Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 141

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
ུ་མི་རུང་། གལ་ཏེ་ཆོས་ཉིད་བྱ་བ་ཡིན་ན་ཅིའི་ཕྱིར་ཆོས་དེ་དེའི་བདག་ཉིད་ཀྱིས་ཡོད་བཞིན་དུ་རེས་འགའ་ནི་འདས་པ་ཞེས་བརྗོད། རེས་འགའ་ནི་མ་འོངས་པ་ཞེས་བརྗོད་དེ་དུས་གསུམ་རྣམ་པར་གཞག་པ་མི་འགྲུབ་པོ། །ཆོས་གང་མ་སྐྱེས་པ་དེ་ནི་
མ་འོངས་པའོ། །གང་སྐྱེས་པ་ལ་མ་ཞིག་པ་དེ་ནི་ད་ལྟར་བྱུང་བའོ། །གང་ཞིག་པ་དེ་ནི་འདས་པའོ་ཞེས་བྱ་བ་མི་འགྲུབ་པ་མ་ཡིན་ནོ་ཞེ་ན་འདིར་ཡང་དེ་ཉིད་བརྗོད་པར་བྱ་སྟེ། གལ་ཏེ་ད་ལྟར་གྱི་ཇི་ལྟར་རྫས་སུ་ཡོད་པ་དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་ཡོད་ན་ནི་དེའོ། །དེ་བཞིན་དུ། ཡོད་ན་གང་གིས་
མ་སྐྱེས་ཞིག །ཆོས་དེ་རང་གི་ངོ་བོར་ཡོད་ན་ནི་ཇི་ལྟར་ན་མ་སྐྱེས་པའམ་ཞིག་པ་ཞེས་བྱ་བ་འདི་འགྲུབ། འདིའི་སྔར་ནི་ཅི་ཞིག་མ་བྱུང་ན་ཡང་གང་མེད་པའི་ཕྱིར་མ་འོངས་པ་ཞེས་བྱ། ཕྱིས་ནི་ཅི་ཞིག་མེད་ན་གང་མེད་པའི་ཕྱིར་ཞིག་པ་ཞེས་བྱ་སྟེ། དེ་བས་ན་གལ་ཏེ་མ་བྱུང་བ་དང་། བྱུང་ནས་
མི་འབྱུང་བར་མི་འདོད་ན་ནི་རྣམ་པ་ཐམས་ཅད་དུ་དུས་གསུམ་མི་འགྲུབ་པོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དོ་ཞེས་ཟེར་རོ། །བཤད་པར་མི་ནུས་པ་གང་ཡིན་པ་དེར་ནི་བདག་ཉིད་ཀྱི་འདོད་པས་འདི་སྐད་དུ་འགྲུབ་པར་བྱ་སྟེ། ཆོས་འདི་དག་ནི་ཟབ་པ་ཡིན། གདོན་མི་ཟ་བར་
རྟོག་པས་བསྒྲུབ་པ་མ་ཡིན་ནོ། །ཞར་ལས་འོངས་པ་རྫོགས་སོ།། །།ད་ནི་དངོས་པོ་གང་ཞིག་སྤངས་ན་དེ་དངོས་པོ་དེ་དང་བྲལ་བ་ཡིན་ནམ་དངོས་པོ་གང་ཞིག་དང་བྲལ་ནི་དེ་དངོས་པོ་དེ་སྤངས་པ་ཡིན་པ་དེ་དཔྱད་པར་བྱ་སྟེ། རེ་ཞིག་དངོས་པོ་གང་ཞིག་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ནི་མ་ཡིན་གྱི།

སྤངས་ཀྱང་བྲལ་བ་མ་ཡིན་པ་ཡང་ཡོད་དེ་འདི་ལྟ་སྟེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་དང་ལྡན། །དང་པོའི་རྣམ་པ་སྤངས་ཟིན་ཀྱང་། །དེ་ཡུལ་དྲི་མ་ལྷག་རྣམས་དང་། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ་ཀུན་འབྱུང་ཤེས་པ་ནི་མ་སྐྱེས་པའི་ཚེ་
སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནི་སྤངས་པ་ཡིན་ལ། །དེ་སྤངས་ཀྱང་དེ་ལ་དམིགས་པའི་ཀུན་དུ་འགྲོ་བ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་དང་ནི་དེར་ལྡན་ནོ། །བསྒོམ་པས་སྤང་བར་བྱ་བའི་རིས་ལ་ཡང་རྣམ་པ་དགུ་རྣམས་ལས་དང་པོ་པའི་རྣམ་པ་གང་ཡིན་པ་སྤངས་པ་དེ་སྤངས་ཀྱང་དེ་ལ་
དམིགས་པའི་ཉོན་མོངས་པ་ལྷག་མ་རྣམས་དང་དེར་ལྡན་པར་རིག་པར་བྱའོ། །དངོས་པོ་གང་ལས་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བ་འདི་ཚིག་རེ་རེ་ནས་བཤད་ན་ནི་བརྗོད་པ་མང་པོར་འགྱུར་བས་དེ་བས་ན་ཅི་ནས་ཀྱང་འབད་པ་ཆུང་ངོ་། །ཆོས་ཀྱི་དྲི་བའི་ཚོགས་ཆེའོ། །ཆོས་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་
བསྡུས་ནས་རྣམ་པར་བཤད་པར་བྱ་སྟེ། ཆོས་ནི་མདོར་བསྡུ་ན་བཅུ་དྲུག་པོ་འདི་དག་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་ཟག་པ་མེད་པའོ། །སེམས་ཀྱང་བཅུ་དྲུག་སྟེ། དེ་དག་ཉིད་དོ། །དེ་ལ་ཆོས་གང་ཞིག་སེམས་གང་གི་དམིགས་པ་ཡིན་པར་ཤེས་པར་བྱས་ནས། འདི་ལ་
ཕྲ་རྒྱས་འདི་སྙེད་ཅིག་རྒྱས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བརྟག་པར་བྱས་ཏེ། དེ་ལ་རེ་ཞིག །སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་དང་། །དྲི་མེད་རྣམ་ཤེས་སྤྱོད་ཡུལ་གཅིག །དེ་ནི་རང་གི་ཡང་ཡིན་པས་རང་གི་
གསུམ་མོ། །དེ་ནི་གཅིག་ཀྱང་ཡིན་ལ་གཟུགས་སུ་གཏོགས་པ་ཡང་ཡིན་པས་གཟུགས་གཏོགས་གཅིག་སྟེ། །ཚིག་རྣམ་པར་སྦྱར་བའི་ཚུལ་ནི་དེ་ལྟའོ། །རེ་ཞིག་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་ལྔ་ནི་སེམས་
སྔ་མའི་དམིགས་པ་མ་ཡིན་ཏེ་རང་གི་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང་། གཟུགས་ན་སྤྱོད་པའི་ནི་གཅིག་གི་སྟེ། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱི་དང་། ཟག་པ་མེད་པ་ཡང་གཅིག་གིའོ། །གཟུགས་ཁམས་ལས་སྐྱེས་དྲི་མ་རྣམས། །རང་དང་འོག་གསུམ་གོང་མ་གཅིག །གཟུགས་ན་སྤྱོད་པའི་

ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་གྱི་སྟེ། །དེ་དག་ཉིད་ཀྱི་དང་། ཁམས་འོག་མ་པ་གསུམ་གྱི་ཡང་དེ་དག་ཉིད་ཀྱི་དང་ཁམས་གོང་མ་པའི་ནི་གཅིག །བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱི་དང་། ཟག་པ་མེད་པའི་ཡང་གཅིག་གིའོ། །གཟུགས་
མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་རྣམ་པ་གསུམ་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང་། ཟག་པ་མེད་པའི་ནི་གཅིག་གིའོ། །
ཁམས་གསུམ་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱང་བཤད་ཟིན་ཏོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ནི་ལྷག་
པར་ཆོས་དེ་དག་ནི། །རང་གི་སེམས་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་དམིགས་པ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་བཤད་པར་བྱ་ཞེ་ན། འགོག་པ་མཐོང་བས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ནི་སེམས་དྲུག་གི་དམིགས་པ་ཡིན་ཏེ། སྔར་བཤད་པ་
ལྔ་དང་། ལྷག་མར་འགོག་པ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ཡང་སྔར་བཤད་པ་ལྔ་དང་། ལྷག་པར་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་
པ་ན་སྤྱོད་པ་རྣམས་ཀྱང་ལྷག་པར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་དེ་དག་གི་དམིགས་པ་སྟེ། སེམས་དགུ་དང་སེམས་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཁམས་གསུམ་པོའི་ཆོས་རྣམ་པ་ལྔ་ལྔ་བཤད་ཟིན་ཏོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང་། ཟག་པ་མེད་པའི་
སྤྱོད་ཡུལ་ལོ། །ཟག་པ་མེད་པའི་སེམས་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་ཐ་མ་རྣམ་པ་གསུམ་སྟེ། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེད་པའོ། །ཡང་དོན་དེ་དག་ཉིད་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སུ་འདུག་པར་འགྱུར་ཏེ། ཁམས་གསུམ་

སྡུག་བསྔལ་རྒྱུ་མཐོང་དང་། །གོམས་པས་སྤང་བྱ་དང་ཟག་མེད། །རྣམ་ཤེས་ལྔ་དང་བརྒྱད་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ། །ཞེས་བྱ་བའོ། །དེ་ལྟར་ན་སེམས་བཅུ་དྲུག་པོ་དེ་དག་
གི་དམིགས་པར་ནི་ཆོས་བཅུ་དྲུག་རྣམ་པར་གཞག་པར་རིག་ནས་ཇི་ལྟར་ན་ཕྲ་རྒྱས་ཀྱི་དགོས་པ་ཡིན་པར་སྦྱར་བར་བྱ་སྟེ། ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོངས་པ་ལ་དཔྱད་པར་བྱ་ན་
བདེ་བའི་དབང་པོ་ནི་རྣམ་པ་བདུན་ཏེ། འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་། ཟག་པ་མེད་པའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་འདི་དག་གི་དམིགས་པ་ཡིན་ཏེ། འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་
པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་། གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པ་སྟེ། རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་བདེ་བའི་དབང་པོ་ལ་དམིགས་པ་ཡིན་ནོ། །དེ་ལ་ཇི་ལྟར་སྲིད་པར་འདོད་པ་ན་སྤྱོད་
པའི་རིས་ནི་བཞིའོ། །གཟུགས་ན་སྤྱོད་པ་ནི་འདུས་བྱས་ལ་དམིགས་པ་རྣམས་སོ། །གཟུགས་མེད་པ་ན་སྤྱོད་པ་ནི་རིས་གཉིས་དང་། ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་ཀྱང་རྒྱས་པར་འགྱུར་བར་རིག་པར་བྱའོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་དག་ཅིག་རྒྱས་
པར་འགྱུར། བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ཀྱང་རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། རྣམ་པ་བཅུ་གཉིས་པོ་དེ་དག་ཉིད་ཀྱི་ཡིན་ལ། ལྷག་པར་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་
སྤང་བར་བྱ་བ་རྣམ་པ་གཉིས་ཏེ། རྣམ་པ་བཅུ་བཞི་པོ་འདི་དག་ནི་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱད་པ་ལ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་གིས་ཀླགས་ན་འདོད་པ་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པ་རིས་

བཞི་བཞི་དང་། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལམ་འདིས་གཞན་དག་ལ་ཡང་རྟོགས་པར་བྱའོ། །ཕྲ་རྒྱས་གང་དག་གི་སེམས་ཕྲ་རྒྱས་དང་བཅས་པ་ཕྲ་རྒྱས་དེ་དག་གིས་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་པར་འགྱུར་བ་
ཡང་ཡོད་དེ། ཕྲ་རྒྱས་གང་དག་དང་སེམས་དེ་དག་ཏུ་མཚུངས་པར་ལྡན་པ་ཡང་མ་སྤངས་ལ། དེ་ལ་དམིགས་པ་རྣམས་ཀྱང་མ་སྤངས་པ་ཡིན་ནོ། །རྒྱས་པར་མི་འགྱུར་བ་ཡང་ཡོད་དེ་ཕྲ་རྒྱས་གང་དག་དང་སེམས་དག་དང་མཚུངས་པར་ལྡན་པ་རྣམས་སྤངས་པའོ། །དེ་བས་ན་དེ་ལྟར་བཤད་ན་འདི་ལྟར། ཉོན་མོངས་
ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཕྲ་རྒྱས་དང་བཅས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་ནི་དེ་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་སུ་གྱུར་པ་དང་། དེ་དམིགས་པའི་ཕྲ་རྒྱས་མ་སྤངས་པ་རྣམས་ཀྱི་ཕྲ་རྒྱས་དང་བཅས་པ་དང་། དེ་དང་མཚུངས་པར་ལྡན་
པ་རྒྱས་པར་མི་འགྱུར་བ་རྣམས་ཀྱིས་ཀྱང་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། དེ་དང་ལྷན་ཅིག་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ནི་དེ་ལ་དམིགས་པ་ཕྲ་རྒྱས་སུ་འགྱུར་བ་མ་སྤངས་པ་ཉིད་དག་གིས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །ཡང་ཕྲ་རྒྱས་བཅུ་པོ་དག་ཇི་ལྟར་འཇུག་ཅེ་ན། རེ་ཞིག་
དང་པོ་ཉིད་དུ་མ་རིག་པ་དང་ལྡན་པས་བདེན་པ་རྣམས་ལ་ཀུན་དུ་རྨོངས་ལ། དེས་སྡུག་བསྔལ་མི་འདོད་ཅིང་ལམ་གྱི་བར་དུ་མི་འདོད་དོ། །དེ་ནས་རྨོངས་པ་ལ་ཐེ་ཚོམ། །རྨོངས་པས་ཕྱོགས་གཉིས་ཐོས་ནས། འདི་སྡུག་བསྔལ་ཡིན་ནམ་འདི་སྡུག་བསྔལ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཐེ་ཚོམ་
སྐྱེའོ། །དེ་ནས་ལོག་ལྟ། ཐེ་ཚོམ་ལས་ལོག་པའི་ལྟ་བ་འཇུག་སྟེ། ཐེ་ཚོམ་སྐྱེས་པ་ལོག་པར་མཉན་པ་དང་། ལོག་པར་བསམས་པ་ལས་སྡུག་བསྔལ་མེད་དེ་ཞེས་བྱ་བ་ལ་སོགས་པ་ལོག་པར་ངེས་པར་སྐྱེའོ། །དེ་ནས་འཇིག་ཚོགས་ལྟ། ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་
འཇུག་སྟེ། སྡུག་བསྔལ་བ་ཉིད་ལས་ཕུང་པོ་གསལ་ཏེ་བདག་ཏུ་མངོན་པར་ཞེན་ཏོ། །དེ་ནས་མཐར་འཛིན། འཇིག་ཚོགས་ལ་ལྟ་བ་ལས་མཐར་འཛིན་པར་ལྟ་བ་འཇུག་སྟེ། བདག་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །དེ་ནས་ནི། ཚུལ་ཁྲིམས་མཆོག་འཛིན། མཐར་འཛིན་

