེ། བསམ་གཏན་སྤེལ་མས་འོག་མིན་འགྲོ། །ཞེས་བཤད་པ་གང་ཡིན་པ་དང་པོ་ཉིད་དུ་བསམ་གཏན་གང་ཞིག་སྤེལ་མར་བྱེད་ཅེ་ན། དང་པོར་
བསམ་གཏན་བཞི་པ་སྤེལ། དེ་ནི་ཏིང་ངེ་འཛིན་ཐམས་ཅད་ལས་སུ་རུང་བ་དང་། བདེ་བ་སྒྲུབ་པའི་མཆོག་ཡིན་པའི་ཕྱིར་རོ། །སྤེལ་མ་ནི་འདི་ལྟར་སྤེལ་མར་བྱེད་དོ། །དགྲ་བཅོམ་པའམ་ཕྱིར་མི་འོང་བ་ཟག་པ་མེད་པའི་བསམ་གཏན་བཞི་པ་ལ་རྒྱུ་དང་ལྡན་པར་སྙོམས་པར་འཇུག་ཅིང་། དེ་ལས་

ལངས་ཏེ། དེ་ཉིད་ཟག་པ་དང་བཅས་པ་ལ་རྒྱུན་དང་ལྡན་པར་སྙོམས་པར་འཇུག་ལ། དེ་ལས་ལངས་ཏེ། ཡང་ཟག་པ་མེད་པ་ལ་འཇུག་སྟེ། དེ་བཞིན་དུ་རྒྱུན་འགྲིབས་པས་གང་གི་ཚེ་སྐད་ཅིག་མ་གཉིས་སུ་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་སྐད་ཅིག་མ་གཉིས་སུ་ཟག་པ་དང་བཅས་
པ་ལ་སྙོམས་པར་འཇུག་ལ། ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་པ་དེ་ནི། སྤེལ་མའི་སྦྱོར་བ་ཡིན་ནོ་ཞེས་གྲག་གོ། །སྐད་ཅིག་མ་ནི་བསྲེས་པས་གྲུབ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ། གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་མངོན་དུ་བྱེད་ཅིང་ཟག་པ་
དང་བཅས་པའི་མཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་དུ་བྱེད་ལ། དེ་བཞིན་དུ་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་། ཟག་པ་མེད་པའི་སྐད་ཅིག་མ་གཉིས་བསྲེས་པས་སྤེལ་མ་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ལ། གསུམ་པ་ནི་
རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ། །དེ་ལྟར་བསམ་གཏན་བཞི་པ་སྤེལ་ན་དེའི་སྟོབས་ཀྱིས་གཞན་དང་གཞན་དག་ཀྱང་སྤེལ་མར་བྱེད་དོ། །དང་པོ་ཉིད་དུ་ནི་འདོད་པའི་ཁམས་ཀྱི་གླིང་གསུམ་དག་ཏུ་སྤེལ་མར་བྱེད་ལ། ཕྱིས་ཡོངས་སུ་ཉམས་ནས་ནི་གཟུགས་ཀྱི་ཁམས་དག་ཏུ་ཡང་སྤེལ་མར་
བྱེད་དོ། །ཅིའི་ཕྱིར་བསམ་གཏན་སྤེལ་མར་བྱེད་ཅེ་ན། སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང་། །རྒྱུ་གསུམ་གྱིས་ན་བསམ་གཏན་རྣམས་སྤེལ་མར་བྱེད་དེ། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བ་དང་། མཐོང་བའི་
ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཆོས་སྤེལ་མར་བྱེད་ལ། དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་ཡིན་ཏེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིངས་པའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་སྤེལ་མར་བྱེད་དོ། །དགྲ་བཅོམ་པ་
དབང་པོ་རྣོན་པོ་རྣམས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་ཡང་ཡིན་ནོ། །ཡང་ཅིའི་ཕྱིར་གནས་གཙང་མར་སྐྱེ་བ་རྣམས་ནི་ལྔ་ཁོ་ན་ཡིན་ཞེ་ན། དེ་ལྟར་བསམ་གཏན་བཞི་པ་སྤེལ་

