Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 141
Văn bản gốc(Tây Tạng)
Trang 6 / 18 (50.000 ký tự/trang)
་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་ གནོན་པའི་སྐྱེ་མཆེད་དང་པོ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་རྣམས་དང་། དེ་ཁོ་ན་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པ་སྟེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་ལྟ་བ་སྟེ། དེ་ལྟར་ན་བརྒྱད་ཡིན་ནོ། ། དེ་དག་ལས་གཉིས་ནི་རྣམ་པར་ཐར་པ་དང་པོ་བཞིན་ནོ། །རྣམ་པར་ཐར་པ་དང་པོ་ཇི་ལྟ་བར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པོ་དང་གཉིས་པ་ཡང་དེ་དང་འདྲའོ། །གཉིས་ནི་གཉིས་པ་བཞིན་ནོ། །རྣམ་པར་ཐར་པ་གཉིས་པ་ཇི་ལྟ་བར་ཟིལ་གྱིས་གནོན་པོའི་སྐྱེ་མཆེད་གཉིས་པོ་གསུམ་ པ་དང་བཞི་པ་ཡང་དེ་དང་འདྲའོ། །གཞན་སྡུག་པའི་རྣམ་པར་ཐར་པ་བཞིན། སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བར་གཞན་བཞི་ཡང་དེ་དང་འདྲའོ། །འདི་ནི་ཁྱད་པར་ཡིན་ཏེ། དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ། འདི་དག་གིས་ནི་དམིགས་པ་ཟིལ་གྱིས་གནོན་ཏེ། ཇི་ ལྟར་འདོད་པ་བཞིན་དུ་མོས་པའི་ཕྱིར་དང་། ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །ཟད་པར་བཅུའོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ། ཟད་པར་ས་དང་། ཆུ་དང་། མེ་དང་། རླུ་དང་། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་ པོ་དང་། ཟད་པར་ནམ་མཁའ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་རྣམས་ལས། བརྒྱད་མ་ཆགས། དང་པོ་བརྒྱད་ནི་མ་ཆགས་པའི་རང་བཞིན་དག་ཡིན་ནོ། །བསམ་གཏན་མཐའ་ན། བསམ་གཏན་བཞི་པ་ཁོ་ན་ན་ཡོད་དོ། །སྤྱོད་ཡུལ་ནི། འདོད་པ། འདོད་ པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཁ་ཅིག་ན་རེ་རླུང་གི་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ནི་གཟུགས་མེད་དག །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་པའི་རང་བཞིན་དག་ཡིན་ནོ། །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །འདི་ གཉིས་ཀྱི་དམིགས་པ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ནི་རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ལ། ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པ་ལས་བྱུང་བ་ཅན་ཡིན་ཏེ། གོང་ནས་གོང་དུ་ ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་ཡོད་པ་དག་ཡིན་ནོ། །ཅི་རྣམ་པར་ཐར་པ་ལ་སོགས་པ་དེ་དག་སྦྱོར་བ་ལས་བྱུང་བ་ཡིན་ནམ་འདོད་ ཆགས་དང་བྲལ་བས་ཐོབ་པ་ཡིན་ཞེས་བྱ་བའི་འདྲི་བ་འདི་ལ་འགོག་པ་བཤད་ཟིན། འགོག་པའི་རྣམ་པར་ཐར་པ་ནི་སྔར་རྣམ་པ་ཐམས་ཅད་དུ་བཤད་ཟིན་ཏོ། །ལྷག་མ་ནི། འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། །འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པ་ནི་འདོད་ ཆགས་དང་བྲལ་བས་ཐོབ་པ་ཡང་ཡིན་ལ་སྦྱོར་བ་ལས་བྱུང་བ་དག་ཀྱང་ཡིན་ཏེ། འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །གཟུགས་མེད་པའི་རྣམ་པར་ཐར་པ་དང་། གཟུགས་མེད་པའི་ཟད་པར་ནི་ཁམས་ གསུམ་པའི་རྟེན་ཅན་དག་ཡིན་ནོ། །ལྷག་མ་ནི་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལུང་གི་མཐུས་སྐྱེད་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན། རྒྱུ་དང་ལས་དང་ཆོས་ཉིད་དང་། །རྒྱུ་གསུམ་གྱིས་ བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་སྟེ། དེ་ལ། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་ཏེ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་རྒྱུའི་སྟོབས་ཀྱིས་ ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་ནི་ས་གོང་མའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་ཏེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བས་ནི་གོང་དུ་སྐྱེ་བར་མི་ནུས་སོ། །གཟུགས་ཀྱི་ཁམས་ སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་གཞན་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། འཇིག་པའི་ཚེ་ལྟ་བུའོ། །དེའི་ཚེ་ནི་ས་འོག་མ་པའི་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ ཤས་ཆེ་བ་ཉིད་ཀྱི་ཕྱིར་བསམ་གཏན་དེ་སྐྱེད་པར་བྱེད་དོ། །གང་ལ་ཆོས་རྣམས་ཀྱི་རྣམ་པ་ནི་དུ་ཡོད། འདི་ལྟ་བུའི་མངོན་པའི་ཆོས་འདི་ཇི་སྲིད་དུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་ལ་ལུང་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ རྣམས་སོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཏེ། དེ་ལྟར་ན་དམ་པའི་ཆོས་འདི་ནི་རྣམ་པ་གཉིས་ཡིན་ནོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་ པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ་རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ། །ཅི་བསྟན་བཅོས་འདིར་ཆོས་མངོན་ པ་བཤད་པ་གང་ཡིན་པའི་ཆོས་མངོན་པ་འདི་ཉིད་སྟོན་པས་བཤད་དམ་ཞེ་ན། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །བདག་གིས་ཆོས་མངོན་ པ་འདི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། །འདི་ལ་བདག་གིས་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གིས་ཉེས་པ་ཡིན་ཏེ། དམ་པའི་ཆོས་ཀྱི་ཚུལ་ལ་ནི་སངས་རྒྱས་རྣམས་ཁོ་ན་དང་། སངས་རྒྱས་ཀྱི་སྲས་རྣམས་ཚད་མ་ཡིན་ནོ། །སྟོན་པ་ འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཆོས་མངོན་པའི་མཛོད་ཀྱི་བཤད་པ་ ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བརྒྱད་པའོ།། །།ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེ་ན། མེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་ཕྱིར་ཏེ། ཕུང་པོའི་རྒྱུད་ཁོ་ན་ལ་བདག་ ཏུ་འདོགས་པ་ནི་ངེས་པར་མི་འཛིན་ཏོ། །འོ་ན་ཅི་ཞེ་ན། རྫས་གཞན་ཁོ་ན་ལ་བདག་ཏུ་ཡོངས་སུ་རྟོགས་པར་བྱེད་ལ། ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི །བརྗོད་པར་བྱ་བ་གཞན་ལ་ནི་ མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། མངོན་སུམ་དང་། རྗེས་སུ་དཔག་པ་མེད་པའི་ཕྱིར་ཏེ། ཆོས་གང་དག་ཡོད་པ་དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། དཔེར་ན་ཡུལ་དྲུག་དང་ཡིད་ལྟ་བུའོ། །ཡང་ན་རྗེས་སུ་དཔག་པས་དམིགས་པ་ཡིན་ ཏེ། དཔེར་ན་དབང་པོ་ལྟ་བུའོ། །དེ་ལ་འདི་ནི་རྗེས་སུ་དཔག་པ་ཡིན་ཏེ། རྒྱུ་ཡོད་ཀྱང་རྒྱུ་གཞན་མེད་ན་འབྲས་བུ་མེད་པར་མཐོང་ལ་ཡོད་ན་ནི་ཡང་ཡོད་པར་མཐོང་བ་སྟེ། དཔེར་ན་མྱུ་གུ་ལྟ་བུའོ། །ཡུལ་སྣང་བར་གྱུར་པ་དང་རྒྱུ་ཡིད་ལ་བྱེད་པ་ཡོད་ཀྱང་ཡུལ་འཛིན་པ་མེད་པར་མཐོང་ལ། ཡང་ཡོད་པར་མཐོང་བ་སྟེ། ལོང་བ་དང་འོན་པ་ལ་སོགས་པ་དང་། མ་ལོང་བ་དང་མ་འོན་པ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་དེ་ལ་ཡང་རྒྱུ་གཞན་མེད་པ་དང་། ཡོད་པར་ངེས་ལ། རྒྱུ་གཞན་གང་ཡིན་པ་དེ་ནི་དབང་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །བདག་ནི་དེ་ ལྟར་ཡོད་པ་མ་ཡིན་པས་བདག་མེད་དོ། །འོ་ན་གང་གནས་མའི་བུ་རྣམས་གང་ཟག་ཡོད་པར་འདོད་པ་ཇི་ལྟ་བུ། འདི་ནི་རེ་ཞིག་དཔྱད་པར་བྱ་བ་ཡིན་ཏེ། ཅི་དེ་དག་རྫས་སུ་འདོད་དམ། འོན་ཏེ་བཏགས་པར་འདོད། རྫས་སུ་ཞེས་བྱ་བ་འདི་ཡང་ཅི་ཡང་ཅི་ཞིག། བཏགས་ པར་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན། གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི་རྫས་སུ་ཡོད་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ནི་བཏགས་པར་ཡོད་པ་ཡིན་ནོ། །དེ་ལས་ཅིར་འགྱུར། རེ་ཞིག་གལ་ཏེ་རྫས་སུ་ཡོད་ན་ ནི་དེ་རང་བཞིན་ཐ་དད་པའི་ཕྱིར་ཕུང་པོ་རྣམས་ལས་གཞན་ནོ་ཞེས་བརྗོད་པར་བྱ་སྟེ། ཕན་ཚུན་གྱི་ཕུང་པོ་བཞིན་ནོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བར་ཡང་ཐལ་བར་འགྱུར་ལ། དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ། ། འོན་ཏེ་བཏགས་པར་ཡོད་དོ་ཞེ་ན་ནི་ཁོ་བོ་ཅག་ཀྱང་དེ་སྐད་ཅེས་སྨྲས་སོ། །དེ་ནི་རྫས་སུ་ཡོད་པ་ཁོ་ན་ཡང་མ་ཡིན་ལ་བཏགས་པར་ཡོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ད་ལྟར་གྱི་ནང་གི་ཟིན་པའི་ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་ཏུ་འདོགས་སོ། །ལོང་བ་ལྟ་བུའི་ཚིག་དོན་མི་གསལ་ བ་འདི་ནི་མི་གོའོ། །རྒྱུར་བྱས་ནས་ཞེས་བྱ་བ་འདི་ཅི། གལ་ཏེ་འདིའི་དོན་ཕུང་པོ་རྣམས་ལ་དམིགས་ནས་ཞེས་བྱ་བ་འདི་ཡིན་ནོ་ཞེ་ན་ནི། དེ་དག་ཁོ་ན་ལ་གང་ཟག་ཏུ་འདོགས་པར་ཟད་དོ། །དཔེར་ན་གཟུགས་ལ་སོགས་པ་ལ་དམིགས་ནས། དེ་དག་ཁོ་ན་ལ་འོ་མ་འདོགས་པ་བཞིན་ནོ། ། འོན་ཏེ་འདིའི་དོན་ཕུང་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་འདི་ཡིན་ནོ་ཞེ་ན་ནི་ཕུང་པོ་རྣམས་གང་ཟག་གདགས་པའི་རྒྱུ་ཡིན་པའི་ཕྱིར་སྐྱོན་དེ་ཉིད་དུ་འགྱུར་རོ། །དེ་ནི་དེ་ལྟར་མི་འདོགས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ། །ཇི་ལྟར་ན་བུད་ ཤིང་རྒྱུར་བྱས་ནས་མེ་འདོགས་ཤེ་ན། བུད་ཤིང་མེད་པར་མེ་མི་འདོགས་མོད་ཀྱི། བུད་ཤིང་ལས་མེ་གཞན་ཡིན་པར་དམ་བཅའ་བར་ཡང་མི་ནུས་ལ། གཞན་མ་ཡིན་པར་དམ་བཅའ་བར་ཡང་མི་ནུས་ཏེ། གལ་ཏེ་གཞན་ཡིན་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པར་འགྱུར་རོ། །འོན་ ཏེ་གཞན་མ་ཡིན་ན་ནི་བསྲེག་བྱ་ཉིད་སྲེག་བྱེད་ཡིན་པར་འགྱུར་རོ། །དེ་ལྟར་ཕུང་པོ་རྣམས་མེད་པར་ཡང་གང་ཟག་མི་འདོགས་ལ། ཕུང་པོ་རྣམས་ལས་གཞན་ཡིན་པར་དམ་བཅའ་བར་ཡང་མི་ནུས་ཏེ་རྟག་པར་ཐལ་བར་འགྱུར་རོ། །གཞན་མ་ཡིན་པར་ཡང་དམ་བཅའ་བར་མི་ ནུས་ཏེ་ཆད་པར་ཐལ་བར་འགྱུར་རོ། །རེ་ཞིག་ཀྱེ་བུད་ཤིང་ནི་ཅི། མེ་ནི་ཅི་ཡིན་པ་སྨྲོས་ཤིག་དང་། དེ་ལས་ཇི་ལྟར་ན་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པར་ཤེས་པར་བྱའོ། །འདི་ལ་ཅི་ཞིག་བརྗོད་པར་བྱ། བསྲེག་བྱ་ནི་བུད་ཤིང་ཡིན་ལ་སྲེག་བྱེད་ནི་མེ་ཡིན་པར་ཟད་མོད། འདིར་ བསྲེག་པར་བྱ་བ་ནི་ཅི། སྲེག་པར་བྱེད་པ་ནི་ཅི་ཡིན་པ་དེ་ཉིད་བརྗོད་པར་བྱའོ། །རེ་ཞིག་འཇིག་རྟེན་ན་ནི་ཤིང་ལ་སོགས་པ་མ་འབར་བ་ལ་བུད་ཤིང་ཞེས་ཀྱང་བྱ་ལ་བསྲེག་བྱ་ཞེས་ཀྱང་བྱའོ། །འབར་བ་ལ་ནི་མེ་ཞེས་ཀྱང་བྱ་ལ་སྲེག་བྱེད་ཅེས་ཀྱང་བྱ་སྟེ། འབར་བ་དང་ཤིན་ ཏུ་ཚ་བ་གང་ཡིན་པ་དེས་དེ་ཚིག་པ་དང་སྲེག་པར་བྱེད་དེ། རྒྱུད་འགྱུར་བར་བྱེད་པའི་ཕྱིར་རོ། །དེ་གཉི་ག་ཡང་རྫས་བརྒྱད་པ་ཡིན་ནོ། །བུད་ཤིང་ལ་བརྟེན་ནས་མེ་འབྱུང་བ་དེ་ཡང་དཔེར་ན་འོ་མ་ལ་བརྟེན་ནས་ཞོ་འབྱུང་བ་དང་། མངར་པོ་ལ་བརྟེན་ནས་ཚ་བ་འབྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟ་བས་ ན་བུད་ཤིང་རྒྱུར་བྱས་ནས་ཞེས་བྱ་བ་ལ་དེ་ནི་དེ་དང་དུས་ཐ་དད་པའི་ཕྱིར་གཞན་པ་ཡང་ཡིན་ནོ། །གལ་ཏེ་དེ་ལྟར་ཕུང་པོ་རྣམས་ལ་བརྟེན་ནས་གང་ཟག་སྐྱེ་ན་ནི་དེ་དག་ལས་གཞན་པ་དང་མི་རྟག་པར་ཡང་འགྱུར་རོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་ཉིད་ལ་དྲོ་བ་ཉིད་ཡོད་པ་གང་ཡིན་ པ་དེ་ནི་མེ་ཡིན་ལ། དེ་དང་ལྷན་ཅིག་སྐྱེས་པའི་འབྱུང་བ་གསུམ་ནི་བུད་ཤིང་ཡིན་པར་འདོད་ན་ནི་དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་བོ། །ཇི་ལྟར་ན་བུད་ཤིང་དེ་རྒྱུར་བྱས་ནས་མེ་འདོགས་པར་བྱེད་པ་རྒྱུར་བྱས་པའི་དོན་ཡང་བརྗོད་དགོས་ཏེ། དེ་ནི་དེའི་རྒྱུ་ ཡང་མ་ཡིན་ལ་དེ་གདགས་པའི་རྒྱུ་ཡང་མ་ཡིན་གྱི་མ་ཉིད་དེ་གདགས་པའི་རྒྱུ་ཡིན་ནོ། །གལ་ཏེ་རྒྱུར་བྱས་པའི་དོན་རྟེན་གྱི་དོན་ནམ་ལྷན་ཅིག་འབྱུང་བའི་དོན་ཡིན་ནོ་ཞེ་ན་ནི། ཕུང་པོ་རྣམས་ཀྱང་དེ་དང་འདྲ་བར་གང་ཟག་གི་རྟེན་ནམ་ལྷན་ཅིག་འབྱུང་བ་དག་ཡིན་པར་འགྱུར་བས་གཞན་ ཉིད་དུ་གསལ་བར་དམ་འཆའ་བ་ཡིན་ནོ། །དེ་མེད་ན་གང་ཟག་མེད་པར་ཡང་འགྱུར་ཏེ། བུད་ཤིང་མེད་ན་མེ་མེད་པ་བཞིན་ནོ། །གང་ཡང་བུད་ཤིང་ལས་མེ་གཞན་ཡིན་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པར་འགྱུར་རོ་ཞེས་སྨྲས་པ་དེ་དྲོ་བ་ཞེས་བྱ་བ་འདི་ཅི། རེ་ཞིག་གལ་ཏེ་དྲོ་བ་ཉིད་ཡིན་ ནོ་ཞེ་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པ་ཁོ་ནར་འགྱུར་ཏེ། འབྱུང་བ་གཞན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་དྲོ་བ་ཉིད་དང་ལྡན་པ་ཡིན་ནོ་ཞེ་ན་ནི་དྲོ་བ་ཉིད་ཀྱི་རང་བཞིན་གྱི་མེ་ལས་གཞན་པ་དེ་ཡང་དྲོ་བ་ཡིན་པར་འགྲུབ་སྟེ། དྲོ་བ་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་ཐ་དད་ པ་ཉིད་ཡིན་ན་ཉེས་པ་མེད་དོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་དག་ཐམས་ཅད་བུད་ཤིང་ཡང་ཡིན་ལ་མེ་ཡང་ཡིན་པར་འདོད་ན་ནི་དེས་ན་རྒྱུར་བྱས་པའི་དོན་ཡང་བརྗོད་པར་བྱའོ། །ཕུང་པོ་རྣམས་ཁོ་ན་ཡང་གང་ཟག་ཡིན་པས་གཞན་པ་མ་ཡིན་པ་ཉིད་མི་ལྡོག་པར་འགྱུར་རོ། ། དེ་ལྟ་བས་ན་ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་དེ་ལྟར་ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་འདོགས་སོ་ཞེས་བྱ་བ་འདི་མི་འགྲུབ་བོ། །གལ་ཏེ་ཡང་འདི་ཕུང་པོ་རྣམས་ལས་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ན། ཤེས་བྱ་ནི་རྣམ་པ་ལྔ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདུས་མ་བྱས་དང་། བརྗོད་པར་བྱ་བ་མ་ཡིན་པའོ་ཞེས་བརྗོད་པར་མི་བྱ་བར་འགྱུར་ཏེ། དེ་ནི་འདས་པ་ལ་སོགས་པ་ལས་ལྔ་པ་ཡང་མ་ཡིན་ལ་ལྔ་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །གང་གི་ཚེ་གང་ཟག་འདོགས་པ་ན་ཅི་རེ་ཞིག་ཕུང་པོ་རྣམས་དམིགས་ནས་ འདོགས་སམ། འོན་ཏེ་གང་ཟག་དམིགས་ནས་འདོགས། རེ་ཞིག་གལ་ཏེ་ཕུང་པོ་རྣམས་ན་ནི་དེ་དག་ཁོ་ན་ལ་གང་ཟག་འདོགས་པར་འགྱུར་ཏེ། གང་ཟག་མི་དམིགས་པའི་ཕྱིར་རོ། །འོན་ཏེ་གང་ཟག་ན་ནི་འདི་ཇི་ལྟར་ན་ཕུང་པོ་རྣམས་རྒྱུར་བྱས་ནས་འདོགས་པ་ཡིན་ཏེ། གང་ཟག་ཁོ་ན་ དེའི་རྒྱུ་ཡིན་པར་འགྱུར་རོ། །འོན་ཏེ་ཕུང་པོ་རྣམས་ཡོད་ན་གང་ཟག་དམིགས་ཏེ། དེའི་ཕྱིར་ཕུང་པོ་རྣམས་རྒྱུར་བྱས་ནས་འདི་འདོགས་སོ་ཞེས་བྱ་བར་འདོད་དོ་ཞེ་ན་ནི། དེ་ལྟ་ན་གཟུགས་ཀྱང་དམིགས་པ་དང་ཡིད་ལ་བྱེད་པ་དང་སྣང་བ་རྣམས་ཡོད་ན་དམིགས་པས་དེ་དག་རྒྱུར་བྱས་ ནས་བཏགས་པ་ཡིན་པར་བརྗོད་པར་བྱའོ། །རེ་ཞིག་འདི་ཡང་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་དྲུག་རྣམས་ལས་གང་ཟག་རྣམ་པར་ཤེས་པ་གང་གིས་རྣམ་པར་ཤེས་པར་བྱ་བ་ཡིན། དྲུག་ཅར་གྱིས་ཀྱང་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱའོ། །ཇི་ལྟར་བྱས་པས་ཤེ་ན། གལ་ཏེ་མིག་ གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས། གང་ཟག་དམིགས་པར་བྱེད་ན་ནི་གང་ཟག་མིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ བྱའོ། །དེ་བཞིན་དུ་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ་བརྟེན་ནས། གང་ཟག་དམིགས་པར་བྱེད་ན་ནི། གང་ཟག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། ཆོས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ་ལ། ཆོས་རྣམས་ མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །དེ་ལྟ་ན་ནི་འོ་ན་འོ་མ་ལ་སོགས་པ་དང་འདྲ་བར་འགྱུར་ཏེ། གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འོ་མ་འམ། ཆུ་དམིགས་པར་བྱེད་ན་ནི་འོ་མ་འམ་ཆུ་མིག་གི་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་ བརྗོད་པར་བྱ་ལ་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །དེ་བཞིན་དུ་གལ་ཏེ་སྣ་དང་། ལྕེ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་བརྗོད་པར་བྱ་ལ། རེག་བྱ་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། རེག་བྱ་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། འོ་མ་དང་ཆུ་གཉིས་བཞི་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པའི་སྤྱི་ཁོ་ན་ལ། འོ་མ་འམ། ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་གང་ཟག་འདོགས་སོ་ཞེས་བྱ་བར་ གྲུབ་བོ། །གང་ཡང་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་གང་ཟག་དམིགས་པར་བྱེད་ཅེས་སྨྲས་པའི་ཚིག་དེའི་དོན་ཅི་ཞིག་ཡིན། ཅི་རེ་ཞིག་གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ། འོན་ཏེ་གཟུགས་རྣམས་དམིགས་ན་ གང་ཟག་དམིགས་སོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ལ་དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ་ཞེ་ན་ནི། དེ་ལྟ་ན་ནི་འོ་ན་གཟུགས་ཀྱང་སྣང་བ་དང་མིག་དང་ཡིད་ལ་བྱེད་པ་དག་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། དེ་དག་ ནི་དེ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་གཟུགས་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེ་ན་ནི་ཅི་དམིགས་པ་དེ་ཁོ་ནས་དམིགས་སམ། འོན་ཏེ་གཞན་གྱིས་གལ་ཏེ་དེ་ཁོ་ནས་སོ་ཞེ་ན་ནི་གང་ཟག་གཟུགས་ལས་རང་བཞིན་ཐ་མི་དད་པའམ་གཟུགས་ཁོ་ན་ལ་དེ་འདོགས་ པར་འགྱུར་ན། འདི་ནི་གཟུགས་སོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཡོངས་སུ་གཅོད། འོན་ཏེ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི་གཟུགས་ཀྱང་ཡོད་དོ། །གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་དམ་འཆའ་སྟེ། དམིགས་པའི་དབང་གིས་དེ་ཡོད་ པར་དམ་འཆའ་བར་ཟད་དོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལ་ཡང་བརྗོད་པར་བྱའོ། །འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་དམིགས་པའི་ཕྱིར་གཟུགས་ལས་གཞན་ཡིན་པར་འགྱུར་ཏེ། སྔོན་པོ་ལས་སེར་པོ་ལྟ་བུ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་གཞན་བཞིན་ནོ། །དེ་ བཞིན་དུ་ཆོས་ཀྱི་བར་དག་ལ་ཡང་བརྗོད་པར་བྱའོ། །འོན་ཏེ་གཟུགས་དང་གང་ཟག་བཞིན་དུ་དེ་དག་དམིགས་པ་དག་ཀྱང་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི་བྱའོ་ཞེ་ན། འོ་ན་ནི་དེས་ན་འདུས་མ་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པར་གྱུར་པས། གྲུབ་པའི་མཐའ་ ཉམས་པ་ཡིན་ནོ། །གལ་ཏེ་ཡང་འདི་ཡོད་ལ་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཟུགས་བདག་མ་ཡིན་པ་ནས། རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་གསུངས། མིག་གི་རྣམ་པར་ཤེས་པ་གང་གིས་གང་ཟག་འདི་དམིགས་པ་དེ་ཅི་གཟུགས་ལ་བརྟེན་ནས་སྐྱེ་འམ། འོན་ཏེ་གང་ཟག་གམ། གཉི་ག་ལ་བརྟེན་ནས་སྐྱེ། གལ་ཏེ་གཟུགས་རྣམས་ལ་བརྟེན་ནས་སྐྱེ་ན་ནི་སྒྲ་ལ་སོགས་པ་བཞིན་དུ་གང་ཟག་དམ་པར་ཤེས་པར་མི་ནུས་ཏེ། ཡུལ་གང་ཁོ་ན་ ན་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་དེ་ཉིད་དེའི་དམིགས་པའི་རྐྱེན་ཡིན་ནོ། །འོན་ཏེ་གང་ཟག་གམ། གཉི་ག་ལ་བརྟེན་ནས་སྐྱེའོ་ཞེ་ན། འདི་ནི་མདོ་ལས་ཐལ་བ་ཡིན་ཏེ། མདོ་ལས་ནི། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་ངེས་པར་གཟུང་ངོ་། །དེ་བཞིན་དུ་དགེ་སློང་ མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ། རྒྱུ་ནི་མིག་ཡིན་ནོ། །རྐྱེན་ནི་གཟུགས་རྣམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་མིག་དང་གཟུགས་རྣམས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་སོ། །དེ་ལྟ་ན་ནི་གང་ཟག་མི་རྟག་པར་འགྱུར་ ཏེ། མདོ་ལས། མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོན་ཏེ་དེའི་དམིགས་པ་གང་ཟག་མ་ཡིན་ན་འོ་ན་ནི་དེས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་ ཡང་གང་ཟག་རྣམ་པར་ཤེས་པ་དྲུག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་པར་དམ་འཆའ་ན་ནི་དེ་རྣ་བའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་གཟུགས་ལས་གཞན་ཡིན་པར་འགྱུར་ཏེ། སྒྲ་བཞིན་ནོ། །མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་ སྒྲ་ལས་གཞན་ཡིན་པར་འགྱུར་ཏེ་གཟུགས་བཞིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །བྲམ་ཟེ་དབང་པོ་ལྔ་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང་ཡུལ་ཐ་དད་པ་ཅན་ཡིན་ཏེ། རང་རང་གི་སྤྱོད་ཡུལ་དང་ཡུལ་སོ་སོར་ཉམས་སུ་མྱོང་བ་ཡིན་གྱི་གཞན་གྱི་སྤྱོད་ཡུལ་དང་ཡུལ་ ཉམས་སུ་མྱོང་བ་ནི་མ་ཡིན་པ་དག་སྟེ། འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་ལྔའོ། །ཡིད་ཀྱི་དབང་པོ་ནི་དབང་པོ་ལྔ་པོ་འདི་དག་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ཡིན་ཞིང་། ཡིད་ཀྱི་དབང་པོ་ནི་ འདི་དག་གི་རྟེན་ཡིན་ནོ་ཞེས་གསུངས་པའི་མདོའི་ཚིག་འདི་དང་ཡང་འགལ་བར་འགྱུར་རོ། །ཡང་ན་གང་ཟག་ཡུལ་མ་ཡིན་པར་འགྱུར་རོ། །གལ་ཏེ་ཡུལ་མ་ཡིན་ནོ་ཞེ་ན། འོ་ན་ནི་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡིད་ཀྱི་དབང་པོ་ཡང་འཁྲུལ་པ་མེད་ པར་འགྱུར་ཏེ། སྲོག་ཆགས་དྲུག་པ་ལྟ་བུའི་མདོ་ལས། དབང་པོ་དྲུག་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཞིང་ཡུལ་ཐ་དད་པ་ཅན་ཡིན་ཏེ། རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་པ་དག་ཡིན་ནོ་ཞེས་གསུངས་སོ། །དེར་ནི་དབང་པོ་ཁོ་ན་ལ་དབང་པོ་ཡིན་པར་མ་གསུངས་ཀྱི་ལྔ་པོ་ དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ནི་མཐོང་བ་ལ་སོགས་པར་འདོད་མི་སྲིད་པའི་ཕྱིར་དེ་དག་གི་དབང་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོ་ཡིན་པར་གསུངས་སོ། །ཡིད་ཀྱི་དབང་པོ་འབའ་ཞིག་གིས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དེ་ལས་ གཞན་པ་དག་གི་སྤྱོད་ཡུལ་ལ་མི་འདོད་པ་ཉིད་པས་དེའི་ཕྱིར་དེ་ཉེས་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བཤད་པར་བྱའོ་ཞེས་གསུངས་ནས། མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ནི་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། གང་ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཚོར་བ་བདེ་བའམ། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་དང་ ཞེས་བྱ་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཞེས་བྱ་བའི་བར་དུ་རྒྱས་པར་གསུངས་ཏེ། འདི་ནི་མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་ པར་བྱ་བ་ནི་དེ་སྙེད་ཅིག་ཡིན་པར་ངེས་པར་གཟུང་གི། གང་ཟག་ནི་མ་ཡིན་པས། དེ་ལྟ་བས་ན་འདི་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ནི་ཡུལ་འདྲ་བའི་ཕྱིར་རོ། །གང་ཟག་པ་རྣམས་མིག་གིས་གང་ཟག་བལྟའོ་ཞེས་གང་ཟག་ལྟ་བ་ནི་ བདག་མེད་པས་བདག་བལྟའོ་ཞེས་བྱ་བ་ཡིན་པས་བདག་ཏུ་ལྟ་བའི་གནས་སུ་གྱུར་པ་ཡང་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས། ཕུང་པོ་རྣམས་ཁོ་ན་ལ་གང་ཟག་ཅེས་བྱའོ་ཞེས་འདི་ངེས་པར་མཛད་དོ། །ངེས་པའི་དོན་གྱི་མདོ་ལས་ཀྱང་། མིག་དང་གཟུགས་རྣམས་ལ་བརྟེན་ ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །གསུམ་འདུས་པས་ནི་རེག་པའོ། །ལྷན་ཅིག་སྐྱེས་པས་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་དག་སྟེ། དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་དེ་བཞིན་དང་། གཟུགས་ཅན་མིག་གི་དབང་པོ་དང་དེ་སྙེད་ཅིག་ལ་མི་ཉིད་ཅེས་བྱའོ། །འདི་ལ་ སེམས་ཅན་དང་། མིང་དང་ཤེད་ལས་སྐྱེས་དང་། ཤེད་བུ་དང་། གསོ་བ་དང་། གང་ཟག་དང་། སྲོག་དང་། སྐྱེ་བོ་ཞེས་བྱ་བ་འདི་ནི་མིང་ཡིན་ནོ། །འདི་ལ་བདག་གིས་མིག་གི་གཟུགས་རྣམས་བལྟའོ་ཞེས་བྱ་བ་འདི་ནི་ཁས་འཆེ་བ་ཡིན་ནོ། །འདི་ལ་ནི་འདི་ལྟར་ཚེ་དང་ལྡན་པ་དེའི་མིང་ནི་ འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་ཇི་སྲིད་ཅིག་གནས། ཚེའི་མཐའ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བ་འདི་ནི་ཐ་ སྙད་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་འདི་དག་ནི་མིང་ཙམ། འདི་དག་ཁས་འཆེ་བ་ཙམ། འདི་དག་ནི་ཐ་སྙད་ཙམ་སྟེ། ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ། འདུས་བྱས་པ། སེམས་པས་འཕངས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཡིན་ནོ་ཞེས་གསུངས་སོ། ། བཅོམ་ལྡན་འདས་ཀྱིས་ཀྱང་ངེས་པའི་དོན་གྱི་མདོ་ལ་བརྟེན་པར་གསུངས་ཏེ། དེ་ལྟ་བས་ན་འདི་ནི་ཡང་དང་ཡང་དུ་བརྟག་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་ཐམས་ཅད་ཡོད་དོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་དག་ཏུ་ཟད་དོ་ཞེས་ཀྱང་གསུངས་སོ། །གལ་ཏེ་གང་ ཟག་འདི་སྐྱེ་མཆེད་མ་ཡིན་ན་ནི་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འོན་ཏེ་སྐྱེ་མཆེད་ཡིན་ནོ་ཞེ་ན། འོ་ན་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་གི་ལྟར་ན་ཡང་འདི་སྐད་དུ་དགེ་སློང་མི་ཇི་སྙེད་པ་དང་། གཟུགས་ཇི་སྙེད་པ་ཞེས་བྱ་བ་རྒྱས་པར་གསུངས་ནས། དགེ་སློང་འདི་ཇི་སྙེད་ ཅིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདོགས་པར་མཛད་དོ། །ཐམས་ཅད་བརྟགས་སོ་ཞེས་གསུངས་སོ་ཞེས་འདོན་ཏོ། །གཟུགས་ཅན་སྙིང་པོའི་མདོ་ལས་ཀྱང་། དགེ་སློང་དག་བདག་དང་བདག་གི་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་བརྟགས་པ་ལ་ལྷུང་བར་ ཟད་དེ། འདི་ལ་བདག་གམ་བདག་གི་ནི་མེད་ཀྱི་སྡུག་བསྔལ་འདི་སྐྱེ་བ་ན་སྐྱེ་བར་ཟད་དོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དགྲ་བཅོམ་པ་དྲུག་གིས་ཀྱང་བདུད་ལས་བརྩམས་ནས། སེམས་ཅན་ཞེས་བྱ་བདུད་ཅི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་ སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་བཤད་དོ། །ལུང་ཕྲན་ཚེགས་ལས་ཀྱང་། བྲམ་ཟེ་རྒྱ་ཤུག་གི་བུའི་དབང་དུ་བྱས་ནས། ཇི་ལྟར་སེམས་ནི་ཀུན་ཉོན་མོངས། །ཇི་ལྟར་སེམས་ནི་རྣམ་བྱང་དང་། །མདུད་པ་ཐམས་ཅད་འཇིག་བྱེད་པའི། །ཆོས་ནི་རྒྱ་ཤུག་བུ་ཁྱོད་ཉོན། །བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་གིས་རྟོགས་པར་བྱེད། །འདི་ལ་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་ བཅས། །སྲིད་པའི་ཡན་ལག་བཅུ་གཉིས་དང་། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཏེ། །རྣམ་པར་བསམས་ན་འདི་ཀུན་ལ། །གང་ཟག་དམིགས་པ་མ་ཡིན་ནོ། །ནང་གི་སྟོང་པ་ཡིན་པར་ལྟོས། །ཕྱི་རོལ་གནས་པ་སྟོང་པར་ལྟོས། །རང་བཞིན་སྟོང་པ་ཉིད་བསྒོམ་པ། །དེ་ཡང་ འགའ་ཡང་མི་དམིགས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་བདག་ཏུ་དམིགས་པ་ལ་ཉེས་དམིགས་ལྔ་ཡོད་དོ། །བདག་ཏུ་ལྟ་བ་དང་སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། །ལམ་གོལ་བར་ཞུགས་པར་ འགྱུར། འདིའི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང་རབ་ཏུ་དང་བར་མི་འགྱུར་ལ་ཡང་དག་པར་མི་གནས་པས་རྣམ་པར་གྲོལ་བར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་དག་ནི་གཞུང་འདི་ཚད་མར་མི་བྱེད་པ་ཉིད་དོ། ། ཅིའི་ཕྱིར་ཞེ་ན། འདི་ཁོ་བོ་ཅག་གི་སྡེ་པ་མི་འདོན་ཏོ་ཞེས་ཟེར་རོ། །ཅི་དེ་དག་ལ་སྡེ་པ་ཁོ་ན་ཚད་མ་ཡིན་ནམ། འོན་ཏེ་སངས་རྒྱས་ཀྱི་བཀའ་ཚད་མ་ཡིན། གལ་ཏེ་སྡེ་པ་ཁོ་ན་ཚད་མ་ཡིན་ན་འོ་ན་ནི་དེ་དག་གི་སྟོན་པ་ཡང་སངས་རྒྱས་མ་ཡིན་ལ། ཤཱཀྱའི་བུ་ཡང་མ་ཡིན་པར་ འགྱུར། འོན་ཏེ་སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་ནོ་ཞེ་ན་ནི་གཞུང་འདི་ཅིའི་ཕྱིར་ཚད་མ་མ་ཡིན། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ནི། ཁོ་བོ་ཅག་གི་སྡེ་པ་མི་འདོན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་གྲག་གོ། །འདི་ནི་མི་རིགས་པར་ཞུགས་པ་ཡིན་ནོ། །འདིར་མི་ རིགས་པ་གང་ཞིག་ཡིན་ཞེ་ན། གཞུང་གང་ཞིག་སྡེ་པ་གཞན་ཐམས་ཅད་ལས་འབྱུང་ལ་མདོ་དང་། ཆོས་ཉིད་དང་ཡང་མི་འགལ་བ་དེ་ཁོ་བོ་ཅག་མི་འདོན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྨྲ་བ་སྟེ། གཟུ་ལུམས་ཙམ་འབའ་ཞིག་ཏུ་ཟད་དོ། །གཞན་ཡང་དེ་དག་ལ་ཆོས་ ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བའི་མདོ་འདི་ཡང་མེད་དམ། གང་ཟག་ནི་ཆོས་ཞེས་ཀྱང་མི་བྱ་ལ་ཆོས་ལས་གཞན་ཞེས་ཀྱང་མི་བྱའོ་ཞེས་བྱ་བར་འདོད་པར་གྱུར་ན། དེ་ལྟ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བར་མི་འགྲུབ་སྟེ། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་ངེས་པར་ གསུངས་པའི་ཕྱིར་རོ། །བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་ཞེས་བྱ་བ་འདི་ཁོ་ན་ལ་ཡང་ཇི་ལྟར་རྟོག །བདག་མེད་པ་ལ་བདག་གོ་སྙམ་པ་ཕྱིན་ཅི་ལོག་ཡིན་གྱི་བདག་ལ་ནི་མ་ཡིན་ནོ། །བདག་མེད་པ་ཡང་གང་ ཞིག་ཡིན། ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་ཡིན་ནོ། །རེ་ཞིག་སྔར་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱའོ། །གཟུགས་རྣམས་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་སྨྲས་པ་གང་ཡིན་པ་ནི་བསལ་ཏོ། །མདོ་གཞན་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ གང་ལ་ལ་བདག་གོ་སྙམ་དུ་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཞེས་གསུངས་ཏེ། དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ། །དེ་བཞིན་དུ་གང་ལ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པར་གྱུར་ཏམ། རྗེས་ སུ་དྲན་ནམ། རྗེས་སུ་དྲན་པར་འགྱུར་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ནི་ཅིའི་ཕྱིར་བདག་ནི་འདས་པའི་དུས་ན་གཟུགས་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ་ཞེས་གསུངས། གང་དག་དེ་ལྟར་རྣམ་པ་དུ་མ་རྗེས་སུ་ དྲན་པ་ཞེས་བྱ་བ་རབ་ཏུ་སྟོན་པར་བྱེད་དོ། །གལ་ཏེ་གང་ཟག་གཟུགས་དང་ལྡན་པར་ལྟ་བར་གྱུར་ན་འཇིག་ཚོགས་ལ་ལྟ་བར་ཐལ་བར་འགྱུར་བས་འདི་ལ་ནི་མ་བཏོན་པ་ཁོ་ན་སྐྱབས་ཡིན་ནོ། །དེ་ལྟ་བས་ན་གང་ཟག་ནི་བཏགས་པའི་ཡོད་པ་ཡིན་ཏེ། ཕུང་པོ་དང་རྒྱུན་ལ་སོགས་པ་ བཞིན་ནོ། །གལ་ཏེ་དེ་ལྟར་ན་འོ་ན་ནི་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། ཐམས་ཅད་ཤེས་པར་འགྱུར་བའི་སེམས་སམ་སེམས་ལས་བྱུང་བ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་མེད་དེ། སྐད་ཅིག་མ་ཡིན་པའི་ཕྱིར་གང་ཟག་གིས་ནི་ཤེས་པར་འགྱུར་རོ། །དེ་ལྟ་ན་ནི་འོ་ན་སེམས་ འཇིག་པ་ན་གང་ཟག་མི་འཇིག་པར་ཁས་བླངས་པའི་ཕྱིར་འདི་རྟག་པ་ཉིད་དུ་ཁས་བླངས་པ་ཡིན་ནོ། །ཁོ་བོ་ཅག་ནི་ཐམས་ཅད་མཁྱེན་པ་མངོན་སུམ་དུ་གྱུར་པའི་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་པར་ནི་མི་སྨྲའོ། །འོ་ན་ཇི་ལྟ་བུ་ཞེ་ན། མཐུ་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཞེས་བྱ་བའི་རྒྱུད་གང་ ཡིན་པ་དེ་ལ་གང་དུ་བཞེད་པར་གཏང་བ་ཙམ་གྱིས་ཕྱིན་ཅི་མ་ལོག་པའི་མཁྱེན་པ་སྐྱེ་བ་གང་ཡིན་པའི་མཐུ་འདི་ཡོད་དོ། །འདིར་སྨྲས་པ། རྒྱུན་གྱིས་སྤྱོད་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་སྲེག་འདོད་ལྟ། །དེ་བཞིན་ཐམས་ཅད་མཁྱེན་འདོད་བྱའི། །ཅིག་ཅར་ཐམས་ཅད་མཁྱེན་ཕྱིར་མིན། ། འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། འདས་པ་ལ་སོགས་པ་གསུངས་པའི་ཕྱིར་ཏེ། རྫོགས་སངས་རྒྱས་འདས་གང་དག་དང་། །སངས་རྒྱས་མ་བྱོན་གང་དག་དང་། །ད་ལྟའི་རྫོགས་སངས་རྒྱས་གང་ཡིན། །མང་པོ་རྣམས་ནི་མྱ་ངན་སེལ། །ཞེས་གསུངས་སོ། །ཁྱེད་ཅག་ཀྱང་ཕུང་པོ་རྣམས་ཁོ་ན་དུས་གསུམ་པ་ཡིན་ པར་འདོད་ཀྱི་གང་ཟག་ནི་མ་ཡིན་ནོ། །གལ་ཏེ་ཕུང་པོ་རྣམས་ཁོ་ན་གང་ཟག་ཡིན་ན་ཅིའི་ཕྱིར་དགེ་སློང་དག་ཁྱེད་ལ་ཁུར་ཡང་བསྟན་ཏོ། །ཁུར་ལེན་པ་དང་། ཁུར་འདོར་བ་དང་། ཁུར་ཁྱེར་བ་ཡང་བསྟན་གྱི་ཞེས་གསུངས། ཅིའི་ཕྱིར་གསུངས་པར་མི་བྱ། ཁུར་ཉིད་ཁུར་ཁྱེར་བ་ཡིན་པར་ནི་རིགས་ པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་མི་སྣང་བའི་ཕྱིར་རོ། །བརྗོད་པར་བྱ་བ་མ་ཡིན་པ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་མི་སྣང་བའི་ཕྱིར་རོ། །ཁུར་ལེན་པ་ཡང་ཕུང་པོས་མ་བསྡུས་པར་ཡང་ཐལ་བར་འགྱུར་རོ། །ཁུར་ཁྱེར་བ་ནི་བཅོམ་ལྡན་འདས་ཀྱིས་ཅི་ནས་ཚེ་དང་ལྡན་པ་མིང་ འདི་ཞེས་བྱ་བ་ནས་ཡུན་ནི་འདི་སྲིད་ཅིག་གནས་ནས་ཚེའི་མཐའ་ནི་འདི་ཙམ་ཞིག་གོ་ཞེས་བྱ་བའི་བར་གང་ཡིན་པ་དེ་ཉིད་ཤེས་པར་འགྱུར་ཞིང་། རྟག་པའམ་གང་ཟག་ཅེས་བྱ་བ་གཞན་དུ་ཤེས་པར་མི་འགྱུར་བ་དོན་དེ་ཁོ་ནའི་ཕྱིར་བསྟན་ཏེ་ཕུང་པོ་སྔ་མ་རྣམས་ཁོ་ན་ཕུང་པོ་ཕྱི་མ་རྣམས་ལ་གནོད་པར་ བྱེད་པ་ཡིན་པས་ཁུར་དང་ཁུར་ཁྱེར་བ་ཞེས་བཤད་པ་ཡིན་ནོ། །གང་ཟག་ནི་ཡོད་པ་ཉིད་དེ། འདི་ལྟར་སེམས་ཅན་སྐྱེ་བ་པ་མེད་དོ་ཞེས་ཟེར་བ་ནི་ལོག་པར་ལྟ་བ་ཡིན་ནོ་ཞེས་གསུངས་སོ། །སེམས་ཅན་སྐྱེ་བ་པ་མེད་དོ་ཞེས་སུ་ཟེར། ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་བ་ལྟར་ཡོད་དོ། ། ཞེས་ཟེར་རོ། །དེ་ལྟ་བས་ན་འདི་ནི་གང་ཞིག་ཕ་རོལ་དུ་སྐྱེ་བ་པ་སེམས་ཅན་ཞེས་བྱ་བ་ཕུང་པོའི་རྒྱུན་ལ་སེམས་ཅན་སྐྱེ་བ་པ་མེད་དོ་ཞེས་སྐུར་པ་འདེབས་པ་དེའི་ལོག་པར་ལྟ་བ་ཡིན་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་པ་ཡིན་པའི་ཕྱིར་རོ། །གང་ཟག་ལ་སྐུར་པ་འདེབས་པ་འདི་ལོག་པར་ལྟ་བ་ ཡིན་ན་ཡང་ཅི་ཞིག་གིས་སྤང་བར་བྱ་བར་འགྱུར། འདི་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་པར་ཡང་མི་རུང་ལ་བསྒོམ་པས་སྤང་བར་བྱ་བ་ཡིན་པར་ཡང་མི་རུང་སྟེ། གང་ཟག་བདེན་པ་རྣམས་ཀྱི་ཁོངས་སུ་མ་གཏོགས་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་ན་ཡང་གང་ཟག་གཅིག་པུ་སྐྱེ་བ་ན་ སྐྱེའོ་ཞེས་གསུངས་པའི་ཕྱིར་ཕུང་པོ་རྣམས་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྤྱི་ལ་ཡང་གཅིག་ཉེ་བར་འདོགས་པའི་ཕྱིར་ཏིལ་གཅིག་དང་། འབྲས་ཐུག་པོ་ཆེ་གཅིག་ཅེས་བྱ་བ་ལྟ་བུ་དང་། ཕུང་པོ་གཅིག་དང་། ཚིག་གཅིག་ཅེས་བྱ་བ་བཞིན་ནོ། །ཡང་ན་གང་ཟག་འདུས་བྱས་ཡིན་ནོ་ཞེས་བྱ་བར་ བརྗོད་པར་བྱ་སྟེ། སྐྱེ་བ་དང་ལྡན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ནི་ཇི་ལྟར་ཕུང་པོ་རྣམས་སྔོན་མེད་པ་ལས་བྱུང་བ་དེ་ལྟར་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ཕུང་པོ་གཞན་ལེན་པའི་ཕྱིར་ཏེ། དཔེར་ན་རིག་པ་བླངས་པའི་ཕྱིར་མཆོད་སྦྱིན་པ་སྐྱེས་སོ། །བརྡ་སྤྲོད་པ་པ་སྐྱེས་སོ་ ཞེས་བྱ་བ་དང་། རྟགས་བླངས་པའི་ཕྱིར་དགེ་སློང་སྐྱེས་སོ། །ཀུན་དུ་རྒྱུ་སྐྱེས་སོ་ཞེས་བྱ་བ་དང་། གནས་སྐབས་གཞན་བླངས་པའི་ཕྱིར་རྒ་བ་སྐྱེས་སོ། །ན་བ་སྐྱེས་སོ་ཞེས་བྱ་བ་བཞིན་ནོ། །མ་ཡིན་ཏེ། བཀག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ཁོ་ན་ལས། དགེ་སློང་དག་ལས་ ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་གང་ཞིག་ཕུང་པོ་འདི་རྣམས་འདོར་བར་བྱེད་ཅིང་ཕུང་པོ་གཞན་དག་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་སོ། །དབོ་ལས་སྐྱེས་ཀྱི་མདོ་ལས་ཀྱང་། དབོ་ལས་སྐྱེས་ལེན་ཅེས་མི་སྨྲའོ་ཞེས་གསུངས་ཏེ། དེ་ ལྟ་བས་ན་ཕུང་པོ་རྣམས་ལེན་པར་བྱེད་པ་ཡང་འགའ་ཡང་མེད་ལ། འདོར་བར་བྱེད་པ་ཡང་མེད་དོ། །རེ་ཞིག་ཁྱོད་མཆོད་སྦྱིན་པ་ནས་རྒ་བའི་བར་གང་གི་དབང་དུ་བྱས་ནས་དཔེར་བྱེད། གལ་ཏེ་གང་ཟག་ཡིན་ནོ་ཞེ་ན་ནི་དེ་མ་གྲུབ་བོ། །འོན་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེ་ན་ནི་དེ་ དག་སྐད་ཅིག་རེ་རེ་ལ་སྔོན་མེད་པ་ལས་སྐྱེ་བ་ཁོ་ན་ཡིན་ནོ། །འོན་ཏེ་ལུས་ཡིན་ནོ་ཞེ་ན། དེ་ཡང་དེ་དང་འདྲ་ལ། ལུས་དང་། རིག་པ་དང་། རྟགས་བཞིན་དུ་ཕུང་པོ་དང་གང་ཟག་གཉིས་གཞན་ཉིད་དུ་ཡང་འགྱུར་རོ། །རྒ་བ་དང་ན་བ་ཡང་ལུས་གཞན་ཁོ་ན་ཡིན་ནོ། །གྲངས་ཅན་པའི་འགྱུར་བར་སྨྲ་བ་ནི་བཀག་ཟིན་ཏོ། ། དེ་ལྟ་བས་ན་འདི་དག་ནི་དཔེ་ངན་པ་ཡིན་ནོ། །གལ་ཏེ་ཡང་ཕུང་པོ་རྣམས་ནི་སྔོན་མེད་པ་ལས་སྐྱེས་པ་ཡིན་ལ། གང་ཟག་ནི་མ་ཡིན་པར་འདོད་ན་ནི་དེ་དེ་དག་ལས་གཞན་པ་དང་། རྟག་པར་གསལ་བར་ཡོངས་སུ་བསྟན་པ་ཡིན་ནོ། །ཕུང་པོ་ནི་ལྔའོ། །གང་ཟག་ནི་གཅིག་གོ་ཞེས་སྨྲ་བས་ཇི་ལྟར་ན་ གཞན་ཉིད་དུ་མི་བརྗོད། རེ་ཞིག་ཇི་ལྟར་ན་འབྱུང་བ་དག་ནི་བཞི་ཡིན། གཟུགས་ནི་གཅིག་ཡིན་ལ་འབྱུང་བ་རྣམས་ལས་གཟུགས་གཞན་ཡང་མ་ཡིན། སྨྲ་བ་འདི་ནི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཕྱོགས་གང་ལ་ཞེ་ན། འབྱུང་བ་ཙམ་པའི་ཕྱོགས་ལའོ། །དེ་ལྟ་ན་ཡང་ཇི་ལྟར་འབྱུང་བ་ཙམ་ གཟུགས་ཡིན་པ་དེ་བཞིན་དུ་ཕུང་པོ་ཙམ་གང་ཟག་ཡིན་པར་ཁས་བླངས་པ་ཡིན་ནོ། །གལ་ཏེ་ཕུང་པོ་ཙམ་གང་ཟག་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག་དེ་ཉིད་ལུས་ཡིན་པའམ། གཞན་ཡིན་ནོ་ཞེས་ལུང་མ་བསྟན་ཞེ་ན། འདྲི་བ་པོའི་བསམ་པ་ལ་ལྟོས་པའི་ཕྱིར་ཏེ། དེས་ན་ནི་ནང་གི་ བྱེད་པའི་སྐྱེས་བུ་སྲོག་གི་རྫས་གཅིག་པོ་དྲིས་སོ། །དེ་ཡང་འགའ་ཡང་མེད་ན་འདི་ཇི་ལྟར་གཞན་ཉིད་དམ་གཞན་མ་ཡིན་པ་ཉིད་ལུང་བསྟན་པར་བྱ་སྟེ། རུས་སྦལ་གྱི་ཡུལ་བཤོར་རམ་འཇམ་ཞེས་བྱ་བ་བཞིན་ནོ། །མདུད་པ་འདི་ནི་སྔ་མ་དག་ཁོ་ནས་ཀྱང་བཀྲོལ་ཟིན་ཏེ། རྒྱལ་པོ་དེས་འདུ་སྦྱིན་ གནས་བརྟན་ཀླུ་སྡེའི་ཐད་དུ་འོངས་ནས་བཙུན་པ་དགེ་སྦྱོང་རྣམས་ནི་སྨྲ་བ་མང་བ་མ་ལགས་སོ། །གལ་ཏེ་གང་དྲིས་པ་དེ་ཉིད་ལན་འདེབས་ན་བདག་འདྲི་བར་འཚལ་ལོ་ཞེས་སྨྲས་སོ། །དྲིར་གསོལ་ཞེས་སྨྲས་པ་དག་ཅི་ལགས། སྲོག་དེ་ཉིད་ལུས་ལགས་སམ། སྲོག་ཀྱང་གཞན་ལགས་ལ་ལུས་ཀྱང་གཞན་ལགས་ ཞེས་དྲིས་སོ། །གནས་བརྟན་གྱིས་འདི་ནི་ལན་མི་གདགས་པ་ཡིན་ནོ་ཞེས་སྨྲས་པ་དང་། དེས་སྨྲས་པ། བདག་གིས་སྔ་ནས་བཙུན་པ་གཞན་ལུང་བསྟན་པར་མི་བྱའོ་ཞེས་དམ་འཆར་གསོལ་བ་མ་ལགས་སམ། ཅིའི་སླད་དུ་འདི་སྐད་དུ་འདི་ནི་ལན་མི་གདབ་པ་ཡིན་ནོ་ཞེས་གཞན་ཁོ་ན་གསུངས། གནས་བརྟན་གྱིས་ སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་རྣམས་ནི་སྨྲ་བ་མང་བ་ལགས་སོ། །གལ་ཏེ་གང་དྲིས་པ་དེ་ཉིད་ལན་འདེབས་ན་བདག་ཀྱང་འདྲི་བར་འཚལ་ལགས་སོ། །དྲིར་གསོལ་ཞེས་སྨྲས་པ་དང་། ཁྱོད་ཀྱི་སླས་ལ་ཤིང་ལྗོན་པ་ཨ་མྲ་འབྲས་བུ་ཡོད་པ་གང་ཡིན་པ་དེའི་འབྲས་བུ་རྣམས་ཅི་སྐྱུར་རམ་འོན་ཏེ་ མངར་ལགས་ཞེས་དྲིས་སོ། །བདག་གི་སླས་ལ་ཤིང་ལྗོན་པ་ཨ་མྲ་ཉིད་འགའ་ཡང་མེད་དོ་ཞེས་སྨྲས་སོ། །བདག་གིས་སྔ་ནས་རྒྱལ་པོ་ཆེན་པོ་གཞན་ལུང་བསྟན་པར་མི་བྱའོ་ཞེས་དམ་འཆར་གསོལ་བ་མ་ལགས་སམ། ཅིའི་སླད་དུ་འདི་སྐད་དུ་ཤིང་ལྗོན་པ་ཨ་མྲ་ཉིད་མེད་དོ་ཞེས་གཞན་ཁོ་ན་ གསུངས། དེས་སྨྲས་པ། ཇི་ལྟར་ན་ཤིང་ལྗོན་པ་མེད་པའི་འབྲས་བུ་རྣམས་སྐྱུར་བའམ་མངར་བ་ཉིད་དུ་ལུང་བསྟན་པར་བྱ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་སྲོག་དེ་ཉིད་མེད་ན་ཅིའི་སླད་དུ་འདི་ལུས་ལས་གཞན་པ་ཉིད་དམ་གཞན་མ་ཡིན་པ་ཉིད་དུ་ལུང་བསྟན་པར་བགྱི་ཞེས་བྱ་བ་ལྟ་བུའོ། །ཅིའི་ཕྱིར་བཅོམ་ལྡན་ འདས་ཀྱིས་ཀྱང་མེད་པ་ཁོ་ནའོ་ཞེས་མ་གསུངས་ཤེ་ན། དྲི་བ་པོའི་བསམ་པ་ལ་ལྟོས་པའི་ཕྱིར་ཏེ། དེས་སྲོག་ཅེས་བྱ་བ་ཕུང་པོའི་རྒྱུན་གང་ཡིན་པ་དེ་ཡང་མེད་པར་གོ་བར་གྱུར་ན་ལོག་པར་ལྟ་བར་ལྟུང་བར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པའི་ཕྱིར་རོ། །དེ་ནི་དེ་བསྟན་པ་ཡང་ མི་བཟོད་དོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཀུན་དུ་རྒྱུ་གནས་པ་དང་། རུས་མཐུན་པས་དྲི་བ་དྲིས་པ་དག་ཡོད་དོ་ཞེས་ལུང་བསྟན་ན་ནི་ཆོས་ཐམས་ཅད་བདག་མེད་པས་ཚིག་མ་ལེགས་པ་མ་ཡིན་ནམ། ཀུན་དགའ་བོ་ཀུན་དུ་རྒྱུ་གནས་པ་དང་རུས་མཐུན་པའི་དྲི་བ་དྲིས་པ་བདག་མེད་དོ་ཞེས་ ལུང་བསྟན་ན་ནི་ཀུན་ཏུ་རྒྱུ་གནས་པ་དང་རུས་མཐུན་པའི་སྔ་ནས་ཀུན་དུ་རྨོངས་པ་ཡོད་པ་དག་གིས་བདག་སྔོན་ཡོད་པར་གྱུར་པ་ལས་ད་ནི་བདག་གི་དེ་ཡང་མེད་དོ་ཞེས་ཀུན་དུ་རྨོངས་པ་ཕྱིར་ཞིང་ཆེས་རྒྱས་པར་འགྱུར་བ་མ་ཡིན་ནམ། ཀུན་དགའ་བོ་བདག་ཡོད་ཅེས་བྱ་བ་ནི་རྟག་པའི་མཐར་འགྱུར་རོ། ། ཀུན་དགའ་བོ་བདག་མེད་ཅེས་བྱ་བ་ནི་ཆད་པའི་མཐར་འགྱུར་རོ་ཞེས་རྒྱས་པར་གསུངས་པ་གང་ཡིན་པ་འདི་ལས་ཀྱང་དེ་བཞིན་དུ་ངེས་པར་ཟུང་ཤིག །འདིར་སྨྲས་པ། ལྟ་བའི་མཆེ་བས་སྨྲས་པ་དང་། །ལས་རྣམས་འཇིག་པ་ལ་ལྟོས་ནས། །སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་ནི་སྟོན་པར་ མཛད། །བདག་ཡོད་ཉིད་དུ་ཁས་བླངས་ནས། །ལྟ་བའི་མཆེ་བས་སྨས་པར་གྱུར། །ཀུན་རྫོབ་རྟོག་པར་མ་གྱུར་ནས། །དགེ་བ་ཕྲུ་གུ་ཉམས་བྱེད་འགྱུར། །ཡང་སྨྲས་པ། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །བརྟགས་པའང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་ མ་གསུངས་སོ། །ཕུང་པོའི་རྒྱུ་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མིང་བསྟན་པས་མེད་པར་འགྱུར། །སྲོག་ཅེས་བྱ་བ་ཕུང་པོ་ལ། །བཏགས་ཙམ་ཞེས་ཀྱང་མ་གསུངས་ཏེ། །དེ་ཚེའི་སྐྱེ་བོ་དེ་འདྲ་སྟེ། །སྟོང་ཉིད་རྟོགས་པའི་སྐལ་ལྡན་མིན། །འདི་ལྟར་ གནས་པས་བདག་ཡོད་དམ། །མེད་ཅེས་དྲི་བ་འདྲི་བ་ཡི། །བསམ་པ་ལ་ལྟོས་མ་གསུངས་ཏེ། །ཡོད་ན་ཅི་ཕྱིར་ཡོད་མི་གསུངས། །འཇིག་རྟེན་རྟག་ཅེས་བྱ་བ་ལ་སོགས་པ་ཡང་འདྲི་བ་པོའི་བསམ་པ་ལ་ལྟོས་ནས་ལུང་མ་བསྟན་ཏེ། རེ་ཞིག་གལ་ཏེ་འཇིག་རྟེན་བདག་ཡིན་པར་འདོད་པར་གྱུར་ན་ནི་དེ་མེད་ པའི་ཕྱིར་ལུང་མ་བསྟན་པ་རྣམ་པ་བཞི་ཆར་མི་རིགས་སོ། །འོན་ཏེ་འཇིག་རྟེན་འཁོར་བ་ཐམས་ཅད་ཡིན་ནོ་ཞེ་ན་ནི་དེ་ཡང་རིགས་པ་མ་ཡིན་ཏེ། འཇིག་རྟེན་རྟག་ན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །མི་རྟག་ན་ནི་ཐམས་ཅད་ཆད་པར་འགྱུར་རོ། །གཉི་ག་ལྟར་ཡིན་ན་ནི་ཁ་ཅིག་ནི་ངེས་ པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ་ཁ་ཅིག་ནི་མི་འགྱུར་རོ། །གཉི་ག་ལྟར་མ་ཡིན་ན་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡང་མ་ཡིན་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལམ་ལ་རག་ལུས་པའི་ཕྱིར་རྣམ་པ་བཞི་ཆར་ཡང་ངེས་ པར་ལུང་མི་སྟོན་ཏེ། གཅེར་བུ་པའི་ཉན་ཐོས་ཀྱིས་བྱིའུ་བཟུང་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་མཐའ་དང་ལྡན་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞི་ཡང་ལུང་མ་བསྟན་ཏེ། བཞི་ཚན་འདི་ནི་དོན་མཐུན་ནོ། །འདི་ལྟར་ཀུན་དུ་རྒྱུ་སྨྲ་བྱེད་ཀྱིས་བཞི་ཚན་འདི་ཞུས་ནས་ཡང་ཅི་ལགས། འཇིག་རྟེན་ཐམས་ཅད་ལམ་ འདི་ངེས་པར་འབྱུང་ངམ། འོན་ཏེ་འཇིག་རྟེན་ཕྱོགས་གཅིག་ལགས་ཞེས་ཞུས་པ་དང་། གནས་བརྟན་ཀུན་དགའ་བོས་སྨྲ་བྱེད་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་དང་པོ་ཉིད་དུ་ཞུ་བ་ཞུས་པ་གང་ཡིན་པ་དེ་ཉིད་དེ་རྣམ་གྲངས་གཞན་གྱིས་འདྲི་འམ་ཞེས་སྨྲའོ། །དེ་བཞིན་འོངས་པ་ཤི་ཕན་ཆད་ཡོད་དམ་ཞེས་བྱ་བ་ བཞི་ཚན་འདི་ཡང་དྲི་བ་པོའི་བསམ་པ་ལ་ལྟོས་ནས་ལུང་མ་བསྟན་ཏེ། དེས་ནི་བདག་གྲོལ་བ་དེ་བཞིན་འོངས་པ་ཡིན་པར་བསམས་ནས་ཞུ་བ་ཞུས་སོ། །གང་ཟག་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གང་ཟག་གསོན་པོ་ནི་ཡོད་དོ་ཞེས་ལུང་སྟོན་ལ་ཤི་ཕན་ཆད་ནི་ལུང་མི་ སྟོན། རྟག་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་ཅིའི་ཕྱིར་བྱམས་པ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་སྟོན། ཅིའི་ཕྱིར་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་ཉན་ཐོས་འདས་པ་དུས་འདས་པ་སྐྱེ་བ་ལ་ལུང་ སྟོན། དེ་ལྟ་ཡིན་ན་ནི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཡང་བཅོམ་ལྡན་འདས་ཀྱིས་གང་ཟག་སྔར་གཟིགས་ལ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མི་གཟིགས་ཏེ། མི་མཁྱེན་པའི་ཕྱིར་ལུང་མི་སྟོན་ཏོ་ཞེ་ན་ནི། སྟོན་པའི་ཐམས་ཅད་མཁྱེན་པ་ཉིད་བསལ་བ་ཡིན་ནོ། །ཡང་ན་ནི་དེ་མེད་དོ་ཞེས་ ཁས་བླང་བར་བྱ་དགོས་སོ། །འོན་ཏེ་གཟིགས་ན་ནི་མ་གསུངས་བཞིན་དུ་ཡང་དེ་ཡོད་པ་དང་རྟག་པ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །འོན་ཏེ་གཟིགས་སམ་མི་གཟིགས་ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་བ་ཡིན་ན། དེ་ལྟ་ན་ནི་འོ་ན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་ ཞེས་བྱ་བ་འདི་ཡང་རིམ་གྱིས་མི་བརྗོད་པར་གྱིས་ཤིག །གང་ཟག་ནི་ཡོད་པ་ཉིད་དེ། འདི་ལྟར་བདེན་པ་དང་། གནས་པར་བདག་གི་བདག་མེད་དོ་སྙམ་པ་ནི་ལྟ་བའི་གནས་སུ་གསུངས་སོ། །ཡོད་དོ་སྙམ་པ་ཡང་ལྟ་བའི་གནས་སུ་གསུངས་ཏེ། དེ་ལྟ་བས་ན་འདི་ནི་ཁུངས་སུ་མི་རུང་ངོ་། །ཆོས་མངོན་ པ་པ་རྣམས་ན་རེ་འདི་གཉི་ག་ཡང་མཐར་འཛིན་པ་ཡིན་ཏེ། རྟག་པ་དང་ཆད་པར་ལྟ་བས་བསྡུས་པ་དག་ཡིན་ནོ་ཞེས་ཟེར་རོ། །དེ་ཁོ་ན་བཞིན་དུ་རིགས་ཏེ་གནས་མ་བུའི་མདོ་ལས། ཀུན་དགའ་བོ་བདག་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་རོ། །ཀུན་དགའ་བོ་བདག་མེད་ཅེས་བྱ་བ་ནི་ཆད་པར་འགྱུར་རོ་ཞེས་ གསུངས་པའི་ཕྱིར་རོ། །གལ་ཏེ་ཡང་གང་ཟག་མེད་ན་འཁོར་བ་འདི་སུའི་ཡིན། འཁོར་བ་ཉིད་འཁོར་བར་རིག་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་མ་རིག་པའི་སྒྲིབ་པ་ཅན་ཀུན་དུ་རྒྱུ་བ་རྣམས་འཁོར་རོ་ཞེས་གསུངས་སོ། །ཡང་གང་ཟག་ཇི་ལྟར་འཁོར་ཕུང་པོ་གཞན་འདོར་བ་དང་། ལེན་པའི་ཕྱིར་རོ། །ཕྱོགས་འདི་ནི་ལན་བཏབ་ཟིན་ཏོ། །ཇི་ལྟར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་དྲོ་བ་དེ་བཞིན་དུ་སྲེད་པ་ཉེ་བར་ལེན་པ་ཅན་སེམས་ཅན་ཞེས་བྱ་བ་ཕུང་པོའི་ཚོགས་འཁོར་རོ། །གལ་ཏེ་འདི་ཕུང་པོ་ཙམ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ང་ཉིད་དེའི་ཚེ་དེའི་དུས་ན་མིག་བཟངས་ཞེས་ བྱ་བའི་སྟོན་པར་གྱུར་ཏོ་ཞེས་གསུངས་སོ། །ཅིའི་ཕྱིར་གསུང་བར་མི་འགྱུར། ཕུང་པོ་རྣམས་གཞན་ཡིན་པའི་ཕྱིར་རོ། །འོ་ན་ཅི་དེ་ཉིད་གང་ཟག་ཡིན་ན་ནི་རྟག་པར་འགྱུར་རོ། །དེ་ལྟ་བས་ན་ང་ཉིད་དེ་ཡིན་ནོ་ཞེས་བྱ་བ་ནི་རྒྱུད་གཅིག་པ་ཉིད་དུ་སྟོན་པར་མཛད་པ་ཡིན་ཏེ། དཔེར་ན་མེ་དེ་ཉིད་སྲེག་ཅིང་འོངས་ སོ་ཞེས་བྱ་བ་བཞིན་ནོ། །གལ་ཏེ་ཡང་བདག་དེ་ཡོད་པར་གྱུར་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་གསལ་བ་ཁོ་ནར་གཟིགས་པར་འགྱུར་རོ། །གཟིགས་ན་ཡང་བདག་ཏུ་འཛིན་པ་ཤིན་ཏུ་དམ་པོར་འགྱུར་རོ། །བདག་ཡོད་ན་བདག་གིར་ཡང་འགྱུར་རོ་ཞེས་མདོ་ལས་འབྱུང་བའི་ཕྱིར་དེ་དག་ཕུང་པོ་རྣམས་ལ་ བདག་གིར་འཛིན་པ་ལྷག་པར་འབྱུང་བས་དེ་ནི་དེ་དག་གི་འཇིག་ཚོགས་ལ་ལྟ་བར་འགྱུར་རོ། །བདག་གིར་ལྟ་བ་ཡོད་ན་ཡང་བདག་གིར་ཆགས་པར་འགྱུར་ཏེ། དེ་ལྟ་བས་ན་བདག་དང་བདག་གིར་ཆགས་པའི་འཆིང་བ་ཤིན་ཏུ་དམ་པོས་གླགས་པ་དེ་དག་ལ་ཐར་པ་ཐག་རིང་བར་འགྱུར་རོ། །འོན་ ཏེ་བདག་ལ་ཆགས་པ་མི་འབྱུང་བ་ཁོ་ནའོ་ཞེས་བྱ་བར་འདོད་ན། དེ་ནི་བདག་མེད་པ་ལ་ནི་བདག་ཏུ་རྨོངས་པས་ཆགས་པ་སྐྱེའི་བདག་ཉིད་ལ་མི་སྐྱེའོ་ཞེས་བྱ་བ་དེ་ག་ལ་རུང་སྟེ། དེ་ལྟ་བས་ན་ཁ་ཅིག་ནི་གང་ཟག་ཏུ་འཛིན་ཁ་ཅིག་ནི་ཐམས་ཅད་མེད་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་བསྟན་པ་འདི་ལ་ སྐྱོན་བྱུང་བ་ཡིན་ནོ། །མུ་སྟེགས་བྱེད་གང་དག་བདག་རྫས་གཞན་ཁོ་ན་ཡིན་པར་སེམས་པ་དེ་དག་གི་ལྟར་ན་ཡང་ཐར་པ་མེད་པའི་ཉེས་པ་འདི་གཡོ་བ་མེད་པ་ཡིན་ནོ། །འོ་ན་གལ་ཏེ་བདག་རྣམ་པ་ཐམས་ཅད་དུ་མེད་ན་སེམས་སྐད་ཅིག་མ་རྣམས་ལ་ཉམས་སུ་མྱོང་ནས་རིང་མོ་ཞིག་ལོན་པའི་དོན་ ཇི་ལྟར་དྲན་པའམ་ངོ་ཤེས་པར་འགྱུར། དྲན་པའི་ཡུལ་ལ་འདུ་ཤེས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་ལས་སོ། །སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ལས་ཤེ་ན། གང་གི་མཇུག་ཐོགས་སུ་དྲན་པ་སྐྱེ་བ་སྟེ། དེ་དག་ལ་རྟག་པ་དང་འདྲ་བ་དང་འབྲེལ་བ་ཅན་གྱི་འདུ་ཤེས་ལ་སོགས་པ་དང་ལྡན་པ་ དང་རྟེན་གྱི་ཁྱད་པར་དང་། མྱ་ངན་དང་རྣམ་པར་གཡེངས་པ་ལ་སོགས་པས་མཐུ་མ་ཉམས་པ་ཅན་ལས་སོ། །དེ་ལྟ་བུ་ཡིན་ཡང་དེའི་རྒྱུ་ལས་བྱུང་བ་མ་ཡིན་པའི་སེམས་ཀྱི་ཁྱད་པར་གྱིས་ནི་དྲན་པ་དེ་བསྐྱེད་པར་མི་ནུས་སོ། །དེའི་རྒྱུ་ལས་བྱུང་བ་ཡིན་ཡང་གཞན་ལྟ་བུ་ནི་དྲན་པ་དེ་སྐྱེད་ པར་མི་ནུས་ཀྱི་གཉི་ག་ལྟར་ན་ནུས་པས་དེ་ལྟར་ན་དྲན་པར་འགྱུར་ཏེ། གཞན་ལ་ནི་དེའི་མཐུ་མ་མཐོང་པའི་ཕྱིར་རོ། །ད་ནི་ཇི་ལྟར་ན་སེམས་གཞན་གྱིས་མཐོང་ལ་གཞན་གྱིས་དྲན་དེ་ལྟར་ན་ནི་ལྷ་སྦྱིན་གྱིས་སེམས་ཀྱིས་མཐོང་ལ་མཆོད་སྦྱིན་གྱིས་སེམས་ཀྱིས་དྲན་པར་འགྱུར་རོ། །མ་ཡིན་ཏེ་འབྲེལ་པ་མེད་པའི་ ཕྱིར་རོ། །དེ་གཉིས་ནི་རྒྱུ་དང་འབྲས་བུར་མ་གྱུར་པའི་ཕྱིར་ཇི་ལྟར་ན་རྒྱུད་གཅིག་ལ་ཡོད་པའི་རྒྱུ་དང་འབྲས་བུར་འབྲེལ་བ་ནི་མེད་དོ། །སེམས་གཞན་གྱིས་མཐོང་ལ་གཞན་གྱིས་དྲན་ནོ་ཞེས་ཀྱང་མི་ཟེར་རོ། །འོན་ཀྱང་ཇི་སྐད་བཤད་པ་ལྟར་རྒྱུད་ཡོངས་སུ་འགྱུར་བའི་ཚུལ་གྱིས་མཐོང་པའི་ སེམས་ལ་དྲན་པའི་སེམས་གཞན་སྐྱེའོ་ཞེས་བྱ་བ་དེ་ལྟ་བུ་ལ་ཉེས་པ་ཅི་ཞིག་ཡོད། དྲན་པ་ཁོ་ན་ལས་ངོ་ཤེས་པ་ཡང་ཡིན་ནོ། །བདག་མེད་ན་སུ་ཞིག་གིས་དེ་ལྟར་དྲན། དྲན་ཞེས་བྱ་བའི་དོན་ཅི་ཡིན། དྲན་པས་ཡུལ་འཛིན་པའོ། །ཅི་དེ་འཛིན་པ་དྲན་པ་ལས་གཞན་ཞིག་ཡིན་ནམ། འོ་ན་ནི་དྲན་པ་བྱེད་ པ་ཡིན་ནོ། །གང་གིས་དེ་བྱེད་པ་དེ་ནི་བཤད་ཟིན་ཏེ། དྲན་པའི་རྒྱུ་ནི་སེམས་ཀྱི་ཁྱད་པར་ཡིན་ནོ། །འོ་ན་གང་ནག་པས་དྲན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ནག་པ་ཞེས་བྱ་བའི་རྒྱུད་དེ་ལས་དེ་སྐྱེ་བར་མཐོང་ནས་སྨྲ་བར་ཟད་དོ། །བདག་མེད་པ་ན་དྲན་པ་འདི་སུའི་ཡིན། དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན། རྗེ་བོའི་ དོན་ཡིན་ནོ། །དཔེར་ན་གང་གི་རྗེ་བོ་གང་ལྟ་བུ་ཡིན། དཔེར་ན་བའི་ནག་པ་ལྟ་བུ་ཡིན་ནོ། །འདི་ཇི་ལྟར་དེའི་རྗེ་བོ་ཡིན། དེ་རྨོ་བ་དང་བཞོ་བ་ལ་སོགས་པ་ལ་སྦྱོར་བ་དེ་ལ་རག་ལུས་པ་ཡིན་ནོ། །དྲན་པ་གང་དུ་སྦྱར་བར་བྱ་ན། འདི་ལྟར་དེའི་རྗེ་བོ་བཙལ། དྲན་པར་བྱ་བའི་དོན་ལའོ། །ཅིའི་ཕྱིར་སྦྱར་བར་བྱ། དྲན་པར་ བྱ་བའི་ཕྱིར་རོ། །ཀྱེ་མ་དེ་ཉིད་དེའི་དོན་དུ་སྦྱོར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་བསྐྱེད་པ་རྣམས་ཀྱིས་ལེགས་པར་སྨྲས་སོ། །ཇི་ལྟར་སྦྱར་བར་བྱ། ཅི་དེ་བསྐྱེད་པའི་སྒོ་ནས་སམ། འོན་ཏེ་མངག་པའི་སྒོ་ནས། དྲན་པ་ལ་འགྲོ་བ་མི་རུང་བས་བསྐྱེད་པའི་སྒོ་ནས་སོ། །དེ་ལྟ་ན་ནི་རྒྱུ་ཁོ་ན་ལ་རྗེ་བོ་ཡིན་ལ་འབྲས་བུ་ཁོ་ན་བྲན་ ཡིན་པར་འགྱུར་ཏེ། འདི་ལྟར་རྒྱུ་ནི་འབྲས་བུ་ལ་དབང་བྱེད་ལ་འབྲས་བུ་ཡང་དེ་དང་ལྡན་ན་རྒྱུ་ཡིན་པས་དེ་ནི་དྲན་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ཡིན་ནོ། །གང་ཡང་ནག་པ་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་ཀྱི་རྒྱུན་ལ་གཅིག་ཏུ་བཟུང་ནས་བ་ཞེས་བྱ་བའི་རྗེ་བོ་བརྗོད་པ་དེ་ཡང་དེ་ཡུལ་གཞན་དུ་དང་། འགྱུར་བ་འབྱུང་བ་ལ་རྒྱུའི་ དངོས་པོ་ཡིད་ལ་བསམས་ནས་རྗེ་བོ་ཞེས་བརྗོད་པར་ཟད་ཀྱི་ནག་པ་ཞེས་བྱ་བ་གཅིག་པུ་ནི་འགའ་ཡང་མེད་ལ་བ་ཞེས་བྱ་བ་ཡང་མེད་དོ། །དེ་ལྟ་བས་ན་དེ་ལ་ཡང་རྒྱུའི་དངོས་པོ་མ་གཏོགས་པའི་རྗེ་བོའི་དངོས་པོ་མེད་དོ། །དེ་བཞིན་དུ་སུ་ཞིག་གིས་རྣམ་པར་ཤེས། སུའི་རྣམ་པར་ཤེས་པ་ཡིན་ཞེས་བྱ་བ་ དེ་ལྟ་བུ་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། དེའི་རྒྱུ་ནི་ཅི་རིགས་པར་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དག་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ནོ། །གང་ཡང་བྱ་བ་ནི་བྱེད་པ་པོ་ལ་ལྟོས་པའི་ཕྱིར་ཏེ། བྱ་བ་ཐམས་ཅད་ནི་བྱེད་པ་པོ་ལ་ལྟོས་ཏེ། ཇི་ལྟར་ལྷ་སྦྱིན་འགྲོའོ་ཞེས་བྱ་བ་འདི་ལ་འགྲོ་བར་བྱ་བ་ནི་ འགྲོ་བ་པོ་ལྷས་བྱིན་ལ་ལྟོས་པ་དེ་བཞིན་དུ་རྣམ་པར་ཤེས་པ་ནི་བྱ་བ་ཡིན་ནོ། །དེ་ལྟ་བས་ན་གང་ཞིག་གིས་རྣམ་པར་ཤེས་པ་དེ་ཡང་བརྗོད་དགོས་སོ་ཞེས་ཟེར་བ་དེ་ལ་ལྷས་བྱིན་ཞེས་བྱ་བ་འདི་ཅི་ཡིན་ཞེས་བརྗོད་པར་བྱའོ། །གལ་ཏེ་བདག་ཡིན་ནོ་ཞེ་ན། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འོན་ཏེ་ སྐྱེས་བུར་ཐ་སྙད་གདགས་པ་ཡིན་ནོ་ཞེ་ན། དེ་ཡང་གཅིག་པུ་ནི་འགའ་ཡང་མེད་ཀྱི་འདུ་བྱེད་དེ་དག་ལ་ཡང་མིང་དེ་སྐད་ཅེས་བྱའོ། །དེ་ལ་ཇི་ལྟར་ལྷས་བྱིན་འགྲོ་བ་དེ་བཞིན་དུ་རྣམ་པར་ཤེས་སོ། །ལྷ་སྦྱིན་ཇི་ལྟར་འགྲོ་ཞེ་ན། འདུ་བྱེད་སྐད་ཅིག་པ་རྒྱུན་ཐ་མི་དད་པ་རྣམས་ལ་བྱིས་པ་རྣམས་ཀྱིས་གཅིག་པ་ཉིད་དུ་ བཟུང་ནས་ལྷས་བྱིན་ཞེས་མོས་པ་རྣམས་རང་གི་རྒྱུན་ཡུལ་གཞན་དུ་འབྱུང་བ་ལ་རྒྱུར་གྱུར་ན་ལྷས་བྱིན་འགྲོའོ་ཞེས་བྱའོ། །ཡུལ་གཞན་དུ་འབྱུང་བ་དེ་ནི་འགྲོ་བ་ཡིན་ཏེ། མེ་དང་སྒྲའི་རྒྱུན་དག་ལ་འགྲོའོ་ཞེས་བརྗོད་པ་ཡིན་ནོ། །དེ་དག་ཉིད་རྣམ་པར་ཤེས་པའི་རྒྱུར་གྱུར་ན་ལྷས་བྱིན་གྱིས་རྣམ་པར་ཤེས་སོ་ ཞེས་ཀྱང་བྱའོ། །འཕགས་པ་རྣམས་ཀྱིས་ཀྱང་ཐ་སྙད་གདགས་པའི་དོན་དུ་དེ་དག་ལ་མིང་དུ་དེ་སྐད་ཅེས་གསུངས་སོ། །འོ་ན་གང་མདོ་ལས་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་གསུངས་པ་དེ་ལ་རྣམ་པར་ཤེས་པ་ཅི་ཞིག་བྱེད། ཅུང་ཟད་ཀྱང་མི་བྱེད་དེ། ཇི་ལྟར་འབྲས་བུ་ནི་ཅུང་ཟད་ཀྱང་མི་བྱེད་མོད་ ཀྱི་འདྲ་བར་བདག་ཉིད་ཐོབ་པའི་ཕྱིར་རྒྱུ་དང་མཐུན་པར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཅུང་ཟད་ཀྱང་མི་བྱེད་མོད་ཀྱི་འདྲ་བར་བདག་ཉིད་ཐོབ་པའི་ཕྱིར་ཡུལ་རྣམ་པར་ཤེས་སོ་ཞེས་བྱའོ། །འདིའི་འདྲ་བ་ཅི་ཞེ་ན། དེའི་རྣམ་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དབང་པོ་ལས་ཀྱང་སྐྱེས་ མོད་ཀྱི་ཡུལ་རྣམ་པར་ཤེས་སོ་ཞེས་བྱ་བའི་དབང་པོ་ནི་མ་ཡིན་ནོ། །ཡང་ན་ནི་དེར་ཡང་རྣམ་པར་ཤེས་པའི་རྒྱུན་རྣམ་པར་ཤེས་པའི་རྒྱུར་གྱུར་པའི་ཕྱིར་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་གསུངས་པས་ཉེས་པ་མེད་དེ། རྒྱུ་ལ་བྱེད་པ་པོའི་སྒྲར་བསྟན་པའི་ཕྱིར་དྲིལ་བུ་སྒྲོགས་སོ་ཞེས་བྱ་བ་བཞིན་ནོ། ། གཞན་ཡང་ཇི་ལྟར་སྒྲོན་མ་འགྲོ་བ་ལྟར་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་བྱ་བ་ཡང་དེ་དང་འདྲའོ། །སྒྲོན་མ་ཇི་ལྟར་འགྲོ་ཞེ་ན། སྒྲོན་མ་ཞེས་བྱ་བ་ནི་མེ་ལྕེ་རྣམས་ཀྱི་རྒྱུན་ལ་ཉེ་བར་འདོགས་པར་བྱེད་ལ། དེ་ཡུལ་གཞན་དག་ཏུ་འབྱུང་བ་ལས་ཡུལ་དེ་དང་དེར་འགྲོའོ་ཞེས་བྱའོ། །དེ་བཞིན་དུ་རྣམ་པར་ ཤེས་པ་ཞེས་བྱ་བ་ནི་སེམས་རྣམས་ཀྱི་རྒྱུན་ལ་ཉེ་བར་འདོགས་པར་བྱེད་ལ་དེ་ཡུལ་གཞན་དག་ལ་སྐྱེ་བ་ལ་ཡུལ་དེ་དང་དེ་རྣམ་པར་ཤེས་སོ་ཞེས་བྱའོ། །ཡང་ན་ཇི་ལྟར་གཟུགས་འགྱུར་རོ། །སྐྱེའོ་གནས་སོ་ཞེས་བྱ་བ་འདི་ལ་འགྱུར་བ་པོ་དང་འགྱུར་བ་དོན་གཞན་མ་ཡིན་པ་ལྟར་རྣམ་པར་ཤེས་པ་ལ་དེ་དང་འདྲ་བར་ འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་སྐྱེའི་བདག་ལས་མ་ཡིན་ན་ཅིའི་ཕྱིར་རྟག་ཏུ་དེ་དག་འདྲ་བ་ཁོ་ནར་སྐྱེ་བར་མི་འགྱུར་ཞིང་མྱུ་གུ་དང་སྡོང་པོ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེ་ན། གནས་པ་གཞན་དུ་འགྱུར་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ པའི་ཕྱིར་ཏེ། རྒྱུན་གདོན་མི་ཟ་བར་གཞན་དུ་འགྱུར་བ་གང་ཡིན་པ་འདི་ནི་འདུས་བྱས་ཀྱི་རང་བཞིན་ནོ། །དེ་ལྟ་མ་ཡིན་ན་བསམ་གཏན་རྫོགས་པས་མཉམ་པར་གཞག་པ་རྣམས་ལས་ལུས་དང་སེམས་འདྲ་བ་སྐྱེ་ན་སྐད་ཅིག་མ་དང་པོ་དང་ཁྱད་པར་མེད་པའི་ཕྱིར་ཕྱིས་ཀྱང་བདག་ཉིད་ལྡང་བར་མི་འགྱུར་རོ། །གང་ལས་གང་ ཞིག་སྐྱེ་བར་འགྱུར་བ་དེ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་སེམས་ཅན་རྣམས་ཀྱི་རིམ་པ་ཡང་ངེས་པ་ཁོ་ན་སྟེ། རིགས་ཀྱི་བྱེ་བྲག་ལས་སེམས་རྣམ་པ་འདྲ་ཡང་འགའ་ཞིག་སེམས་འགའ་བསྐྱེད་པ་ལ་ནུས་པ་ཡིན་ཏེ། དཔེར་ན་བུད་མེད་ཀྱི་མཇུག་ཐོགས་སུ་གལ་ཏེ་དེའི་ལུས་སུན་འབྱིན་པའི་སེམས་སམ། དེའི་ཁྱོ་འམ་བུ་ལ་སོགས་ པའི་སེམས་སྐྱེ་བར་འགྱུར་ལ། ཡང་ཕྱིས་རྒྱུད་ཡོངས་སུ་འགྱུར་བས་བུད་མེད་ཀྱི་སེམས་སྐྱེ་ན་དེ་ནི། དེའི་ལུས་སུན་འབྱིན་པའི་སེམས་བསྐྱེད་པའམ། དེའི་ཁྱོ་འམ། བུ་ལ་སོགས་པའི་སེམས་བསྐྱེད་པར་ནུས་པ་ཡིན་ཏེ། དེའི་རིགས་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ནི་མི་ནུས་སོ། །ཡང་བུད་མེད་ཀྱི་སེམས་ ལས་རྣམ་གྲངས་ཀྱི་སེམས་རྣམ་པ་མང་པོ་ཞིག་སྐྱེས་པར་གྱུར་ན་དེ་ལས་ཆེས་མང་བ་དང་། ཆེས་གསལ་བ་དང་། ཆེས་ཉེ་བར་སྐྱེས་པ་གང་ཡིན་པ་དེ་ཁོ་ན་སྐྱེ་བར་འགྱུར་ཏེ། དེའི་བསྒོས་པ་སྟོབས་དང་ལྡན་པའི་ཕྱིར་རོ། །དེའི་འདུས་པའི་ལུས་དང་ཕྱི་རོལ་གྱི་རྐྱེན་གྱི་ཁྱད་པར་ནི་མ་ གཏོགས་སོ། །བསྒོས་པ་དེ་ཉིད་ཆེས་སྟོབས་དང་ལྡན་ན་ཅིའི་ཕྱིར་རྟག་ཏུ་འབྲས་བུ་མི་འབྱིན་ཞེ་ན། གནས་པ་གཞན་དུ་འགྱུར་པ་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ལ། གཞན་དུ་འགྱུར་བ་དེ་ཡང་བསྒོས་པ་གཞན་གྱི་འབྲས་བུ་སྐྱེ་བའི་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ནི་སེམས་ཀྱི་རྣམ་པ་ཐམས་ཅད་ལ་ ཕྱོགས་ཙམ་དུ་ཟད་ཀྱི་མཇུག་ཐོགས་ཀྱི་རྒྱུ་ཤེས་པ་ལ་ནི་སངས་རྒྱས་རྣམས་མངའ་བདག་ཡིན་ཏེ། འདི་སྐད་དུ་རྨ་བྱའི་མདོངས་ནི་གཅིག་ལ་ཡང་། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་བཤད་ན། གཟུགས་ཅན་མ་ཡིན་པ་སེམས་ཀྱི་བྱེ་བྲག་ རྣམས་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་དེ་དང་འདྲ་བ་ཁོ་ནར་སྐྱེ་བར་མི་འགྱུར་ཞིང་མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བ་འདི་ནི་མུ་སྟེགས་ཅན་གང་ལ་ལ་སེམས་ནི་བདག་ལས་སྐྱེའོ་སྙམ་དུ་སེམས་པ་དེ་ཁོ་ན་ལ་གསལ་བར་ཀླན་ཀར་འགྱུར་རོ། །གལ་ཏེ་ ཡིད་དང་ཕྲད་པའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་གཞན་མ་ཡིན་པའི་ཕྱིར་རོ། །འབྲེལ་པ་ཅན་དག་ཡོངས་སུ་ཆད་པའི་ཕྱིར་དང་། ཕྲད་པ་ཞེས་བྱ་བའི་མཚན་ཉིད་ནི་མ་ཕྲད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྲད་པ་ཡིན་ནོ་ཞེས་རྣམ་པར་བཤད་པའི་ཕྱིར་བདག་ཡོངས་སུ་ཆད་པར་ཐལ་བར་འགྱུར་ རོ། །དེའི་ཕྱིར་ཡིད་འཕྲོས་པ་ལ་བདག་འཕོ་བའམ། ཉམས་པར་ཐལ་བར་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་ཕྲད་དོ་ཞེ་ན། མ་ཡིན་ཏེ། ཕྱོགས་དེ་དེ་ཉིད་ཀྱི་ཡིན་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཕྲད་པ་ཡོད་དུ་ཆུག་ན་ཡང་འོན་ཀྱང་ཡིད་རྟག་ཏུ་ཁྱད་པར་མེད་པ་ལ་ཇི་ལྟར་ཕྲད་པ་ཁྱད་པར་དུ་འགྱུར། གལ་ཏེ་ བློའི་ཁྱད་པར་ལ་ལྟོས་པ་ཡིན་ནོ་ཞེ་ན། ཇི་ལྟར་བློའི་ཁྱད་པར་ཡིན་ཞེས་དེ་ཉིད་ལ་ཀླན་ཀ་ཚོལ་བར་བྱེད་དོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་བདག་དང་ཡིད་ཕྲད་པ་ལས་སོ་ཞེ་ན། འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པའི་སེམས་ཁོ་ན་ལས་ཡིན་པར་ཟད་ཀྱི་བདག་གིས་ ནུས་པ་ནི་ཅུང་ཟད་ཀྱང་མི་དམིགས་ཏེ། སྨན་གྱི་འབྲས་བུ་གྲུབ་པ་ལ་སྨན་པ་ངན་གཡོ་ཅན་གྱིས་ཕུ་སྭཱ་ཧཱ་ཞེས་སྨྲས་པ་དག་བཞིན་ནོ། །གལ་ཏེ་བདག་ཡོད་ན་དེ་གཉིས་སྲིད་དོ་ཞེ་ན་ནི། ཚིག་ཙམ་དུ་ཟད་དོ། །གལ་ཏེ་དེ་ནི་རྟེན་ཡིན་ནོ་ཞེ་ན། དཔེར་ན་གང་གི་རྟེན་གང་ཡིན་པ་ལྟ་བུ་དེ་དག་ཀྱང་རི་མོ་དང་ རྒྱ་ཤུག་ལ་སོགས་པ་ལྟར་བརྟེན་པ་མ་ཡིན་ལ། དེ་ཡང་རྩིག་པ་དང་གཞོང་བུ་ལ་སོགས་པ་ལྟར་རྟེན་དུ་རིགས་པ་མ་ཡིན་ཏེ། ཐོགས་པ་དང་ཐ་དད་པ་ཉིད་ཀྱིས་ཉེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ནི་དེ་ལྟ་བུར་རྟེན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དཔེར་ན་དྲི་ལ་སོགས་པའི་ས་ལྟ་བུའོ་ཞེ་ན། འདི་ཉིད་ཁོ་བོའི་བདག་མེད་དོ་ ཞེས་བྱ་བ་ཡིད་ཆེས་པར་བྱེད་པ་ཡིན་པས་ཁོ་བོ་ཡོངས་སུ་ཚིམ་པར་བྱས་ཏེ། དཔེར་ན་དྲི་ལ་སོགས་པ་ལས་ས་གཞན་མ་ཡིན་པ་བཞིན་ནོ། །དྲི་ལ་སོགས་པ་ལས་ས་གཞན་ཡིན་པར་ངེས་པར་འཛིན་པར་བྱེད་པ་དེ་སུ་ཞིག་ཡིན། སའི་དྲི་ལ་སོགས་པ་ཞེས་བྱ་བའི་ཐ་སྙད་ནི་ཅི་ནས་དྲི་ལ་སོགས་པ་དེ་དག་ཉིད་དེ་ཞེས་བྱའི། གཞན་ ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་བ་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། ཤིང་གི་གཟུགས་ཀྱི་ལུས་ཞེས་བྱ་བ་བཞིན་ནོ། །འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པ་ཡིན་དུ་ཟིན་ཀྱང་ཅིའི་ཕྱིར་ཤེས་པ་ཐམས་ཅད་དུས་གཅིག་ཏུ་སྐྱེ་བར་མི་འགྱུར། གང་ཞིག་སྟོབས་ཆེ་བ་དེས་གཞན་དག་ལ་གེགས་བྱེད་དོ། །སྟོབས་ཆེ་བ་དེ་ཉིད་ཅིའི་ཕྱིར་རྟག་ པར་འབྲས་བུ་མི་འབྱིན་ཏེ། འདིའི་ཚུལ་གང་ཡིན་པ་དེ་བསྒོས་པ་ཡིན་ན་བདག་ཏུ་རྟོག་པ་ནི་དོན་མེད་པ་ཡིན་ནོ། །གལ་ཏེ་བདག་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དྲན་པ་ལ་སོགས་པ་ནི་ཡོན་ཏན་གྱི་དངོས་པོ་ཡིན་པའི་ཕྱིར་ལ་དེ་ཡང་གདོན་མི་ཟ་བར་རྫས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་དག་གི་རྟེན་གཞན་ཡིན་པར་ ཡང་མི་རུང་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མ་གྲུབ་པའི་ཕྱིར་རོ། །འདི་དག་ནི་ཡོན་ཏན་གྱི་དངོས་པོ་ཉིད་ཡིན་པར་མ་གྲུབ་བོ། །ཁོ་བོ་ཅག་གི་ལྟར་ན་ཡོད་པ་ཐམས་ཅད་ནི་རྫས་ཡིན་ཏེ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ནི་རྫས་དྲུག་གོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་རྫས་ལ་བརྟེན་པ་ཉིད་དུ་ཡང་མ་གྲུབ་སྟེ། རྟེན་གྱི་དོན་ནི་བརྟགས་ཟིན་ཏོ། །དེ་ལྟ་ བས་ན་འདི་ནི་གྱི་ནའོ། །བདག་མེད་ན་ཅིའི་ཕྱིར་ལས་རྩོམ། བདག་བདེ་བར་གྱུར་ཅིག །བདག་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་བྱ་བ་དེའི་ཕྱིར་རོ། །ཡང་བདག་ཅེས་བྱ་བ་ཡང་གང་ཞིག་ཡིན། བདག་ཏུ་འཛིན་པ་འདིའི་ཡུལ་གང་ཡིན་པའོ། །བདག་ཏུ་འཛིན་པ་འདིའི་ཡུལ་གང་ཞིག་ཡིན། ཡུལ་ནི་ཕུང་པོ་ཡིན་ནོ། །ཇི་ལྟར་ཤེས། དེ་དག་ལ་ཆགས་པའི་ཕྱིར་དང་། དཀར་ཤམ་ལ་སོགས་པའི་བློས་གཞི་མཐུན་པར་བྱེད་པའི་ཕྱིར་ཏེ། བདག་དཀར་ཤམ་མོ། །བདག་སྔོ་བསངས་སོ། །བདག་སྦོམ་མོ། །བདག་སྐེམ་མོ། །བདག་རྒས་སོ། །བདག་དར་ལ་བབ་པོ་ཞེས་དཀར་ཤམ་ལ་སོགས་པའི་བློས་བདག་ཏུ་འཛིན་པ་འདི་གཞི་མཐུན་པར་བྱེད་པར་སྣང་ངོ་། ། རྣམ་པ་དེ་དག་བདག་གི་ཡིན་པར་ནི་མི་འདོད་དེ། དེ་ལྟ་བས་ན་འདི་ནི་ཕུང་པོ་རྣམས་ལ་འཛིན་པར་ཤེས་སོ། །བདག་ལ་ཕན་འདོགས་པའི་ལུས་ལ་ཡང་བདག་ཉེ་བར་འདོགས་ཏེ། དཔེར་ན་བདག་གང་ཡིན་པ་དེ་ཉིད་བདག་གི་བྲན་འདི་ཡིན་ནོ་ཞེས་བྱ་བ་བཞིན་ནོ་ཕན་འདོགས་པ་ལ་བདག་ཉེ་བར་འདོགས་པ་ཡིན་ཡང་བདག་ཏུ་ འཛིན་པ་ནི་མ་ཡིན་ནོ། །ལུས་ལ་དམིགས་པ་ཡིན་ན་ཅིའི་ཕྱིར་ཕ་རོལ་གྱི་ལུས་ལ་དམིགས་པ་ཡང་མ་ཡིན། འབྲེལ་པ་མེད་པའི་ཕྱིར་ཏེ། འདི་ནི་ལུས་སམ་སེམས་གང་དང་ལྷན་ཅིག་འབྲེལ་པ་དེ་ཁོ་ན་ལ་བདག་ཏུ་འཛིན་པ་འདི་འབྱུང་གི་གཞན་ལ་ནི་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་དེ་ལྟར་གོམས་པའི་ཕྱིར་རོ། ། འབྲེལ་པ་ཡང་གང་ཞིག་ཡིན། རྒྱུ་དང་འབྲས་བུའི་དངོས་པོའི་འབྲས་བུ་ཡིན་ནོ། །གལ་ཏེ་བདག་མེད་པ་ན་བདག་ཏུ་འཛིན་པ་ནི་སུའི་ཡིན། འདི་ནི་དྲུག་པ་འདིའི་དོན་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནས་དེ་ནི་དྲན་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ཡིན་ནོ་ཞེས་བྱ་བའི་བར་དེ་ཉིད་འོངས་པ་ཡིན་ནོ། །འདིའི་རྒྱུ་གང་ཞིག་ཡིན་ཞེ་ན། སྔོན་བདག་ ཏུ་འཛིན་པས་ཡོངས་སུ་བསྒོས་པ་རང་གི་རྒྱུད་ཀྱི་ཡུལ་ཅན་མ་རིག་པ་དང་བཅས་པའི་སེམས་ཡིན་ནོ། །བདག་མེད་ན་བདེ་བའམ་སྡུག་བསྔལ་བ་སུ་ཞིག་ཡིན། རྟེན་གང་བདེ་བའམ་སྡུག་བསྔལ་བ་འབྱུང་བ་སྟེ། དཔེར་ན་ཤིང་ལྗོན་པ་མེ་ཏོག་ཆགས་སོ། །ནགས་ཚལ་འབྲས་བུ་ཆགས་སོ་ཞེས་བྱ་བ་ལྟ་བུའོ། །འདི་གཉིས་ ཀྱི་རྟེན་གང་ཞེ་ན། སྐྱེ་མཆེད་དྲུག་ཡིན་ཏེ། ཇི་ལྟར་ཡིན་པ་དེ་ལྟར་ནི་བཤད་ཟིན་ཏོ། །བདག་མེད་ན་ལས་རྣམས་ཀྱི་བྱེད་པ་པོ་ནི་གང་ཡིན། འབྲས་བུ་རྣམས་ཀྱི་ཟ་བ་པོ་གང་ཡིན། བྱེད་པ་པོ་ཞེས་བྱ་བའམ། ཟ་བ་པོ་ཞེས་བྱ་བའི་ཚིག་གི་དོན་ཇི་ལྟ་བུ་བྱེད་པས་ན་བྱེད་པ་པོ་ཡིན་ལ། ཟ་བས་ན་ཟ་བ་པོ་ཡིན་ནོ། །རྣམ་གྲངས་སྨྲས་སུ་ཟིན་ གྱི་དོན་ནི་མ་ཡིན་ནོ། །མཚན་ཉིད་རྣམས་ནི་བྱེད་པ་པོའི་མཚན་ཉིད་རང་དབང་ཅན་ནི་བྱེད་པ་པོ་ཡིན་ནོ་ཞེས་ཟེར་ན། འཇིག་རྟེན་ན་འབྲས་བུ་འགའ་ལ་ཡང་ལ་ལ་ཞིག་རང་དབང་ཡོད་པ་ལྟ་བུ་མཐོང་ངམ། མཐོང་སྟེ་ཁྲུས་དང་ཟ་བ་དང་འགྲོ་བ་ལ་སོགས་པ་ལ་ལྷས་བྱིན་ལྟ་བུའོ། །ཁྱོད་ལྷས་བྱིན་གང་ཞིག་དཔེར་བརྗོད། གལ་ཏེ་ བདག་ཡིན་ནོ་ཞེ་ན་ནི་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འོན་ཏེ་ཕུང་པོ་ལྔ་ཡིན་ནོ་ཞེ་ན་ནི་དེ་ཉིད་བྱེད་པ་པོ་ཡིན་ཏེ། ལས་འདི་ནི་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལ་རེ་ཞིག་ལུས་དང་ངག་གི་ལས་ལ་སེམས་ཀྱི་གཞན་གྱི་དབང་གིས་འཇུག་གོ། །སེམས་ཀྱང་ལུས་དང་ངག་ལ་རང་གི་རྒྱུའི་གཞན་གྱི་དབང་གིས་ འཇུག་གོ། །དེ་ཡང་དེ་དང་འདྲ་བས་གང་ལ་ཡང་རང་དབང་མེད་དེ། དངོས་པོ་ཐམས་ཅད་ནི་རྐྱེན་གྱི་གཞན་གྱི་དབང་གིས་འཇུག་གོ། །བདག་ཀྱང་ལྟོས་པ་མེད་པར་རྒྱུ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །རང་དབང་ཅན་དུ་མི་འགྲུབ་བོ། །དེ་ལྟ་བས་ན་དེ་ལྟ་བུའི་མཚན་ཉིད་ཀྱི་བྱེད་པ་པོ་ནི་འགའ་ཡང་མི་དམིགས་སོ། །གང་ཞིག་ གང་གི་རྒྱུའི་གཙོ་བོ་ཡིན་པ་དེ་ནི་དེའི་བྱེད་པ་པོ་ཞེས་བྱ་ན་བདག་ནི་གང་ལ་ཡང་རྒྱུ་ཡིན་པར་མི་སྣང་སྟེ། དེ་ལྟ་བས་ན་དེ་ནི་དེ་ལྟ་བུར་ཡང་བྱེད་པ་པོར་མི་རུང་ངོ་། །དྲན་པ་ལས་ནི་འདུན་པ་སྐྱེའོ། །འདུན་པ་ལས་ནི་རྟོག་པ་སྐྱེའོ། །རྣམ་པར་རྟོག་པ་ལས་ནི་རབ་ཏུ་འབད་པའོ། །རབ་ཏུ་འབད་པ་ལས་ནི་རླུང་ངོ་། །དེ་ལས་ནི་ལས་འབྱུང་ན་ འདི་ལ་བདག་ཅི་ཞིག་བྱེད། འབྲས་བུ་ལ་ཡང་གང་ལ་བདག་མེད་ན་ཟ་བ་པོར་བརྟགས་པའི་ཉེ་བར་སྤྱོད་པ་དེ་གང་ཞིག་ཡིན། གལ་ཏེ་དམིགས་པ་ཡིན་ནོ་ཞེ་ན། དམིགས་པ་ལ་བདག་གི་ནུས་པ་མེད་དེ། རྣམ་པར་ཤེས་པ་ལ་ནུས་པ་བཀག་པའི་ཕྱིར་རོ། །བདག་མེད་ན་ཅིའི་ཕྱིར་སེམས་ཅན་གྱི་རྟེན་མ་ཡིན་པ་ལ་ཡང་ སྡིག་པ་དང་བསོད་ནམས་ཉེ་བར་སྩོགས་པར་མི་འགྱུར། ཚོར་བའི་རྟེན་མ་ཡིན་པའི་ཕྱིར་ཏེ། དེའི་རྟེན་ནི་སྐྱེ་མཆེད་དྲུག་ཡིན་གྱི་བདག་མ་ཡིན་ནོ། །ཇི་ལྟར་ཡིན་པ་དེ་ལྟར་ནི་བཤད་ཟིན་ཏོ། །བདག་མེད་ན་ཇི་ལྟར་ན་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་། བདག་ཡོད་ན་ཡང་ཇི་ལྟར་ན་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལ་འབྲས་ བུ་འབྱུང་། དེ་ལ་བརྟེན་པའི་ཆོས་དང་ཆོས་མ་ཡིན་པ་ལས་འབྱུང་ངོ་། །ཚིག་གི་ལུགས་འདི་ནི་དཔེར་ན་གང་གི་རྟེན་གང་ཡིན་པ་ལྟ་བུ་ཞེས་ལན་བཏབ་ཟིན་ཏོ། །དེ་ལྟ་བས་ན་ཆོས་དང་ཆོས་མ་ཡིན་པ་རྟེན་མེད་པ་ཁོ་ན་ལས་འབྱུང་ངོ་། །ཁོ་བོ་ཅག་ཀྱང་ལས་ཞིག་ཟིན་པ་ལ་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བར་མི་སྨྲའོ། །འོ་ན་ཇི་ལྟ་བུ་ཞེ་ན། དེའི་རྒྱུད་ ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་བཞིན་ནོ། །དཔེར་ན་ས་བོན་ལས་འབྲས་བུ་འབྱུང་བ་ཞེས་བྱ་བ་དེ་ནི་ཞིག་པ་ལས་འབྱུང་བ་ཡང་མ་ཡིན་ལ་མཇུག་ཐོགས་ཁོ་ནར་འབྱུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། མྱུ་གུ་དང་སྡོང་བུ་དང་། འདབ་མ་ལ་སོགས་པ་མེ་ཏོག་ལ་ཐུག་ པ་རིམ་པ་རྫོགས་པ་ལས་འབྱུང་བ་བཞིན་ནོ། །དེ་ནི་མེ་ཏོག་ལས་གྲུབ་པ་ཡིན་ན་ཅིའི་ཕྱིར་ས་བོན་དེའི་འབྲས་བུ་ཞེས་བྱ་ཞེ་ན། དེས་བརྒྱུད་པས་མེ་ཏོག་ལ་དེའི་ནུས་པ་བསྐྱེད་པས་སོ། །གལ་ཏེ་ས་བོན་དེ་སྔོན་དུ་འགྲོ་བར་མ་གྱུར་ན་འབྲས་བུ་དེ་འདྲ་བ་སྐྱེད་པ་ལ་དེའི་ནུས་པ་ཡོད་པར་མི་འགྱུར་རོ། །དེ་བཞིན་དུ་ལས་ལས་འབྲས་བུ་འབྱུང་ངོ་། ། ཞེས་བྱ་བ་དེ་ཡང་ལས་ཞིག་པ་ལས་ཀྱང་མི་འབྱུང་ལ། མཇུག་ཐོགས་སུ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སོ། །རྒྱུད་ནི་ཅི་ཡིན། ཡོངས་སུ་འགྱུར་བ་ནི་ཅི་ཡིན། ཁྱད་པར་ནི་ཅི་ཡིན་ཞེ་ན། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་ གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །དེའི་མཇུག་ཐོགས་སུ་འབྲས་བུ་སྐྱེད་ནུས་པ་གང་ཡིན་པ་དེ་ནི་ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ། དཔེར་ན་ཡང་སྲིད་པའི་ཉེ་བར་ལེན་པ་དང་བཅས་པའི་འཆི་བའི་སེམས་ལྟ་བུའོ། །ལས་རྣམ་པ་སྣ་ཚོགས་པ་ སྔོན་དུ་འགྲོ་བ་ཉིད་ཡིན་ཡང་ལས་གང་ལྕི་བའམ། ཉེ་བའམ། གོམས་པ་ཡིན་པ་དེས་བྱས་པའི་ནུས་པ་བསལ་བར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ཏེ། ཇི་སྐད་དུ། ལས་ཀྱི་འཁོར་བ་ལྕི་གང་དང་། ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེ་ལ་རྣམ་པར་ སྨིན་པའི་རྒྱུས་བསྐྱེད་པ་རྣམ་པར་སྨིན་པའི་འབྲས་བུ་བསྐྱེད་པའི་ནུས་པ་ནི་རྣམ་པར་སྨིན་པ་བསྐྱེད་ནས་ལྡོག་གོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པ་རྒྱུ་མཐུན་པའི་འབྲས་བུ་བསྐྱེད་པའི་ནུས་པ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ནི་གཉེན་པོ་སྐྱེས་ནས་ལྡོག་གོ། །ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ནི་སེམས་ཀྱི་རྒྱུན་ གཏན་དུ་ལོག་པ་སྟེ། གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ནའོ། །ཡང་ཅིའི་ཕྱིར་ས་བོན་གྱི་འབྲས་བུ་བཞིན་དུ་རྣམ་པར་སྨིན་པ་གཞན་མི་སྐྱེ་ན། རེ་ཞིག་ཐམས་ཅད་དཔེ་དང་འདྲ་བ་ནི་མ་ཡིན་ནོ། །དེ་ལ་ཡང་འབྲས་བུ་ཁོ་ན་ལས་འབྲས་བུ་གཞན་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་འདྲུལ་བའི་ཁྱད་པར་ལས་སྐྱེས་པ་རྣམ་པར་འགྱུར་ བའི་ཁྱད་པར་ལས་སྐྱེ་སྟེ། དེ་ལ་འབྱུང་བའི་རྣམ་པ་མྱུ་གུ་འགྲུབ་པར་བྱེད་པ་ཡོད་པ་གང་ཡིན་པ་དེ་ནི་དེའི་ས་བོན་ཡིན་གྱི་གཞན་ནི་མ་ཡིན་ནོ། །འགྱུར་བའི་མིང་གིས་སམ། འདྲ་བའི་ཕྱིར་རྒྱུན་སྔ་མ་ཡང་ས་བོན་ཞེས་བྱའོ། །དེ་བཞིན་དུ་འདི་ལ་ཡང་རྣམ་པར་སྨིན་པ་དེ་ལས་གལ་ཏེ་དམ་པ་དང་དམ་པ་མ་ཡིན་པའི་ཆོས་ཉན་ པ་ལ་སོགས་པའི་རྐྱེན་ལས་སྐྱེས་པ་དགེ་བ་ཟག་པ་དང་བཅས་པའམ། མི་དགེ་བའི་སེམས་ཀྱི་འགྱུར་བ་སྐྱེ་ན་དེ་ལས་ནི་རྣམ་པར་སྨིན་པ་གཞན་སྐྱེའི་གཞན་དུ་ནི་མ་ཡིན་པས་འདི་ནི་མཚུངས་སོ། །ཡང་ན་དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཇི་ལྟར་མ་དུ་ལུང་གའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་ལས་འབྲས་བུའི་ ནང་དུ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྐྱེས་པ་གེ་སར་དམར་པོ་སྐྱེ་བར་འགྱུར་ཞིང་དེ་ལས་ནི་གཞན་མི་སྐྱེ་བ་དེ་བཞིན་དུ་ལས་ལས་སྐྱེས་པའི་རྣམ་པར་སྨིན་པ་ལས་ཡང་རྣམ་པར་སྨིན་པ་གཞན་མི་སྐྱེའོ། །ཆེ་ལོང་ཙམ་འདི་ནི་བདག་གི་བློས་རྟོགས་པར་བྱ་བ་རབ་ཏུ་བསྟན་པ་ཡིན་ཏེ། མཐུ་རྣམ་པ་སྣ་ཚོགས་པས་ཐ་དད་ པའི་ལས་རྣམས་ཀྱིས་བསྒོས་པའི་རྒྱུ་རྣམས་གནས་སྐབས་འདིར་ཕྱིན་ན་འབྲས་བུ་འདི་ལྟ་བུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཁོ་ནའི་ཡུལ་ཡིན་ནོ། །ཡང་སྨྲས་པ། ལས་དང་དེའི་བསྒོས་དེའི་འཇུག་རྙེད། །དེ་ལས་འབྲས་བུ་སངས་རྒྱས་ལས། །གཞན་གྱི་རྣ