པ་གང་ཡིན་པ་དེ་ཉིད་ཀྱིས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ནས་ལྟ་བ་མཆོག་ཏུ་འཛིན། །ཅེས་བྱ་བར་སྦྱར་ཏེ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་འཇུག་སྟེ། གང་གིས་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །
རང་གི་ལྟ་བ་ཆགས་ང་རྒྱལ། །དེ་ལ་ཆགས་པའི་སྒོ་ནས་དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །གཞན་ལ་ཞེ་སྡང་། ལྟ་བ་ལ་ལྷག་པར་ཞེན་པ་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་དག་ལ་ཞེ་སྡང་བ་འཇུག་གོ། །དེ་ལྟར་རིམ། ཕྲ་རྒྱས་བཅུ་པོ་དེ་དག་གི་འཇུག་པའི་རིམ་པ་ནི་དེ་ལྟའོ། །ཉོན་མོངས་པ་
སྐྱེད་པ་ནི་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་པ་དང་། །ཡུལ་དང་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་བྱེད་པ་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །འདི་ལྟ་སྟེ། འདོད་པའི་འདོད་ཆགས་ཀྱིས་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན་ལ། འདོད་པའི་འདོད་
ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ཀྱང་སྣང་བར་འགྱུར་བ་ཡིན་ཞིང་། དེ་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་ན་དེ་ལྟར་ན་འདོད་པའི་འདོད་ཆགས་སྐྱེ་སྟེ། དེ་དག་ནི་རིམ་པ་བཞིན་དུ་རྒྱུ་དང་ཡུལ་སྦྱོར་བའི་སྟོབས་དག་ཡིན་ནོ། །ཉོན་མོངས་པ་གཞན་དག་ཀྱང་དེ་བཞིན་དུ་སྐྱེ་
བར་རིག་པར་བྱ་སྟེ་གང་ཞིག །རྫོགས་པའི་རྒྱུ་ཡིན། རེས་འགའ་ཡུལ་གྱི་སྟོབས་འབའ་ཞིག་གིས་སྐྱེས་པ་ཡང་ཡོད་དེ། འདི་ལྟ་སྟེ། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་ལྟ་བུའོ། །མདོ་ལས། བཅོམ་ལྡན་འདས་ཀྱིས་ཕྲ་རྒྱས་དེ་དག་ཉིད་ཟག་པ་གསུམ་དུ་གསུངས་ཏེ། འདོད་པའི་ཟག་
པ་དང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པའོ། །ཆུ་བོ་བཞི་སྟེ་འདོད་པའི་ཆུ་བོ་ལ་སོགས་པའོ། །སྦྱོར་བ་བཞི་སྟེ་དེ་དག་ཉིད་དོ། །ཉེ་བར་ལེན་པ་བཞི་སྟེ། འདོད་པའི་ཉེ་བར་ལེན་པ་ལ་སོགས་པའོ། །དེ་ལ་རེ་ཞིག །གཏི་མུག་མ་གཏོགས་འདོད་པ་ཡིས། །ཉོན་མོངས་ཀུན་ནས་དཀྲིས་
བཅས་རྣམས། །འདོད་ཟག །མ་རིག་པ་མ་གཏོགས་པ་གཞན་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་དང་བཅས་པ་རྣམས་ནི་འདོད་པའི་ཟག་པ་ཡིན་པར་རིག་པར་བྱ་སྟེ། མ་རིག་པ་རྣམ་པ་ལྔ་བོར་ནས་ཕྲ་རྒྱས་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུ་སྟེ། རྫས་བཞི་བཅུ་རྩ་

གཅིག་གོ། །གཟུགས་དང་གཟུགས་མེད་པའི། ཕྲ་རྒྱས་འབའ་ཞིག་སྲིད་པའི་ཟག །གཏི་མུག་མ་གཏོགས་པ་ཞེས་བྱ་བར་སྦྱར་ཏེ། མ་རིག་པ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་ནི་སྲིད་པའི་ཟག་པ་མ་རིག་པའི་ཕྲ་རྒྱས་གཟུགས་དང་ལྡན་པ་ལྔ་དང་། གཟུགས་མེད་པ་དང་
ལྡན་པ་ལྔ་བོར་ནས། གཟུགས་ན་སྤྱོད་པ་ཉི་ཤུ་རྩ་དྲུག །གཟུགས་མེད་པ་ན་སྤྱོད་པ་ཉི་ཤུ་རྩ་དྲུག་སྟེ། རྫས་ལྔ་བཅུ་རྩ་གཉིས་སོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་བསྡུས་ནས་གཅིག་ཏུ་སྲིད་པའི་ཟག་པར་བཤད་ཅེ་ན། དེ་ལུང་མ་བསྟན་ཁ་ནང་བལྟས། །
མཉམ་གཞགས་ས་པའི་ཕྱིར་གཅིག་བྱས། །དེ་གཉིས་ཀ་གཅིག་ཏུ་བྱས་པ་ནི་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་པ་དང་། མཉམ་པར་གཞག་པའི་ས་པ་ཡིན་པས་ཆོས་མཐུན་པ་རྣམ་པ་གསུམ་གྱིས་གཅིག་དུ་བྱས་སོ། །ད་ནི་མ་རིག་པ་ནི་ཁམས་གསུམ་པའི་མ་རིག་པ་ཟག་པའོ་ཞེས་བྱ་
བར་གྲུབ་སྟེ། རྫས་བཅོ་ལྔའོ། །ཅིའི་ཕྱིར་འདི་ལོགས་ཤིག་ཏུ་རྣམ་པར་གཞག་ཅེ་ན། དེ་དག་ཐམས་ཅད་ཀྱི། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་དག་ཏུ་ཟག་པར་བསྟན། །ཟག་པ་དེ་དག་ཇི་སྐད་དུ་བཤད་པ། དེ་བཞིན་ཆུ་བོ་སྦྱོར་ལྟ་རྣམས། གསལ་ཕྱིར་ལོགས་ཤིག་དག་ཏུ་
བསྟན། །ལྟ་བ་ལས་གཞན་པ་འདོད་པའི་ཟག་པ་ཉིད་ནི་འདོད་པའི་ཆུ་བོ་དང་སྲིད་པའི་སྦྱོར་བ་ཡིན་ལ་དེ་བཞིན་དུ་སྲིད་པའི་ཟག་པ་ཡང་སྲིད་པའི་ཆུ་བོ་དང་། སྲིད་པའི་སྦྱོར་བ་ཡིན་ཏེ། དེ་ནི་གསལ་བའི་ཕྱིར་ཆུ་བོ་དག་ལས་ལོགས་ཤིག་ཏུ་གཞག་གོ། །ཟག་པ་དག་ཏུ་མིན། ཅིའི་ཕྱིར་ཞེ་ན། གང་ཕྱིར།
གྲོགས་མེད་འཇོག་པའི་རྗེས་མི་མཐུན། །འཇོག་པར་བྱེད་པ་ན་ཟག་པ་མེད་པས་སོ་ཞེས་འདིའི་ངེས་པའི་ཚིག་ནི་འོག་ནས་འཆད་ན། ལྟ་བ་རྣམས་ནི་གསལ་བའི་ཕྱིར་འཇོག་པ་དང་མཐུན་པ་ཡིན་པས། དེའི་ཕྱིར་ཟག་པ་དག་གི་ནང་དུ་ལོགས་ཤིག་ཏུ་ནི་མ་བསྟན་གྱི་བསྲེས་ཏེ་ནི་བསྟན་ཏོ། །ཆུ་བོ་
དང་སྦྱོར་བ་བཤད་ཟིན་ཏོ། །ཇི་སྐད་དུ་བཤད་པ་ཉིད་མ་རིག་པ་དང་བཅས་པ་དང་། ལྟ་བ་རྣམ་པ་གཉིས་སུ་ཕྱེ་བ་ནི། ཉེ་བར་ལེན་པ་རྣམས། ལྟ་བ་མ་གཏོགས་པ་འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་ནི་འདོད་པའི་ཉེ་བར་ལེན་པའོ། །ལྟ་བ་མ་གཏོགས་པ་སྲིད་པའི་སྦྱོར་བ་མ་རིག་པ་དང་

བཅས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ལྟ་བའི་སྦྱོར་བ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱུང་སྟེ་ལྟ་བའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །ཅིའི་ཕྱིར་མ་རིག་པ་ཉེ་བར་ལེན་པ་དག་གི་
ནང་དུ་ནི་བསྲེས་ཏེ་བཤད་ཀྱི་ཐ་དད་དུ་མ་བསྟན་ཅེ་ན། སྲིད་པ་འཛིན་པའི་ཕྱིར་ཉེ་བར་ལེན་པ་ཡིན་ན། མ་རིག་པ་འཛིན་པ་མ་ཡིན་པའི་ཕྱིར་བསྲེས་སོ། །མི་མངོན་པའི་མཚན་ཉིད་དང་མི་གསལ་བའི་ཕྱིར་མ་རིག་པ་ནི་འཛིན་པ་མ་ཡིན་ནོ། །མདོ་ལས། ཕྲ་རྒྱས་ཉིད་དང་ཟག་པ་དང་སྦྱོར་བ་དང་ཉེ་བར་ལེན་པའི་མིང་དུ་བཤད་པ། ཡང་ཕྲ་རྒྱས་
ཀྱི་དོན་ནི་ཅི་ཡིན། ཉེ་བར་ལེན་པའི་བར་གྱི་དོན་ནི་ཅི་ཡིན་ཞེ་ན། གང་ཕྱིར་དེ་དག་ཕྲ་བ་དང་། །རྗེས་འབྲང་རྣམ་གཉིས་རྒྱས་འགྱུར་དང་། །རྗེས་སུ་འབྲེལ་པ་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །རྒྱུ་ཕྲ་བ་དང་རྟོགས་པར་དཀའ་བའི་ཕྱིར་ཕྲ་བའོ། །ཐོབ་པའི་རྗེས་སུ་འབྲེལ་པའི་ཕྱིར་རྗེས་སུ་
འབྲང་བའོ། །དམིགས་པ་དང་སྦྱོར་བ་དང་རྒྱུ་རྣམ་གཉིས་ཀྱི་སྒོ་ནས་རྒྱས་པར་འགྱུར་རོ། །ཡང་དང་ཡང་དུ་བཟློག་ཀྱང་སྦྱོར་བ་མེད་བཞིན་དུ་ཡང་དང་ཡང་དུ་མངོན་དུ་གྱུར་པའི་ཕྱིར་རྗེས་སུ་འབྲེལ་བ་སྟེ། རྒྱུ་དེ་དག་གི་ཕྲ་རྒྱས་ཞེས་བྱའོ། །དེ་དག་འཇོག་དང་ཟག་པ་དང་། །འཕྲོག་དང་འབྱར་བར་བྱེད་པ་
དང་། །ཉེ་བར་འཛིན་པས་དེ་ལྟར་ན། །དེ་དག་ཟག་སོགས་ངེས་ཚིག་གོ། །འཁོར་བར་འཇོག་པར་བྱེད་པ་དང་། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་དག་ནས་འཛག་པས་ན་ཟག་པ་རྣམས་སོ། །འཕྲོག་པས་ན་ཆུ་བའོ། །འབྱར་བར་བྱེད་པས་ན་སྦྱོར་བའོ། །ཉེ་བར་འཛིན་
པས་ན་ཉེ་བར་ལེན་པ་སྟེ། དེ་ལྟར་ནི་དེ་དག་ནི་ཟག་པ་ལ་སོགས་པ་ངེས་པའི་ཚིག་སྟེ། ཚིག་ངེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་སྦྱོར་སོགས་དབྱེ་བ་ཡིས། །རྣམ་པ་དག་ནི་ཡང་ལྔར་བཤད། །ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང་།
ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་ཕྱེ་ནས་བཤད་དེ། དེ་ལ་ཀུན་དུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་།

སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་སོ། །དེ་བཞིན་དུ་གཞན་ལ་ཡང་ཇི་ལྟར་སྲིད་པར་སྦྱར་བར་བྱའོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་མོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གཉིས་སོ། །ཅིའི་ཕྱིར་
ཀུན་དུ་སྦྱོར་བ་དག་གི་ནང་དུ་ལྟ་བ་གསུམ་ནི། ལོགས་ཤིག་ཏུ་ལྟ་བའི་ཀུན་དུ་སྦྱོར་བ་བཤད་ལ། གཉིས་ནི་ལོགས་ཤིག་ཏུ་མཆོག་ཏུ་འཛིན་པའི་ལྟ་བ་བཤད་ཅེ་ན། རྫས་དང་མཆོག་འཛིན་མཉམ་པའི་ཕྱིར། །ལྟ་གཉིས་ཀུན་དུ་སྦྱོར་གཞན་ནོ། །ལྟ་བ་གསུམ་ཡང་རྫས་བཅོ་བརྒྱད་ཡིན་ལ། །ལྟ་བ་གཉིས་
ཀྱང་རྫས་བཅོ་བརྒྱད་ཉིད་ཡིན་པས་དེའི་ཕྱིར་འདི་གཉིས་རྫས་མཉམ་པས་ཀུན་དུ་སྦྱོར་བ་གཞན་དུ་བྱས་ལ། འདི་གཉིས་ནི་མཆོག་ཏུ་འཛིན་པའི་རང་བཞིན་ཡིན་ལ། ལྷག་མ་ནི་མ་ཡིན་པས་མཆོག་ཏུ་འཛིན་པ་མཉམ་པའི་ཕྱིར་ཡང་འདི་གཉིས་ལོགས་ཤིག་ཏུ་བཤད་དེ། གཟུང་བ་དང་འཛིན་པ་ཐ་དད་
པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཕྲག་དོག་དང་། སེར་སྣ་གཉིས་ཀུན་དུ་སྦྱོར་བ་དག་ཏུ་ནི་ལོགས་ཤིག་ཏུ་ཀུན་དུ་སྦྱོར་བར་བཤད་ལ། ཀུན་ནས་དཀྲིས་པ་གཞན་དག་ཏུ་ནི་མ་ཡིན་ཞེ་ན། གང་ཕྱིར་གཉི་ག་གཅིག་ཏུ་ནི། །མི་དགེ་བ་དང་རང་དབང་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ཏུ། །ཀུན་ནས་
ལོགས་ཤིག་གཉིས་སུ་བཤད། །གང་ལ་གཅིག་ཏུ་མི་དགེ་དང་། །རང་དབང་འདི་གཉིས་ཡོད་པ་དེ་ལྟ་བུའི་རིགས་ཅན་གྱིས་ཀུན་ནས་དཀྲིས་པ་གཞན་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་གཞན་དག་ལས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔར་གསུངས་ཏེ། འདི་ལྟ་སྟེ་འཇིག་ཚོགས་
ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་པའི་འདུན་པ་དང་། གནོད་སེམས་སོ། །ཅིའི་ཕྱིར་འདི་ཐ་མའི་ཆ་དང་མཐུན་པ་ཞེས་བྱ་ཞེ་ན། ཐ་མའི་ཆ་དང་ལྡན་པའི་ཕྱིར་ཏེ། ཐ་མའི་ཆ་ནི་འདོད་པའི་ཁམས་སོ། །འདི་དག་ནི་དེའི་རྗེས་སུ་
མཐུན་པ་རྣམས་ཏེ་འདི་ལྟར། གཉིས་ཀྱིས་འདོད་ཁམས་མི་འདའ་སྟེ། གསུམ་གྱིས་ཀུན་དུ་འདྲེན་པར་བྱེད། །འདོད་པའི་འདུན་པ་དང་། གནོད་སེམས་དག་གི་ནི་འདོད་པའི་ཁམས་ལས་མི་འདའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་གི་ནི་འདས་ཀྱང་ཕྱིར་ཀུན་དུ་འདྲེན་པར་བྱེད་དེ།

སྒོ་བ་དང་འཁོར་དང་ཆོས་མཐུན་པའི་ཕྱིར་རོ། །གང་གི་ཚེ་རྒྱུན་དུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་གཏན་ནས་སྤངས་པའི་ཕྱིར་ཉོན་མོངས་པ་དྲུག་སྤངས་པ་ཡིན་ན། ཅིའི་ཕྱིར་ལྟ་བ་གསུམ་བོར་ནས་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པ་དང་ཐེ་ཚོམ་དང་གསུམ་ཉིད་དུ་བཤད་ཅེ་ན། དེ་དག་ཐམས་ཅད་ཀྱང་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་འོན་ཀྱང་། གཙོ་དང་རྩ་བ་བསྡུས་ཕྱིར་གསུམ་དུ་བཤད་དེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་གསུམ་སྟེ། རྣམ་པ་གཅིག་དང་། གཉིས་དང་། བཞི་པ་དག་ཡིན་ལ།
དེ་དག་གི་གཙོ་བོ་ནི་འདི་གསུམ་གྱིས་བསྡུས་སོ། །གཞན་ཡང་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་གོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་རབ་ཏུ་བཅུག་གོ། །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་སྟེ། དེའི་ཕྱིར་རྩ་བ་
བསྡུས་པའི་ཕྱིར་ཡང་གསུམ་དུ་བཤད་དོ། །གཞན་དག་ན་ནི། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་ལྟར་ན། །དེ་དག་ཐར་པར་འགྲོ་བ་ལ། །བར་ཆད་བྱེད་ཕྱིར་གསུམ་དུ་བཤད། །ཡུལ་གཞན་དུ་འགྲོ་བ་ལ་བར་ཆད་བྱེད་པ་ནི་གསུམ་ཡིན་ཏེ། འགྲོ་བར་མི་འདོད་པ་དང་། །
ལམ་གཞན་ལ་ཡང་དག་པར་བརྟེན་པའི་ཕྱིར་ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་སྐྱེ་བའོ། །དེ་བཞིན་དུ་ཐར་པར་འགྲོ་བ་ལ་ཡང་གསུམ་པོ་འདི་དག་ཉིད་བར་ཆད་བྱེད་དེ། དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་ཐར་པ་ལ་སྐྲག་པར་གྱུར་ནས་འགྲོ་མི་འདོད་པ་ཉིད་དུ་འགྱུར་རོ། །ཚུལ་ཁྲིམས་དང་
བརྟུལ་ཞུགས་མཆོག་ཏུ་འཛིན་པས་ནི་ལམ་གཞན་ལ་ཡང་དག་པར་བརྟེན་པའི་ཕྱིར་ལམ་ནོར་བར་འགྱུར་རོ། །ཐེ་ཚོམ་གྱིས་ནི་ལམ་ལ་ཐེ་ཚོམ་ཟ་སྟེ། རྒྱུན་དུ་ཞུགས་པས་ཐར་པར་འགྲོ་བ་ལ་བར་ཆད་བྱེད་པ་དེ་དག་སྤངས་པར་སྟོན་པ་ན། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་གསུམ་འབའ་ཞིག་
སྤངས་སོ་ཞེས་བཀའ་སྩལ་པ་ཡིན་ནོ་ཞེས་ལྟའོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔར་བཤད་པ་དེ་བཞིན་དུ། གོང་མའི་ཆ་མཐུན་རྣམ་ལྔ་ཉིད། །ཇི་ལྟར་ཞེ་ན། སྨྲས་པ། གཟུགས་དང་གཟུགས་མེད་ལས་སྐྱེས་པ། །འདོད་ཆགས་གཉིས་རྒོད་ང་རྒྱལ་

རྨོངས། །འདི་དག་ནི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་སྟེ། དེ་དག་མ་སྤངས་ན་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་རོ། །ཀུན་ཏུ་སྦྱོར་བའི་སྐབས་རྫོགས་སོ།། །།
འཆིང་བ་དག་གང་ཞེ་ན། འཆིང་བ་ནི་གསུམ་སྟེ། འཆིང་བ་འདོད་ཆགས་ཐམས་ཅད་དང་། འཆིང་བ་ཞེ་སྡང་དང་། གཏི་མུག་ཐམས་ཅད་དོ། །ཅིའི་ཕྱིར་གསུམ་པོ་འདི་དག་འཆིང་བར་བཤད་ཅེ་ན། ཚོར་བའི་དབང་གིས་འཆིང་བ་གསུམ་སྟེ། བདེ་བའི་ཚོར་བ་ལ་ནི་དམིགས་པ་དང་མཚུངས་པར་
ལྡན་པའི་སྒོ་ནས། འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་ངོ་། །བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ནི་གཏི་མུག་སྟེ། འདོད་ཆགས་དང་ཞེ་སྡང་ནི་དེ་ལྟ་མ་ཡིན་ནོ། །ཕྲ་རྒྱས་རྣམས་ནི་སྔར་བཤད་པ་ཉིད་དོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་
པར་བྱ་སྟེ། དེ་ལ་རེ་ཞིག་གང་དག་ཉོན་མོངས་པ་ཡིན་པ་དེ་དག་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་ཉེ་བའི་ཉོན་མོངས་པ་ཡང་ཡིན་ལ། ཉོན་མོངས་ལས་གཞན་སེམས་འབྱུང་གང་། །ཉོན་མོངས་འདུ་བྱེད་ཕུང་ཞེས་པ། །དེ་དག་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་མ་ཡིན་ནོ། །གང་
དག་ཉོན་མོངས་པ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཆོས་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོས་ཡང་དག་པར་བསྡུས་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཉིད་ཡིན་གྱི་ཉོན་མོངས་པ་ནི་མ་ཡིན་ཏེ། དེ་དག་ཀྱང་གཞི་ཕྲན་ཚེགས་ལས་འབྱུང་བ་གང་ཡིན་པ་དག་གོ། །འདིར་ནི་ཉོན་མོངས་པའི་དྲི་མས་ཀུན་
ནས་དཀྲིས་པས་ཡང་དག་པར་བསྡུས་པ་འབའ་ཞིག་བསྟན་པར་བྱ་སྟེ། ཀུན་ནས་དཀྲིས་པ་རྣམས་ཀྱང་གང་དག་ཅིག་ཅེ་ན། སྨྲས་པ། ཀུན་ནས་དཀྲིས་པ་རྣམ་བརྒྱད་དེ། ངོ་ཚ་མེད་དང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་པ་དང་ནི་རྨུགས་དང་གཉིད། །འདི་ནི་རེ་ཞིག་རབ་ཏུ་
བྱེད་པའི་ཚུལ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་ནི་བཅུ་སྟེ། བརྒྱད་པོ་དེ་དག་དང་། ཁྲོ་དང་འཆབ་པའོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་བཤད་ཟིན་ཏོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པས་སེམས་ཁོང་ནས་འཁྲུགས་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང་། མཁས་

པ་རབ་ཏུ་སྦྱིན་པ་དང་འགལ་བར་གནས་པ་སེམས་ཀྱིས་ཀུན་དུ་འཛིན་པའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །འགྱོད་པ་དང་རྨུགས་པ་ནི་བཤད་ཟིན་ཏོ། །གཉིད་ནི་སེམས་མངོན་པར་སྡུད་པ་སྟེ། ལུས་ཡང་དག་པར་འཛིན་མི་ནུས་པའོ། །དེ་དང་འགྱོད་པ་ནི་ཉོན་མོངས་
པ་ཅན་འབའ་ཞིག་ཀུན་ནས་དཀྲིས་པ་ཡིན་ནོ། །ཁྲོ་བ་ནི་གནོད་སེམས་དང་། རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ལ་ཀུན་དུ་གནོད་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའོ། །ཀུན་ནས་དཀྲིས་པ་དེ་རྣམས་ལས། །འདོད་ཆགས་ཀྱིས། ངོ་
ཚ་མེད་རྒོད་སེར་སྣ་བསླང་། །ཉེ་བའི་ཉོན་མོངས་པ་གསུམ་པོ་དེ་དག་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །འཆབ་པ་རྩོད་དོ། །ཁ་ཅིག་ན་རེ་སྲིད་པའི་རྒྱུ་མཐུན་པའོ་ཞེས་ཟེར་རོ། །ལ་ལ་ན་རེ་མ་རིག་པའི་རྒྱུ་མཐུན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་གཉི་གའི་ཡང་ཡིན་ནོ་ཞེས་ཟེར་ཏེ།
རིམ་བཞིན་དུ་ཤེས་པ་དང་། ཤེས་པ་མ་ཡིན་པ་རྣམས་ཀྱི་ཡིན་ནོ། །མ་རིག་ལས་རྨུགས་གཉིད་ཁྲེལ་མེད། །གསུམ་པོ་དེ་དག་ནི་མ་རིག་པའི་རྒྱུ་མཐུན་པའོ། །ཐེ་ཚོམ་ལས། འགྱོད་པ་ཁྲོ་དང་ཕྲག་དོག་ནི། །ཁོང་ཁྲོ་བ་ཡི་རྒྱུ་ལས་བྱུང་། །ཁོང་ཁྲོ་བའི་ཀུན་ནས་བསླང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་
ན་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པ་དང་རྒྱུ་མཐུན་པ་ཡིན་ནོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག །འདི་ལྟ་སྟེ། སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེ། དེ་ལ་རྒྱུ་ནི་གཞན་ལ་འདྲིད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ།
གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་འཆགས་ཀྱི་གཏམ་རླུང་ལ་བསྐུར་བའམ་མི་གསལ་བར་སྨྲས་པའོ། །རྒྱགས་པ་ནི་སྔར་བསྟན་ཟིན་ཏོ། །འཚིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་དམ་དུ་འཛིན་པ་སྟེ། གང་གིས་གཞན་གྱི་རྗེས་སུ་བསྒོ་བ་མི་ཉན་པའོ། །ཁོན་དུ་
འཛིན་པ་ནི་ཀུན་དུ་གནོད་པའི་དངོས་པོ་ལན་མང་དུ་བྱེད་པའོ། །རྣམ་པར་འཚེ་བ་ནི་རྣམ་པར་ཐོ་འཚམས་པ་སྟེ། གང་གིས་མཚོན་ཆ་དང་ཚིག་རྩུབ་པོ་དག་གིས་གཞན་དག་ལ་ཐོ་འཚམས་པར་བྱེད་པའོ། །ཉོན་མོངས་པའི་དྲི་མ་དྲུག་པོ་དེ་དག་ཀྱང་། འདོད་ཆགས་ལས་སྐྱེས་པ། སྒྱུ་