མར་བསྒོམས་པར་བཤད་པ་གང་ཡིན་པ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གཙང་མའི་གནས་སུ་སྐྱེ་བ་ལྔ། །སྤེལ་མར་བསྒོམས་པ་དེ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེ་བ་དང་། ཤིན་ཏུ་ཆེས་ཆེ་བར་དབྱེ་བས་རྣམ་པ་ལྔ་ཡིན་ཏེ། དང་པོ་ལ་ནི་ཟག་པ་མེད་པ་དང་ཟག་པ་དང་
བཅས་པ་དང་། ཟག་པ་མེད་པ་དང་། སེམས་གསུམ་མངོན་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ། །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་སེམས་བཅོ་ལྔ་མངོན་དུ་བྱེད་དེ། དེ་དག་གི་འབྲས་བུ་ནི་རིམ་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ། དེ་དག་
ལས་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །གཞན་དག་ན་རེ་དད་པ་ལ་སོགས་པ་ལྷག་པས་ན་ལྔ་ཡིན་ནོ་ཞེས་ཟེར་རོ། །འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཕྱིར་མི་འོང་བ་གང་ལ་ལ་ཞིག་གིས་འགོག་པ་ཐོབ་པ་དེ་ནི་
མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱས་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པའི་ཕྱིར་བ་དང་ལུས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་
བཅོམ་ཉིད་ལ་ཞུགས་པའོ། །ཡང་ཕྱིར་མི་འོང་བ་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་དུ་སྤངས་པའི་ལམ་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་
སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་ལ་གནས་པ་ན་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན་པར་བར་ཆད་མེད་པའི་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །བཅོམ་ཟིན་པའི་
ཕྱིར་དེ་དག་ཐམས་ཅད་འཇོམས་པར་བྱེད་པ་ནི་མ་ཡིན་མོད་ཀྱི་ཐམས་ཅད་འཇོམས་པའི་མཐུ་ཡོད་ཅིང་བར་ཆད་མེད་པས་ལམ་ཐམས་ཅད་པས་ཆེས་ཆེ་བ་ཡིན་པའི་ཕྱིར་རོ། །གང་དེ་སྲིད་པའི་རྩེ་མོའི་རྣམ་པ་དགུ་པར་བཤད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བར་བྱ་བ་གང་ཡིན་པ། དེ་

ཟད་ཐོབ་དང་ཟད་ཡེ་ཤེས། །རྣམ་པ་དགུ་པ་དེ་ཟད་པའི་ཐོབ་པ་དང་། ལྷན་ཅིག་ཏུ་ཟད་པའི་ཡེ་ཤེས་སྐྱེ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཕྱི་མ་རྣམ་པར་གྲོལ་བའི་ལམ་སྐྱེ་བས་དེ་བས་ན་དེ་ནི་དང་པོ་ཁོ་ནར་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་
སྐྱེ་བའི་ཕྱིར་ཟད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པའི་ཡེ་ཤེས་སྐྱེས་ནས་འབྲས་བུ་གཞན་གྱི་ཕྱིར་སློབ་པ་མེད་པས་ན་མི་སློབ་པ་ཡིན་ནོ། །འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་སྟེ།
དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔར་གང་ཟག་བདུན་དུ་བཤད་པ་གཞན་རྣམས་ནི་ཟག་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སློབ་
པ་ཞེས་བྱ་བར་གྲུབ་སྟེ། དེ་དག་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བསྒོམ་པའི་ལམ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སུ་བཤད་པ་ལ། ལམ་གང་གིས་ན་སློབ་པ་དེ་ཁམས་གང་དག་ལས་འདོད་ཆགས་དང་བྲལ་བ་འཐོབ་ཅེ་ན།
འཇིག་རྟེན་འདས་ཀྱི་སྲིད་རྩེ་ལས། །ཆགས་བྲལ། འཇིག་རྟེན་པས་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་བ་དང་། རང་གི་ས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཉེན་པོ་མ་ཡིན་ཞེ་ན། ས་དེ་པའི་ཉོན་མོངས་པ་རྣམས་རྒྱས་པར་འགྱུར་བའི་ཕྱིར་
ཏེ། ཉོན་མོངས་པ་གང་གིས་དངོས་པོ་ག་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་མི་འགྱུར་ལ། གང་གི་གཉེན་པོ་གང་ཡིན་པ་དེའི་ནི་ཉོན་མོངས་པ་དེ་རྒྱས་པར་ཡང་མི་འགྱུར་རོ། །གཞན་ལས་རྣམ་པ་གཉིས། སྲིད་པའི་རྩེ་མོ་ལས་གཞན་པའི་ས་དག་ལས་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་འདོད་
ཆགས་དང་བྲལ་བར་འགྱུར་ལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དེ་ལ་ཡང་། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་པ་བྲལ་བའི་ཐོབ་རྣམ་གཉིས། །འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བས་འགྲོ་བ་

དག་ནི་བྲལ་བའི་ཐོབ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སྐྱེའོ། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། །གཞན་དག་ན་རེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་དེ་བཞིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །གལ་ཏེ་བར་ཆད་མེད་པའི་
ལམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་ནས་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མི་སྐྱེ་ན། དེ་ལྟར་འཕགས་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་ལ་བརྟེན་ཏེ། དབང་པོ་འཕོ་བར་བྱེད་པ་གང་ཡིན་པ་ལམ་སྔ་མ་ཐམས་ཅད་ནི་བཏང་ལ་འབྲས་བུའི་ལམ་འབའ་
ཞིག་ཐོབ་པའི་ཕྱིར་ས་གོང་མའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་འགྱུར་ཞིང་བཏང་བ་དེ་ལ་ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། །གོང་མར་སྐྱེས་པ་བཞིན་མི་ལྡན། །དེ་ལ་འཇིག་རྟེན་པའི་བྲལ་བ་ཐོབ་པ་མེད་དུ་ཟིན་ཀྱང་དེ་དག་དང་ལྡན་པར་མི་འགྱུར་ཏེ།
དཔེར་ན་སྲིད་པའི་རྩེ་མོ་རྣམ་པ་ཕྱེད་ལས་རྣམ་པར་གྲོལ་བ་ལ། དེའི་བྲལ་བ་ཐོབ་པ་འཇིག་རྟེན་པ་མེད་མོད་ཀྱི། དབང་པོ་འཕོ་བས་འཇིག་རྟེན་ལས་འདས་པའི་བྲལ་བའི་ཐོབ་པ་བཏང་ཡང་། ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བ་དང་། དཔེར་ན་སོ་སོའི་སྐྱེ་བོ་བསམ་གཏན་དང་པོའི་གང་