རྒྱགས་ཁོན་དུ་འཛིན་པ་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་དང་མཆོག་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླང་། །གྱ་གྱུ་ཅི་ཞིག་སྡིག་ཏོའི་ལྟ། །ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །དེ་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། །རེ་ཞིག་ཀུན་ནས་བཀྲིས་པ་
བཅུར་བཤད་པ་རྣམས་ལས། དེ་ལ་ངོ་ཚ་མེད་པ་དང་། །ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །ཆོས་ལྔ་པོ་འདི་དག་ནི་ཉོན་མོངས་པའི་རྣམ་པ་གཉི་ག་དང་ལྡན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་དང་། རྣམ་པ་གཉི་ག་ཡིན་ཏེ། གང་ཞིག་གང་མཐོང་བས་སྤང་
བར་བྱ་བ་དང་མཚུངས་པར་ལྡན་པ་དེ་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །དེ་དག་ལས་གཞན་པའི་ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པས་བསྡུས་པ་ཕྲག་དོག་དང་སེར་སྣ་དང་འགྱོད་པ་དང་ཁྲོ་བ་དང་འཆབ་པ་དང་། ཉེ་བའི་ཉོན་མོངས་པ་ལྔ་པོ་དེ་དག་ནི་མ་རིག་
པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་དང་། རང་དབང་ཡིན་ནོ། །ཇི་ལྟར་ཕྲག་དོག་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལྔ་པོ་དེ་དག་བསྒོམ་པས་སྤང་བར་བྱ་བ་དང་རང་དབང་ཅན་ཡང་ཡིན་པ་དང་། དེ་བཞིན་དྲི་མ་རྣམས། ཉོན་མོངས་པའི་དྲི་མ་དྲུག་ཀྱང་དེ་བཞིན་ནོ། །ཡང་ཇི་
སྐད་དུ་བཤད་པའི་ཉེ་བའི་ཉོན་མོངས་པ་དེ་དག་ནི། འདོད་པར་མི་དགེ། འདོད་པའི་ཁམས་དག་ཏུ་ནི་མི་དགེ་བ་ཡིན་ནོ། །དེ་ལ་ཡང་། གསུམ་རྣམ་གཉིས། རྨུགས་པ་དང་རྒོད་པ་དང་གཉིད་རྣམས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་
པར་ལྡན་པ་རྣམས་ནི་ལུང་དུ་མ་བསྟན་པའི་ཕྱིར་རོ། །དེ་ཡི་ཡན་ཆད་ལུང་མ་བསྟན། །འདོད་པའི་ཁམས་ཡན་ཆད་ན་ནི་ཉེ་བའི་ཉོན་མོངས་པ་རྣམས་ནི་ཇི་ལྟར་སྲིད་པར་ལུང་དུ་མ་བསྟན་པ་ཡིན་ནོ། །ཡང་དེ་དག་ལུས་དུ་ཞིག་གང་ལ་ཡོད་པར་རིག་པར་བྱ་ཞེ་ན། འདོད་དང་བསམ་གཏན་དང་པོ་ན། །གཡོ་
སྒྱུ། འདི་གཉིས་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་ན་ཡོད་དོ། །ཚངས་པའི་འཇིག་རྟེན་ན་སྒྱུ་ཇི་ལྟར་ཡོད་ཅེ་ན། ཚངས་པ་སླུ་བའི་ཕྱིར། ཚངས་པ་དེ་ནི་དེ་ན་བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་སླུ་བར་བྱེད་དོ། །གཡོ་ནི་བཤད་ཟིན་ཏོ། །ཞར་

ལས་འོངས་པ་བཤད་ཟིན་ཏོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་པ། །གསུམ་པོ་དེ་དག་ནི་ཁམས་གསུམ་པ་ཡིན་ནོ། །གཞན་དག་འདོད་ཁམས་ལས་སྐྱེས་པ། །བཅུ་དྲུག་ལས་ལྔ་བོར་ཏེ་ཉེ་བའི་ཉོན་མོངས་པ་བཅུ་གཅིག་གིས་འདོད་པ་ན་སྤྱོད་པ་ཡིན་ནོ། །ཉོན་
མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །ཡང་དེ་རྣམས་ལས་ཡིད་ཀྱི་ས་པ་ནི་དུ་ཞིག་ཡིན། རྣམ་པར་ཤེས་པ་དྲུག་གི་ས་པ་ནི་དུ་ཞིག་ཡིན་ཞེ་ན། མདོར་བསྡུ་ན། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་རྣམ་ཤེས་ཀྱི་ས་པ་ཡིན། །མཐོང་བས་སྤང་བར་བྱ་བ་ཐམས་ཅད་
ནི་ཡིད་ཀྱི་ས་པ་ཡིན་ལ། བསྒོམ་པས་སྤང་བར་བྱ་བ་ལ་ཡང་གཉིད་དང་ང་རྒྱལ་དང་བཅས་པ་དེ་དག་ཐམས་ཅད་ནི། ཡིད་ཀྱི་ས་པ་ཡིན་ནོ། །ཉེ་བའི་ཉོན་མོངས་རང་དབང་ཡང་། །ཉེ་བའི་ཉོན་མོངས་པ་རང་དབང་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསྒོམ་པས་སྤང་བར་བྱ་བ་ཡང་ཡིན་མོད་
ཀྱི་ཡིད་ཀྱི་ས་པ་ཉིད་དུ་བལྟ་བར་བྱའོ། །གཞན་ནི་རྣམ་ཤེས་དྲུག་རྟེན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་རྣམས་ནི་རྣམ་པར་ཤེས་པ་དྲུག་གི་ས་པ་ཡིན་པར་རིག་པར་བྱ་སྟེ། གཞན་ཡང་གང་དག་ཅིག་ཡིན་ཞེ་ན། བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་།
མ་རིག་པ་དང་དེ་དག་མཚུངས་པར་ལྡན་པ་ཉེ་བའི་ཉོན་མོངས་པ་རྣམས་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པའི་ནང་དུ་བཤད་པ་གང་ཡིན་པ་དག་གོ། །བདེ་བ་ལ་སོགས་པའི་དབང་པོ་ལྔ་པོ་གང་ཡིན་པ་དེ་རྣམས་
ལས་དབང་པོ་དུ་ཞིག་དང་། ཉོན་མོངས་པའམ་ཉེ་བའི་ཉོན་མོངས་པ་གཞན་ཞིག་ཏུ་མཚུངས་པར་ལྡན་ཞེ་ན། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བར་མཚུངས་པར་ལྡན་ནོ། །ཞེ་སྡང་བཟློག་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་དང་
མཚུངས་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །གཏི་མུག་དག་ནི་ཐམས་ཅད་དང་། །མ་རིག་པ་དང་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་དབང་པོ་ལྔ་ཆར་ཡང་མཚུངས་པར་ལྡན་ནོ། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ལོག་པར་ལྟ་བ་ནི་ཡིད་ཀྱི་བདེ་བ་དང་། ཡིད་ཀྱི་

སྡུག་བསྔལ་ཡིད་མི་བདེ་བ་དང་། འདི་གཉིས་དང་མཚུངས་པར་ལྡན་ཏེ། ཅི་རིགས་པར་དགེ་བའི་ལས་རྣམས་དང་སྡིག་པའི་ལས་རྣམས་ཀྱི་ཡིན་ནོ། །ཡིད་མི་བདེ་དང་ཐེ་ཚོམ་སྟེ། །ཐེ་ཚོམ་ཟོས་པ་ངེས་པའི་དོན་དུ་གཉེར་བ་ན་ཡིད་མི་བདེ་བར་འགྱུར་རོ། །གཞན་ཡིད་བདེ་དང་། ཕྲ་རྒྱས་གཞན་
དག་ནི་ཡིད་བདེ་བ་ཉིད་དང་མཚུངས་པར་ལྡན་ནོ། །གཞན་ཡང་གང་དག་ཅིག་ཡིན་ཞེ་ན། ལྟ་བ་བཞི་དང་ང་རྒྱལ་ཏེ། །དགའ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཕྲ་རྒྱས་མཚུངས་པར་ལྡན་པ་བཤད་པ་དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། སྨྲས་པ། འདོད་ལས་སྐྱེས། རེ་ཞིག་དེ་ལྟར་མཚུངས་པར་
ལྡན་པ་སོ་སོར་ངེས་པར་བཤད་ནས་སྤྱིའི་སྨྲས་པ། བཏང་སྙོམས་དང་ཀུན། ཕྲ་རྒྱས་འདི་དག་ཐམས་ཅད་ཀྱང་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུན་འཆད་པའི་དུས་ན་གདོན་མི་ཟ་བར་བཏང་སྙོམས་ཀྱི་དབང་པོ་ཀུན་དུ་གནས་སོ། །ཡང་གོང་མ་པ་རྣམས་དང་ཇི་ལྟར་
མཚུངས་པར་ལྡན་ཞེ་ན། སྨྲས་པ། རང་རང་དང་། གོང་མའི་ས་པ་ཇི་བཞིན། ས་གོང་མ་པའི་ཕྲ་རྒྱས་རྣམས་ནི་ས་གང་དག་ན་དབང་པོ་ཇི་སྙེད་ཅིག་ཡོད་པ་རང་རང་གི་དབང་པོ་རྣམས་དང་མཚུངས་པར་ལྡན་ཏེ། དེ་དག་ཏུ་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་ནི་རྣམ་པར་ཤེས་
པའི་ཚོགས་བཞི་པ་རྣམས་དང་མཚུངས་པར་ལྡན་ནོ། །ཡིད་ཀྱི་ས་པ་ནི་ཡིད་ཀྱི་ས་པ་རྣམས་དང་མཚུངས་པར་ལྡན་ནོ། །ཉོན་མོངས་པ་རྣམས་དབང་པོ་དང་མཚུངས་པར་ལྡན་པ་བཤད་ཟིན་ཏོ། །ཉེ་བའི་ཉོན་མོངས་པ་རྣམས་ནི། ཡིད་མི་བདེ་དང་འགྱོད་པ་དང་། །ཕྲག་དོག་ཁྲོ་དང་རྣམ་
འཚེ་དང་། །ཁོན་དུ་འཛིན་དང་འཆབ་པ་དང་། །མཚུངས་པར་ལྡན་པ་ཞེས་བྱ་བར་སྦྱར་ཏེ། སྐྱོ་བའི་རྣམ་པར་གནས་པ་དང་། དེ་དག་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །སེར་སྣ་དག་ནི་བཟློག་པའོ། །ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཆགས་པའི་རྒྱུ་ལས་
བྱུང་བའི་དགའ་བའི་རྣམ་པར་གནས་པའི་ཕྱིར་རོ། །གཡོ་དང་སྒྱུ་དང་རྒྱགས་འཆབ་གཉིད། །གཉི་ག་དང་སྟེ། ཡིད་བདེ་བ་དང་ཡིད་མི་བདེ་བ་གཉི་ག་དང་མཚུངས་པར་ལྡན་ཏེ། རེས་འགའ་ནི་ཡིད་བདེ་བས་གཞན་ལ་སླུ་བར་བྱེད་དོ། །རེས་འགའ་ནི་ཡིད་མི་བདེ་བས་སླུ་བར་བྱེད་དེ།

གཉིད་ཀྱི་བར་དུ་ཡང་དེ་བཞིན་ནོ། །དེ་དག་དང་། རྒྱགས་པ་དང་། བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །མན་ཆད་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །ཡན་ཆད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། འདི་ལྟར། བཏང་སྙོམས་ཀུན་དུ་
འགྲོ། །ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། དེ་ནི་མ་རིག་པ་བཞིན་དུ་གང་དུའང་དགག་པར་བྱེད་དོ། །བཞི་པོ་གཞན་ནི་ལྔ་དག་དང་། །ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། ཀུན་ནས་དཀྲིས་པ་བཞི་པོ་དེ་དག་ནི་མི་དགེ་བའི་ས་མང་པོ་པ་
ཡིན་པའི་ཕྱིར་བ་དང་། ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་དབང་པོ་ལྔ་ཆར་དང་ཡང་མཚུངས་པར་ལྡན་ནོ། །མདོ་ལས་འདོད་པའི་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་སྒྲིབ་པ་ལྔ་གསུངས་པ་གང་ཡིན་པ་དེ་ལ། ཅི་ཁམས་
གསུམ་པ་རྣམས་ཀྱི་རྨུགས་པ་དང་རྒོད་པ་གཟུང་ངམ་འོན་ཏེ་འདོད་པ་དང་ལྡན་པ་འབའ་ཞིག་གཟུང་ཞེ་ན། འདི་སྐད་དུ་མི་དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ་ཞེས་འབྱུང་བས་གཅིག་ཏུ་མི་དགེ་བ་འབྱུང་བའི་ཕྱིར་འདོད་པའི་སྒྲིབ་པ་ཁམས་གཞན་དག་ན་མ་ཡིན་ནོ། །ཅིའི་
ཕྱིར་རྨུགས་པ་དང་གཉིད་གཉིས་ཀྱང་སྒྲིབ་པ་གཅིག་ཏུ་བཤད་ལ། རྒོད་པ་དང་འགྱོད་པ་གཉིས་ཀྱང་བཤད་ཅེ་ན། མི་མཐུན་དང་། ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག །གཉིས་ཀྱི་གཅིག་ཡིན་པས་ན་གཅིག་གོ། །མི་མཐུན་པ་དང་གཉེན་པོ་དང་ཟས་མ་ཡིན་པ་ཞེས་བྱ་བ་ནི་དོན་
གཅིག་གོ། །མདོ་ལས་རྨུགས་པ་དང་གཉིད་གཉིས་ཀྱི་ནི་ཟས་ཀྱང་གཅིག །ཟས་མ་ཡིན་པ་ཡང་གཅིག་ཏུ་གསུངས་ཏེ། རྨུགས་པ་དང་གཉིད་ཀྱི་སྒྲིབ་པའི་ཟས་ཅི་ཞིག་ཅེ་ན། ཆོས་ལྔ་སྟེ། རྨྱ་བ་དང་། མི་དགའ་བ་དང་། བྱ་རྨྱང་དང་། ཁ་ཟས་མཉམ་པ་དང་། སེམས་ཞུམ་པའོ། །
རྨུགས་པ་དང་། གཉིད་ཀྱི་སྒྲིབ་པའི་ཟས་མ་ཡིན་པ་ཅི་ཞིག་ཡིན་ཅེ་ན། སྣང་བ་ཡིད་ལ་བྱེད་པའོ། །འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀྱང་སེམས་ཞུམ་པར་བྱེད་པའོ། །རྒོད་པ་དང་འགྱོད་པ་གཉིས་ཀྱང་གཅིག་སྟེ། རྒོད་པ་དང་འགྱོད་པའི་ཟས་ནི་ཅི་ཞིག་ཅེ་ན། ཆོས་བཞི་སྟེ།

གཉེན་གྱི་རྣམ་པར་རྟོག་པ་དང་། ཡུལ་གྱི་མིའི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། རོགས་སྙིང་དང་། དགོད་པ་དང་། རྩེས་པ་དང་། དགའ་བ་དང་ཡོངས་སུ་སྤྱད་པ་རྗེས་སུ་དྲན་པ་ཡིན་ནོ། །རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་མ་ཡིན་པ་ཅི་ཞིག་ཅེ་ན། ཞི་གནས་ཡིན་ནོ། །
འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀས་ཀྱང་སེམས་ཉེ་བར་ཞི་བར་མི་བྱེད་དེ། དེའི་ཕྱིར་མི་མཐུན་པ་དང་ཟས་དང་བྱ་བ་གཅིག་པའི་ཕྱིར་གཉི་ག་གཅིག་ཉིད་དུ་བཤད་དོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཉིད་ཡིན་ན། ཅིའི་ཕྱིར་ན་ལྔ་ཉིད་དུ་བཤད་ཅེ་ན།
ཕུང་པོ་གེགས་བྱེད་དང་། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །འདོད་པའི་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གེགས་བྱེད་དོ། །རྨུགས་པ་དང་གཉིད་གཉིས་ཀྱིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་གེགས་བྱེད་དོ། །རྒོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་
པོ་ལ་གེགས་བྱེད་དོ། །ཏིང་ངེ་འཛིན་དང་ཤེས་རབ་མེད་ན། བདེན་པ་དག་ལ་ཐེ་ཚོམ་ཟ་བར་འགྱུར་བས་དེའི་ཕྱིར་ལྔ་ཉིད་དུ་བཤད་དོ། །འདི་དཔྱད་པར་བྱ་སྟེ། སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་རྣམས་དང་། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་
བཅས་པ་ལ་དམིགས་པ་རྣམས་གང་གི་ཚེ་དམིགས་པ་ཡོངས་སུ་ཤེས་པ་དེའི་ཚེ་ནི་མི་སྤོང་ལ། གང་གི་ཚེ་སྤོང་བ་དེའི་ཚེ་ནི་དམིགས་པ་ཡོངས་སུ་མི་ཤེས་ན་ཇི་ལྟར་དེ་དག་སྤོང་བ་ཡིན་ཞེ་ན། དམིགས་པ་ཡོངས་སུ་ཤེས་པས་གདོན་མི་ཟ་བར་ཉོན་མོངས་པ་རྣམས་ཟད་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་
ཞེ་ན། རྣམ་པ་བཞི་བཤད་པ་ཡིན་ཏེ། རྣམ་པ་བཞི་པོ་གང་དག་གིས་ཤེ་ན། རེ་ཞིག་མཐོང་བས་སྤང་བར་བྱ་བ་རྣམས་ནི། དམིགས་པ་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །དེ་དམིགས་པ་ཡོངས་སུ་ཤེས་པས་ནི་སྡུག་
བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རང་གི་ས་ལ་དམིགས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་རྣམས་ཟད་

པར་འགྱུར་ཏེ། དེ་ལ་དམིགས་པ་ནི་སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་རྣམས་ཡིན་པས། དེ་དག་སྤངས་ན་དེ་དག་ཀྱང་སྤངས་པ་ཡིན་ནོ། །དམིགས་པ་སྤངས་པས་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཟད་པར་
འགྱུར་ཏེ། ཟག་པ་མེད་པ་ལ་དམིགས་པ་དེ་དག་གི་དམིགས་པ་ཡིན་པས་དེའི་ཕྱིར་དེ་དག་སྤངས་ན་དེ་དག་ཀྱང་སྤངས་པ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ནི། གཉེན་པོ་སྐྱེས་ནས་ཟད་པར་འགྱུར། །ཉོན་མོངས་པའི་རྣམ་པ་གང་གི་གཉེན་པོ་གང་ཡིན་པ་ལས་སྐྱེས་ན་དེས་དེ་སྤོང་བར་བྱེད་དོ། །
གང་གི་གཉེན་པོ་ཡང་གང་ཞིག་ཅེ་ན། ཆེན་པོའི་ཆེན་པོ་ནི་ཆུང་ངུའི་ཆུང་ངུ་ཞེས་བྱ་བ་སྟེ། རྒྱས་པར་ནི་འོག་ནས་བཤད་པར་བྱའོ། །གཉེན་པོ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། གཉེན་པོ་རྣམ་བཞི་སྤོང་བ་དང་། །གཞི་དང་རིང་བ་ཉིད་དང་ནི། །སུན་འབྱིན་ཞེས་བྱ། སྤོང་བའི་གཉེན་པོ་ནི་བར་
ཆད་མེད་པའི་ལམ་མོ། །གཞིའི་གཉེན་པོ་ནི་དེ་ཡན་ཆད་ཀྱི་ལམ་གང་ཡིན་པ་སྟེ། གང་གིས་དེ་ཐོབ་པའི་འབྲས་བུ་ཀུན་དུ་འཛིན་པའོ། །རིང་བ་ཉིད་ཀྱི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་ལས་གོང་མའི་ལམ་གང་ཡིན་པ་སྟེ། རྙེད་པ་ཆད་པ་རིང་དུ་བྱེད་པའི་ཕྱིར་རོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་
གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ། །ཉོན་མོངས་པ་སྤངས་ནས་གང་ལས་སྤང་བར་བྱ་ཞེ་ན། དམིགས་པ་ལས། ཉོན་མོངས་པ་ནི་སྤང་བྱར་འདོད། །མཚུངས་པར་ལྡན་པ་ནི་ཉོན་མོངས་པ་རྣམ་པར་དབྱེ་བར་མི་ནུས་ཀྱི། དམིགས་པ་ལས་ནི་ནུས་ཏེ། ཡང་དེ་ལ་དམིགས་ནས་མི་སྐྱེ་བའོ། །ཇི་ཙམ་གྱིས་
ན་ཉོན་མོངས་པ་སྤངས་པ་ཞེས་བརྗོད་ཅེ་ན། རང་གི་རྒྱུད་ལ་ཡོད་པའི་ཐོབ་པ་ཆད་པ་དང་། གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་དང་། གཟུགས་ཐམས་ཅད་ཉོན་མོངས་པ་མ་ཡིན་པའི་ཆོས་དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པའོ། །རིང་བ་ཉིད་ཅེས་བྱ་བ་རིང་བ་ཉིད་
རྣམ་པ་དུ་ཞིག་ཅེ་ན། རིང་བ་ཉིད་རྣམ་པ་བཞི་ཞེས་གྲག་སྟེ། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་དང་དུས་རྣམས་ཆད་པ་སྟེ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །མཚན་ཉིད་རིང་བ་ཉིད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་སྐྱེས་

པ་ཡིན་ཡང་མཚན་ཉིད་མི་མཐུན་པའི་ཕྱིར་རིང་བ་ཉིད་དོ། །གཉེན་པོ་རིང་བ་ཉིད་ནི་འདི་ལྟ་སྟེ། འཆལ་པའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་རིང་བ་ཉིད་དོ། །ཡུལ་རིང་བ་ཉིད་ནི་འདི་ལྟ་སྟེ། བསྐལ་པའི་ཡུལ་རྣམས། ཡུལ་རྣམ་པར་ཆད་པ་ལས་རིང་བ་ཉིད་དེ་ཤར་དང་ནུབ་ཀྱི་རྒྱ་མཚོ་བཞིན་ནོ། །
དུས་རིང་བ་ཉིད་ནི་འདི་ལྟར་འདས་པ་དང་མ་འོངས་པ་ནི་རིང་ངོ་ཞེས་བྱ་བ་སྟེ། དེ་གང་ལས་རིང་ཞེ་ན། ད་ལྟར་ལས་རིང་བ་ཉིད་དོ། །ཅི་ལས་ཁྱད་པར་དུ་འགྲོ་བའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་སྤོང་བ་ཡང་། ཡང་དང་ཡང་དུ་ཁྱད་པར་དུ་འགྲོ་བ་ཡིན་ནམ་ཞེ་ན། དེ་ནི་མེད་དེ། དེ་དག་ཉོན་མོངས་པ་
རྣམས་ནི། ཟད་པ་ལན་ཅིག །གང་གིས་སྤོང་བའི་ལམ་གང་ཡིན་པ་དེ་ཉིད་ཀྱིས་དེ་ཟད་པར་བྱེད་དོ། །དེ་དག་གི། བྲལ་བའི་ཐོབ་པ་ཡང་དང་ཡང་། །དུས་དུ་ཞིག་ཏུ་ཞེ་ན། སྨྲས་པ། དུས་དྲུག་དག་ཏུ་སྟེ། གཉེན་པོ་སྐྱེས་དང་འབྲས་ཐོབ་དང་། །དབང་པོ་རྣམ་པར་རྒྱས་རྣམས་སུ། །
འདིར་ནི་གཉེན་པོ་རྣམ་པར་གྲོལ་བའི་ལམ་ཡིན་པར་དགོངས་པའོ། །འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུ་བཞི་རྣམས་སོ། །དབང་པོ་རྣམ་པར་རྒྱས་པ་ནི་དབང་པོ་འཕོ་བ་སྟེ། དུས་དེ་དག་ཏུ་ཉོན་མོངས་པ་དང་བྲལ་བའི་ཐོབ་པའོ། །དེ་དག་ཀྱང་འདི་ལྟར་ལ་ལ་ནི་དུས་དྲུག་དག་ཏུའོ། །ལ་ལ་ནི་
གཉིས་ཀྱི་བར་དུ་སྟེ་ཅི་རིགས་པར་བལྟ་བར་བྱའོ། །བྲལ་བ་དེ་ཉིད་གནས་སྐབས་དེ་དང་དེ་དག་ཏུ་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་འཐོབ་པོ། །ཡོངས་སུ་ཤེས་པ་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང་། སྤོང་བའི་ཡོངས་སུ་ཤེས་པའོ། །དེ་ལ་ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་
ནི། ཟག་པ་མེད་པའི་ཡེ་ཤེས་སོ། །སྤོང་བའི་ཡོངས་སུ་ཤེས་པ་ནི་སྤོང་བ་ཉིད་དེ་འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ། །ཅི་སྤོང་བ་ཐམས་ཅད་ཡོངས་སུ་ཤེས་པ་གཅིག་འབའ་ཞིག་ཡིན་ནམ་ཞེ་ན་སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཡོངས་སུ་ཤེས་པ་དགུ་དེ་ལ་རེ་ཞིག
འདོད་པའི། དང་པོ་རྣམ་གཉིས་ཟས་ལ་གཅིག། འདོད་པའི་ཁམས་དག་གི་དང་པོའི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྤོང་བའི་ཡོངས་སུ་ཤེས་པ་ནི་གཅིག་ཡིན་ནོ། །དེ་དག་གཉིས་ནི་ཟད་གཉིས་སོ། །འདོད་པའི་ཁམས་དག་གི་འགོག་