ཡན་ཆད་དུ་སྐྱེས་པ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་བྲལ་བའི་ཐོབ་པ་བཏང་ཡང་། ཡང་ཉོན་མོངས་པ་དེ་དང་ལྡན་པར་མ་འགྱུར་བ་བཞིན་པས་དེ་ནི་གཏན་ཚིགས་སུ་མི་རུང་ངོ་། །ས་གང་ཞིག་གིས་ས་གང་དག་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་མེད་པ་
ཡིན། །ཐམས་ཅད་ལས་ནི་ཆགས་བྲལ་འགྱུར། །སྲིད་པའི་རྩེ་མོའི་བར་ལས་སོ། །ཡང་གང་ཞིག་ཉེར་བསྡོགས་ལ་བརྟེན་ཏེ་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་འཐོབ་ན། ཅི་དེའི་བར་ཆད་མེད་པའི་ལམ་བཞིན་དུ་རྣམ་པར་གྲོལ་བའི་ལམ་ཐམས་ཅད་ཀྱང་ཉེར་བསྡོགས་ལས་སྐྱེ་བར་འགྱུར་
རམ་ཞེ་ན། སྨྲས་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། ས་གསུམ་རྒྱལ་ལས་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །སྐྱེ་བའི་ས་ཐམས་ཅད་ནི་དགུ་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་། སྙོམས་པར་འཇུག་པ་བརྒྱད་དོ། །དེ་ལས་བསམ་གཏན་གཉིས་པའི་བར་ལས་འདོད་

ཆགས་དང་བྲལ་བས་གསུམ་ལས་རྒྱལ་བ་དེ་ལ་ནི་ཐ་མ་རྣམ་པར་གྲོལ་བའི་ལམ་ཉེར་བསྡོགས་ལས་ཀྱང་སྐྱེ་ལ། བསམ་གཏན་དངོས་གཞི་ལས་ཀྱང་སྐྱེའོ། །གོང་མ་ཉེར་བསྡོགས་ལས་མིན། །ས་གསུམ་ལས་རྒྱལ་བ་ཡན་ཆད་ནི་བཏང་སྙོམས་ཀྱི་དབང་པོ་ཐུན་མོང་ཡིན་པའི་ཕྱིར་དངོས་གཞི་
ཉིད་ལས་སྐྱེའི། ཉེར་བསྡོགས་ལས་ནི་མི་སྐྱེའོ། །བསམ་གཏན་གསུམ་དག་ལས་ནི་ཉེར་བསྡོགས་དང་དངོས་གཞི་གཉིས་ཀྱི་དབང་པོ་ཐ་དད་པའི་ཕྱིར་ཁ་ཅིག་བསམ་གཏན་དངོས་གཞི་ལ་འཇུག་མི་ནུས་ཏེ། དབང་པོ་འཕོ་བ་ནི་དཀའ་བའི་ཕྱིར་རོ། །དེ་བས་ན་ས་གསུམ་ལས་འདོད་ཆགས་དང་བྲལ་བ་
ལས་ནི་ཉེར་བསྡོགས་ལས་ཀྱང་ཐ་མ་རྣམ་པར་གྲོལ་བའི་ལམ་སྐྱེའོ། །ཟག་པ་མེད་པའི་མི་ལྕོགས་པ་མེད་པས་ས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བཤད་ཀྱི། གཞན་དག་གིས་ནི་འདོད་ཆགས་དང་བྲལ་བར་འགྱུར་བར་མ་བཤད་པས། དེའི་ཕྱིར་སྨྲས་པ། འཕགས་
བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཟག་པ་མེད་པའི་བསམ་གཏན་དང་། །བསམ་གཏན་ཁྱད་པར་ཅན་དང་། གཟུགས་མེད་པ་དང་བརྒྱད་ཀྱིས་རང་གི་ས་དེ་གོང་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་གྱི་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་འོག་མ་ལས་ནི་མ་ཡིན་ནོ། །དེ་ལ་འཇིག་རྟེན་ལས་འདས་
པའི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་རྣམས་ནི་བདེན་པ་ལ་དམིགས་པ་ཡིན་པའི་ཕྱིར་བདེན་པའི་རྣམ་པ་ལ་ཞུགས་པ་ཞེས་བྱ་བར་གྲུབ་བོ། །འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་རིམ་བཞིན་དུ། །ཞི་དང་རགས་སོགས་རྣམ་པ་རྣམས། །རྣམ་པར་གྲོལ་བའི་
ལམ་རྣམས་ནི། །ཞི་བ་ལ་སོགས་པའི་རྣམ་པར་ལྟ་བ་ཡིན་ལ། བར་ཆད་མེད་པའི་ལམ་རྣམས་ནི་རགས་པ་ལ་སོགས་པའི་རྣམ་པར་ལྟ་བ་ཡིན་ཏེ། དེ་དག་ཀྱང་རིམ་བཞིན་དུ། གོང་དང་འོག་མ་སྤྱོད་ཡུལ་ལོ། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ས་གོང་མ་ལ་ཅི་རིགས་པར་ཞི་བ་དང་། གྱ་
ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པར་བལྟའོ། །བར་ཆད་མེད་པའི་ལམ་རྣམས་ནི་ས་འོག་མ་དག་ལ་རགས་པ་དང་། སྡུག་བསྔལ་ལེན་པ་དང་། རྩིག་པ་སྟུག་པོ་ལྟ་བུར་རྣམ་པར་ལྟ་སྟེ། མ་ཞི་བ་དང་། རྩོལ་བ་ཆེན་པོས་འབད་དགོས་པའི་ཕྱིར་རགས་པའོ། །གྱ་ནོམ་པ་མ་ཡིན་པ་དང་།

གནས་ངན་ལེན་རབ་ཏུ་མང་བས་མི་མཐུན་པར་འགྱུར་བའི་ཕྱིར་སྡུག་བསྔལ་ལེན་པའོ། །རྩིག་པ་ངེས་པར་མི་འབྱུང་བ་བཞིན་དུ་དེ་ཉིད་ཀྱིས་སོ། །དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་རྩིག་པ་སྟུག་པོ་ལྟ་བུའོ། །དེ་དག་ལས་བཟློག་པ་ནི་ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་དག་ཡིན་ནོ། །
ཞར་ལས་འོངས་པ་རྫོགས་སོ།། །།དཀྱུས་མ་བརྗོད་པར་བྱ་སྟེ། ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ཞེ་ན། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེ་བློ་གྲོས། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི། དེ་ལ་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་
སུ་མི་སྐྱེ་བའི་ཡེ་ཤེས་སྐྱེའོ། །འོན་མིན་ན། ཟད་ཤེས་པ་ནི་མི་སློབ་ལྟ། །འོན་ཏེ་མི་གཡོ་བའི་ཆོས་ཅན་ཞིག་མ་ཡིན་ན་ནི་ཟད་པའི་ཡེ་ཤེས་ཀྱི་མཇུག་ཐོགས་སུ་ཟད་པའི་ཡེ་ཤེས་ཉིད་དམ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །ཡོངས་སུ་ཉམས་པ་ཡོད་པའི་ཕྱིར་མི་སྐྱེ་བའི་ཡེ་ཤེས་ནི་མི་སྐྱེའོ། །
ཅི་མི་གཡོ་བའི་ཆོས་ཅན་རྣམས་ལ། དེ་མི་སྐྱེ་བ་ཁོ་ན་ཡིན་ནམ་ཞེ་ན། དེ་ནི་དགྲ་བཅོམ་ཐམས་ཅད་ལ། །མི་གཡོ་བའི་ཆོས་ཅན་ལ་ཡང་རེས་འགའ་ནི་མི་སྐྱེ་བའི་ཡེ་ཤེས་ཉིད་སྐྱེ་ལ། རེས་འགའ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །དེ་ལྟར་ན་འབྲས་བུ་བཞིར་བཤད་པ་གང་ཡིན་པ་དེ་
དག་གི་འབྲས་བུ་ཡིན་ཞེ་ན། དགེ་སྦྱོང་གི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དགེ་སྦྱོང་དྲི་མ་མེད་པའི་ལམ། །ཟག་པ་མེད་པའི་ལམ་ནི་སྐྱེ་ཞེས་བྱའོ། །དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱས་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོ་ལས་ཀྱང་། འདིས་སྡིག་
པ་མི་དགེ་བའི་ཆོས་རྒྱས་པར་རྒ་ཤིར་འགྱུར་བའི་བར་རྣམ་པ་དུ་མ་ཞི་བར་བྱས་པས་དགེ་སྦྱོང་ཞེས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་དགེ་སྦྱོང་དེའི། འབྲས་བུ་འདུས་བྱས་འདུས་མ་བྱས། །དགེ་སྦྱོང་གི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་དག་ཀྱང་མདོ་ལས་བཞིར་གསུངས་
མོད་ཀྱི་འོན་ཀྱང་དེ་དེ་དག་བརྒྱད་ཅུ་རྩ་དགུའོ། །དེ་དག་ཀྱང་གང་ཞེ་ན། གྲོལ་ལམ་ཟད་པ་རྣམས་དང་བཅས། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་ལ། བར་ཆད་མེད་པའི་ལམ་བརྒྱད་དང་། །རྣམ་པར་གྲོལ་བའི་ལམ་བརྒྱད་དོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་

མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་ས་དགུ་དག་ལ་རེ་རེ་ཞིང་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་སྤང་བར་བྱ་བ་ལ། དེ་སྙེད་ཀྱི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་རྣམས་ཡིན་ནོ། །དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་ཡིན་ལ། རྣམ་པར་གྲོལ་བའི་ལམ་རྣམས་
ནི། དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །ཉོན་མོངས་པ་དེ་དག་སྤངས་པ་ནི་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །དེ་ལྟར་ན་དེ་དག་ནི་བརྒྱད་ཅུ་རྩ་དགུར་འགྱུར་རོ། །དེ་ལྟར་ན་སངས་རྒྱས་ཀྱིས་གསུངས་པ་ཁ་བསྐང་བར་བྱ་
དགོས་སོ་ཞེ་ན། མི་དགོས་ཏེ་གལ་ཏེ་ཡང་འབྲས་བུ་ནི་ཕལ་ཆེ་མོད་ཀྱི། འབྲས་བུ་བཞིར་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་ཡོད་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྤོང་བའི་ལམ་གྱི་གནས་སྐབས་གང་དག་ལ་རྒྱུ་ལྔ་ཡོད་པ་དེ་ལ་འབྲས་བུར་རྣམ་པར་གཞག་གོ་ཞེས་གྲག་སྟེ། ལྔ་གང་ཞེ་ན། འབྲས་
ལ་སྔ་མ་བཏང་བ་དང་། །ལམ་གཞན་ཐོབ་དང་ཟད་བསྡོམས་དང་། །ཡེ་ཤེས་བརྒྱད་པོ་ཐོབ་པ་དང་། །རྣམ་པ་བཅུ་དྲུག་བསྒོམས་པའོ། །ལམ་སྔ་མ་བཏང་བ་དང་། སྔོན་མ་ཐོབ་པའི་ལམ་ཐོབ་པ་ནི་ཞུགས་པའི་ལམ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ། །སྤངས་པ་བསྡོམས་
པ་ནི་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ། །ཡེ་ཤེས་བརྒྱད་པོ་ཅིག་ཅར་དུ་ཐོབ་པ་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དག་གི་ཡིན་ནོ། །རྣམ་པ་བཅུ་དྲུག་ཏུ་བསྒོམས་པ་ནི་མི་རྟག་པ་ལ་སོགས་པ་རྣམས་ཏེ། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་བཞིར་རྣམ་པར་གཞག་པའི་འབྲས་བུའོ་ཅོག་
ལ་ཡོད་དོ། །གལ་ཏེ་ཟག་པ་མེད་པའི་ལམ་འབའ་ཞིག་དགེ་སྦྱོང་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཇི་ལྟར་ན། དགེ་སྦྱོང་གི་འབྲས་བུར་རུང་ཞེ་ན། འཇིག་རྟེན་པ་ཡི་ཐོབ་འདྲེས་དང་། །ཟག་མེད་ཐོབ་པ་འཛིན་ཕྱིར་འབྲས། །ལན་ཅིག་ཕྱིར་འོང་བའམ།
ཕྱིར་མ་འོང་བའི་འབྲས་བུ་དེ་ནི། འཇིག་རྟེན་པའི་ལམ་གྱིས་འབྲས་བུ་སྤོང་བ་འབའ་ཞིག་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། མཐོང་བའི་ལམ་གྱིས་འབྲས་བུ་སྤངས་པ་ཡང་དེར་བསྲེ་བར་བྱ་སྟེ། ཐམས་ཅད་ཀྱི་ཐོབ་པ་ནི་དེའི་འབྲས་བུར་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །དེ་གཉིས་ཀྱི་ཕྱིར་

མོད་ལས་འདི་སྐད་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་བསྲབས་པ་གང་ཡིན་པའོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པའོ་ཞེས་