པ་མཐོང་བས་སྤང་བར་བྱ་བའི་རྣམ་པ་ཡོངས་སུ་ཤེས་པ་ནི་གཅིག་ཡིན། ལམ་མཐོང་བས་སྤང་བར་བྱ་བའི་ཡང་གཅིག་གོ། །ཇི་ལྟར་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་གསུམ་ཡིན་པ་ལྟར་དེ་བཞིན་གོང་མའི་གསུམ་ཉིད་དོ། །དེ་
བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་གསུམ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་གཅིག་གོ། །འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤང་བའི་ཡོངས་སུ་
ཤེས་པ་ནི་གཉིས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་གསུམ་པ་སྟེ། དེ་ལྟར་ན་ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་དྲུག་ཡིན་ནོ། །གཞན་ཡང་ཡོངས་སུ་ཤེས་པ་གསུམ་སྟེ། ཐ་མའི་ཆ་མཐུན་དང་
གཟུགས་དང་། །ཟག་པ་ཀུན་ཟད། ཐ་མའི་ཆ་དང་མཐུན་པ་སྤོང་བ་ལ་ཡོངས་སུ་ཤེས་པ་གཅིག་གོ། །གཟུགས་ཀྱི་ཟག་པ་སྤོང་བ་ལ་གཅིག་སྟེ། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །ཟག་པ་ཐམས་ཅད་སྤོང་བ་ལ་གཅིག་སྟེ། ཀུན་དུ་སྦྱོར་བ་ཐམས་ཅད་སྤོང་བའི་
ཡོངས་སུ་ཤེས་པའོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བའི་ཡོངས་སུ་ཤེས་པ་ནི་ཐ་དད་ལ། མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་མ་ཡིན་ཞེ་ན། བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་ནི་མི་འདྲ་བའི་ཕྱིར་ཏེ། དེ་ལྟར་ཡོངས་སུ་ཤེས་
པ་ནི་དེ་དགུ་ཡིན་ནོ། །དེ་དག་ལས་སྔ་མ། དྲུག་བཟོད་འབྲས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་རང་བཞིན་གང་ཡིན་པའོ། །ལྷག་མ་རྣམས་ནི་ཤེས་པ་ཡི། །ཐ་མའི་ཆ་དང་མཐུན་པ་སྤོང་བ་ལ་སོགས་པའི་ཡོངས་སུ་ཤེས་པ་སྟེ། བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་
པའི་ཕྱིར་རོ། །ཇི་ལྟར་ན་བཟོད་པའི་འབྲས་བུ་ཡོངས་སུ་ཤེས་པ་ཡིན་ཞེ་ན། ཤེས་དང་འབྲས་བུ་གཅིག་པའི་ཕྱིར་བ་དང་། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཏེ། རྒྱལ་པོའི་འཁོར་ལ་རྒྱལ་པོ་ཞེས་འདོགས་པ་བཞིན་ནོ། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །བསམ་གཏན་

རྣམས་ཀྱི་ལྔ་འམ་བརྒྱད། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་རང་བཞིན་གང་ཡིན་པ་རྣམས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བ་ནི་མི་ལྕོགས་པ་མེད་པའི་འབྲས་
བུ་ཡིན་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་ནི་བརྒྱད་དེ། དེ་ནི་འདོད་ཆགས་དང་བྲལ་བ་ཡིན་ཡང་བྲལ་བ་ཟག་པ་མེད་པའི་ཐོབ་པ་རྙེད་པའི་ཕྱིར་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བ་ནི་མཐོང་བའི་ལམ་གྱི་འབྲས་བུར་འདོད་དོ། །ཐ་མའི་ཆ་དང་མཐུན་པ་སྤོང་བའི་
ཡོངས་སུ་ཤེས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཉིད་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་བལྟ་བར་བྱའོ། །གཟུགས་མེད་པ་རྣམས་ཀྱི་ནི། ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྡོགས་པའི་འབྲས་བུ་ནི་གཅིག་ཉིད་
དེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཡོངས་སུ་ཤེས་པའོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། །གཟུགས་མེད་པའི་དངོས་གཞི་གསུམ་གྱི་འབྲས་བུ་ཡང་གཅིག་ཉིད་དེ། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །འཕགས་པའི་ལམ་གྱི་
ཐམས་ཅད་དང་། །འབྲས་བུ་ཡོངས་སུ་ཤེས་པ་དགུ་ཆར་རོ། །འཇིག་རྟེན་པའི་གཉིས། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ། ཐ་མའི་ཆ་དང་མཐུན་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །རྗེས་ཀྱི་ཡང་། རྗེས་སུ་ཤེས་པའི་འབྲས་བུ་ཡང་ཡོངས་སུ་
ཤེས་པ་ཐ་མ་གཉིས་སོ། །ཆོས་ཤེས་པའི་གསུམ་ཡིན་ཏེ། ཐ་མ་ཉིད་དེ་ཁམས་གསུམ་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ཡི་ཕྱོགས་ཀྱི་དྲུག་དང་ལྔ། །ཆོས་ཤེས་པའི་ཕྱོགས་ཀྱི་འབྲས་བུ་ནི་ཡོངས་སུ་ཤེས་པ་དྲུག་སྟེ། ཆོས་ཀྱི་བཟོད་པ་དང་། ཤེས་པ་རྣམས་
ཀྱི་གང་ཡིན་པ་ཉིད་དོ། །རྗེས་སུ་ཤེས་པའི་ཕྱོགས་ཀྱི་ནི་ལྔ་སྟེ། རྗེས་སུ་བཟོད་པ་དང་། ཤེས་པ་རྣམས་ཀྱི་གང་ཡིན་པ་དག་ཉིད་དོ། །ཕྱོགས་སྨོས་པས་ནི་བཟོད་པ་དང་། །ཤེས་པ་རྣམས་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་སྤོང་བ་རེ་རེ་ཞིང་ཡང་ཡོངས་སུ་ཤེས་པ་རྣམ་པར་མི་གཞག་ཅེ་ན། འདི་ལྟར་རེ་

ཞིག་བཟོད་པའི་འབྲས་བུར་རྣམ་པར་གཞག་པ་ནི། བྲལ་བ་ཟག་མེད་ཐོབ་པ་དང་། །སྲིད་པའི་རྩེ་མོ་བཅོམ་པ་དང་། །རྒྱུ་གཉིས་ཡང་དག་བཅོམ་པ་དང་། །ཡོངས་ཤེས། གང་ལ་རྒྱུ་འདི་གསུམ་ཡོད་དེ་སྤོང་བའི་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ལ་ནི་བྲལ་བའི་
ཐོབ་པ་ཟག་པ་མེད་པ་དང་། སྲིད་པའི་རྩེ་མོ་འཇོམས་པར་བྱེད་པ་མེད་པས་དེས་སྤོང་བའི་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་མི་འཐོབ་བོ། །འཕགས་པ་ལ་ཡང་བཟོད་པའི་འབྲས་བུ་སྤོང་བ་གང་ཡིན་པ་ནི། དེ་ཇི་སྲིད་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་ལ་ནི་བྲལ་བའི་ཐོབ་པ་ཟག་
པ་མེད་པ་ཡོད་མོད་ཀྱི་སྲིད་པའི་རྩེ་མོ་ནི་མ་བཅོམ་མོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གཉི་ག་ཡང་ཡོད་མོད་ཀྱི། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བའི་རྒྱུ་མ་སྤངས་པའི་ཕྱིར་རྒྱུ་གཉིས་ཡང་དག་པར་བཅོམ་པ་ནི་མ་ཡིན་ནོ། །ཆོས་དང་རྗེས་སུ་ཤེས་པ་གཞན་དག་ལ་ནི་གསུམ་
པོ་ཐམས་ཅད་ཡོད་པས་དེའི་ཕྱིར་གནས་སྐབས་དེ་དང་དེ་དག་དུ་སྤོང་བའི་ཡོངས་སུ་ཤེས་པའི་མིང་འཐོབ་པོ། །ཤེས་པའི་འབྲས་བུ་སྤོང་བ་ཡང་དེ་དང་འདྲ་བས། དེ་བས་ན་རྒྱུ་གསུམ་གྱི་ཕྱིར་ཡང་ཡོངས་སུ་ཤེས་པའི་མིང་འཐོབ་པ་ལ་བཞི་པ་ལ་ནི། ཁམས་ལས་འདས་པའི་ཕྱིར། གང་གི་ཚེ་ཁམས་ལས་
ཡང་དག་པར་འདའ་བ་ན། ཁམས་མཐའ་དག་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གང་ཞིག་ཡོངས་སུ་ཤེས་པ་དུ་ཞིག་དང་ལྡན་ཞེ་ན། མཐོང་ལ་གནས་པ་གཅིག་མིན་དང་། །ལྔ་ཡི་བར་དང་ཡང་དག་ལྡན། །རེ་ཞིག་སོ་སོའི་སྐྱེ་བོ་དང་ནི་མི་ལྡན་པ་ཉིད་དོ། །མཐོང་བའི་ལམ་ལ་གནས་པའི་འཕགས་
པ་ཡང་ཇི་སྲིད་དུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པ་དང་ནི་མི་ལྡན་པ་ཉིད་དོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གཅིག་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གཉིས་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གསུམ་དང་ལྡན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་བཞི་དང་ལྡན་ནོ། །
ལམ་ལ་ཆོས་ཤེས་པ་ནི་ལྔ་དང་ལྡན་ནོ། །བསྒོམ་པ་ལ་གནས་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ་། །འཕགས་པའི་གང་ཟག་བསྒོམ་པའི་ལམ་ལ་རྗེས་སུ་ཤེས་པ་ནི་ཇི་སྲིད་དུ་འདོད་ཆགས་དང་བྲལ་བ་མ་ཐོབ་པའམ། དེ་ལས་ཡོངས་སུ་ཉམས་པ་ནི་ཡོངས་སུ་ཤེས་པ་དྲུག་དང་ལྡན་ནོ། །སྔར་

རམ་ཕྱིས་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་ཞིག་ན་ནི་གཅིག་དང་ལྡན་་ཏེ། ཐ་མའི་ཆ་དང་མཐུན་པ་སྤོང་བ་ཡོངས་སུ་ཤེས་པ་དང་ངོ་། །དགྲ་བཅོམ་པ་ཉིད་ཐོབ་ན་ཡང་གཅིག་དང་ལྡན་ཏེ། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཉིད་དང་ངོ་། །གཟུགས་ན་སྤྱོད་
པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་ཡང་གཅིག་དང་ལྡན་ཏེ། ཐ་མའི་ཆ་དང་མཐུན་པ་སྤོང་བའི་ཡོངས་སུ་ཤེས་པ་ཉིད་དང་ངོ་། །གཟུགས་ལ་འདོད་ཆགས་དང་བྲལ་བ་ཐོབ་ན་ནི་གཉིས་དང་ལྡན་ནོ། །ཐ་མའི་ཆ་དང་མཐུན་པ་སྤོང་བ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་
ངོ་། །གཟུགས་མེད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་དེ་གཉིས་དང་ལྡན་ཏེ། ཅིའི་ཕྱིར་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ལ་ཡང་ཡོངས་སུ་ཤེས་པ་གཅིག་ཉིད་དུ་རྣམ་པར་གཞག་ལ། མང་དུ་ནི་མ་ཡིན་ཞེ་ན། གང་གི་ཕྱིར། ཁམས་ལ་འདོད་ཆགས་བྲལ་བ་དང་། འབྲས་
བུ་ཐོབ་ཕྱིར་དེ་དག་བསྡོམས། །ཁམས་ལ་འདོད་ཆགས་དང་བྲལ་བ་དང་། འབྲས་བུ་ཐོབ་པ་དང་རྒྱུ་གཉིས་ཀྱིས་ཡོངས་སུ་ཤེས་པ་རྣམས་བསྡོམས་པ་ཡིན་ཏེ། གཅིག་ཏུ་རྣམ་པར་གཞག་ལ་གནས་སྐབས་དེ་གཉིས་ན་ནི་འདི་གཉི་ག་སྲིད་པས་དེའི་ཕྱིར། སྤོང་བ་ཐམས་ཅད་བསྡོམས་ཏེ་ཡོངས་སུ་
ཤེས་པ་གཅིག་ཅེས་བྱའོ། །ཡང་གང་ཞིག་གིས་ཡོངས་སུ་ཤེས་པ་དུ་ཞིག་ཡོངས་སུ་བཏང་ངམ་འཐོབ་ཅེ་ན། ལ་ལ་གཅིག་གཉིས་ལྔ་དང་དྲུག །གཏོང་སྟེ་ཐོབ་པ་ལྔ་མ་ཡིན། །དགྲ་བཅོམ་པ་ཉིད་དམ་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་གཅིག་གཏོང་ངོ་། །ཕྱིར་
མི་འོང་བའི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཤེས་པ་གཉིས་གཏོང་ངོ་། །ལམ་ལ་རྗེས་སུ་ཤེས་པ་སྔོན་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ལྔ་གཏོང་སྟེ། དེ་ནི་ཐ་མའི་ཆ་དང་མཐུན་པ་སྤོང་བའི་ཡོངས་སུ་ཤེས་པ་ཐོབ་ན་སྔ་མའི་
ཡོངས་སུ་ཤེས་པ་ལྔ་གཏོང་ངོ་། །མཐར་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་ན་ནི་ཡོངས་སུ་ཤེས་པ་དྲུག་གཏོང་ངོ་། །དེ་བཞིན་དུ་འཐོབ་པ་ཡང་ལ་ལ་ནི་ཡོངས་སུ་ཤེས་པ་གཅིག་འཐོབ་སྟེ། གང་ལ་ལ་ཞིག་གིས་སྔོན་མ་ཐོབ་པ་ལས་ཐོབ་པའོ། །ལ་ལས་ནི་གཉིས་འཐོབ་སྟེ། །

གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའོ། །ཁ་ཅིག་གིས་ནི་དྲུག་འཐོབ་སྟེ། གང་ཞིག་གིས་ཕྱིར་མི་འོང་བའི་འབྲས་བུ་གང་ཡིན་པ་ལས་ཡོངས་སུ་ཉམས་པའོ། །ལྔ་ཐོབ་པ་ནི་འགའ་ཡང་མེད་དོ། །ཆོས་མངོན་པ་མཛོད་ཀྱི་
འགྲེལ་པ་མདོ་དང་མཐུན་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་ལྔ་པའོ།། །།ཇི་སྐད་དུ་སྤོང་བ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བཤད་ལ། དེ་ཡང་། བདེན་པ་མཐོང་དང་བསྒོམ་པ་ལས། །ཉོན་མོངས་སྤོང་བ་ཞེས་བཤད་དེ། །མཐོང་བས་སྤང་བར་
བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཞེས་རྒྱས་པར་བཤད་པ་ཡིན་ནོ། །ད་ནི་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱང་ཅི་ཟག་པ་མེད་པའམ་ཟག་པ་དང་བཅས་པ་ཞེས་བརྗོད་པར་བྱ་ཞེ་ན། དེ་ཅིའི་ཕྱིར་འདི་སྐད་ཅེས་བརྗོད་དེ། བསྒོམ་པའི་ལམ་ནི་རྣམ་གཉིས་
ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །མཐོང་བའི་ལམ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པ་དང་། མཐོང་བས་སྤང་བར་བྱ་བའི་རྣམ་པ་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་འཇིག་རྟེན་ལས་འདས་
པ་ཉིད་ཡིན་གྱི་འཇིག་རྟེན་པ་ལ་ནི་དེ་འདྲ་བའི་མཐུ་མེད་དོ། །བདེན་པ་མཐོང་བ་ལས་ཞེས་བཤད་ན། བདེན་པ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་བཤད་ཅེ་ན་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་བསྟན་པའི་སྐབས་སུ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་ལམ་གྱི་བདེན་པ་རང་
གི་མིང་གིས་བསྟན་ཏོ། །སོ་སོར་བརྟགས་པའི་འགོག་པ་དང་། །འབྲལ་ལ་ཞེས་འགོག་པའི་བདེན་པ་བསྟན་ཏོ། །དེ་དག་སྡུག་བསྔལ་ཀུན་འབྱུང་དང་། །འཇིག་རྟེན་ཞེས་བྱ་བ་དེར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །ཅི་དེ་དག་གི་རིམ་པ་འདི་ལྟར་རམ་ཞེ་ན། སྨྲས་པ་མ་ཡིན་ནོ། །
འོ་ན་ཅི་ལྟ་བུ་ཡིན་ཞེ་ན། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་རོ། །དེ་དག་གི་རིམ་པ་ནི་དེ་ལྟའོ། །རང་བཞིན་ནི་སྔར་ཇི་སྐད་དུ་བཤད་པ་དེ་བཞིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དེ་བཞིན་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ཡང་། དེ་དག་ཅི་ལྟར་མངོན་རྟོགས་རིམ། །

བདེན་པ་གང་ཞིག་སྔར་མངོན་པར་རྟོགས་པ་དེ་སྔར་བསྟན་གྱི། དེ་ལྟ་མ་ཡིན་ན་རྒྱུ་ནི་སྔར་བསྟན་ལ་འབྲས་བུ་ནི་ཕྱིས་བསྟན་པར་འགྱུར་རོ། །ཅིའི་ཕྱིར་བདེན་པ་རྣམས་འདི་ལྟར་མངོན་པར་རྟོགས་ཤེ་ན། གང་ལ་ཆགས་པ་དང་། གང་གིས་གནོད་པར་བྱེད་པ་དང་། གང་ལས་ཐར་པར་དོན་དུ་གཉེར་
བ་དང་། དང་པོའི་དེ་ཉིད་ལ་རྣམ་པར་དཔྱོད་པའི་གནས་སྐབས་སུ་སྡུག་བསྔལ་གྱི་བདེན་པ་ལ་ཡོངས་སུ་རྟོག་གོ། །ཕྱིས་འདིའི་རྒྱུ་ནི་གང་ཞིག་ཡིན་ཞེས་ཀུན་འབྱུང་གི་བདེན་པ་དང་། འདིའི་འགོག་པ་ནི་གང་ཞིག་ཡིན་ཞེས་འགོག་པའི་བདེན་པ་དང་། འདིའི་ལམ་ནི་གང་ཞིག་ཡིན་ཞེས་ལམ་གྱི་བདེན་པ་
ལ་ཡོངས་སུ་རྟོག་སྟེ། ནད་མཐོང་བས་དེའི་གཞི་དང་ཟད་པར་བྱ་བ་དང་། སྨན་ཚོལ་བ་བཞིན་ནོ། །མདོ་ལས་ཀྱང་བདེན་པ་རྣམས་ཀྱི་དཔེ་དེ་ལྟར་བསྟན་ཏེ། མདོ་གང་ལས་ཤེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ཞེས་འབྱུང་བ་དེ་ལས་བསྟན་ཏོ། །སྔར་འཕངས་པའི་ཕྱིར་རྣམ་
པར་དཔྱོད་པའི་གནས་སྐབས་སུ་བདེན་པ་རྣམས་ལ་ཇི་ལྟར་ཡོངས་སུ་རྟོག་པ་བཞིན་དུ་མངོན་པར་རྟོགས་པའི་གནས་སྐབས་སུ་ཡང་བདེན་པ་རྣམས་དེ་བཞིན་དུ་མངོན་པར་རྟོགས་ཏེ། ས་མཐོང་བའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ནོ། །མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཅི་ཞེ་ན།
མངོན་པར་ཡང་དག་པར་བྱང་ཆུབ་པའོ། །ཅིའི་ཕྱིར་ཟག་པ་མེད་པ་ཉིད་ཡིན་གྱི་ཟག་པ་དང་བཅས་པ་མ་ཡིན་ཞེ་ན། དེ་ནི་མྱ་ངན་ལས་འདས་པ་མངོན་དུ་ཕྱོགས་པ་དང་། ཡང་དག་པར་བྱང་ཆུབ་པ་སྟེ། ཡང་དག་པར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་
བསྔལ་གྱི་རང་བཞིན་ཡིན་པ་དེའི་ཚེ་ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་བཅས་རྣམ་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །སྡུག་བསྔལ་གསུམ་སྟེ། །སྡུག་
བསྔལ་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། རྣམ་པར་འགྱུར་བའི་སྡུག་བསྔལ་ཉིད་དེ། དེ་དག་གིས་ཅི་རིགས་པར་འདུ་བྱེད་ཟག་པ་དང་བཅས་པ་མ་ལུས་པར་སྡུག་བསྔལ་བ་ཡིན་ནོ། །དེ་ལ་ཡིད་དུ་འོང་བ་ནི་རྣམ་པར་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །ཡིད་དུ་མི་འོང་བ་ནི་སྡུག་བསྔལ་གྱི་

སྡུག་བསྔལ་ལོ། །དེ་ལས་གཞན་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །འཕགས་པའི་ལམ་ནི་མ་གཏོགས་ཏེ། མི་མཐུན་པ་ནི་སྡུག་བསྔལ་གྱི་མཚན་ཉིད་ཡིན་པའི་ཕྱིར། འཕགས་པའི་ལམ་ནི་སྡུག་བསྔལ་མ་ཡིན་ནོ། །ཡིད་དུ་འོང་བ་ནི་གང་དག་ཅིག་ཡིན། ཡིད་དུ་
མི་འོང་བ་ནི་གང་དག་ཅིག་ཡིན། གཉི་ག་མ་ཡིན་པ་ནི་གང་དག་ཅིག་ཡིན་ཞེ་ན། ཚོར་བ་གསུམ་དང་རིམ་བཞིན་ཏེ། །དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ། །བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ཞེས་ཀྱང་གསུངས། དོན་དམ་པའི་
བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། བདེན་པ་གཉིས་ཞེས་ཀྱང་གསུངས་ན་དེ་གཉིས་ཀྱི་མཚན་ཉིད་ཅི་ཞེ་ན། གང་གིས་བཅོམ་དང་བློ་ཡིས་གཞན། །བསལ་བ་དེའི་བློ་མི་འཇུག་པ། །བུམ་ཆུ་ལྟ་བུར་ཀུན་རྫོབ་ཏུ། །དེ་ཡོད་དོན་དམ་ཡོད་གཞན་ནོ། །གང་ཞིག་ཆ་ཤས་སུ་བཅོམ་ན་དེའི་བློ་མི་
འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ནི་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ། །གང་ཞིག་གིས་བློ་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་རིག་པར་བྱ་སྟེ། དཔེར་ན་ཆུ་ལྟ་བུའོ། །དེ་ལ་ནི་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་
བློ་མི་འཇུག་གོ། །དེ་དག་ཉིད་ལ་ཀུན་རྫོབ་ཀྱིས་མིང་དེར་འདོགས་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ་ཞེས་བརྗོད་པ་ན། བདེན་པ་ཉིད་དོ་ཞེས་བརྗོད་ཀྱི་བརྫུན་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་ཞིག་བཅོམ་ཡང་རུང་བློ་
ཆོས་གཞན་བསལ་ཡང་རུང་། དེའི་བློ་འཇུག་པ་དེ་ནི་དོན་དམ་པ་ཉིད་དུ་ཡོད་དེ་དཔེར་ན་གཟུགས་ལྟ་བུའོ། །དེ་ན་རྡུལ་ཕྲ་རབ་ཏུ་བཅོམ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསྩལ་ཡང་། གཟུགས་ཀྱི་རང་བཞིན་གྱི་བློ་ནི་འཇུག་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ།
དེ་དག་ནི་དོན་དམ་པར་ཡོད་པས་ན་དོན་དམ་པའི་བདེན་པའོ། །བདེན་པ་རྣམས་བཤད་ཟིན་ཏོ། །ཇི་ལྟར་ན་དེ་དག་མཐོང་བར་འགྱུར་བ་བརྗོད་པར་བྱ་སྟེ། ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བདེན་པ་རྣམས་མཐོང་བར་འདོད་པས་དང་པོ་ཉིད་དུ་ཚུལ་

ཁྲིམས་སྲུང་བར་བྱེད་དོ། །དེ་ནས་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ་དོན་ཉན་པར་བྱེད་དོ། །ཐོས་ནས་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །བསམས་ནས་བསྒོམ་པའི་ཏིང་ངེ་འཛིན་དག་ལ་རབ་ཏུ་སྦྱོར་ཏེ། དེ་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསམས་པ་ལས་འབྱུང་བའི་
ཤེས་རབ་སྐྱེའོ། །བསམས་པ་ལས་འབྱུང་བ་ལ་བརྟེན་ནས་བསྒོམས་པ་ལས་བྱུང་བ་སྐྱེའོ། །ཤེས་རབ་དེ་དག་གི་མཚན་ཉིད་ཀྱང་ཅི་ཞེ་ན། ཐོས་སོགས་བྱུང་བ་བློ་ཡི་ཡུལ། །མིང་དང་དོན་དང་གཉི་གའོ། །མིང་ལ་དམིགས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ་ཞེས་གྲག་གོ། །མིང་དང་དོན་གཉི་ག་
ལ་དམིགས་པ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྟེ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་དོ། །རེས་འགའ་ནི་དོན་གྱིས་ཡི་གེ་འདྲེན་པར་བྱེད་དོ། །བསྒོམས་པ་ལས་བྱུང་བ་ནི་དོན་ལ་དམིགས་པ་ཉིད་དེ་དེ་ནི་ཡི་གེ་ལ་མི་བརྟེན་པར་དོན་ལ་འཇུག་གོ། །ཡང་དེ་ལྟར་བསྒོམས་པ་ལ་རབ་ཏུ་བརྩོན་
པ་དེ་ཇི་ལྟར་ན་བསྒོམས་པ་རྫོགས་པ་ཡིན་ཞེ་ན། སྨྲས་པ། བསྲིངས་གཉིས་ལྡན། གལ་ཏེ་ལུས་དང་སེམས་གཉིས་ཀྱིས་བསྲིངས་པ་ཡིན་ཏེ། འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པ་ལས་སོ། །འོ་ན་བསྲིངས་པ་དེ་གཉིས་ཀྱང་སུ་ཞིག་ལ་བྱ་བར་སླ་བ་ཡིན་ཞེ་ན། འདོད་
པ་ཆུང་བ་དང་ཆོག་ཤེས་པས་བྱ་བར་སླའི་ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་ལ་མ་ཡིན་ནོ། །ཡང་ཆོག་མི་ཤེས་པ་དེ་ནི་གང་ཞིག་ཡིན། འདོད་ཆེན་ཆེ་བ་དེ་ནི་གང་ཞིག་ཡིན་ཞེ་ན། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཆོས་མངོན་པ་པ་དག་ནི་ཆོས་གོས་
ལ་སོགས་པ་བཟང་པོ་རྙེད་པ་དང་། ཡང་དང་ཡང་དུ་འདོད་པ་ནི་ཆོག་མི་ཤེས་པའོ། །མ་རྙེད་པ་དེ་དག་འདོད་པ་ནི་འདོད་ཆེན་ཅན་ནོ་ཞེས་གྲག་གོ། །བཟློག་པ་དེ་ཡི་གཉེན་པོ་སྟེ། །ཆོག་མི་ཤེས་པ་དང་འདོད་ཆེན་ལས་བཟློག་པ་ནི་དེ་དག་གི་གཉེན་པོར་རིག་པར་བྱ་སྟེ། ཆོག་ཤེས་པ་དང་འདོད་པ་ཆུང་
བའོ། །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །དེའི་གཉེན་པོ་ཞེས་བྱ་བར་སྦྱར་ཏེ། གསུམ་དག་དང་མི་ལྡན་པ་ན་ཡོད་དོ། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ནི་འདོད་པ་ན་སྤྱོད་པ་ཉིད་དོ། །ཡང་ཆོག་ཤེས་པ་དང་འདོད་པ་ཆུང་བ་འདི་གཉིས་ཀྱི་རང་བཞིན་ཅི་ཞིག་ཡིན་ཞེ་ན། མ་ཆགས། །འདི་

གཉིས་ནི་མ་ཆགས་པའི་རང་བཞིན་ཡོད་ན། འཕགས་རིགས། མ་ཆགས་པ་ཞེས་བྱ་བར་སྦྱར་ཏེ། འདི་ལ་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞི་ཡིན་ཏེ། དེ་དག་ཀྱང་མ་ཆགས་པའི་རང་བཞིན་ཡིན་ནོ། །དེ་དག་ལས། གསུམ་ནི་ཆོག་ཤེས་བདག་ཉིད་དོ། །
དང་པོའི་གསུམ་ནི་ཆོག་ཤེས་པའི་རང་བཞིན་ཡིན་ཏེ། ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དག་གིས་ཆོག་ཤེས་པ་དག་གོ། །འཕགས་པའི་རིགས་བཞི་པ་ནི་སྤོང་བ་དང་བསྒོམ་པ་ལས་དགའ་བའོ། །དེ་ཇི་ལྟར་མ་ཆགས་པའི་རང་བཞིན་ཡིན་ཞེ་ན། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་
ཀྱིས་བལྟས་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཅེ་ན། གསུམ་གྱིས་ཚུལ་དེ་ཐ་མ་ལས། །ཆོས་ཀྱི་མངའ་བདག་བཅོམ་ལྡན་འདས་ཀྱིས་རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བས་ཁས་འཆེས་པའི་སློབ་མ་དག་ལ་
ཚུལ་དང་ལས་ཀྱི་མཐའ་དང་གཉིས་བཅས་ཏེ། འཕགས་པའི་རིགས་གསུམ་གྱིས་ནི་ཚུལ་གསུམ་བཅས་སོ། །བཞི་པས་ནི་ལས་བཅས་སོ། །ཚུལ་འདི་ལས་འདི་བྱེད་ན་རིང་པོ་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །ཅིའི་ཕྱིར་འདི་འདྲ་བ་དང་ལས་འདི་འདྲ་བ་བཅས་ཤེ་ན།
སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། མདོ་ལས་སྲེད་པ་སྐྱེ་བ་ནི་བཞིར་གསུངས་ཏེ། དགེ་སློང་སྲེད་པ་སྐྱེ་བ་ན་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་ཞེན་ཏོ། །དགེ་སློང་སྲེད་པ་སྐྱེ་བ་ན་སྐྱེ་བ་དང་འཇིག་པ་ལ་སྐྱེའོ་ཞེས་བྱ་བ་རྒྱ་ཆེར་
གསུངས་སོ། །དེ་དག་གི་གཉེན་པོར་འཕགས་པའི་གཉེན་པོ་རིམ་བཞིན་བསྟན་ཏོ། །ང་ཡིར་བདག་འཛིན་དངོས་ཆགས་པ། །དེ་ཡི་དངོས་དང་བཞི་བཞིའི་ཕྱིར། །དོན་དེ་ཉིད་རྣམ་གྲངས་ཀྱིས་སྟོན་ཏེ། ང་ཡིར་འཛིན་པའི་དངོས་པོ་ནི་ཆོས་གོས་ལ་སོགས་པའོ། །བདག་ཏུ་འཛིན་པའི་དངོས་པོ་ནི་ལུས་སོ། །
དེ་དག་ལ་འདོད་པ་ནི་སྲིད་པའོ། །དེ་ལ་ང་ཡིར་འཛིན་པའི་དངོས་པོ་ལ་འདོད་པ་དེ་དུས་སུ་ཞི་བར་བྱ་བའི་ཕྱིར་འཕགས་པའི་རིགས་གསུམ་བསྟན་པ་ཡིན་ནོ། །གཉི་ག་ཤིན་ཏུ་ཞི་བར་བྱ་བའི་ཕྱིར་བཞི་པ་བསྟན་ཏོ། །ཇི་ལྟར་ན། བསྒོམ་པ་རྫོགས་པར་འགྱུར་བ་འདི་བཤད་ཟིན་ཏོ། །དེ་ལྟར་སྣོད་དུ་གྱུར་པ་

དེ་ཇི་ལྟར་ན་བསྒོམ་པ་དེ་ལ་འཇུག་པ་ཡིན་ཞེ་ན། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །གང་དག་ཅིག་ནི་མི་སྡུག་པས་འཇུག །གང་དག་ཅིག་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པས་འཇུག་ཅེ་ན། རིམ་བཞིན་དུ། འདོད་ཆགས་རྣམ་རྟོག་ལྷག་རྣམས་ཀྱིས། །འདི་དག་ནི་འདོད་
ཆགས་དང་། རྣམ་པར་རྟོག་པ་ལྷག་པ་ན། གང་ཞིག་འདོད་ཆགས་སྤྱད་པ་ཤིན་དུ་ཉེ་བ་དེ་ནི་མི་སྡུག་པས་འཇུག་གོ། །གང་ཞིག་རྣམ་པར་རྟོག་པ་དཔྱོད་པ་དེ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པས་འཇུག་གོ། །ཁ་ཅིག་ན་རེ་སྣ་ཚོགས་ལ་དམིགས་པའི་ཕྱིར་དེ་ནི་རྣམ་པར་རྟོག་པ་གཅད་པའི་ཕྱིར་ཡིན་
གྱི། མི་སྡུག་པ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་སྐྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་ཁ་ནང་དུ་བལྟས་པའི་ཕྱིར་རོ་ཞེས་ཟེར་ཏེ། མི་སྡུག་པ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་ཁ་ཕྱིར་བལྟས་པ་ཡིན་ཏེ། དེའི་ཡུལ་ལ་ཉེ་བར་རྟོགས་པའི་ཕྱིར་རོ། །དེ་ལ་འདོད་
ཆགས་ནི་རྣམ་པ་བཞི་སྟེ། ཁ་དོག་གི་འདོད་ཆགས་དང་དབྱིབས་ཀྱི་འདོད་ཆགས་དང་། རིག་པའི་འདོད་ཆགས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་སོ། །དང་པོའི་གཉེན་པོར་ནི་མི་སྡུག་པ་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་པ་བརྗོད་དོ། །གཉིས་པ་ནི་རྣམ་པར་ཟོས་པ་དང་། རྣམ་པར་
འཐོར་བའོ། །གསུམ་པ་ནི་རྣམ་པར་དབུས་གཞིགས་པ་དང་། རྒྱུས་པས་བྲང་བྲེང་དུ་འབྲེལ་བའི་ཀེང་རུས་ལ་དམིགས་པའོ། །བཞི་པ་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའོ། །བྱེ་བྲག་མེད་པར་ནི། ཆགས་ཅན་ཀུན་ལ་ཀེང་རུས་སོ། །རུས་པའི་ཀེང་རུས་ལ་ནི། ཆགས་པའི་དངོས་པོ་འདི་བཞི་
ཆར་མེད་དོ། །མོས་པ་དང་ཕྱོགས་གཅིག་ཡིད་ལ་བྱེད་པའི་ཕྱིར་མི་སྡུག་པས་ཉོན་མོངས་པ་སྤོང་བ་ནི་མ་ཡིན་གྱི་རྣམ་པར་གནོན་པ་ནི་ཡིན་ནོ། །ཡང་མི་སྡུག་པ་འདི་ལྟ་བུ་བསྒོམ་པའི་རྣལ་འབྱོར་སྤྱོད་པ་དེ་ནི་རྣམ་པ་གསུམ་དུ་བརྗོད་དོ། །ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། །ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ། དང་པོའི་
ལས་པ་རྒྱ་མཚོའི་བར། །ཀེང་རུས་བསྡུ་ཞིང་སྤྲོ་བའོ། །མི་སྡུག་པ་བསྒོམ་པར་འདོད་པས་རྣལ་འབྱོར་སྤྱོད་པས་མོས་པ་སྐྱེད་པའི་ཕྱིར་དང་པོ་ཁོ་ནར་རང་གི་ཡན་ལག་རྐང་པའི་མཐེ་བོའམ། དཔྲལ་བའི་དབྱེས་སམ་ཡང་ན་གར་དགའ་བར་སེམས་འཇོག་པར་བྱེད་ལ། དེ་དེར་ཤ་མྱགས་ཤིང་ཟགས་པར་མོས་པ་ནས་རིམ་གྱིས་རུས་

པ་རྣམ་པར་སྦྱོང་བ་ན་ཐམས་ཅད་རུས་པའི་ཀེང་རུས་སུ་བལྟ་སྟེ། དེ་བཞིན་དུ་གཉིས་པ་ལ་ཡང་མོས་པར་བྱེད་ཅིང་རིམ་གྱིས་གཙུག་ལག་ཁང་དང་། ཀུན་དགའི་ར་བ་དང་། གྲོང་དང་། ཞིང་དང་རྒྱ་མཚོའི་མཐས་ཀླས་པའི་བར་གྱི་ས་གཞི་ཀེང་རུས་ཀྱིས་གང་བར་མོས་པར་བྱེད་དེ། ཡང་
བསྡུས་པ་ན་སེམས་བསྡུ་བའི་དོན་དུ་བདག་གཅིག་བུའི་བར་ལ་རུས་པའི་ཀེང་རུས་སུ་མོས་པར་བྱེད་དེ། འདི་ཙམ་གྱིས་ནི་མི་སྡུག་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་གྲག་སྟེ། འདི་ནི་ལས་དང་པོ་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །ཀེང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བ་སྦྱང་བ་བྱས་པས་བཤད། །
དེ་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་དེའི་རུས་པའི་ཀེང་རུས་ལས་རྐང་པའི་རུས་པ་བཏང་ནས་ལྷག་མ་ཡིད་ལ་བྱེད་ཅིང་དེ་བཞིན་དུ་རིམ་གྱིས་ཐོད་པའི་ཕྱེད་བོར་ནས་ཐོད་པ་ཕྱེད་ཡིད་ལ་བྱེད་པ་འདི་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །སྨིན་མའི་ནང་དུ་སེམས་འཛིན་པ། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །
དེ་ཐོད་པའི་ཕྱེད་ཀྱང་བཏང་ནས་སྨིན་མིའི་ནང་དག་ཏུ་སེམས་འཛིན་པར་བྱེད་པ་འདི་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་སྤྱོད་པ་ཡིན་ནོ་ཞེས་གྲག་གོ། །ཡང་མི་སྡུག་པ་འདིའི་རང་བཞིན་ནི་ཅི་ཞིག་ཡིན། ས་ནི་དུ་ཞིག །དམིགས་པ་ནི་དུ་ཞིག་ཡིན། གང་དུ་ནི་སྐྱེ་བར་བྱེད་ཅེ་ན། རིམ་
བཞིན་དུ། མ་ཆགས་པ་བཅུ་འདོད་སྣང་བ། །དམིགས་པ་མིས་སྐྱེད་མི་སྡུག་པའོ། །རང་བཞིན་ནི་མ་ཆགས་པའོ། །ས་ནི་བཅུ་སྟེ། བསམ་གཏན་བཞི་ཉེ་བར་བསྡོགས་པ་དང་བཅས་པ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་རྣམས་སོ། །དམིགས་པ་ནི་འདོད་
པ་ན་སྤྱོད་པའི་སྣང་བ་ཡིན་ནོ། །སྣང་བ་ཞེས་བྱ་བ་ཅི་ཞེ་ན། ཁ་དོག་དང་དབྱིབས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པའོ་ཞེས་བྱ་བར་གྲུབ་པོ། །མིའི་ནང་ཉིད་དག་ཏུ་སྐྱེད་ཀྱི་འགྲོ་བ་གཞན་དག་ཏུ་ཡང་མ་ཡིན་ན། ཁམས་གཞན་དག་ཏུ་ལྟ་ཞིག་སྨོས་ཀྱང་ཅི་དགོས། དེ་དག་ཏུ་ཡང་བྱང་གི་
སྒྲ་མི་སྙན་དག་ཏུ་ནི་མ་ཡིན་ནོ། །མིང་ཉིད་ཀྱིས་མི་སྡུག་པའི་རྣམ་པའོ་ཞེས་བྱ་བར་གྲུབ་པོ། །གང་གིས་དུས་མ་ཡིན་པ་དེ་དེའི་དུས་ལ་དམིགས་སོ། །མི་སྐྱེ་བའི་ཆོས་ཅན་ཞིག་ཡིན་ན་ནི་དམིགས་པ་དུས་གསུམ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པའི་ཕྱིར་ཟག་པ་དང་བཅས་པའོ། །འདྲིས་པ་དང་མ་

འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་པ་དང་། སྦྱོར་བ་ལས་བྱུང་བ་ཡིན་ནོ། །མི་སྡུག་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་བཅས་པར་བཤད་ཟིན་ཏོ། །དབུགས་རྔུབ་འབྱུང་དྲན་ཤེས་རབ་སྟེ། །ས་ལྔ་སྤྱོད་ཡུལ་རླུང་ཡིན་ནོ། །འདོད་ཡུལ། རྔུབ་པ་ནི་དབུགས་རྔུབ་པ་སྟེ། །རླུང་འཇུག་
པ་གང་ཡིན་པ་ཉིད་དོ། །འབྱུང་བ་ནི་དབུགས་འབྱུང་བ་སྟེ། རླུང་འབྱུང་བ་གང་ཡིན་པའོ། །དེ་གཉིས་ཀྱི་དྲན་པ་ནི་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་སྟེ། དེ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དྲན་པ་ཞེས་བྱ་བའི་ཚིག་ནི་དྲན་པ་ཉེ་བར་གཞག་པ་བཞིན་ཏེ། དེའི་སྟོབས་བསྐྱེད་པར་བྱ་བ་ཡིན་
པའི་ཕྱིར་རོ། །ས་ནི་ལྔ་སྟེ་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་དག་སྟེ། བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེའི་དམིགས་པ་ནི་རླུང་ངོ་། །འདོད་པའི་ཁམས་ཀྱི་ལྷ་དང་མིའི་ལུས་དག་གིས་སྐྱེད་དོ། །འདྲིས་པ་དང་མ་འདྲིས་
པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་ན་ནི་ཆོས་འདི་པ་རྣམས་ཉིད་ཀྱི་ཡིན་གྱི། ཕྱི་བའི་མ་ཡིན་ནོ། །ལུང་མེད་པ་དང་། བདག་ཉིད་ཀྱིས་ཆོས་ཟབ་མོ་མི་རྟོགས་པའི་ཕྱིར་རོ། །དེ་ཡང་། བགྲང་བ་ལ་སོགས་རྣམ་དྲུག་གིས། །བགྲང་བ་དང་
རྗེས་སུ་འགྲོ