གསུངས་སོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པས་ནི་སྤངས་པ་དེ་འཛིན་ཏེ། དེའི་མཐུས་ཡོངས་སུ་ཉམས་ཀྱང་མི་འཆི་བས་དེའི་ཕྱིར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་རིགས་སོ། །དེ་ལྟར་དགེ་སྦྱོང་གི་ཚུལ་དུ་བཤད་པ་གང་ཡིན་པ། དེ་ཉིད་བྲམ་ཟེ་ཚངས་པ་ཡི། འཁོར་ལོ། །ཉོན་མོངས་པ་སྤོང་བའི་ཕྱིར་
ན་བྲམ་ཟེའོ། །ཚངས་པའི་འཁོར་ལོ་ནི། ཚངས་པས་བསྐོར་ཕྱིར་རོ། །བླ་ན་མེད་པ་ཚངས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་ཚངས་པའོ། །འདི་ནི་དེའི་འཁོར་ལོ་ཡིན་པས་ན་ཚངས་པའི་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་ཞེས་ཀྱང་བྱ།
བསིལ་བར་གྱུར་པ་ཞེས་ཀྱང་བྱའོ་ཞེས་ཀྱང་འབྱུང་ལ། དེས་བསྐོར་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །ཇི་ལྟར་ན་དེའི་ཆོས་མཐུན་པ་ཡིན་ཞེ་ན། མྱུར་བར་འགྲོ་དང་
རྩིབས་སོགས་ལས། །མྱུར་བར་འགྲོ་བའི་ཕྱིར་ནི་འདོར་བ་དང་འགྲོ་བ་དང་། མ་རྒྱལ་བ་རྒྱལ་བར་བྱ་བ་དང་། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང་། འཕར་བ་དང་འབབ་པའི་ཕྱིར་ཏེ། དེ་ལྟར་ན་མྱུར་བར་འགྲོ་བའི་ཕྱིར་རོ། །བཙུན་པ་དབྱངས་ཅན་ན་རེ། འཕགས་པའི་ལམ་བརྒྱད་ནི་རྩིབས་ལ་
སོགས་པ་དང་། ཆོས་མཐུན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་ཟེར་ཏོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ནི་
མུ་ཁྱུད་ལྟ་བུ་ཡིན་པས་ན། མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ག་ལས་ཤེ་ན། འཕགས་པ་ཀུན་ཤེས་ཀཽཎྜི་ནྱའི་དེ་སྐྱེ་བ་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡིན་ཞེ་ན།

འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་དེ་ནི་ལན་གསུམ་བཟླས་པ་ཡིན་ནོ། །བཟླས་པ་རེ་རེ་ཞིང་ཡང་འདི་ལྟར་བདེན་པ་རེ་རེ་ལ་མིག་སྐྱེས་སོ་ཞེས་པ་དང་། རིག་པ་དང་བློ་སྐྱེས་སོ་ཞེས་བྱ་བ་
དེ་དག་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །གསུམ་པ་དང་བཅུ་གཉིས་པར་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་པ་དང་། རྣམ་པ་བཅུ་གཉིས་ཞེས་བཤད་དེ། དཔེར་ན་གཉིས་དང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་བསྐོར་བ་དེ་དག་གིས་ནི་རིམ་
བཞིན་དུ་མཐོང་བ་དང་། བསྒོམ་པ་དང་མི་སློབ་པའི་ལམ་རྣམས་བསྟན་ཏོ་ཞེས་ཟེར་ཏེ། གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་འབའ་ཞིག་ལ་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ། རྣམ་པ་བཅུ་གཉིས་ཀྱང་མ་ཡིན་ནོ། །ཇི་ལྟར་ན་ཆོས་ཀྱི་འཁོར་ལོར་རྣམ་པར་གཞག་སྟེ། དེ་བས་ན་ཆོས་ཀྱི་
རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡིན་ཞེ་ན། ལམ་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་པར་ཡང་རིགས་སོ། །ཇི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བདེན་པ་
བཞི་ལ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པ་དང་། སྤངས་པ་དང་། མངོན་
དུ་བྱས་པ་དང་། བསྒོམས་པ་ཞེས་བྱའོ། །དེའི་བསྐོར་བ་ནི་གཞན་གྱི་རྒྱུད་ལ་དོན་གོ་བར་བྱེད་པའི་ཕྱིར་འགྲོ་བ་ཡིན་ནོ། །ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་འདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དེ་ནི་གཞན་གྱི་རྒྱུད་ལ་མཐོང་བའི་ལམ་བསྐྱེད་པའི་ཕྱིར་
བསྐོར་བར་རྩོམ་པས་དེའི་ཕྱིར་བསྐོར་བ་ཞེས་བྱའོ། །ཡང་ན་ཁམས་གང་དག་ཏུ་དགེ་སྦྱོང་གི་འབྲས་བུ་དུ་དག་ཅིག་འཐོབ་ཅེ་ན། འདོད་པར་གསུམ་འཐོབ། གསུམ་ནི་འདོད་པའི་ཁམས་འབའ་ཞིག་ཏུ་འཐོབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཐ་མ་ནི། གསུམ་དུ། དགེ་སྦྱོང་གི་འབྲས་བུ་ཐ་མ་དང་།

དགྲ་བཅོམ་པ་ཉིད་ཀྱི་ཁམས་གསུམ་ཆར་དུ་ཡང་འཐོབ་བོ། །རེ་ཞིག་འབྲས་བུ་གཉིས་ནི། འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་མིན་པའི་ཕྱིར་གོང་མར་མི་འཐོབ་པ་ཡང་རིགས་ན། གསུམ་པ་གོ་ཅིའི་ཕྱིར་མི་འཐོབ་ཅེ་ན། གོང་ན་མཐོང་ལམ་མེད། འདོད་པའི་ཁམས་ལས་གོང་ན་
ནི་མཐོང་བའི་ལམ་མེད་ལ། དེ་མེད་པར་ནི་འདོད་ཆགས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་མེད་དེ། དེ་ནི་གཏན་ཚིགས་ཡིན་ནོ། །ཅིའི་ཕྱིར་དེ་དག་ན་མཐོང་བའི་ལམ་མེད་ཅེ་ན། རེ་ཞིག་གཟུགས་མེད་པའི་ཁམས་དག་ན་ནི་ཉན་པ་མེད་པ་དང་།
ཁམས་འོག་མ་ལ་ནི་མི་དམིགས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་དག་ན་ནི། སྐྱེ་མེད་ཕྱིར་དང་འདིར་བརྩམས་ཏེ། །དེ་མཐར་ཕྱིན་ཞེས་ལུང་ལས་བྱུང་། །གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་
སྐྱོ་བར་མི་འགྱུར་ལ། སྐྱོ་བ་མེད་པ་ནི་འཕགས་པའི་ལམ་ཐོབ་པར་མི་ནུས་ཏེ། རེ་ཞིག་དེ་ནི་རིགས་པ་ཡིན་ནོ། །ལུང་ལས་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གྱི་གང་ཟག་ལྔ་པོ་དེ་དག་ནི། འདིར་རྩོམ་པར་བྱེད་པ་དེར་མཐར་ཕྱིན་པར་འགྱུར་ཞེས་འབྱུང་སྟེ།
རྩོམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདའ་བའི་ཐབས་ཡིན་པའི་ཕྱིར་ལམ་རྩོམ་པ་ཡིན་ནོ། །འདི་སྐད་དུ་གལ་ཏེ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན་ནི། ཟད་པའི་ཡེ་ཤེས་ལས་མི་སྐྱེ་བའི་ཡེ་ཤེས་སྐྱེའོ་ཞེས་བཤད་ན་དེ་ནི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན། ཡོད་ཅེས་བྱ་སྟེ། དགྲ་བཅོམ་
དྲུག་འདོད། མདོ་ལས་དགྲ་བཅོམ་པ་ནི་དྲུག་ཏུ་གསུངས་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པ་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལ་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །ད